སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ཉེར་བདུན་པ། གསོ་ཚུལ་སྤྱིར་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 06.02.2011
བཤད་རྒྱུད། >> ལེའུ་ཉེར་བདུན་པ། གསོ་ཚུལ་སྤྱིར་བསྟན་པ།



ལེའུ་ཉེར་བདུན་པ། གསོ་ཚུལ་སྤྱིར་བསྟན་པ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། གསོ་བྱེད་ཐབས་ཀྱི་གནས་ལ་ཇི་ལྟར་བསླབ་པར་བགྱི། འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། ཞེས་ཞུས་པ་ལས། སྟོན་པས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག ནད་དེ་རྟོགས་ནས་ཇི་ལྟར་གསོ་བའི་ཕྱིར། །གསོ་བར་བྱེད་པའི་ཐབས་ཀྱི་གནས་བསྟན་པ། །དེ་ལ་གསོ་བའི་ཚུལ་དང་གསོ་ཐབས་གཉིས། །དང་པོ་ནད་ཀྱི་གསོ་ཚུལ་བསྟན་པ་ནི། །ནད་ལ་གསོ་ཐབས་དཔག་ཏུ་མེད་མོད་ཀྱང༌། །གསོ་ཚུལ་མེད་ན་མུན་པར་མདའ་འཕེན་འདྲ། །དེ་ལ་གསུམ་སྟེ་སྤྱི་ཡི་གསོ་ཚུལ་དང༌། །བྱེ་བྲག་པ་དང་ཁྱད་པར་གསོ་ཚུལ་ལོ།།

དང་པོ་ཇི་ལྟར་གསོ་དང་གང་གིས་གསོ། །སོས་པའི་ཚད་དང་རྣམ་པ་གསུམ་གྱིས་བསྟན། །དང་པོ་རླུང་ལ་སོགས་པ་ཇི་སྙེད་ནད། །རང་གནས་གསོག་པའི་དུས་སུ་བསལ་བར་བྱ། །ལངས་ཤིང་རྒྱས་ནས་ནད་གཞན་འཁྲུག་བྱེད་ཕྱིར། །གཞན་ལ་གནོད་པ་མེད་པའི་སྦྱོར་བས་གསོ། །ནད་གཞན་སྐྱེས་ན་ནད་སྟོབས་གང་ཆེ་བཅོས། །གསོ་བའི་གཉེན་པོ་ཞི་དང་སྦྱང་བ་གཉིས། །གསོག་དུས་ཞི་ལ་ལངས་ནས་སྦྱང་བས་བཅོས། །ཞི་དུས་ཟས་སྤྱོད་གཟབ་ཅིང་མི་འཁྲུགས་བྱ། །འོན་ཀྱང་འཕྲལ་རྐྱེན་དུས་མིན་གསོག་ལྡང་ནད། །དུས་འདས་གསོ་དཀའ་འགྱུར་ཕྱིར་འཕྲལ་དུ་བསལ། །སྨན་ཡང་ཉིན་ཞག་ཟས་དུས་རིགས་པ་ཡིས། །ནད་དང་སྦྱར་ཏེ་བཏང་ཚུལ་བཅུ་རུ་བཤད། །ཟས་མ་ཟོས་དང་ཟས་སྔོན་དབུས་དང་མཐར། །ཟས་ཁམ་ཟས་མཚམས་དུས་མེད་ཙེ་གུར་དང༌། །ཟས་བཅས་ཟས་མནན་མཚན་མོ་བཏང་བའོ། །ནད་དང་མི་སྦྱོར་ཀུན་ལ་ཞུ་དུས་གཏོང༌། །རྨོངས་པའི་ལུགས་ཏེ་ནད་ཐོག་འབབ་པ་དཀའ། །དུས་ལས་མ་འདས་རྡེའུ་ངོས་འཛིན་འདྲ། །ནད་གང་གསོ་དཔྱད་སྦྱར་ཡང་མཆིལ་སྣབས་མང༌། །ལུས་ལྕི་དང་ག་མི་བདེ་ཟས་མི་འཇུ། །རྒྱུན་སྐམ་ཁོང་འདྲུལ་བཤང་གཅི་དུས་མིན་འབྱུང༌། །ཤེད་ཆུང་སྐད་དམའ་ནད་རྩེ་མ་ཞིལ་རྟགས། །ནད་གང་ཞི་དུས་གོང་ལས་ལྡོག་རྟགས་འབྱུང༌། །མ་ཞི་བཅོས་ཤིང་ཞི་ནས་ལྷག་མི་སྦྱར།།

བྱེ་བྲག་གསོ་བའི་ཚུལ་ལ་རྣམ་པ་གསུམ། །མ་ཞུར་བཅས་དང་རང་རྒྱུད་གཞན་དབང་ངོ༌། །དང་པོ་དྲོད་ཆུང་ཟས་སྐོམ་མ་ཞུ་བ། །དེ་ཉིད་རླུང་སོགས་གནོད་བྱར་འདྲེས་པ་རྣམས། །སྨིན་དང་དྲོད་སྐྱེད་སྨན་གྱིས་རྩེ་བཅིལ་ལ། །རྟགས་ཐོབ་གང་དང་ཉེ་བའི་གནས་ནས་སྦྱང༌། །སྟེང་འོག་རང་བྱུང་སྨན་གྱིས་དགག་མི་བྱ། །མ་སྨིན་མི་སྦྱང་ཞེན་ཕྱིར་ལུས་ཟུངས་འཇོམས། །དཔེར་ན་མ་ལངས་ཆང་ལ་ཆུ་བསིངས་བཞིན། །མ་ཞུ་མེད་པའི་རང་རྒྱུད་ནད་རྐྱང་དེ། །ནད་ཀུན་སྐྱེད་པར་བྱེད་པའི་རྒྱུ་བསྟེན་པས། །ཐོག་མར་རླུང་འཇུག་དེ་ནས་གཞན་འཇུག་སྟེ། །དེ་དག་ཟས་སྤྱོད་སློང་བའི་དུས་མ་འཛོམས། །རང་གནས་གསོག་ཅིང་རིང་སྡོད་ཤུགས་མི་ཕྱིན། །དཔེར་ན་འཁྲུག་པ་བྱེད་པའི་ཤི་བོ་བཞིན། །བཙིར་ཡང་མི་ལྡོག་བར་དུ་མི་ལྡང་ཞིང༌། །རྐྱེན་ཕྲད་ནུས་པ་རྙེད་དེ་གནས་ལས་ལྡང༌། །དེ་དག་ཐོག་མར་རླུང་ཞུགས་ནད་འཁྲུགས་ཕྱིར། །འཇིག་ཅིང་འཇུ་བྱེད་ཟས་ཀྱིས་སྨིན་བྱས་པས། །ནད་འཐོར་རླུང་དེ་ཚར་གཅོད་ཁོང་པར་བསྡུ། །དཔེར་ན་ཆར་པ་འབེབས་པའི་རླུང་གནོན་འདྲ། །དེ་ནས་གང་དང་ཉེ་བའི་ལམ་ནས་སྦྱང༌། །ཡན་ལག་ཕྱིར་གནས་ཁོང་དུ་མ་འདུས་ན། །རྩ་སྒོ་ཕྱི་དང་ནང་ནས་སྦྱངས་ལ་དབྱུང༌། །གཞན་དབང་བླ་གཉན་བཅས་པའི་ནད་ཡིན་ཏེ། །རང་གི་གནས་ནས་ལངས་ནས་གནས་གཞན་ཕྱིན། །ཕྱིན་ནས་རང་གནས་སྔ་མ་ལ་གནོད་འཁྲུག །དེ་སྟོབས་ཆུང་ན་རང་གནས་སྔ་མ་གསོ། །ཕྱི་མ་སྟོབས་ཆེ་བླ་གཉན་དེ་བཅོས་པས། །རང་གནས་གནས་པ་བཅོས་མི་དགོས་པར་འཚོ། །དཔེར་ན་རྐུན་མོ་བསྟེན་པའི་རྗེ་བོ་བཞིན།།

ཁྱད་པར་གསོ་བའི་ཚུལ་ལ་རྣམ་པ་དགུ། །མ་རྟོགས་དོགས་བཅས་གདེངས་མ་ཐོབ་བའི་ནད། །བྱི་ལ་འཇབ་པ་ལྟ་བུའི་སད་མདས་བཅོས། །ངོས་ཟིན་ངེས་པ་རྙེད་ཅིང་གདེངས་ཐོབ་ན། །སྤོ་ལ་དར་འཕྱར་ལྟ་བུར་དངོས་སུ་བཅོས། །གཉེན་པོ་ཐོག་ཏུ་མི་འབབ་ནད་ལམ་གཟུང༌། །རྟ་རྒོད་དཀྱུས་སུ་འཛུད་པ་ལྟ་བུར་བཅོས། །སྔར་བཅོས་ནད་ལ་དམན་ལྷག་ལོག་པ་གསུམ། །བརྟགས་ལ་སྐྱར་མོ་ཉ་ལེན་བཞིན་དུ་བཅོས། །སྟོབས་ཆེན་ནད་ལ་སྨན་དཔྱད་ཟས་སྤྱོད་བཞི། །ལག་གཏོད་མི་ཤ་འཕྲང་ཕྲད་ལྟ་བུར་བཅོས། །སྟོབས་ཆུང་ནད་ལ་སྤྱོད་ལམ་ཟས་སྨན་དཔྱད། །སྐས་གདང་ལྟ་བུར་མས་འཛེག་རིམ་པས་བཅོས། །རྐྱང་པའི་ནད་ལ་དཔའ་བོས་དགྲ་འདུལ་བཞིན། །དེ་གཞིལ་གཞན་ལ་གནོད་མེད་སྦྱོར་བས་བཅོས། །ལྡན་འདུས་ནད་ལ་འདུ་བ་ཆ་སྙོམས་གཅེས། །གཙོ་བོས་དམེ་ཤོར་འཁྲུགས་ཟླུམས་ལྟ་བུར་བཅོས། །ཀུན་ལ་གནོད་བྱ་ལ་སོགས་ཆོས་བཅུར་སྦྱར། །མཛོ་ཁལ་ལུག་ཁལ་ལྟ་བུར་འཚམ་པས་བཅོས། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གསོ་ཚུལ་སྤྱིར་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།


 

 

མཐའ་མའི་འདོན་ཐེངས་།: 14.12.2022 ཉིན། 10:32 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།