སྨན་རྩིས་དྲ་བ། - དཔྱད་འབུམ་ཁྲ་བོ།

ལེའུ་ཉེར་བདུན་པ། གསོ་ཚུལ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.05.2023
དཔྱད་འབུམ་ཁྲ་བོ། >>



ལེའུ་ཉེར་བདུན་པ། གསོ་ཚུལ་བསྟན་པ།

དེ་ནས་ཡང་དཔྱད་བུ་ཁྲི་ཤེས་ཀྱིས་འདི་སྐད་ཅེས་ཞུས་སོ། །འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། །གསོ་བྱེད་ཐབས་ཀྱི་གནས་ལ་ཇི་ལྟར་བསླབ་པར་བགྱི། འཚོ་མཛད་སྨན་པའི་རྒྱལ་པོས་གསུང་དུ་གསོལ། །ཞེས་ཞུས་པ་ལས། སྟོན་པས་གསུངས་པ། དཔྱད་བུ་ལ་སོགས་རིག་པ་འཛིན་པ་ཀུན། །ནད་དེ་རྟགས་(རྟོགས་)ནས་ཇི་ལྟར་བཅོས་པའི་ཚུལ། །གསོ་བར་བྱེད་ཐབས་ཀྱི་གནས་བསྟན་པ། །དེ་ལ་གསོ་བའི་ཚུལ་དང་གསོ་ཐབས་གཉིས། །དང་པོ་ནད་ཀྱི་གསོ་ཚུལ་བསྟན་པ་ནི། །ནད་ལ་གསོ་ཐབས་དཔག་མེད་ཡོད་གྱུར་ཀྱང༌། །གསོ་ཚུལ་མེད་ན་མུན་པའི་(པར་)མདའ་འཕེན་འདྲ། །དེ་ལས་(ལ་)གསུམ་སྟེ་སྤྱི་ཡི་(གསོ་)ཚུལ་དང༌། །བྱེ་བྲག་པ་དང་ཁྱེད་(ཁྱད་)པར་གསོ་ཚུལ་ལོ། །

དང་པོ་ཇི་ལྟར་གསོ་དང་གང་གིས་གསོ། །གསོ་(སོས་)བའི་ཚད་དང་རྣམ་པ་གསུམ་དུ་བསྟན། །དང་པོ་རླུང་ལས་(ལ་)སོགས་པ་ཇི་སྙེད་ན(ནད)། །རང་གནས་སོགས་(གསོག་)པའི་དུས་སུ་གསལ་(བསལ་)བར་བྱ། །ལངས་ཤིང་རྒྱས་ན་ནད་གཞན་འཁྲུག་བྱེད་ཕྱིར། །གཞན་ལ་གནོད་པ་མེད་པའི་སྦྱོར་བས་གསོ། །ནད་གཞན་བསྐྱེད་ན་ནད་སྟོབས་གང་ཆེ་བཅས(བཅོས)། །གསོ་བའི་གཉེན་པོ་ཞི་དང་སྦྱང་བ་གཉིས། །སོགས་(གསོག་)དུས་ཞི་ལ་ལངས་ན་(ནས་)སྦྱང་བས་བཅོས། །ཞི་དུས་ཟས་སྤྱོད་གཟབ་ཅིང་མི་འཁྲུགས་བྱ། །འོན་ཀྱང་འཕྲལ་རྐྱེན་དུས་མིན་སོགས་ལྡན་ན(གསོག་ལྡང་ནད)། །དུས་འདས་གསོ་དཀའ་གྱུར་(འགྱུར་)ཕྱིར་ཕྲལ་དུ་བསལ། །སྨན་ཡང་ཉིན་ཞག་ཟ་དུས་རིག་པ་ཡིས། །ནད་དང་སྦྱར་ཏེ་བཏང་ཚུལ་བཅུ་རུ་བཤད། །ཟས་མ་ཟོས་དང་ཟས་སྔོན་དབུས་དང་མཐའ། །ཟས་ཁམས་(ཁམ་)ཟས་འཚམས་(མཚམས་)དུས་མེད་ཙེ་གུར་དང༌། །ཟས་བཅོས་ཟས་མནན་མཚན་མོ་བཏང་བའོ། །ནད་དང་མི་སྦྱོར་ཀུན་ལ་ཞུ་དུས་གཏོང༌། །རྨོངས་པོའི་པའི་ལུགས་ཡིན་ནད་ཐོག་འབབ་པ་དཀའ། །དུས་ལས་མ་འདས་རྡེའུ་ངོས་འཛིན་འདྲ། །ནད་གང་གསོ་དཔྱད་སྦྱར་ཡང་མཆིལ་སྣབས་མང༌། །ལུས་ལྕི་དང་ག་མིག་(མི་)བདེ་ཟས་མི་འཇུ། །རྒྱུ་(རྒྱུན་)སྐམ་ཁོང་འདྲུལ་བཤང་ལྕི་(གཅི་)དུས་མིན་འབྱུང༌། །ཤེས་(ཤེད་)ཆུང་སྐད་དམའ་ནད་ཞི་མ་ཞི་རྟགས(བརྟག)། །ནད་གང་ཞི་དུས་གོང་ལ་(ལས་)ལོག་རྟགས་འབྱུང༌། །མ་ཞི་བཅོས་ཤིང་ཞི་ནས་ལྷག་མི་སྦྱར། །

བྱེ་བྲག་གསོ་བའི་ཚུལ་ལ་རྣམ་པ་གསུམ། །མ་ཞུར་(ཞུ་)བཅས་དང་རང་རྒྱུད་གཞན་དབང་ངོ༌། །དང་པོ་དྲོད་ཆུང་ཟས་སྐོམ་མ་འཇུ་བ། །དེ་ཉིད་རླུང་སོགས་གནོད་བྱར་འདྲེས་པ་རྣམས། །སྨིན་དང་དྲོད་སྐྱེད་སྨན་གྱིས་རྩེ་བཅིལ་ལ། །རྟགས་ཐོབ་གང་དང་ཉེ་བའི་གནས་ནས་སྦྱོང༌། །སྟེང་འོག་གར་བྱུང་སྨན་གྱིས་དགག་མི་བྱ། །མ་སྨིན་མི་སྦྱང་ཞེན་ཕྱིར་ལུས་ཟུངས་འཇོམས། །དཔེར་ན་མ་ལངས་ཆང་ལ་ཆུ་བསིངས་བཞིན། །མ་ཞུ་མེད་པའི་རང་རྒྱུད་ནད་རྐྱང་དེ། །ནད་ཀུན་སྐྱེད་པར་བྱེད་པའི་རྒྱུ་བསྟེན་པས། །ཐོག་མར་རླུང་འཇུག་དེ་ནས་གཞན་འཇུག་སྟེ། །དེ་དག་ཟས་སྤྱོད་སློང་བའི་དུས་མ་འཛོམས། །རང་གནས་གསོག་ཅིང་རིང་སྡོད་ཤུགས་མི་ཕྱིན། །དཔེ་(དཔེར་)ན་འཁྲུག་པ་བྱེད་པའི་ཤི་བོ་བཞིན། །བཙིར་ཡང་མི་ཟློག་(ལྡོག་)བར་དུ་མི་ལྡང་ཞིང༌། །རྐྱེན་འཕྲད་ནུས་པ་རྙེད་དེ་རྒྱུ་ལས་ལྡང༌། །དེ་དག་ཐོག་དམར་(མར་)རླུང་ཞུག་(ཞུགས་)ནད་འཁྲུག་(འཁྲུགས་)ཕྱིར། །འཇིག་ཅིང་འཇུ་བྱེད་ཟས་ཀྱིས་སྨིན་བྱས་པས། །ནད་གཏོར་རླུང་དེ་ཚར་གཅོད་ཁོང་པར་བསྡུ། །དཔེར་ན་ཆར་པ་འབེབས་པའི་རླུང་གནོན་འདྲ། །དེ་དག་གང་དང་ཉེ་བའི་གནས་ནས་སྦྱང༌། །ཡན་ལག་ཕྱིར་གནས་ཁོང་དུ་མ་འདུས་ན། །རྩ་སྒོ་ཕྱི་དང་ནང་ནས་སྦྱངས་ལ་དབྱུང༌། །གཞན་དབང་བླང་གཉེན་(བླ་གཉན་)བཅས་པའི་ནད་ཡིན་ཏེ། །རང་གི་གནས་ནས་མངལ་(ལངས་)ནས་གཞན་གནས་ཕྱིན། །ཕྱི་མ་ལ་གནས་སྔ་མ་ལ་གནོད་འཁྲུགས།དེ་སྟོབས་ཆུང་ན་རང་གནས་སྔ་མ་གསོ། །ཕྱི་མ་སྟོབས་ཆེན་བླ་གཉན་དེ་བཅོས་ལ། །རང་གནས་གནས་པ་བཅོས་མི་དགོས་པར་འཚོ། །དཔེར་ན་རྐུན་མ་བསྟེན་པའི་རྫི་(རྗེ་)བོ་བཞིན། །

ཁྱད་པར་གསོ་བའི་ཚུལ་ལ་རྣམས་(རྣམ་)པ་དགུ། །མ་རྟོགས་དོགས་བཅས་གདེངས་མ་ཐོབ་པའི་ན། །བྱི་ལ་འཇབ་པ་ལྟ་བུའི་སད་འདམ་པ་(མདས་)བཅོས། །ངོས་ཟིན་ངེས་པར་(པ་)རྙེད་ཅིང་གདེངས་ཐོབ་ན། །སྤོ་ལ་དར་ཕྱར་(འཕྱར་)ལྟ་བུར་དངོས་སུ་བཅོས། །གཉེན་པོ་ཐོག་ཏུ་མི་འབབ་ནད་ལམ་བཟུང་(གཟུང་)། །རྟ་རྒོད་དཀྱུས་སུ་(འཛིན་པ་)པ་ལྟ་བུར་བཅོས། །སྔར་བཅོས་ནད་ལ་དམན་ལྷག་ལོགས་(ལོག་)པ་གསུམ། །བརྟགས་ལ་སྐྱལ་(སྐྱར་)མོ་ཉ་ལེན་བཞིན་དུ་བཅོས། །སྟོབས་ཆེན་ནད་ལ་སྨན་དཔྱད་ཟས་སྤྱོད་ཞིང་(བཞི)། །ལག་གཏོད་མི་ཤ་འཕྲང་ཕྲད་ལྟ་བུར་བཅོས། །སྟོབས་ཆུང་ནད་ལ་སྤྱོད་ལམ་ཟས་སྨན་དཔྱད། །སྐས་གདང་ལྟ་བུར་མས་འཛེག་རིམ་པས་བཅོས། །རྐྱང་པའི་ནད་ལ་དཔའ་བོས་དགྲ་འདུལ་བཞིན། །དེ་གཞིལ་གཞལ་(གཞན་)ལ་གནོད་མེད་སྦྱོར་བས་བཅོས། །ལྡན་འདུས་ནད་ལ་འདུ་བ་ཆ་སྙོམས་པ། །གཙོ་བོ་སྨེ་(དམེ་)ཤོར་འཁྲུག་བསྡུམ་ལྟ་བུར་བཅོས། །ཀུན་ལ་གནོད་བྱས་(བྱ་)ལ་སོགས་ཆོས་བཅུར་སྦྱར། །མཛོ་ཁལ་ལུག་ཁལ་ལྟ་བུར་འཚམ་པས་བཅོས། །ཞེས་གསུངས་སོ།།

གསོ་བྱེད་དཔྱད་འབུམ་ཁྲ་བོ་ལས་གསོ་ཚུལ་གྱི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།




 

མཐའ་མའི་འདོན་ཐེངས་།: 30.05.2023 ཉིན། 10:24 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།