ལེའུ་ཉེར་བདུན་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.11.2020 |
ལེའུ་ཉེར་བདུན་པ། འབྲུམ་པའི་རིམས་བཅོས་པ།
འབྲུམ་བུའི་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ལྔ། །རྒྱུ་རྐྱེན་རིམས་ནི་སྤྱི་དང་འདྲ་བ་ལ། །ངོ་བོ་ཚ་བ་ཆུ་སེར་ལ་བབས་ནས། །རུས་རྐང་ལྷ་བའི་གཏིང་ནས་སྐྱེ་བར་བྱེད། །ཐོར་པའམ་འབྲུམ་བུ་འོང་ཕྱིར་མིང་དུ་བརྗོད། །དབྱེ་བ་ནག་པོ་དཀར་པོ་རིགས་གཉིས་ཏེ། །ནག་པོའི་རིགས་གསུམ་སྐྲངས་པ་གླང་གཉའ་དང༌། །ཁྲག་སྐམ་རྩེལ་ཏེ་ཟངས་གཟེར་སྦུ་གུ་ཅན། །དཀར་པོའི་རིགས་གསུམ་ཤ་ར་སྐྱ་ཤར་དང༌། །རྨོག་མགོ་སྤྱི་ཟླུམ་སིབ་བུ་ཀོབ་ཙེའོ། །དེ་དག་དཔལ་ལྡན་རྒྱུད་ཀྱི་དགོངས་པ་ཡིན། །གཞན་ཡང་རིགས་དགུ་བཅུ་སོགས་སྤྲོས་པ་མང༌། །སྤྱི་རྟགས་ཚིགས་གཞི་ན་ཞིང་གྲང་ཤུམ་བྱེད། །ལུས་སྤྱི་སྙོམས་ལ་དང་ག་མི་བདེ་ཞིང༌། །ཁ་ཁ་ཟ་ཟི་འོང་ལ་སྒྱིད་པ་སྐྱུར། །ཁྱད་པར་མགོ་བོ་ན་ཞིང་གློ་སྙིང་བརྡུང༌། །ཤ་མདངས་དམར་ལ་མཐུག་ཅིང་ལུས་ཀུན་བརྩེ། །མཁྲིས་པ་སྐྱུག་ཅིང་རུས་རྐང་ཆག་སྙམ་བྱེད། །ཁྱད་པར་དཔྱི་རྐེད་རུས་རྣམས་ལྷག་ཏུ་ན། །ཐོན་པའི་སྐབས་ལ་སྦྲིད་པ་མང་དུ་འབྱུང༌། །བར་དུ་འབྲུམ་པ་ཕྱིར་ཐོན་བདེ་སྙམ་བྱེད། །བྱེ་བྲག་ནག་རིགས་སྐྲངས་པ་གླང་གཉའ་ནི། །ཕྱི་རུ་མི་ཐོན་ཟུག་ཆེ་ལུས་ཀུན་སྐྲངས། །ཆུ་སེར་ནག་པོ་ཉེས་ཀུན་འདུས་ལས་སྐྱེད། ཁྲག་སྐམ་རྩེལ་ཏེ་ཤིག་ནི་དམར་ནག་མཐུག །ཟངས་གཟེར་སྦུ་གུ་ཅན་ནི་དཀྱིལ་དུ་ཀྱོང༌། །དེ་གཉིས་ཁྲག་དང་མཁྲིས་པ་ལས་གྱུར་ཡིན། །ཁྱད་པར་མགོ་ན་རྩ་ཆུ་ཕྱི་ཡུལ་ཚ། །དཀར་པོ་རྨོག་མགོ་སྤྱི་ཟླུམ་ཆེ་ལ་འཆོལ། །ཤ་ར་སྐྱ་ཤར་དཀར་ལ་མཐུག་པ་སྟེ། །སིབ་བུ་ཀོབ་ཙེ་མང་ལ་མཐུག་ཀོབ་འབྱུང༌། །འོན་ཀྱང་རིགས་གཉིས་ལ་སོགས་འདྲེས་མ་འབྱུང༌། །བད་རླུང་ལས་གྱུར་ནད་ཟུག་ཆམ་པ་འདྲ། །ཚ་བའི་རྟགས་ཆུང་མ་ལོག་བཅོས་མི་དགོས། །བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་སྨན་སྔགས་སྲུང་བ་ཟས་སྤྱོད་དང༌། །འབྲུམ་པ་དངོས་དང་ཐོར་ཡན་དབྱེ་བའོ། །སྨན་ལ་དང་པོ་མ་སྨིན་སྤུ་སྒོ་དབྱེ། །ནད་རྒྱས་ཚ་བ་ཁོང་ནས་ཕྱིར་ལ་དབུལ། ཁོང་ཤོར་ཕྱིར་དྲངས་ཐ་མ་འབྲུམ་རྗེས་བསུབ། །དང་པོ་སྒོ་དབྱེ་སླེ་ཏྲེས་འབྲས་བུ་གསུམ། །ཏིག་ཏ་བ་ཤ་ཀ་དང་ལི་ག་དུར། །བསྡུས་ཐང་དྲོན་མོ་ཕུལ་གང་བཏང་བ་འམ། །སླེ་ཏྲེས་གཡེར་ཤིང་ཨ་བར་སྐྱུར་ཏིག་ཏ། །བ་ཤ་ག་དུར་བཙོད་མདུད་ཞུན་རྒྱ་ཚོས། །ལུག་ཆུང་སྒོང་ཐོག་ལུག་ཤོ་ཕག་རིལ་གུལ། །སྦྱོར་ཚད་སླེ་ཏྲེས་གཡེར་ཤིང་གཙོར་བསྐྱེད་པའི། །བསྡུས་ཐང་དྲོན་མོ་ཉི་ཕྱེད་དུས་སུ་བཏང༌། །སྨན་ཞུ་རྔུལ་འདོན་མ་ཐོན་སྣེའུ་འམ། །ལུག་རིལ་ཆང་དུ་བཙོས་པའི་རླངས་ལུམས་བྱ། །རྔུལ་ཐོན་བལ་དང་སྲན་ཕྱེ་སོགས་ཀྱིས་ཕྱི། །སྤུ་སྒོ་ཕྱེད་པར་ལན་འགའ་བསྟེན་པ་བསྔགས། །འདི་སྐབས་མིག་འབྲུམ་སྲུང་བ་གཤམ་བཤད་བསྟེན། །ཆག་ (ཟས་) ཚེ་ཕྱེ་ཐུག་ཟས་བསྟེན་ཉི་ (སྤྱོད་) མེ་ཡིས། །མ་ཕོག་དྲོ་བའི་གནས་སུ་དྲོད་ལ་བསྒོར། །གྲང་དང་བསེར་བུ་ཕོག་ན་འབྲུམ་པ་ལྡོག །གལ་ཏེ་ལྡོག་ན་སྲན་ཁུ་སྲན་ཚོད་བྱིན། །རྔུལ་ཐོན་རྗེས་ལ་རྡོ་རྩིའི་སྦྱོར་བ་ཤིས་ (ཁོང་ནས་ཕྱིར་འཕུལ)། །དེ་ཡང་གཉན་ཚད་རྒྱས་པའི་སྦྱོར་བ་དང༌། །དོན་སྣོད་ཁ་འཛིན་བྱེད་པ་མན་ངག་ཡིན། །རྩི་སྦྱོར་གི་ཝཾ་ཅུ་གང་གུར་ཀུམ་དང༌། །བོང་དཀར་གླ་རྩི་བྲག་ཞུན་གུལ་ནག་དང༌། །འཛིན་པ་བདུད་རྩི་ལོ་མ་ཙན་དན་དཀར། །ལྕི་སྣུམ་ཨ་གར་དཀར་ནག་དངུལ་ཆུ་དང༌། །སླེ་ཏྲེས་ཀྞྜ་ཀ་རི་སུམ་ཅུ་ཏིག །གངས་ཆུས་རིལ་བུར་བསྒྲིལ་བ་ཆུ་ཚན་དབུལ་ (དཀར་ནག་སོ་སོར་ཁ་བསྒྱུར་མི་འདྲ་བ་སོགས་ངག ) ། །དོན་སྣོད་ཁ་འཛིན་བྱེད་ཅིང་གཉན་ཚད་སེལ། །རྡོ་སྦྱོར་མདུང་རྩེ་སྦལ་རྒྱབ་དཀར་སྨུག་བཞི། །གངས་ཐིག་ཅོང་ཞི་མཚལ་དཀར་མཉྫི་ར། །དུང་དང་རྒྱ་མཚལ་གླ་གུལ་གསང་སྨན་རྣམས། །མྱོས་ཁུས་རིལ་བུར་བསྒྲིལ་ལ་རྒན་བྱིས་སོགས། །རླུང་ཤས་ཅན་གྱི་རིགས་ལ་ཆང་གིས་དབུལ། །དར་མ་ཁྲག་མཁྲིས་ཅན་ལ་ཆུ་སྐོལ་ཤིས། །ཆུ་སེར་སྐེམ་ཞིང་འབྲུམ་པ་ཕྱི་ལ་འཕུལ། །ཡང་ན་ཅུ་གང་གུར་ཀུམ་གླ་གུལ་དང༌། སྦལ་རྒྱབ་མདུང་རྩེ་གངས་ཐིགས་མཚལ་དང་བཞི། །ཚ་ལ་དངུལ་ཆུ་སྟག་ཤ་གསང་བའི་སྨན། །བདུད་རྩི་ལོ་མ་གཙོ་བོར་སྐྱེད་པ་འམ། །ཡང་ན་གངས་ཐིགས་ཅོང་ཞི་སྦལ་རྒྱབ་དང༌། །མདུང་རྩེ་ཅུ་གང་གུར་ཀུམ་ལི་ཤི་དང༌། །སུག་སྨེལ་ཀ་ཀོ་ལ་དང་ཛཱ་ཏི་མཚལ། །གླ་རྩི་ཚ་ལ་འཛིན་ལོ་ཨ་རུ་ར། །དངུལ་ཆུ་སྦྱར་བ་ (དེ་གཉིས་གང་རིགས་) ཕག་རིལ་ཐང་གིས་དབུལ། །རྡོ་རྩི་འདྲེས་པ་བྱང་སྨན་མཁས་པའི་ (ལྷུན་) ལུགས། །འབྲུམ་པ་དམར་ནག་བྱུང་ན་དེ་སྟེང་དུ། །ག་བུར་བསྣན་ཞེས་གསུང་གི་རྒྱུན་ལ་སྣང༌། །འོན་ཏེ་ནག་པོར་ཀཱ་ (ངག་) ལ་བདུན་ཐང་མངགས། །ཉི་ཕྱེད་རྩི་སྨན་མཚན་མོ་རྡོ་སྦྱོར་ཤིས། །ནང་ནུབ་གང་རིགས་བསེ་ཀོའི་སྦྱོར་བ་བསྟེན། །དེ་ལ་བསེ་ཀོ་གླང་ཀོ་སྲན་ནག་དང༌། །མུ་ཟི་གར་ནག་ཕུར་ཁཎ་གཡེར་ཤིང་པ། །གསང་སྨན་སྦྱར་བ་ཆུ་སྐོལ་དབུལ་བ་ཡིན། །འདྲེས་པའི་སྦྱོར་བ་གང་ཡིན་དེ་བཞིན་བསྟུད། །འབྲུམ་བུ་མ་ཐོན་ལུས་ཀུན་གྲང་ཤུམ་བྱེད། །ནད་འབྲས་ཤིང་མངར་འོ་མར་བསྐོལ་བ་བྱུག །གོང་བཤད་རྔུལ་འདོན་དེ་ཡང་ཐོན་དཀའ་ན། །རེ་ལྕག་མེ་ཏོག་གཡེར་ཤིང་སྲད་དཀར་དང༌། བཙོད་མདུད་མཚལ་དང་ཚ་ལ་ར་ཡི་ཁྲག །སྦལ་རྒྱབ་གངས་ཐིགས་མདུང་རྩེ་ཅོང་ཞི་བཞི། །གླ་གུལ་དངུལ་ཆུ་འཛིན་པ་སྦྱར་བའི་སྟེང༌། །གསང་བའི་སྨན་གསུམ་འབྲས་ཤིང་མེ་ཏོག་བསྣན། །ཆང་ངམ་ཕག་རིལ་ཐང་གིས་འཕུལ་བཏང་བས། །ཚེ་ཟད་མ་གཏོགས་འབྲུམ་བུས་མི་འཆི་ཞིང༌། ཁྱད་པར་འབྲུམ་པ་མི་ཐོན་དཔེ་མི་སྲིད། །འདི་ཡང་ཌཱ་ཀིའི་ཁ་རླངས་ཁྱད་མཚར་ཅན། །གསང་བའི་མན་ངག་ཆིག་བརྒྱུད་ཟབ་པ་ཡིན། །འབྲུམ་པ་སྐྱེ་འཕྲོ་ནང་དུ་ལོག་ (ཁོང་ཤོར་འདྲེན་) པ་འམ། །འབྲུམ་པ་རྫོགས་ནས་ལོག་རྟགས་བསྟན་པ་ནི། །ཟངས་གཟེར་མ་བཏོགས་དཀྱིལ་ཀྱོང་འབྲུམ་རྩེ་འཇམ། །འབྲུམ་པ་བཏོགས་ཀྱང་རྣག་མེད་ལུས་ཚད་སྐྱེ། །རྩ་ཆུ་ཚ་ཞིང་སྐོམ་དད་སྐྱེ་བ་དང༌། །ལྕེ་སྐམ་འཆལ་ཞིང་ལྷག་པར་ཁམས་མི་བདེ། །འཛིན་པ་ནས་ཙམ་ཀར་སྦྱར་ཁོང་དུ་བཏང༌། །ཡང་ན་དངུལ་ཆུ་མུ་ཟི་ལྡོང་རོས་དང༌། །གླ་རྩི་གུ་གུལ་འཛིན་དཀར་རྣམ་དྲུག་དང༌། །རང་ཤིའི་ཐོད་རུས་ཆ་མཉམ་ཕག་རིལ་གྱི། ཁུ་བས་འཕུལ་བཏང་ཁོང་ཤོར་འདྲེན་པའི་མཆོག །ཡང་ན་བཟང་དྲུག་གླ་རྩི་ར་ཁྲག་དང༌། །འཛིན་པ་ཕག་རིལ་སྦྱར་བ་བསྐོལ་གྲང་དབུལ། །ཡང་ན་རྡོ་སྦྱོར་སྟེང་དུ་དངུལ་ཆུ་བསྣན། །མན་ངག་རྔུལ་དབྱུང་ཁོང་ཤོར་མོད་ལ་འདྲེན། །དེས་ཀྱང་མ་ཐོན་རང་གི་བཤང་གཅི་དང༌། །ཕག་རིལ་བསྡུས་ཁུར་འཛིན་དཀར་ནས་ཚད་གསུམ། །དངུལ་ཆུ་མུ་ཟི་ཛཱ་ཏི་གུ་གུལ་དང༌། །གི་ཝཾ་ཨ་ག་རུ་དང་གླ་རྩི་རྣམས། །ཐུན་སྐྱེད་དྲུག་ཡར་བཏང་བས་ཕྱིར་འཕུལ་བྱེད། །ནད་པ་ཁམས་བདེ་འབྲུམ་པ་ཀྱོང་མོའི་ནང༌། །འབྲུམ་པ་ཆུང་ངུ་སྐྱེས་ནས་མཆོད་རྟེན་གྱི། །བང་རིམ་ལྟར་དུ་འབྱུང་ཞིང་ལོག་རྟགས་ནུབ། །དང་ག་བདེ་ན་འཚོ་བར་ཐེ་ཚོམ་མེད། །སྔགས་ཀྱིས་བཅོས་པ་ཨོཾ་སྐྲག་ཐུམ་དབལ་སོད། །ཨ་བྷ་སྐྲག་ཅོམ་སོད་ཅེས་ཆུར་བཏབ་པ། །ཁོང་དུ་གཏོང་བར་བཤད་ཀྱང་ལས་བསྙེན་དང༌། །ངག་ནུས་སྐྱེད་སོགས་ཡོན་ཏན་མ་ཚང་བའི། །སྔགས་ཀྱི་ནུས་ལས་ཆུ་ཡིས་གནོད་པའང་སྲིད། །དེ་ཕྱིར་གོང་བཤད་སྨན་ལ་བཏབ་སྟེ་གཏོང༌། །སྨན་སྔགས་ཟུང་འཇུག་ནུས་པ་ཆེ་བར་མཐོང༌། །སྲུང་བ་སྔགས་དང་རྫས་སོགས་གྲངས་མང་ཡང༌། །ནད་འདི་འགོ་དཀའ་ཡང་བ་ཙམ་ལས་ནི། །གཏན་དུ་བསྲུང་བར་གྱུར་པ་ཆེར་མ་མཐོང༌། །འོན་ཀྱང་འཁོར་ལོ་མུ་ཁྱུད་དཔེའུ་ཆུང་ལྟར། །བྲིས་ལ་བུ་མོ་གཙང་མས་བཀལ་བ་ཡི། །སྐུད་པ་དཀར་པོས་བཅིངས་ལ་རྟེན་སྙིང་གི །རབ་གནས་མི་ལག་མ་བརྒྱུད་ཕོ་ལ་གཡས། །མོ་ལ་གཡོན་དུ་བཏགས་པས་འབྲུམ་པ་བསྲུང༌། །ཡང་ན་མ་ནུ་ཁྲག་ཅན་ནང་ཁྲག་ལ། །བཛྲ་ཧ་ར་བཛྲ་ན་ཧི་ཛ། །ཞེས་པ་སུམ་བརྒྱ་བཏབ་ལ་སྨིན་མཚམས་སུ། །ཐིག་བཏབ་འབྲུམ་བུ་ཤར་ན་ཟླ་གསུམ་ཐུབ། །ནད་ཐེབས་མིག་དང་གྲེ་བའི་འབྲུམ་བསྲུང་གནད། །གུར་ཀུམ་གླ་རྩི་རྒྱ་རུ་ནས་ནག་འབྲུ། །ལྔ་བདུན་གསང་བའི་སྔགས་འདི་བརྒྱ་ཕྲག་གསུམ། །བདུད་ཀྱི་བུ་མོ་ཐིབ་ལོང་སཱཧཱ། །བཟླས་ལ་ཁམས་མཐུན་དར་གཏུམས་སྐེ་ལ་བཏགས། ཡང་རྫ་ཕོར་གསར་པར་སྐར་ཆུ་བླུག །མེ་ལོང་མིག་བྲིས་རྫ་ཕོར་ཁ་བཅད་ལ། །དེ་སྟེང་བྲ་ནག་རྟ་ཡི་ལག་རྨིག་བཀབ། །ནད་པས་མ་ཤེས་སྔས་འོག་སྦས་པ་ཡིས། །མིག་ལ་འབྲུམ་པ་འབྱུང་བ་བསྲུང་བ་ཡིན། །བྱེ་བྲག་བཅོས་ཐབས་རིགས་དང་བབས་སྒོ་སྦྱར། །རིགས་བཅོས་སྐྲངས་པ་གླང་གཉའི་འབྲུམ་པ་ལ། །བསེ་ཀོ་གླང་གཉའི་ཀོ་བ་སེར་ཙམ་བསྲེགས། །སྲན་ཕྱེ་བསྲེས་པ་སྤྱི་སྨན་ལྟག་སྤྲད་བཏང༌། །དུར་བྱིད་ཧོང་ལེན་སྤོས་དཀར་དུག་པུས་པའི། །རིལ་བུ་བ་ཆུས་འཕུལ་བའི་བཤལ་གྱིས་སྦྱང༌། །རྩེལ་ཏེ་ཤིག་དང་ཟངས་གཟེར་འདྲ་བ་ལ། །བཟང་དྲུག་གླ་རྩི་ཕག་རིལ་ཁུ་བ་དང༌། །ར་ཁྲག་སྦྱར་བའི་ལྕག་མདའ་བཏང་བ་འམ། །ཤིན་ཏུ་ཚ་བ་ཆེ་ན་ག་པུར་བསྣན། །དཀར་པོ་སེ་འབྲུ་སྐྱུ་རུ་རྡོ་སྦྱོར་བསྣན། །ལུས་སྐྲངས་སྨན་གྱིས་མ་ཐོན་བདུན་ན་འཆི། །དམར་ཐིག་འབྲུམ་པར་མ་སོང་ལྔ་ན་འཆི། །ནག་ལེབ་རྣག་ཏུ་མ་སོང་དགུ་ན་འཆི། །སྐྱ་ཤར་ཟས་བསྡམས་དྲགས་ན་འཆི་བ་ཡིན། འབྲུམ་པ་རྫོགས་ནས་ཁོང་དུ་ལོག་པ་དང༌། །འབྲུམ་སྐོགས་བསྐྱུར་ནས་ནད་གཞན་མ་འཁྱོགས་ཀྱང༌། །ནད་ཟུངས་ཟད་པས་འཆི་རྣམས་ལས་འཆིར་གསུངས། །སྙིང་ལ་བབས་ན་སྨྱོ་འདར་དངངས་ཆུང་འབྱུང༌། །ངོ་བོའི་(རྩི་སྦྱོར་འདྲེས་མ་གསང་སྨན་སོགས་གོང་གི་)སྟེང་དུ་ག་པུར་ཛཱ་ཏི་བསྣན། །མ་ཐུབ་སྨྱོ་ཞིང་འཚིག་ན་འཆི་བ་ཡིན། །གློར་བབས་གློ་མང་གཟེར་ཞིང་རྣག་ཏུ་ལུ། །སྲོ་ལོ་ཤིང་མངར་རྩི་སྦྱོར་ལ་བསྣན་བཏང༌། །མ་ཐུབ་མིད་པ་འགགས་ན་འཆི་བ་ཡིན། །མཆིན་པར་བབས་ན་མིག་དམར་མཆིན་སྟེང་གཟེར། །དོམ་མཁྲིས་བྲག་ཞུན་ཁ་ཆེ་གུར་གུམ་བསྣན། །འཐིབས་ཀྱིན་ཁྲག་ཏུ་འཁྲུ་སྐྱུག་འཆི་བ་ཡིན། །རྒྱུ་མར་བབས་ན་མཁྲིས་པ་འཁྲུ་སྐྱུག་བྱེད། །བཙོད་དང་སྙ་ལོ་དུག་ཉུང་བསྣན་ལ་བཏང༌། །ཁྲག་ཏུ་འཁྲུ་ན་སྣོད་རྡོལ་འཆི་བ་ཡིན། །དེ་དག་ཀུན་གྱི་འདྲེད་དུ་དངུལ་ཆུ་ཤིས། །མིག་ཏུ་བྱུང་ན་སྐྱེར་ཁཎ་ནུ་ཞོ་བླུག །ཚི་ཅན་བལ་དཀར་སྔགས་ (ཨོཾ་ན་ག་ཤ་རི་རྦད། ག་ཏོ་ཤ་རི་རྦད། ཐུག་ནན་ཤ་རི་རྦད་སྭཱཧཱ། ཞེས་བརྒྱ་སྟོང་བཟླས་ལ་བལ་འདབ་ལ་བཏབ་པ་མིག་ལ་ཉིན་མཚན་སོགས་ནད་མ་གྲོལ་བར་ལ་གླན་པ་མཆོག་)ལྡན་མིག་ལ་བཀབ། །གྲེ་བར་བབས་ན་ཕྱེ་ཚོད་ཚན་མོས་བདུག །ཤུ་དག་རུ་རྟ་རྒྱ་ཚྭའི་ཕྱེ་མ་གདབ། །ཚར་བོང་ཐང་བཏང་(གསེབ་སྔོ་ནག་)རྟ་སྦངས་རྒྱ་ཚྭ་དང༌། །ར་ཁྲག་དྲོན་མོ་ལི་ཤི་བཏབ་པ་བཏང༌། །མ་ཐུབ་ཀྱུང་བུས་བཞར་བར་བཤད་པའང་སྣང༌། །ལྒང་པར་བབས་ན་རྒྱ་ཚྭ་རུ་རྟ་དང༌། །ཉི་དགའ་གླ་རྩིའི་བསྡུས་ཐང་བཏང་བར་བྱ། །འབྲུམ་པ་ཐོན་ནས་མྱུར་དུ་སྐེམ་པའི་ཐབས། །སྤོས་དཀར་དུ་བས་ཡང་དུ་བདུག་བྱེད་ཅིང༌། །མགོ་ཁུགས་སྐེམ་བྱེད་ཉི་མར་རན་པར་བསྲོ། །འབྲུམ་པའི་ཤུ་བ་རྣག་ཅིང་རླན་ཆེ་ན། །ཤ་རུ་ཕུར་ཡོག་དྲེས་མའི་ཐལ་བ་དང༌། །ལྕི་བ་སེར་ཁའི་ཐལ་བ་བཏབ་པས་སྐེམ། །རྗེས་སུ་ཚད་པ་སྤྱི་ལྟར་སྨན་བཅོས་མཐུན། །མཐིལ་བཞིར་ཐོན་དང་སྔོན་མ་ཕལ་ཆེར་སྐམས། །གཉིད་ཆུང་གཡལ་མང་ལུས་འདར་ཤེས་པ་ཡང༌། །རྩ་ཆུའི་ཚ་བ་བྲི་ནས་ཁ་ཟས་གློད། །གདོང་པའི་ཤུ་བ་གོགས་ནས་དྲི་ཆུས་(རྗེས་བསུབ་)བཀྲུ། །ར་ཕག་ཚིལ་བུ་ཚེར་སྔོན་ཙན་དན་དང༌། །གུར་ཀུམ་བྱུག་པ་རྗེས་སུ་མན་ངག་ཟབ། །དེ་ཡིས་གདུག་པ་འབྲུམ་པའི་ནད་འཇོམས་བྱེད། །དངོས་དང་འབྲུམ་ཡན་དབྱེ་བའི་གདམས་པ་ལ། །བསེ་རུ་དཀར་པོ་མུ་ཏིག་འཛིན་པ་དང༌། །འབྲི་ཏ་ས་འཛིན་གླ་གུལ་ཐུན་ཆུང་རྣམས། །གཙོ་བོའི་ཐུན་སྐྱེད་བཏང་བས་འབྲུམ་ཡན་སྐམ། །དངོས་དེ་མི་སྐམས་པ་ལ་བརྟག་ནའང༌། །ངོ་བོ་རྩ་ཆུའི་ཚ་ཕུལ་ཤིན་ཏུ་ཆེ། །རྣག་མགོ་ཁུགས་ལ་འབྲུམ་སྐོགས་སྐྱུར་བྱེད་ཅིང༌། །དེ་ཡང་སྲབ་མཐུག་རན་པ་ཆུ་གཏིང་འགྲོ། །འབྲུམ་ཐོན་དུས་ན་སྦྲིད་པ་མང་བ་དང༌། །མཐིལ་བཞིར་དོན་པ་འབྲུམ་པའི་མཚན་ཉིད་ཡིན། །ཞེས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་ཀཏྤཱུ་ར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ཞེས་པ་ལས་འབྲུམ་པའི་རིམས་བཅོས་པའི་ལེའུ་སྟེ་ཉེར་བདུན་པའོ།།
མཐའ་མའི་འདོན་ཐེངས་།: 10.11.2020 ཉིན། 4:34 PM
<< སྔ་མ།