སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ཉེར་དྲུག་པ། རྒྱུད་བཞིའི་མཇུག་དོན་བསྡུས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.09.2011
ཕྱི་མ་རྒྱུད། >> ལེའུ་ཉེར་དྲུག་པ། རྒྱུད་བཞིའི་མཇུག་དོན་བསྡུས་པ།

བཞི་པ་རྒྱུད་བཞིའི་མཇུག་གི་དོན་ལ་གཉིས། མཇུག་དོན་དངོས་དང་ཡོངས་གཏད་བཤད་པའོ། །དང་པོ་ལ་ལྔ། མཇུག་དོན་བསྡུ་བའི་ཞུ་ལན། གཉེན་པོ་མཆོག་གི་ཞུ་ལན། གདོན་རིམས་དུག་གསུམ་བསྲུང་བའི་ཞུ་ལན། རྒྱུད་འདིར་གསོ་དཔྱད་ཐམས་ཅད་འདུས་ཚུལ་གྱི་ཞུ་ལན། ལེའུའི་མཚན་བསྟན་པའོ། །དང་པོ་ལ་གཉིས་དྲི་བས་མཚམས་སྦྱར་བ། ལན་གྱིས་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས། ཞེས་ཞུས་པ་དང་ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་ཡང་གསུང་ལས་སྤྲུལ་པའི་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལ་འདི་སྐད་ཅེས་ཞུས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། དེ་ལྟར་རྒྱུད་ཆེན་བཞི་པོ་འདི་ཉིད་ཀྱི་མཇུག་གི་དོན་སྙིང་པོ་ཧྲིལ་གྱིས་དྲིལ་ཏེ་བསྡུ་ན་གང་དུ་འདུས་པར་འགྱུར་བ་འཚོ་མཛད་སྨན་པའི་རྒྱལ་པོ་ཁྱེད་ཀྱིས་བཤད་དུ་གསོལ་ཞེས་ཞུས་པ་དང༌། ཞེས་སོ།།

        གཉིས་པ་ལན་གྱིས་རྒྱས་པར་བཤད་པ་ལ། སྟོན་པས་ཞེས་པ་ནས། ཞེས་གསུངས་སོ་ཞེས་པའི་བར་ཚིགས་བཅད་བཅོ་བརྒྱད་དང་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ལྟར་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་ཞུས་པ་དེའི་ལན་དུ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་ཉོན་ཅིག །དེ་ཡང་དཔེར་མཚོན་ན། མདའ་གཤའ་ཕང་པ་གང་ཙམ་དུ་བཀང་ཡང་གཏད་ས་འབེམ་ཁུང་ལ་གཏད་པ་མདེ་རྩེ་གང་ཡིན་པ་དང༌། ཞིང་པ་རྣམས་ཀྱིས་སོ་ནམ་སོས་དབྱར་སྟོན་དགུན་ཏེ་དུས་བཞིར་བཙལ་ཀྱང་མདོ་དོན་སྙིང་པོ་ལྟོ་རྒྱབ་གཉིས་སུ་འདུས་པ་དང༌། དཔེ་དོན་རྣམ་གྲངས་དུ་མར་ཕྱེ་ཡང་འབྲས་བུ་གཅིག་ཏུ་གྲུབ་པར་བསྡུ་བ་དེ་བཞིན་དུ། འདིར་ཡང་རྒྱུད་བཞི་དང༌། ཡན་ལག་བརྒྱད་དང༌། གནས་བཅུ་གཅིག སྐབས་བཅོ་ལྔ། མདོ་བཞི་ལ་སོགས་པ་རྣམ་གྲངས་དུ་མར་བརྗོད་ཀྱང་མདོ་དོན་རྣམ་པ་གཉིས་ཏེ་ནད་དང་ནད་མེད་ཀྱི་བྱ་བར་ཧྲིལ་ཕྱིས་དྲིལ་བ་ཡིན་ལ། དེ་ཡང་ནད་མེད་ཀྱི་དོན་དུ་རྒྱུན་གྱི་སྤྱོད་ལམ་དང༌། དུས་ཀྱི་སྤྱོད་ལམ་དང༌། བཅུད་ཀྱིས་ལེན་པ་དང༌། རོ་ཙ་བ་བཞི་རུ་ཤེས་པར་གྱིས་ལ། ཟས་དང་སྨན་གཉིས་ནི་ཡོད་མེད་ཐུན་མོང་བ་སྤྱི་རུ་སྦྱོར་ཞིང༌། ནད་པའི་བྱ་བ་ལ་གསོ་བར་བྱ་བའི་གཞི་ནད་དང༌། བརྟག་པ་དང༌། གསོ་བར་བྱ་བའི་ཐབས་དང་གསུམ་དུ་འདུས་ཤིང༌། ནད་དེ་ལ་ཡང་རྒྱས་པར་བཞི་བརྒྱ་རྩ་བཞིར། ཕྱེ་ན་ཡང༌། དོན་གྱི་ཚ་གྲང་གཉིས་སུ་མ་འདུས་པའི་ནད་གཞན་མེད་ལ། ངོས་བཟུང་གི་བརྟག་པ་ལ་ཡང་སྟོང་དང་ཉིས་བརྒྱར་ཕྱེ་ཡང་བསྡུ་ན་ལྕེ་ཆུ་ལ་བལྟ་བ་དང༌། རྩ་ལ་རེག་པ་དང༌། ནད་པ་ལ་དྲི་བར་མ་འདུས་པའི་བརྟག་ཐབས་མེད་ཅིང༌། རེག་པ་རྩ་ལ་འཚོ་བ་དང་འཆི་བ་དཔྱད་པས་རྟོགས་ཤིང༌། བལྟ་བ་ཚ་གྲང་གི་ཁྱད་པར་ཆུ་ལ་མཐོང་བས་གསལ་བ་དང༌། ནད་སློང་བའི་རྐྱེན་གནས་གར་བབས་ན་ལུགས་ཇི་ལྟར་ཡོད་རྣམས་ནད་པ་ལ་དྲིས་པས་ཤེས་ནུས་པ་དང༌། གསོ་བར་བྱེད་པའི་གཉེན་པོ་ཡང་རྒྱས་པར་ཕྱེ་ན་སྟོང་དང་རྩ་གཉིས་སུ་ཡོད་ཀྱང་བསྡུ་ན་སྨན་དཔྱད་ཟས་སྤྱོད་བཞི་རུ་མ་འདུས་པ་མེད་ཅིང༌། སྨན་དེ་ཡང་ཞི་སྦྱངས་གཉིས་དང༌། ཞི་བྱེད་ཀྱང་བསིལ་དྲོད་གཉིས། སྦྱོངས་ཀྱང་དྲག་འཇམ་གཉིས། དཔྱད་འཇམ་རྩུབ་གཉིས། ཟས་ཕན་གནོད་གཉིས། སྤྱོད་ལམ་ཀྱང་དྲག་ཤུལ་གྱི་སྤྱོད་ལམ་དང་དལ་བར་བསྡད་པ་གཉིས་རྣམས་སུ་མ་འདུས་པའི་སྨན་དཔྱད་ཟས་སྤྱོད་གཞན་མེད་དོ། །དེ་བཞིན་དུ་གསོ་བའི་ཐབས་ཀྱི་ལག་ལེན་སུམ་བརྒྱ་དང་དྲུག་ཅུ་པོ་ཡང་བསྡུ་ན་ངོས་བཟུང་བ་དང༌། གསོ་བའི་ཚུལ་དང༌། གསོ་བའི་ཐབས་རྣམ་པ་གསུམ་དུ་འདུས་པས། ཀྱེ་དྲང་སྲོང་ཆེན་པོ་དེ་ལྟར་ཤེས་པར་གྱིས་ཤིག དེའི་ཚུལ་ནི་ནད་ཀྱི་ངོས་ཐམས་ཅད་བལྟ་རེག་དྲི་བ་གསུམ་གྱིས་ཡོངས་སུ་བཟུང་ལ། དེ་ཡང་རྟགས་བཅོས་གོམས་པ་བསྐྱེད། ཆུའི་ཀུ་ཡ་སྟེ་ལྟར་སྣང་ལྔ་ཕྲུགས་ཀྱི་སྒོ་ནས་ཚ་གྲང་གི་འཁྲུལ་སོ་བསལ་ལ། བཤད་རྒྱུད་ནས་བཤད་པའི་བཅོས་ཚུལ་རྣམ་པ་དགུ་ཡིས་ནད་དང་གཉེན་པོ་ཁ་སྒྱུར་དེ་ཕྱི་མ་རྒྱུད་ནས་བཤད་པའི་ཞི་བྱེད་ལྔ། སྦྱོང་བྱེད་བདུན། དཔྱད་སྡེ་དྲུག་དང་བཅས་ལག་ལེན་བཅོ་བརྒྱད་ཡིན་ལ། འདིར་སྟོད་ལུགས་པ་ཞི་བྱེད་ལྔ་ལོག་གནོན་རིན་པོ་ཆེ་དང་དྲུག སྦྱོང་བྱེད་ལྔ་ལོག་གནོན་རྩ་སྦྱོངས་དང་དྲུག དཔྱད་ལྔ་ལོག་གནོན་ཐུར་མ་དང་དྲུག་ཟེར། རང་ལུགས་ཞི་བྱེད་ཀྱི་སྦྱོར་བ་བཅུ་ཡོད་ཀྱང༌། ཐལ་སྨན་ནི་ཕྱེ་མ། ཁནྜ་ནི་ལྡེ་གུ སྨན་ཆང་ནི་ཐང༌། རིན་པོ་ཆེ་ནི་རིལ་བུ། སྔོ་སྦྱོར་ནི་ཐང་ཕྱེ་སོགས་གང་བཤད་དེ་དང་དེར་བསྡུ་དགོས་པས་ཞི་བྱེད་ཐང་ཕྱེ་རིལ་བུ་ལྡེ་གུ་སྨན་མར་ལྔར་འདུ་བ་ཡིན་ཏེ། དེ་ཡང་སྡེ་ཚན་ལྔ་རུ་མ་འདུས་མེད་ཅེས་གསུངས་པའི་ཕྱིར་དང༌། སྦྱོང་བྱེད་ལ་སྣུམ་བཅོས། བཤལ་སྐྱུགས་སྣ་སྨན་འཇམ་རྩི་ནི་རུ་ཧ་རྩ་སྦྱོངས་དང་བདུན་ཡིན་ཏེ། སྦྱོངས་ཀྱི་ལོག་གནོན་རྩ་ནས་སྦྱོངས་དང་བདུན་ཞེས་གསུངས་པའི་ཕྱིར། དཔྱད་ལྔ་ཐུར་མ་དང་དྲུག་ཁོ་ན་ཡིན་ཏེ། དེ་ཡི་ལོག་གནོན་ཐུར་མའི་དཔྱད་དང་དྲུག །ཅེས་གསུངས་པའི་ཕྱིར། བཅོ་བརྒྱད་འདྲེན་ལུགས་དེ་ལྟར་འཐད་པ་ཡིན་པས་དེའི་སྒོ་ནས་ནད་ཀྱི་ངོ་བོ་གཞོམ་པར་བྱེད་དགོས་ལ། དེ་ཡང་རྩ་བའི་རྒྱུད་ལེའུ་དྲུག་པས་ནི་རྒྱུད་བཞིའི་དོན་ཐམས་ཅད་མདོར་བསྟན་པས་རྩ་བ་ལྟ་བུར་བཟུང་ལ། བཤད་པའི་རྒྱུད་ཀྱིས་གསོ་རིག་སྤྱིའི་ཁོག་ཁྲོལ་བར་ནུས་ཤིང༌། མན་ངག་རྒྱུད་ཀྱིས་དགོས་པ་གང་བྱུང་བའི་ནད་རྣམས་སོ་སོར་གཉེན་པོ་ཐུག་ཕྲད་ཀྱི་སྒོ་ནས་གསོ་ལ། ཕྱི་མ་རྒྱུད་ཀྱིས་ལག་ལེན་ཐམས་ཅད་མདོ་དོན་དྲིལ་ནས་བསྟན་པ་ཡིན་ཞིང༌། དེ་ཡང་ཞི་བྱེད་ཐམས་ཅད་ནི་ཕྱི་རྒྱུད་འདི་ནས་བསྟན་པའི་སྡེ་ཚན་ལྔ་བཞིན་དུ་སྦྱོར་བ་དང༌། སྦྱོང་བྱེད་ཐམས་ཅད་ཀྱང་སྦྱོང་བྱེད་ལས་ལྔ་ལོག་གནོན་རྩ་སྦྱོངས་བཅས་པའི་ནང་བཞིན་སྦྱོང་བ་དང༌། དཔྱད་རྣམས་གང་བྱེད་ཀྱང་དཔྱད་མཆོག་ལྔ་དང་ལོག་གནོན་ཐུར་མའི་ལེའུའི་ནང་བཞིན་སྦྱོར་རིགས་ལ། ནད་གཞི་དེ་ཡང་རླུང་མཁྲིས་བད་ཀན་གསུམ་ནི་ནད་ཐམས་ཅད་ཀྱི་རྩ་བའི་གཞིར་གྱུར་པ་ཡིན་པས་སྤྱི་ཁོག་ཕུབ་ནས། དེའི་སྟེང་དུ་རང་རང་གི་ནད་གཞིའི་གསོ་ཐབས་རྣམས་མདེ་ཁར་ཐོགས་ལ་གསོ་བར་གྱིས་ཤིག གཞན་ཡང་དུག་དང༌། བད་ཀན་སྨུག་པོ་དང༌། ཚ་བ་རྙིངས་པ་གསུམ་པོ་གཅིག་ལ་གཅིག་གི་བཅོས་ཐབས་ཕན་ཞིང་ནད་རྟགས་ཀྱང་འཆོལ་པར་འབྱུང་བས་རྟགས་དང་བཅོས་ཐབས་ཕན་ཚུན་ནད་དུ་འཕྲུལ་ཤེས་པར་དགོས་སོ། །དེ་བཞིན་བད་ཀན་མ་ཞུ་བ་དང༌། ལྷེན་དང༌། མེ་དྲོད་ཉམས་པ་གསུམ་དང༌། གཅོང་ཆེན་འོར་དང་སྐྱ་རྦབ་དང་དམུ་རྫིངས་གསུམ་དང༌། སྐྲན་དང་ཁོང་འབྲས་གཉིས།   འབྲས། སུར་ཡ། རྨ་རྒན་གསུམ་དང༌། འཁྲུ་ནད་དང༌། རྒྱུ་གཟེར། ཚད་འཁྲུ་གསུམ། དྲེག་དང་གྲུམ་བུ་དང་རྐང་འབམ་གསུམ་རྣམས་སོ་སོར་གཅིག་ལ་གཅིག་ཕན་ཞིང་རྟགས་དང་བཅོས་ཐབས་འཕྲུལ་ཤེས་དགོས་སོ།།

        གཞན་ཡང་རིམས་ལ་དང་པོ་མ་སྨིན་པའི་དུས་དང༌། ཐ་མར་ཚད་མཇུག་རླུང་གིས་སྤུད་པའི་སྟོངས་ཚད་གཉིས་ཤིན་ཏུ་གཉན་པའི་དུས་ཡིན་པས་གཅེས་པར་བཟུང་དགོས་ལ། དེ་བཞིན་འགྲམས་པ་དང་འཁྲུགས་ལ་ནད་ཤུགས་རྫོགས་པའི་ལུས་ཟུངས་བསྲེག་ཅིང་འདྲུལ་བ་རྒྱས་ཚད་གཅེས་པར་བཟུང་དགོས་པ་དང༌། དུག་དང་བད་ཀན་སྨུག་པོ་ལུས་ལ་ཡུན་དུ་ཞེན་པས་རྙིངས་ཚད་གཅེས་པར་བཟུང་བ་དང༌། བད་མཁྲིས་ཀྱི་ནད་ལ་ཚ་བ་གྲང་བའི་འོག་ཏུ་ལུས་པས་གབ་ཚད་བྱུང་ན་གཅེས་པར་བཟུང་བ་དང༌། ལར་ནི་ཚད་པ་ཀུན་ལ་ཞུ་འཁྱགས་གསུམ་པོ་གཙོ་བོར་བཟུང་དགོས་ཤིང༌། ཕོ་བ་མཆེར་པ་མཁལ་མ་གསུམ་གྱི་ནད་ལ་བད་ཀན་དང༌། གློ་མཆིན་མཁྲིས་པའི་ནད་ལ་ཚད་པ། སྙིང་སྲོག་ལོང་གསུམ་གྱི་ནད་ལ་རླུང༌། ཁོང་པའི་ནང་གི་ནད་ཀུན་ལ་ཕོ་བའི་མེ་དྲོད་གསོ་བ་རྣམས་གཙོ་བོར་ཟུངས་ཤིག གཞན་ཡང་ཚད་པའི་ནད་ལ་བསིལ་བཅོས་ཀྱིས་མ་ཐུབ་ན་ལོག་གནོན་དུ་དྲོད་བསྟེན་པ་དང༌། དེ་བཞིན་གྲང་བའི་ནད་དྲོད་ཀྱིས་མ་ཐུབ་ན་ལོག་གནོན་བསིལ་སྦྱར་བ་གལ་ཆེ་ཞིང༌། དེ་ལྟར་གོང་དུ་སྨོས་པའི་ཚིག་འདི་རྣམས་དཔེ་ཙམ་ལ་མ་བཞག་པར་དོན་ལ་ལག་ཏུ་ལོངས་པར་བྱེད་པ་དང༌། དོན་འདི་ཡང་ཡལ་བར་མ་བཏང་བར་སེམས་ལ་ཆོངས་ལ་མན་ངག་ཁ་ཁྱེར་དུ་ཤོར་བར་མ་བྱེད་པར་དོན་དེ་ལ་ལག་ལེན་དུ་ལོངས་པའམ་ཁེལ་བར་གྱིས། གཞན་ཡང་སྨན་དང་དཔྱད་རྣམས་ལ་ཤེས་ལ་དང་ཧོལ་སྤྱོད་མ་བྱེད་པར་གང་ཡིན་ལེགས་པར་བརྟག་ཅིང་དོན་ལ་དཔྱོད་པ་གཟོབས་ལ། མི་སྲོག་ལ་ཚོད་ལེན་མ་བྱེད་པར་གཟོད་མ་ནས་གདེངས་དང་ལྡན་བར་བསླབ་དགོས་པ་དང༌། སྨན་དཔྱད་ཟས་སྤྱོད་འདི་གྱིས་ཞེས་ལག་འཛུད་མ་སྔ་བར་ནད་ཀྱི་སྐད་ཆ་ལ་བལྟ་རེག་དྲི་བས་དྲིས་ཏེ་སྐབས་དང་སྦྱར་ཏེ་བསླབ་པ་དང༌། ནད་གང་ལ་ཡང་དཔྱད་སྙིང་མ་ཆེས་པ་དགོས་ཏེ། སྨན་པའི་ལག་དགྲས་འཕུང་བའི་ཉེན་དོགས་ཡོད་པ་དང༌། མི་སྔ་མི་ཕྱི་འཕྲང་ལ་སྒུག་པ་གཅེས། །ཞེས་གསུངས་པ་ལྟར་རླུང་མཁྲིས་བད་ཀན་གསུམ་གྱི་རི་ཐང་མཚམས་སུ་སོ་སོར་སྔོན་བསུ་ཐུག་ཕྲད་རྗེས་བསྙེག་གསུམ་སོགས་འཁྲུལ་སོ་མང་བས་བསླབ་ཤེས་དང་ལྡན་པའི་སྒོ་ནས་མགོ་མ་འཁོར་བར་སྤྱང་པོ་སྟེ་ཁྲ་འདྲ་བ་དང༌། ལུས་ཟུངས་ནད་སྟོབས་སྦྱར་ལ་ཐོན་ཚད་གདོན། །ཞེས་པ་ལྟར་ནད་ཀྱི་ཟོ་ལེན་པའི་དུས་སུ་ཐུ་དྲག་གི་དབྱིབས་ལས་སེམས་ཆུང་ཚབ་ཚུབ་མི་བྱེད་པར་ནད་དེའི་ཟོ་ལོན་གདེངས་མ་ཁེལ་བར་དུ་དབྱིབས་ཇི་འདྲ་ནའང་སྒུག་དགོས་པས་གླེན་ཏེ་ལུག་འདྲ་བ་དང༌། བྱ་རས་ནམ་ཚོར་དུས་སུ་བརྩོན་པས་བཟློག །ཅེས་པ་ལྟར་ནད་སྟོབས་རྒྱས་པའི་སྐབས་སུ་ནད་དེའི་གཉའ་བ་གཅོག་པའི་སྨན་དཔྱད་ཟས་སྤྱོད་འཕྲོད་མི་འཕྲོད་སྤང་བླང་མཚམས་དབྱིབས་བལྟ་བའི་སྐབས་ཨུ་ཚུགས་མིན་པར་སྡར་མ་སྟེ་མཛངས་པ་ཝ་འདྲ་བ་དང༌། ཅིས་ཀྱང་མ་ཐུབ་དཔྱད་ཀྱིས་ནད་ཡུལ་དབྱུང༌། །ཞེས་པ་ལྟར་ལ་འདའ་བ་དཔྱད་ཀྱི་ལོག་གནོན་བྱེད་པའི་དུས་སུ་ཉམས་འོག་ཏུ་ཆུད་པའི་སྙིང་སྟོབས་ཀྱིས་ཐེ་ཚོམ་དང་ཉམ་ང་བག་ཚ་མེད་པ་ཤིན་ཏུ་དཔའ་བ་སྟེ་སྟག་འདྲ་བ་དགོས་སོ། །ཞེས་གསུངས་སོ་ཞེས་པའོ།།

        གཉིས་པ་གཉེན་པོ་མཆོག་གི་ཞུ་ལན་ལ་གཉིས། དྲི་བས་མཚམས་སྦྱར་བ་དང༌། ལན་གྱིས་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས། ཞེས་ཞུས་པས་ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་སླར་ཡང་གསུང་ལས་སྤྲུལ་པའི་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་སྟོན་པ་ལ་ཕྱག་དང་སྐོར་བ་བྱས་ཏེ་འདི་སྐད་ཅེས་ཞུས་སོ། །ཀྱེ་ཞེས་བོས་ཏེ། དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། རྒྱུད་བཞིའི་མཇུག་གི་དོན་སྙིང་པོར་དྲིལ་ཏེ་སྨན་དཔྱད་ཟས་སྤྱོད་བཞིར་བསྡུ་བའི་ཚུལ་ལེགས་པར་གསུངས་པ་དེ་ལྟར་ལགས་ཀྱང༌། རོ་དང་ནུས་པ་ཞུ་རྗེས་བསྡེབས་པའི་སྦྱར་བ་ལ་བལྟོས་མི་དགོས་པར་ངོ་བོ་གཅིག་གིས་ནད་སེལ་བའི་སྨན་མཆོག་ཡོད་དམ་མེད་དང༌། ཡང་རོ་ནུས་ཞུ་རྗེས་སོགས་བསྡེབས་ཏེ་སྦྱར་བའི་སྨན་གྱི་ནང་ནས་ཀྱང་ནད་གང་ལ་སྨན་གང་དང་གང་མཆོག་ཏུ་འགྱུར་དང༌། དེ་བཞིན་དུ་ཟས་དང་སྤྱོད་ལམ་གཉིས་ཀྱི་ཡང་མཆོག་གང་ལགས་པ་སྟོན་པ་འཚོ་མཛད་སྨན་པའི་རྒྱལ་པོ་ཁྱེད་ཀྱིས་ལེགས་པར་བཤད་དུ་གསོལ། ཞེས་ཞུས་པ་ལས་ཞེས་སོ། །གཉིས་པ་ལ་ལན་གྱིས་རྒྱས་པར་བཤད་པ་ལ་གཉིས། སྤྱིའི་དོན་དང་ཚིག་གི་དོན་ནོ། །དང་པོ་ནི། སྦྱོར་བ་བརྒྱ་པ་ལས། རིམས་ལ་གཙོ་ཆེར་པརྤ་པ་ཏ་སྦྱར་བྱ་སྐོམ་དད་ཆེ་ལ་སྐྱུ་རུ་ར་དང་སྐྱུག་པ་ལ། །ཚ་བ་ལྔ་སྐྱེས་གཟེར་ལ་འཇམ་རྩི་རེངས་ལ་གི་རི་ཛ་དང་གཅིན་སྙི་སྐྱུ་རུ་ར་ཡིས་ཁུ་བས་སོ། །རླུང་གི་ནད་ལ་རཱ་སྣཱ་དམུ་རྫིང་མཆེར་པའི་ནད་ལ་བ་གཅིན་ཆམ་པ་ལ། །དྲོད་ནར་འཕྱོ་ལ་བི་དང་དུག་ལ་ཤུ་ཀ་རྟ་རུ་སྐྲངས་ལ་གུ་གུལ་ལོ། །བ་ཤ་ཀ་ཡིས་ཁྲག་མཁྲིས་དུག་ཉུང་གིས་འཁྲུ་ལ་འོ་བསྲེ་ཞིང་ཧེ་བས་ལྕི་གཟེར་ལ། །སྦོས་ལ་ཐང་ཤིང་སྲིན་ནད་བྱི་ཏང་ཀ་ར་སྐྱ་རྦབ་ཨ་རུ་ར་དང་འབྲུ་གཞན་གྱིས། །ཟ་བྱེད་ནད་ལ་འབྲས་གསུམ་བཤང་གཟེར་ཀུན་ལ་དེ་ལྟར་ཁུ་བས་སོ། །མཛེ་ལ་རྟག་ཏུ་སེང་ལྡེང་ཁུ་བ་གློ་ལ་ཀནྜ་ཀཱ་རི་དང༌། །ཚིགས་བཅད་གཟེ་མ་མུ་ར་གཤེད་བྱེད་ནཱ་ག་བཱ་ལ་བ་ལས་སོ། །བཅུད་ལེན་ཀུན་ལ་སྐྱུ་རུ་ར་བཅས་གདོན་ནད་བྲག་ཞུན་བཤད་རྒྱུད་ཕྱི་མའོ། །ཞེས་དང༌།

        བརྒྱད་པ་ལས། གླ་སྒང་པར་པ་ཏ་ནི་རིམས་ལ་ཕན། །སྐོམ་དད་ཆེ་ལ་བོང་བ་བསྲེགས་པ་ནི། །ཆུ་ཡི་ནང་དུ་གསུར་བའི་དངྭས་མ་ཕན། །སླན་ལ་འབྲས་ཡོས་ཆུ་སོའི་ནད་བྲག་ཞུན། །གཅིན་སྙི་སྐྱུ་རུ་ར་དང་སེར་པོ་གཉིས། །སྐྱ་རྦབ་ནད་ལ་ལྕགས་ཀྱི་ཕྱེ་མ་མཆོག །རླུང་དང་བད་ཀན་ལ་ནི་ཨ་རུ་ར། །མཆེར་པའི་ནད་ལ་པི་པི་ལིང་མཆོག་ཡིན། །གློ་རྡོལ་བ་ལ་རྒྱ་སྐྱེགས་ཁུ་བ་བསྔགས། །དུག་གི་ནད་ལ་ཤིར་ཤ་རབ་ཏུ་བསྔགས། །ཚིལ་དང་རླུང་ནད་ལ་ནི་གུ་གུལ་ཕན། །ཁྲག་དང་མཁྲིས་པར་བ་ཤ་ཀ་རབ་བསྔགས། །འཁྲུ་བའི་ནད་ལ་དུག་མོ་ཉུང་ཕན་ཞིང༌། །གཞང་འབྲུམ་གོ་བྱེ་དབྱིག་དུག་ལ་གསེར་ཕན། །ཚོ་ཆེས་པ་ལ་སྐྱེར་ཁནྜ་བསྔགས་ཤིང༌། །སྲིན་བུའི་ནད་ནི་བྱི་ཏང་ཀ་ཡིས་འཇོམས།

        གཅོང་ཆེན་ལ་ཆང་ར་ཤ་འོ་མ་ཕན། །མིག་གི་ནད་ལ་འབྲས་བུ་གསུམ་རབ་ཕན། །དྲེག་ནད་ལ་ནི་སླེ་ཏྲེས་རབ་བསྔགས་ཤིང༌། །ཕོ་བའི་ནད་ལ་དར་བ་གསར་པ་མཆོག །མཛེ་ལ་སེང་ལྡེང་སྙིང་པོ་བསྟེན་པ་མཆོག །ནད་ཀུན་ལ་ནི་བྲག་ཞུན་བསྔགས་པ་ཡིན། །སྨྱོ་བྱེད་ནད་ལ་མར་ནི་རྙིང་པ་ཕན། །བརྗེད་བྱེད་དུག་ལ་བྲ་ཧི་ཕན་པ་ཡིན། །མྱ་ངན་ལ་ནི་ཆང་ནི་བླུང་པ་ཕན། །གཉིད་མེད་པ་ཡི་ནད་ནི་འོ་མས་སེལ། །ཆམ་པ་ཞོ་ནི་སྦྱར་མ་དག་གིས་སེལ། །རིད་པའི་ནང་ལ་ཤ་ནི་སྦྱིན་པར་བྱ། །རླུང་གི་ནད་ལ་སྒོག་སྐྱ་རབ་ཏུ་བསྔགས། །མན་ངག་རེངས་པའི་ནད་ནི་དུགས་ཀྱིས་སེལ། །ཕྲག་པ་ཕྲག་གོང་ལག་ངར་ན་བ་ལ། །ཐང་ཆུ་རྩ་ཕོ་ར་ཡི་སྣ་སྨན་ཕན། །ཀླད་པའི་ནད་ནི་མར་གསར་ཧྭགས་ཀྱིས་སེལ། །དམུ་རྫིང་རྔ་མོའི་གཅིན་དང་འོ་མས་སེལ། །མགོ་ཡི་ནད་ཀུན་ལ་ནི་སྣ་སྨན་བསྔགས། །ཁོང་འབྲས་གསར་དུ་བྱུང་ལ་གཏར་ཁ་གདབ། །ཁ་ཡི་ནད་རྣམས་ལ་ནི་མཁུར་བཀང་ཕན། །མིག་ནད་སྣ་སྨན་མིག་སྨན་བཏང་བས་སེལ། །རྒས་པ་ལ་ནི་འོ་མ་ཞུན་མར་ཕན། །བརྒྱལ་ལ་ཆུ་གྲང་རླུང་དང་གྲིབ་མ་ཕན། །དྲོད་ཆུང་ངལ་དང་སྒེའུ་གཤེར་ཚ་རན་བཟའ། །དུབ་ལ་ཆང་འཐུངས་ལུས་ནི་ཁྲུས་བྱས་ཕན། །སྡུག་བསྔལ་བཟོད་དང་བརྟན་ལས་རྩོལ་བ་ཕན། །གཅིན་སྲི་བ་ལ་གཟེ་མ་ཕན་པ་ཡིན། །ལུད་པ་ལུ་ལ་ཀནྜ་ཀ་རི་ཕན། །རྩིབ་ལོགས་གཟེར་ལ་པུས་ཀར་མཱུ་ལ་ཕན། །རྒས་སྲར་བྱ་ལ་སྐྱུ་རུ་ར་ཕན་ཞིང༌། །རྨ་ལ་འབྲས་བུ་གསུམ་དང་གུ་གུལ་ཕན། །དེ་ལྟར་ནད་རྣམས་ཀྱི་ནི་སྨན་གྱི་མཆོག །བཤད་པས་ནད་ནི་ཞི་བར་ནུས་པ་ཡིན། །དེ་ནི་ཡུལ་དང་དུས་ཀྱི་སྟོབས་ལས་ནི། །ཅི་རིགས་པར་ནི་བརྟགས་ཏེ་སྦྱར་བར་བྱ། །ཞེས་གསུངས། །གཉིས་པ་ཚིག་གི་དོན་ལ་ལྔ། ཉོན་ཅིག་པར་གདམས་པ། རྐྱང་པའི་སྨན་གྱི་ནུས་པ་མཆོག་བཤད་པ། སྦྱོར་སྡེའི་སྨན་གྱི་ནུས་པ་མཆོག་བཤད་པ། དཔྱད་ཀྱི་མཆོག་བཤད་པ། ཟས་སྤྱོད་ཀྱི་མཆོག་བཤད་པའོ། །དང་པོ་ནི། སྟོན་པ་ཞེས་པ་ནས། གུས་པས་ཉོན་ཞེས་པའི་བར་གྱིས་བསྟན་ཏེ། སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། ཁྱོད་ཀྱིས་ཞུས་པའི་དོན་དེ་དག་ལ་ལན་མེད་ན། ཉན་ཐོས་དགྲ་བཅོམ་པ་སོགས་རྣམ་ཤེས་ཚོགས་དྲུག་རགས་པ་འགོག་པའི་སྙོམས་འཇུག་ལ་གནས་པ་ལྟར་དྲིས་པའི་ལན་མེད་པར་དྲི་བའི་དོན་ལ་ཕྱིར་གོལ་བའི་གནས་སུ་ཤོར་བར་འགྱུར་ཏ་རེ་སྟེ། དེ་ཕྱིར་དྲིས་ལན་བཤད་ཀྱིས་གུས་པ་ཆེན་པོས་ཉོན་ཅིག་ཅེས་པའོ།།

        གཉིས་པ་སྨན་རྐྱང་པའི་ནུས་པ་མཆོག་བཤད་པ་ནི། ནད་རྣམས་ཀུན་ལ་ཨ་རུ་ར་ཉིད་མཆོག །ཅེས་པ་ནས། ཁྲག་གཅོད་སྤྲུ་འབུ་རྨ་ལ་དོམ་མཁྲིས་མཆོག །ཅེས་པའི་བར་ནི་གོ་སླ། གསུམ་པ་སྦྱོར་སྡེའི་སྨན་གྱི་མཆོག་བསྟན་པ་ནི། སྦྱར་སྨན་རྒྱས་ཚད་ག་པུར་རྒྱལ་བློན་མཆོག །ཅེས་པ་ནས། གཉན་སྲིན་ནད་ལ་བྱ་ཁྱུང་ལྔ་པ་མཆོག །ཅེས་པའི་བར་ཏེ། རྒྱས་ཚད་ལ་ཕྱི་མ་རྒྱུད་ནས་བཤད་པའི་ག་པུར་རྒྱལ་བློན་དང༌། རིམས་ལ་གུར་གུམ་བདུན་པའི་ཁ་ཚར་དུ་བཤད་པའི། དེ་བ་གསེར་གྱི་མེ་ཏོག་ལི་ག་དུར། །པར་པ་ཏ་སྟེ་རིམས་ཀྱི་ཚ་བ་སེལ། །ཞེས་པའི་དེ་བ་ལྔ་སྦྱོར་ཡིན་ལ། དེའི་སྐབས་སུ་གུར་གུམ་བདུན་པའི་ཁ་ཚར་དུ་བཤད་པས་སྦྱོར་སྡེ་ཟུར་དུ་མི་འདྲེན་ཀྱང་འདིར་སྦྱོར་སྡེ་གཅིག་ཏུ་གསུངས་པ་ཡིན་ནོ། དེ་བཞིན་དུ་འཁྲུགས་ལ་ག་པུར་བདུན་པ། སྙིང་ཚད་ལ་ག་པུར་ཉེར་ལྔ་པ། ཚད་པ་སྤྱི་ལ་གཙོ་བོ་བརྒྱད་སྦྱོར། ཚ་གྲང་འདྲེས་པ་ལ་ཅུ་གང་བདེ་བྱེད། ལྡན་ཚད་འབྱེད་པ་ལ་མ་ནུ་བཞི་ཐང༌། ཁྲག་ངན་འབྱེད་པ་ལ་འབྲས་བུ་གསུམ་ཐང༌། དུག་གི་ནད་ལ་མང་སྦྱོར་ཆེན་མོ་ནི། ཨ་རུ་བྲག་ཞུན་གསེར་གྱི་མེ་ཏོག་དང༌། ཁྱུང་སྡེར་དཔའ་བོ་སེར་པོ་འཕུར་ལེབ་དང༌། །རུ་རྟ་བོང་ང་རིགས་གསུམ་དཀར་སེར་དམར་གསུམ་དུག་མོ་ཉུང༌། ཧོང་ལེན་གཡའ་ཀྱི་ཨུཏྤལ་གང་ག་ཆུང༌། །རེ་རལ་བྲག་སྤོས་འོམ་བུ་པྲི་ཡང་ཀུ། །མུ་མེན་བྱུ་རུ་གཡུ་དང་མུ་ཏིག་དང༌། །མཚལ་དང་གླ་རྩི་གི་ཝང་བ་ཤ་ཀ། །ཏིག་ཏ་གངས་ཐིག་ཟི་ར་བ་ལེ་ཀ །བསེ་རུ་ཙནྡན་དཀར་དམར་གཉིས། གཉིས་ཆུ་སེར་སྨན་གསུམ་དང༌། །གེ་སར་གསུམ་དང་བཟང་དྲུག་ཕྱ་ཚན་གསུམ། །སེ་འབྲུ་ཀ་ར་དཀར་པོའི་རྟ་དང་སྦྱར། །དུག་ལ་སྦྱར་གྱུར་རང་བཞིན་དངོས་ཀྱི་དུག །མཐོང་བའི་དུག་དང་རེག་པ་ཁ་རླངས་དང༌། །མདོར་ན་དུག་ནད་མ་ལུས་གཏན་ནས་འཇོམས། །གབ་ཚད་ཚད་རྙིང་བྱེར་བ་གཏིང་ནས་འདོན། །ཞེས་པ་བཞིན་ནོ། །དང་ག་འབྱེད་པ་ལ་སེ་འབྲུ་བཞི་པ། མེ་དྲོད་བསྐྱེད་པ་ལ་རྒོད་མ་ཁ་ཕྱེ། གྲང་ནད་ལ་སེ་འབྲུ་བརྒྱད་པ། སྐྲན་ལ་ཅོང་ཞི་འཕྲུལ་ཐལ། སྨུག་པོའི་ནད་ལ་གཉེན་པོ་བདུན་སྦྱོར། ཞེས་པ་མན་ངག་རྒྱུད་ནས། སེ་འབྲུ་བསེ་ཡབ་སྟར་བུ་འུ་སུ་དང༌། །མ་ནུ་ཨུཏྤལ་པི་པི་ལིང་དང་བདུན། །བད་ཀན་ཚ་བ་འཇོམས་པའི་གཉེན་པོ་ཡིན། །ཞེས་གསུངས་པ་དེ། སྙིང་རླུང་ནད་ལ་བཙན་དུག་སྨན་མར་མཆོག །ཅེས་པ་ཟུར་མཁར་བའི་བཞེད་པར་ལག་ལེན་འདི་ལྟར་གསུངས་ཏེ། ཐབས་དང་མི་ལྡན་ཚེ་ཡི་བར་ཆད་འགྱུར། །ཞེས་པའི་དམར་ཁྲིད་ལ་བོང་ང་ཐུན་གཅིག་ཁྲམ་ཁྲུམ་བརྡུངས་ལ། ནང་ནུབ་ཆང་གི་ནང་དུ་ཞག་གཅིག་སྦངས་པ་དེ་ཞིབ་པར་བཏགས། ཨ་རུ་ར་རྒྱ་གར་མ་སྙིང་པོ་བཏོན་པ་ཞོ་དྲུག་ཟེར་ཡང་ཞོ་བརྒྱད་སྐམ་བཏགས་ཞིབ་པར་བྱས། དེ་ནས་གཉིས་པོ་བསྲེགས་ལ་འདམ་བཏགས་བྱ། ཞིབ་པ་དང་ཆུ་ཞོ་གཅིག་བླུག་ལ་བྲེ་གང་དུ་བསྡུ། དེ་ལ་མཛོ་མོའི་འོ་མ་བྲེ་ཕྱེད། འབྲི་མར་ཞུ་བ་བྲེ་གང་བླུག་ལ་ཆུ་བཅད། ཆུ་ཆོད་ནས་མ་ཚིག་པ་ལ་ཚིགས་མ་མི་འདོན་པར་བཟང་དྲུག་དང༌། བུ་རམ་བཏབ་ལ་ཐོ་རེངས་བཏང༌། དང་པོ་ཨ་རུ་ར་ཙམ། དེ་ནས་སྦྲིད་པ་མ་བྱུང་ན་ཇེ་ཆེ་ཇེ་ཆེ་ལ་བཏང༌། མཇུག་ལ་ཐུར་མགོ་རེ་ཙམ་བཏང༌། དེ་ལས་ཆེ་བ་མི་ཟ། སྦྲིད་པ་དང་གཟི་བ་བྱུང་ན་ཆུང་དུ་བཏང༌། སྐབས་སུ་ངལ་གསོ། ཞེས་པ་དེ་དང༌། ཆུ་འགགས་ནད་ལ་ཚ་སྦྱོར་ཆེན་མོ་ནི། རྒྱུད་ཆེན་ལས། ཟེ་ཚྭ་རྒྱ་ཚྭས་རྣ་དྲངས་ཚྭ་སྣ་ཚོགས། །གསེར་གྱི་བྱེ་མ་སྡིག་སྲིན་འབྲས་སྣ་གསུམ། །ལི་ག་སུག་སྨེལ་གླ་རྩི་ཚ་བ་གསུམ། །སྤོས་དཀར་འབུ་སྐྱོགས་བུར་དཀར་ཆང་སྦྱར་བཏང༌། །ཞེས་པ་དེ་དང༌། གཞན་ཡང་ཆ་ལག་བཅོ་བརྒྱད་ཀྱི་ནང་ཚན་ཡང་སྦས་གབ་པ་བཅོ་བརྒྱད་དུ་རྒྱས་པར་བཤད་དོ། །མིག་གི་ནད་ལ་གསལ་བྱེད་དགུ་པ་དང༌། གཉན་སྲིན་གྱི་ནད་ལ་བྱ་ཁྱུང་ལྔ་པ་ཆེས་མཆོག་ཏུ་གྱུར་པ་ཡིན་ནོ་ཞེས་པའོ། །བཞི་པ་དཔྱད་ཀྱི་མཆོག་ནི། ཁྲག་ནད་དཔྱད་མཆོག་ཀུན་ལ་གཏར་ཁ་མཆོག །ཅེས་སོགས་ཚིགས་བཅད་གཅིག་དང་རྐང་པ་གཅིག་དང༌། ལྔ་པ་ཟས་སྤྱོད་ཀྱི་མཆོག་ནི། ཟས་ཀྱི་མཆོག་ཏུ་ནས་རྙིང་རྩམ་པ་མཆོག །ཅེས་པ་ནས། ཞེས་གསུངས་སོ་ཞེས་པའི་བར་གོ་སླ་ཞིང༌། སྐོམ་གྱི་མཆོག་ཤོང་དཀར་རྩེ་མོ་ནི། འགའ་ཞིག་བཞོས་ཐོག་གི་འོ་མ་དྲོན་མོ་ཡིན་ཟེར་ཞིང༌། འགའ་ཞིག་ཇ་རྩེ་འཇམ་ཡིན་པར་འདོད་དོ།།

        གསུམ་པ་གདོན་རིམས་དུག་གསུམ་བསྲུང་བའི་ཞུ་ལན་ལ། ཞུས་པ་དང་ལན་གཉིས། དང་པོ་ནི། དེ་ནས་ཞེས་པ་ནས། ཞེས་ཞུས་པ་ལས་ཞེས་པའི་བར་དང༌། གཉིས་པ་ལན་ནི། སྟོན་པས་གསུངས་པ་ཞེས་པ་ནས། ཞེས་པའི་བར་ཏེ་གཞུང་དཀྱུས་དང་དེར་མི་གསལ་བ་རྣམས་མཆན་གྱི་ལེགས་པར་བཀྲོལ་འདུག་པ་བཀླགས་པས་གྲུབ་པ་ཡིན་ནོ། །བཞི་པ་རྒྱུད་འདིར་གསོ་དཔྱད་ཐམས་ཅད་འདུས་ཚུལ་གྱི་ཞུ་ལན་ལ་གཉིས། ཞུས་པ་དང་ལན་ནོ། །དང་པོ་ནི། དེ་ནས་ཞེས་པ་ནས། མི་རྟོག་གམ་ཞེས་པའི་བར་ཏེ། དེ་ལྟར་གསོ་བ་དང་བསྲུང་བའི་ཚུལ་རྒྱས་པར་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས། དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། རྒྱུད་འདིར་མ་ཚང་བའི་གསོ་དཔྱད་བདོག་གམ་མི་བདོག་ཇི་ལྟར་ལགས་ཞེས་ཞུས་པའོ། །གཉིས་པ་ལན་ནི། དྲང་སྲོང་ཡིད་ལས་སྐྱེས་ཀྱིས་དེ་སྐད་ཞུས་པའི་དོན་ལ་སྟོན་པས་འདི་སྐད་ཅེས་ལན་གསུངས་པ། སྤྱིར་བདེ་བར་གཤེགས་པ་རྣམས་ཀྱིས་དངོས་དང་སྦྲུལ་པ་སྣ་ཚོགས་པས་རྒྱ་གར་འཕགས་པའི་ཡུལ་དུ་སྨན་གྱི་སྦྱོར་བ་བསྟན་པའི་མདོ་རྒྱུད་མང་དུ་གསུངས་པ་དང༌། རྒྱ་ནག་གི་ཡུལ་དུ་མེ་བཙའ་དང་རྩ་སྦྱོངས་ཀྱི་སྐོར་གསུངས་ཤིང༌། དོལ་པོའི་ཡུལ་དུ་གཏར་ཁའི་སྦྱོར་བ། བོད་ཀྱི་ཡུལ་འདིར་རྩ་ཆུའི་བརྟག་པ་གཙོ་བོར་བསྟན་པ་དང༌། ལྷའི་འཁོར་རྣམས་ལ་གསོ་དཔྱད་འབུམ་པ། དྲང་སྲོང་གི་འཁོར་རྣམས་ལ་ཙ་ར་ཀ་སྡེ་བརྒྱད། མུ་སྟེགས་ཀྱི་འཁོར་ལ་དབང་ཕྱུག་ནག་པོའི་རྒྱུད། ནང་པའི་འཁོར་ལ་རིགས་གསུམ་མགོན་པོའི་སྐོར་ཏེམང་དུ་གསུངས་ཀྱང༌། གསོ་བ་རིག་པའི་རྒྱུད་ཆེན་འདིར་ནི་དེ་དག་ཐམས་ཅད་འདུས་པར་བསྟན་པས་ན། འདིར་མ་འདུས་པའི་གསོ་དཔྱད་གཞན་མེད་དེ་འཕགས་པའི་ཐུགས་རྗེ་ལ་ཕྱོགས་དང་རིས་སུ་ཆད་པ་མེད་མོད་ཀྱང༌། གང་ཟག་མོས་པའི་མཐོང་སྣང་སོ་སོའི་ངོར་ཐ་དད་དུ་འཆར་བ་དཔེར་ན་ནམ་མཁའ་ལ་ཟླ་བའི་དཀྱིལ་འཁོར་གཅིག་ཤར་ནའང༌། ཆུའི་སྐྱོགས་རེར་ཟླ་བ་དེ་ལ་སྣོད་སོ་སོ་དང་མཚམས་པ་རེ་རེ་བཞིན་འཆར་བ་ལྟར་རྒྱལ་བས་ཀྱང༌། ཇི་སྐད་དུ། གསུང་གཅིག་ཉིད་དུ་གསུང་མོད་ཀྱི། །དུ་མ་ཉིད་དུ་སོ་སོར་གོ། །ཞེས་པ་ལྟར་སངས་རྒྱས་ཀྱི་གསུང་གསང་བ་བསམ་གྱིས་མི་ཁྱབ་པའི་དབྱངས་གཅིག་གི་ཚུལ་དུ་གསུངས་ཀྱང་གདུལ་བྱ་སོ་སོས་དོན་ཐ་དད་དུ་མར་གོ་བར་གྱུར་པའོ། །ཞེས་གསུངས་སོ། །ཞེས་པའོ།།

        ལྔ་པ་ལེའུའི་མཚན་བསྟན་པ་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མཇུག་གི་དོན་བསྡུས་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།།

 

མཐའ་མའི་འདོན་ཐེངས་།: 03.09.2011 ཉིན། 11:28 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།