ལེའུ་ཉེར་དྲུག་པ། རྒྱུད་བཞིའི་མཇུག་དོན་བསྡུས་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.11.2023 |
ཕྱི་མ་རྒྱུད། >> ལེའུ་ཉེར་དྲུག་པ། རྒྱུད་བཞིའི་མཇུག་དོན་བསྡུས་པ། |
ལེའུ་ཉེར་དྲུག་པ། རྒྱུད་བཞིའི་མཇུག་དོན་བསྡུས་པ།
དེ་ལྟར་ལེའུ་དྲུག་ནི་འཇམ་རྩུབ་དཔྱད་ཀྱི་མདོ་སྡེ་བཞི་པའོ། །དེ་ནས་ཞེས་པ་སྔ་ཕྱི་མཚམས་སྦྱོར་བའམ་ཞུ་བའི་མུ་ཡོད་པ་སྟེ། ཡང་གསུང་ལས་སྤྲུལ་པའི་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལ་འདི་སྐད་ཅེས་ཞུས་སོ། །ཀྱེ་ཞེས་བོས་ནས། དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། ཞེས་ཞེ་ས་དང་བཅས་ཏེ་དེ་ལྟར་གསུངས་པའི་རྒྱུད་ཆེན་བཞི་པོའི་མཇུག་གི་དོན་སྙིང་པོ་ཧྲིལ་གྱིས་དྲིལ་ཏེ་བསྡུ་ན་གང་དུ་འདུས་པར་འགྱུར་ཞེས་འདྲི་ཞིང་དེ་དག་གི་ལན་འཚོ་མཛད་སྨན་པའི་རྒྱལ་པོ་ཁྱོད་ཀྱིས་བཤད་དུ་གསོལ་ཞེས་ཞུས་པ་དང༌། སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ཞེས་རྣ་བ་གཏོད་དུ་བཅུག་སྟེ།
དེ་ཡང་དཔེ་དོན་བསྒྲིགས་ཏེ་མདའ་གཤའ་ཕང་བ་གང་ཙམ་དུ་བཀང་ཡང་འབེན་ཁུང་ལ་བསྟད་པ་མདེ་རྩེ་གང་ཡིན་པ་དང༌། ཞིང་པ་རྣམས་ཀྱི་སོ་ནམ་དཔྱིད་དབྱར་སྟོན་དགུན་ཏེ་དུས་བཞིར་བཙལ་ཀྱང་མདོ་དོན་སྙིང་པོ་ལྟོ་རྒྱབ་ཅེས་ལྟོ་གོས་གཉིས་སུ་འདུས་པ་དང༌། དཔེ་དོན་རྣམ་གྲངས་དུ་མར་ཕྱེ་ཡང་འབྲས་བུ་གཅིག་ཏུ་གྲུབ་པར་བསྡུ་བ་དེ་བཞིན་དུ་འདིར་ཡང་རྒྱུད་བཞི་དང༌། དེ་ནང་དུ་ཡན་ལག་བརྒྱད་དང་གནས་བཅུ་གཅིག་སྐབས་བཅོ་ལྔ་མདོ་བཞི་ལ་སོགས་པ་རྣམ་གྲངས་དུ་མར་བརྗོད་ཀྱང་མདོ་འགག་གི་དོན་རྣམ་པ་གཉིས་ཏེ་གང་ཞེ་ན་ནད་ཅན་དང་ནད་མེད་ཀྱི་བྱ་བར་ཧྲིལ་གྱིས་དྲིལ་བ་ཡིན་ལ། དེ་ཡང་ནད་མེད་ཀྱི་དོན་དུ་རྒྱུན་གྱི་སྤྱོད་ལམ་དང༌། དུས་ཀྱི་སྤྱོད་ལམ་དང༌། བཅུད་ཀྱིས་ལེན་པ་དང༌། རོ་ཙ་བ་བཞི་རུ་ཤེས་པར་གྱིས་ཤིག་ཅེས་པར་གདམས་པ་དང༌། འོན་ཀྱང་ཟས་དང་སྨན་གཉིས་ནི་ནད་ཡོད་མེད་ཐུན་མོང་བ་སྤྱི་རུ་སྦྱོར་བ་དང་།
ནད་པའི་བྱ་བ་ལ་གསོ་བར་བྱ་བའི་གཞི་ནད་དང་བརྟག་པ་དང་གསོ་བར་བྱ་བའི་ཐབས་དང་གསུམ་དུ་འདུ་བ་ལས། ནད་ལ་རྒྱས་པར་སྟོང་དང་དྲུག་བརྒྱ་བཅུ་དྲུགའབྲིང་དུ་བཞི་བརྒྱ་རྩ་བཞིར་ཕྱེ་ན་ཡང་དོན་གྱི་སྙིང་པོ་ཚ་གྲང་གཉིས་སུ་མ་འདུས་པའི་ནད་གཞན་མེད་ལ། ངོས་བཟུང་གི་བརྟག་པ་ལ་ཡང་སྟོང་དང་ཉིས་བརྒྱར་ཕྱེ་ན་ཡང་བསྡུ་ན་ལྕེ་ཆུ་ལ་བལྟ་བ་རྩ་ལ་རེག་པ་ནད་པ་ལ་དྲི་བ་བྱ་བར་མ་འདུས་པའི་བརྟག་ཐབས་མེད་དེ། དེ་ཡང་རེག་པ་རྩ་ལ་འཚོ་བ་དང་འཆི་བ་དཔྱད་པ་ནན་ཏན་དུ་བྱས་པས་རྟོགས་ཤིང༌། བལྟས་པས་ཤེས་པ་ནི་ཚ་གྲང་གི་ཁྱད་པར་ཆུ་ལ་མཐོང་བས་གསལ་བ་དང༌། ནད་སློང་བའི་རྐྱེན་གང་ཡིན་དང༌། གནས་གར་བབས་ན་ལུགས་ཇི་ལྟར་ཡོད་རྣམས་ནད་པ་ལ་དྲིས་པས་ཤེས་ནུས་སོ། །གསོ་བར་བྱེད་པའི་གཉེན་པོ་ཡང་རྒྱས་པར་ཕྱེ་ན་སྟོང་དང་རྩ་གཉིས་སུ་ཡོད་ཀྱང་བསྡུ་ན་སྨན་དཔྱད་ཟས་སྤྱོད་བཞི་རུ་མ་འདུས་པ་མེད་དེ། སྨན་དེ་ཡང་ཞི་བ་དང་སྦྱོང་བ་གཉིས་སུ་མ་འདུས་པའི་སྨན་གཞན་མེད། ཞི་བྱེད་དེ་ཉིད་ཀྱང་བསིལ་དྲོད་གཉིས་སུ་མ་འདུས་པའི་ཞི་བྱེད་མེད་ལ། དྲག་པ་དང་འཇམ་པ་གཉིས་སུ་མ་འདུས་པའི་སྦྱོང་ནི་གཞན་ནས་བཙལ་དུ་མེད་དོ། །འཇམ་པ་དང་རྩུབ་པ་གཉིས་སུ་མ་འདུས་པའི་དཔྱད་ཀྱང་གཞན་ན་མེད། ཕན་པ་དང་གནོད་པ་གཉིས་སུ་མ་འདུས་པའི་ཟས་ཀྱང་གཞན་ན་མེད། སྤྱོད་ལམ་ཡང་དྲག་ཤུལ་གྱི་སྤྱོད་ལམ་དང་དལ་བར་སྡོད་པ་གཉིས་སུ་མ་འདུས་པའི་སྤྱོད་ལམ་ཡང་གཞན་མེད་དོ། །དེ་བཞིན་དུ་གསོ་བའི་ཐབས་ཀྱི་ལག་ལེན་སུམ་བརྒྱ་དང་དྲུག་ཅུ་པོ་ཡང་བསྡུ་ན་ནད་ངོས་བཟུང་བ་དང༌། གསོ་བའི་ཚུལ་དང༌། གསོ་བའི་ཐབས་རྣམ་པ་གསུམ་དུ་འདུས་པ་ན། ཀྱེ་ཞེས་སླར་ཡང་ནན་ཚིག་གིས་བོས་ལ་རྣ་བ་གཏོད་དུ་བཅུག་སྟེ། དྲང་སྲོང་ཆེན་པོ་དེ་ལྟར་གྱི་དོན་རྒྱས་པར་བཤད་ཀྱི་ཤེས་པར་གྱིས་ཤིག་ཅེས་གདམས་ཏེ། དེའི་ཚུལ་ནི་ནད་ཀྱི་ངོས་ཐམས་ཅད་ཆུ་ལ་བལྟ་བ་དང་རྩ་ལ་རེག་པ་དང་ནད་པ་ལ་དྲི་བ་གསུམ་གྱིས་ངོས་བཟུང་དགོས་ཏེ། དེ་ཡང་རྟགས་བཅོས་གོམས་པ་བསྐྱེད། ཆུའི་ཀུ་ཡ་སྟེ་ལྟར་སྣང་ལྔ་ཕྲུགས་ཀྱི་སྒོ་ནས་ཚ་གྲང་གི་འཁྲུལ་སོ་བསལ་ལ། བཤད་རྒྱུད་ནས་བཤད་པའི་བཅོས་ཚུལ་རྣམ་པ་དགུ་ཡིས་ནད་དང་གཉེན་པོ་ཁ་སྤྲོད་པ་དང༌། ལག་ལེན་ནི་ཞི་བྱེད་ཐང་ཕྱེ་རིལ་བུ་ལྡེ་གུ་སྨན་མར་ལྔ། སྦྱོང་བྱེད་སྣུམ་འཆོས་བཤལ་སྐྱུགས་སྣ་སྨན་འཇམ་རྩི་ནི་རུ་ཧ་རྩ་སྦྱོང་བཅས་བདུན། དཔྱད་གཏར་བསྲེག་དུགས་ལུམས་བྱུགས་པ་ཐུར་མ་བཅས་དྲུག་སྟེ་བཅོ་བརྒྱད་པོ་དེས་ནད་ཀྱི་ངོ་བོ་གཞོམ་པར་བྱེད་དགོས་ལ། དེ་ཡང་རྩ་བའི་རྒྱུད་ལེའུ་དྲུག་པ་ནི་རྒྱུད་བཞིའི་དོན་ཐམས་ཅད་མདོར་བསྟན་པ་ཡིན་པས་ན་རྩ་བ་ལྟ་བུར་བཟུང་སྟེ་བཤད་པའི་རྒྱུད་ཀྱིས་གསོ་བ་རིག་པ་སྤྱིའི་ཁོག་ཁྲོལ་བར་བྱས་ལ་མན་ངག་རྒྱུད་ཀྱིས་དགོས་པ་གང་བྱུང་བའི་ནད་རྣམས་སོ་སོར་གཉན་པོ་ཐུག་ཕྲད་ཀྱི་སྒོ་ནས་གསོ་བ་དང༌། ཕྱི་མ་རྒྱུད་ཀྱིས་ལག་ལེན་ཐམས་ཅད་མདོ་དོན་ལ་དྲིལ་དགོས་ཏེ། དེ་ཡང་ཞི་བྱེད་ཐམས་ཅད་ནི་ཕྱི་རྒྱུད་འདི་ནས་བསྟན་པའི་སྡེ་ཚན་ལྔ་བཞིན་དུ་སྦྱོར་བ་དང༌། དེ་བཞིན་དུ་སྦྱོང་བྱེད་ཐམས་ཅད་ཀྱང་གང་བྱེད་ཀྱང་ལས་ལྔ་ལོག་གནོན་རྩ་སྦྱོང་བཅས་པའི་ནང་བཞིན་སྦྱོང་བ་དང༌། དཔྱད་རྣམས་གང་བྱེད་ཀྱང་དཔྱད་ལྔ་དང་ལོག་གནོན་ཐུར་མའི་ལེའུའི་ནང་བཞིན་སྦྱོར་རིགས་ལ། དེ་ཡང་རླུང་མཁྲིས་བད་ཀན་གསུམ་ནི་ནད་ཐམས་ཅད་ཀྱི་རྩ་བའི་གཞིར་གྱུར་པ་ཡིན་པས་ཤས་གང་ཆེ་སྤྱི་ཁོག་ཕུག་ནས་དེའི་སྟེང་དུ་རང་རང་གི་ནད་ཀྱི་གསོ་ཐབས་རྣམས་མདེ་ཁར་ཐོགས་ལ་གསོ་བར་གྱིས་ཤིག་གདམས་ཏེ་གཞན་ཡང་དུག་དང༌། བད་ཀན་སྨུག་པོ་དང༌། ཚ་བ་རྙིང་པ་གསུམ་པོ་གཅིག་ལ་གཅིག་གི་བཅོས་ཐབས་ཕན་ཞིང་ནད་རྟགས་ཀྱང་འཆོལ་བར་འབྱུང་བས་རྟགས་དང་བཅོས་ཐབས་ཕན་ཚུན་ནང་དུ་འཕྲུལ་པར་ཤེས་པ་དགོས་སོ། །དེ་བཞིན་བད་ཀན་མ་ཞུ་བ་དང༌། ལྷེན་དང༌། མེ་དྲོད་ཉམས་པ་གསུམ་པོ་དེ་ཡང་གཅིག་ལ་གཅིག་གི་བཅོས་ཕན་ཞིང་རྟགས་དང་བཅོས་ཐབས་གཉིས་ཀ་འཕྲུལ། གཅོང་ཆེན་འོར་དང་སྐྱ་རྦབ་དང་དམུ་རྫིང་རྣམ་པ་གསུམ་ཡང་གཅིག་ལ་གཅིག་གི་བཅོས་ཕན་ཞིང་རྟགས་དང་བཅོས་ཐབས་འཕྲུལ། དེ་བཞིན་སྐྲན་དང་ཁོང་འབྲས་གཉིས་ཀྱང་བཅོས་ཐབས་འཕྲུལ་བ་དང༌། འབྲས་དང༌། སུར་ཡ། རྨ་རྒན་རྣམ་པ་གསུམ་གཅིག་ལ་གཅིག་གི་བཅོས་ཕན་ཞིང་རྟགས་དང་བཅོས་ཐབས་འཕྲུལ། འཁྲུ་ནད་དང༌། རྒྱུ་གཟེར། ཚད་པས་འཁྲུ་བ་གསུམ་གཅིག་ལ་གཅིག་གི་བཅོས་ཐབས་ཕན་ཞིང་རྟགས་དང་བཅོས་ཐབས་འཕྲུལ། དྲེག་དང་གྲུམ་བུ་དང༌། རྐང་འབམ་གསུམ་རྟགས་དང་བཅོས་ཐབས་རྣམས་འཕྲུལ། གཞན་ཡང་རིམས་ལ་དང་པོ་སྨིན་པའི་དུས་དང༌། ཐ་མར་ཚད་མཇུག་རླུང་གིས་སྡུད་པའི་སྟོངས་ཚད་གཉིས་ཤིན་ཏུ་གཉན་པའི་དུས་ཡིན་པས་གཅེས་པར་བཟུང་དགོས་པ་དང༌། དེ་བཞིན་འགྲམས་པ་དང་འཁྲུགས་ལ་ནད་ཤུགས་མ་རྫོགས་པའི་ལུས་ཟུངས་བསྲེག་ཅིང༌། འདྲུལ་བ་རྒྱས་ཚད་གཅེས་པར་བཟུང་དགོས། དུག་དང་བད་ཀན་སྨུག་པོ་ལུས་ལ་ཡུན་དུ་ཞེན་པས་རྙིངས་ཚད་གཅེས་པར་བཟུང༌། བད་མཁྲིས་ཀྱི་ནད་ལ་ཚ་བ་གྲང་བའི་འོག་ཏུ་བག་ལ་ཉལ་བས་གབ་ཚད་གཅེས་པར་བཟུང་དགོས་ཤིང༌། ལར་ན་ཚད་པ་ཀུན་ལ་རླུང་ཁྲིས་བད་ཀན་ཀྱི་ཞུ་འཁྱགས་གསུམ་པོ་གཙོ་བོར་བཟུང༌། ཕོ་བ་མཆེར་པ་མཁལ་མ་གསུམ་གྱི་ནད་ལ་བད་ཀན་གཙོ་བོར་བཟུང༌། གློ་མཆིན་མཁྲིས་པ་གསུམ་གྱི་ནད་ལ་ཚད་པ་གཙོ་བོར་བཟུང༌། སྙིང་སྲོག་ལོང་གསུམ་གྱི་ནད་ལ་རླུང་ཉིད་གཙོ་བོར་བཟུང༌། ཁོང་པའི་ནང་གི་ནད་ཀུན་ལ་ཕོ་བའི་མེ་དྲོད་གསོ་བ་རྣམས་གཙོ་བོར་ཟུངས་ཤིག། གཞན་ཡང་ཚད་པའི་ནད་ལ་བསིལ་བཅོས་ནན་དུ་བྱས་པ་ཙམ་གྱིས་མ་ཕན་པའམ་མ་ཐུབ་ན་ལོག་གནོན་དུ་དྲོད་སྨན་བསྟེན། དེ་བཞིན་གྲང་བའི་ནད་དྲོད་ཀྱིས་མ་ཐུབ་ན་ལོག་གནོན་བསིལ་སྦྱོར་བ་སོགས་གལ་ཆེ་སྟེ། དེ་ལྟར་གོང་དུ་སྨོས་པའི་ཚིག་འདི་རྣམས་དཔེ་ལ་འདུག་པ་ཙམ་ལ་མ་བཞག་པར་དོན་ལ་ལག་ཏུ་ལོངས་པར་བྱེད་པ་དང༌། འདི་དག་གི་དོན་འདི་ཡང་ཡལ་བར་མ་བཏང་བར་སེམས་ལ་ཆོངས་ཤིག་ཅེས་དམ་པར་བྱེད་དགོས་པའི་དོན་དང༌། དེ་ཡང་མན་ངག་ཁ་ཁྱེར་དུ་ཤོར་བར་མ་བྱེད་པར་དོན་དེ་ལག་ལེན་དུ་ལོང་ངེས་བྱེད་པ་དང༌། གཞན་ཡང་སྨན་དཔྱད་རྣམས་ལ་ཤེས་བློ་དང་ཧོལ་སྤྱོད་མ་བྱེད་པར་གང་ཡིན་ལེགས་པར་རྟོག་ཅིང་དོན་ལ་དཔྱོད་པ་གཟོབ་ཞེས་པ་དེ་ལྟར་བྱ་དགོས་པ་སྟེ། མི་ལུས་རིན་པོ་ཆེའི་སྲོག་ལ་ཚོད་ལེན་མིན་པའི་ནད་དང་གཉེན་པོ་མ་ནོར་བར་ངོས་བཟུང་ཐེ་ཚོམ་མེད་པར་གཏོང་བ་ལས་ངོས་མི་ཟིན་པར་འདིས་ཨེ་ཕན་འདི་ཨེ་ཕན་སོགས་མ་བྱེད་པར་གཟོད་མ་ནས་གདེངས་དང་ལྡན་པར་སློབ་དགོས་པ་དང༌། སྨན་དཔྱད་ཟས་སྤྱོད་འདི་གྱིས་ཞེས་ལག་འཛུད་མ་སྔ་བར་ནད་ཀྱི་སྐད་ཆ་ལ་བལྟ་རེག་དྲི་བས་དྲིས་ཏེ་སྐབས་དང་སྦྱར་ཏེ་བསླབ་པ་དང༌། ནད་གང་ལ་ཡང་དཔྱད་བྱེད་པ་ལ་སྙིང་མ་ཆེས་པ་དགོས་ཏེ། སྨན་པའི་ལག་དགྲས་ཕུང་བའི་ཉེན་དོགས་ཡོད་པས་དེ་ལྟར་ཤེས་པ་དང༌། མི་སྔ་མི་འཆི་འཕྲང་ལ་བསྒུག་པ་གཅེས། ཞེས་གསུངས་པ་ལྟར་རླུང་མཁྲིས་བད་ཀན་གསུམ་གྱིས་བསྐྱེད་པའི་རི་ཐང་མཚམས་སུ་སོ་སོར་སྔོན་བསུ་ཐུག་ཕྲད་རྗེས་སྙེག་གསུམ་སོགས་འཁྲུལ་སོ་མང་བས་བསླབ་ཤེས་དང་ལྡན་པའི་སྒོ་ནས་མགོ་མ་འཁོར་བར་སྤྱང་པོ་སྟེ་ཁྲ་འདྲ་དགོས་སོ། །ལུས་ཟུངས་ནད་སྟོབས་སྦྱར་ལ་ཐོན་ཚན་གདོན་ཞེས་པ་ལྟར་ནད་ཀྱི་ཟོ་ལེན་པའི་དུས་སུ་མཐུ་དྲག་གི་དབྱིབས་ལས་སེམས་ཆུང་ཙབ་ཙུབ་ཀྱི་བཅོས་སྣ་ཚོགས་མི་བྱེད་པར་ནད་དེའི་ཟོ་ལོན་ཞིང་གདེངས་མ་ཁེལ་བར་དུ་དབྱིབས་ཇི་འདྲ་ནའང་བསྒུག་དགོས་པས་གླེན་ཏེ་ལུག་འདྲ་བ་དགོས། བྱ་རས་ནམ་ཚོར་དུས་སུ་བརྩོན་པས་བཟློག། ཅེས་པ་ལྟར་ནད་སྟོབས་རྒྱས་པའི་སྐབས་སུ་དེའི་གཉའ་བ་གཅོག་བའི་སྨན་དཔྱད་ཟས་སྤྱོད་འཕྲོད་མི་འཕྲོད་སྤང་བླངས་མཚམས་དབྱིབས་ལྟ་བའི་དུས་ཨུ་ཚུགས་མིན་པར་སྡར་མ་སྟེ་མཛངས་པ་ཝ་འདྲ་བ་དགོས། ཅིས་ཀྱང་མ་ཐུབ་དཔྱད་ཀྱིས་ནད་ཡུལ་དབྱུང༌། །ཞེས་པ་ལྟར་དཔྱད་ཀྱི་ལོག་གནོན་བྱེད་པའི་དུས་སུ་ཉམས་འོག་ཏུ་ཆུད་པའི་སྙིང་སྟོབས་ཀྱི་ཐེ་ཚོམ་དང་ཉམ་ང་བག་ཚ་མེད་པ་ཤིན་ཏུ་དཔའ་བ་སྟེ་སྟག་འདྲ་བ་དགོས་ཞེས་གསུངས་སོ། །
དེ་ནས་སླར་ཡང་གསུང་ལས་སྤྲུལ་པའི་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་སྟོན་པ་ལ་ཕྱག་དང་བསྐོར་བ་བྱས་ཏེ་འདི་སྐད་ཅེས་ཞུས་སོ། །ཀྱེ་ཞེས་བོས་ཏེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས་ཞེས་ཞེ་ས་དང་བཅས་ཏེ། རྒྱུད་བཞིའི་མཇུག་གི་དོན་སྙིང་པོར་དྲིལ་ཏེ་སྨན་དཔྱད་ཟས་སྤྱོད་བཞིར་བསྡུ་བའི་ཚུལ་སོགས་ལེགས་པར་གསུངས་པ་དེ་ལྟར་ལགས་ཀྱང༌། རོ་དང་ནུས་པ་ཞུ་རྗེས་བསྡེབས་པའི་སྦྱོར་བ་ལ་ལྟོས་མི་དགོས་པར་ངོ་བོ་གཅིག་གིས་ནད་སེལ་བའི་སྨན་མཆོག་ཡོད་དམ་མེད་དང༌། ཡང་རོ་ནུས་ཞུ་རྗེས་སོགས་བསྡེབས་ཏེ་སྦྱར་བའི་སྨན་གྱི་ནང་ནས་ཀྱང་ནད་གང་ལ་སྨན་གང་དང་གང་མཆོག་ཏུ་འགྱུར་བ་དང༌། དེ་བཞིན་དུ་ཟས་དང་སྤྱོད་ལམ་གཉིས་ཀྱི་ཡང་མཆོག་གང་ལགས་ཞེས་འདྲི་ཞིང༌། སྟོན་པ་འཚོ་མཛད་སྨན་པའི་རྒྱལ་པོ་ཁྱེད་ཀྱིས་ལེགས་པར་བཤད་དུ་གསོལ་ཞེས་ཞུས་པ་ལས། སྟོན་པ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། ཁྱོད་ཀྱིས་ཞུས་པའི་དོན་དེ་དག་ལ་ལན་མེད་ན་ཉན་ཐོས་དགྲ་བཅོམ་པ་སོགས་རྣམ་ཤེས་ཚོགས་དྲུག་རགས་པ་འགོག་པའི་སྙོམས་འཇུག་ལ་གནས་པ་ལྟར་དྲིས་པའི་ལན་མེད་པར་དྲི་བའི་དོན་ལས་ཕྱིར་གོལ་བའི་སར་རམ་གནས་སུ་ཤོར་བར་འགྱུར་ར་རེ་སྟེ། དེའི་ཕྱིར་ན་དྲིས་པའི་ལན་ང་ཡིས་བཤད་ཀྱི་གུས་པ་ཆེན་པོས་ཉོན་ཅིག་ཅེས་གདམས་ཏེ།
དེ་ཡང་དཔའ་བོའི་ཡན་ལག་བརྒྱད་པ་ལས། གླ་སྒང་པར་པ་ཏ་ནི་རིམས་ལ་ཕན། །སྐོམ་དད་ཆེ་ལ་བོང་བ་བསྲེགས་པ་ནི། །ཆུ་ཡི་ནང་དུ་གསུར་བའི་དངས་མ་ཕན། །སྐྲན་ལ་འབྲས་ཡོས་ཆུ་སོའི་ནད་བྲག་ཞུན། །གཅིན་སྙི་སྐྱུ་རུ་ར་དང་སེར་པོ་གཉིས། །སྐྱ་རྦབ་ནད་ལ་ལྕགས་ཀྱི་ཕྱེ་མ་མཆོག། རླུང་དང་བད་ཀན་ལ་ནི་ཨ་རུ་ར། །མཆེར་པའི་ནད་ལ་པི་པི་ལིང་མཆོག་ཡིན། །ཞེས་སོགས་རྒྱས་པ་དང༌། སྦྱོར་བ་བརྒྱ་པ་ལས། རིམས་ལ་གཙོ་ཆེར་པརྤ་པ་ཊ་སྦྱར་བྱ་སྐོམ་དད་ཆེ་ལ་སྐྱུ་རུ་ར་དང་སྐྱུག་པ་ལ། །ཚ་བ་ལྔ་སྐྱེས་གཟེར་ལ་འཇམ་རྩི་རེངས་ལ་གི་རི་ཛ་དང་གཅིན་སྙི་སྐྱུ་རུ་རའི་ཁུ་བས་སོ། །རླུང་གི་ནད་ལ་ར་སྣཱ་དམུ་རྫིངས་མཆེར་པའི་ནད་ལ་བ་གཅིན་ཆམ་པ་ལ། །དྲོ་ནར་འཕྱོ་ལ་བི་དང་དུག་ལ་ཤུ་ཀ་རྟ་རུ་སྐྲངས་ལ་གུ་གུལ་ལ། །ཞེས་སོགས་བཤད་པ་ལྟར། དེ་ཡང་ནད་རྣམས་ཀུན་གྱི་སྤྱི་སྨན་ལྟ་བུ་ལ་ཨ་རུ་ར་ཉིད་མཆོག་ཡིན་ལ།
གཞན་ཡང་རླུང་ལ་རུས་པའི་ཁུ་བ་དང་བུར་རྙིང་དང་སྒོག་སྐྱ་རྣམས་མཆོག་དང༌། མཁྲིས་པར་ཏིག་ཏའི་རིགས་དང་གསེར་གྱི་མེ་ཏོག་རྣམས་མཆོགབད་ཀན་སྐྱ་བོ་ལ་ན་ལེ་ཤམ་སྟེ་ཕོ་བ་རིས་དང་སྦྲང་རྩི་མཆོག་དང༌། ཁྲག་ནད་ལ་བ་ཤ་ཀ་དང་ཧོང་ལེན་མཆོགའདུས་པའམ་བད་ཀན་སྨུག་པོའི་ནད་ལ་ཅོང་ཞིའི་རིགས་རྣམས་མཆོག་དང༌། མ་ཞུ་བའི་ནད་ལ་ཁ་རུ་ཚྭ་ཉིད་མཆོག སྐྲན་གྱི་ནད་རྣམས་ལ་རྡོ་ཐལ་བསྲེགས་པའི་ཁུ་བ་མཆོག་དང༌། དམུ་རྫིང་གི་ནད་ལ་དར་ཡ་ཀན་ངོ་བོ་ཉིད་མཆོགསྐྱ་རྦབ་ནད་ལ་ད་ལིས་ཏེ་བ་ལུ་དཀར་པོའི་མེ་ཏོག་དང་ལྕགས་ཕྱེ་མཆོག་དང༌། འོར་གྱི་ནད་ལ་སྲད་དཀར་བ་དང་བ་ཆུ་མཆོག གཅོང་ཆེན་གྱི་ནད་ལ་ཤ་གསར་དང་ཆང་གསར་པ་འོ་མ་སོགས་མཆོག་དང༌། རིམས་ཀྱི་ནད་ལ་པརྤ་ཏ་དང་མོན་ལུག་གླ་སྒང་མཆོག འཁྲུགས་ཀྱི་ནད་ལ་ཙན་དན་དཀར་པོ་དང་ཧོང་ལེན་མཆོག་དང༌། ཚད་པའི་ནད་ཀུན་ལ་གི་ཝཾ་མཆོག་ཏུ་བཤད། དུག་གི་ནད་ལ་ཨ་རུ་ར་དང་ཆར་ཆུ་ལ་བཏབ་པའི་ཉུང་མ་མཆོག་དང༌། ཤའི་དུག་གི་རིགས་ལ་བྱེའུ་ལ་ཕུག་མཆོག། གཉན་གྱི་ནད་ཀུན་ལ་གུ་གུལ་ནག་པོ་དང་གླ་རྩི་མཆོག་དང༌། མིག་གི་ནད་ལ་སྐྱེར་པའི་ཁཎྜ་དང་ཨ་བར་སྐྱུར་ཏེ་འབྲས་གསུམ་མཆོག ཁ་ཡི་ནད་ལ་སྦྲང་བུར་ཀ་ར་སྟེ་མངར་གསུམ་སོགས་ཀྱི་མཁུར་བཀང་མཆོག་དང༌། སྙིང་གི་ནད་ལ་ཛཱ་ཏི་ཕ་ལ་སྟེ་བཟང་པོ་མཆོག གློ་བའི་ནད་ཀྱི་རིགས་ལ་ཅུ་གང་མཆོག་ཏུ་བཤད་པ་དང༌། དེ་བཞིན་མཆིན་པའི་ནད་ཀྱི་རིགས་ལ་གུར་ཀུམ་དང་བྲག་ཞུན་མཆོག མཆེར་པའི་ནད་ལ་ཀ་ཀོ་ལ་དང་དྲོད་སྨན་པི་པི་ལིང་དང་ཕོ་བ་རིས་མཆོག་དང་མཁལ་མའི་ནད་ཀུན་ལ་སུག་སྨེལ་དཀར་སྨུག་མཆོག་ཏུ་བཤད་ཅིང༌། ཕོ་བའི་ནད་ཕལ་ཆེར་ལ་སེ་འབྲུ་མཆོག་ཡིན་ནོ། །གཅིན་སྙི་བ་ལ་སྐྱུ་རུ་ར་དང་ཡུང་བ་དང་སྐྱེར་པ་མཆོག་དང༌། ཆུ་སྲི་བ་ལ་རྒྱ་ཚྭ་དང་གསེར་གྱི་བྱེ་མ་གཉིས་མཆོག སྐྱུག་པ་བྱེད་ལ་འབྲས་ཡོས་མཆོག་དང༌། འཁྲུ་བའི་ནད་ལ་དུག་མོ་ཉུང་མཆོག་ཏུ་བཤད། གློ་བྱེད་པ་ལ་ཨ་ཀྲོང་དང་ཀནྜ་ཀ་རི་མཆོག་དང༌། གློ་རྡོལ་ལ་རྒྱ་སྐྱེགས་དང་སྲན་མའི་མེ་ཏོག་གཉིས་མཆོག ཁ་སྐོམ་པའི་ནད་ལ་སོ་ཕག་བསྲེགས་པའི་ཁུ་བ་མཆོག་དང༌། རྩིབ་མའི་ལོགས་གཟེར་བ་ལ་པུཥྐར་མཱུ་ལ་མཆོག གཞང་འབྲུམ་ལ་དར་བ་དང་སྲིན་ལ་བྱི་ཏང་ག་མཆོག་དང༌། གླང་ཐབས་ལ་ཐང་ཁྲོམ་པ་དང་ཁོང་འབྲས་ལ་འབམ་པོ་མཆོག་ཡིན་ནོ། །དྲེག་ལ་སླེ་ཏྲེས་དང་གྲུམ་བུར་བོང་བུའི་ཁྲག་མཆོག་ཡིན་ཅིང༌། ཆུ་སེར་ལ་དངུལ་ཆུ་དང་མཛེ་ལ་སེང་ལྡེང་མཆོག་ཏུ་བཤད། སྨྱོ་བ་ལ་མར་རྙིང་པ་དང་བརྒྱལ་བ་ལ་ཆུ་ཕྲུལ་ཏེ་ཆུ་ལ་རྩམ་པ་བཏབ་པ་མཆོག གཉིད་མེད་པ་ལ་འོ་མ་དང་ལྐོག་མའི་ནད་ལ་ཉ་ཁུ་མཆོག་དང༌། མེས་ཚིག་པའི་རྨ་རིགས་ལ་སིནྡྷུ་ར་ཉིད་མཆོག་ཡིན་ཅིང༌། རུས་པ་ཆག་པར་སྦལ་རྒྱབ་དང་རུལ་བ་གཅོད་པར་དངུལ་གྱི་ཐལ་བ་མཆོག ཁྲག་གཅོད་པར་སྤྲུ་མའི་ལོགས་སུ་འོང་བའི་སྲོག་ཆགས་འབུ་དང་རྨ་ལ་དོམ་གྱི་མཁྲིས་པ་མཆོག་ཡིན་ནོ། །
སྦྱར་སྨན་གྱི་མཆོག་ནི་རྒྱས་ཚད་ལ་རྒྱུད་འདི་གར་གོང་དུ་བཤད་པའི་ག་བུར་རྒྱལ་བློན་མཆོག་དང༌། རིམས་ཀྱི་ནད་ལའང་གོང་དུ་བཤད་པའི་དེ་བ་ལྔ་སྦྱོར་མཆོག འཁྲུགས་ཀྱི་ནད་ལ་ཡང་གོང་བཤད་ག་བུར་བདུན་པ་མཆོག་དང༌། རྙིངས་པའི་ཚད་པ་ཀུན་ལ་ཡང་གོང་བཤད་ག་བུར་ཉི་ཤུ་རྩ་ལྔ་པ་མཆོག ཚད་པ་ཀུན་ལ་ཡང་གོང་བཤད་ཀྱི་གཙོ་བོ་བརྒྱད་སྦྱོར་མཆོག་དང༌། ཚ་གྲང་འདྲེས་པ་ལ་ཅུ་གང་བདེ་བྱེད་ཆུང་ངུ་མཆོག ལྡན་ཚད་འབྱེད་པ་ལ་གོང་དུ་བཤད་པའི་མ་ནུ་བཞི་ཐང་མཆོག་དང༌། ཁྲག་ངན་འབྱེད་པ་ལ་གོང་གི་འབྲས་བུ་སུམ་ཐང་མཆོག དུག་ནད་ཀུན་ལ་མན་ངག་རྒྱུད་ནས་བཤད་པའི་མང་སྦྱོར་ཆེན་མོ་མཆོག་དང༌། དང་ག་འབྱེད་པ་ལ་གོང་དུ་བཤད་པའི་སེ་འབྲུ་བཞི་པ་མཆོག མེ་དྲོད་སྐྱེད་པ་ལ་ཡང་གོང་བཤད་རྒོད་མ་ཁ་ཕྱེ་མཆོག་དང༌། གྲང་བའི་ནད་ཀུན་ལ་ཡང་གོང་བཤད་ཀྱི་སེ་འབྲུ་བརྒྱད་པ་མཆོག སྐྲན་གྱི་ནད་ཀུན་ལ་གོང་དུ་བཤད་པའི་ཅོང་ཞི་འཕྲུལ་གྱི་ཐལ་སྨན་མཆོག་ཡིན་ཅིང༌། སྨུག་པོའི་ནད་ལ་གཉེན་པོ་བདུན་སྦྱོར་ནི་མན་ངག་རྒྱུད་ཀྱི། སེ་འབྲུ་སེ་ཡབ་སྟར་བུ་འུ་སུ་དང༌། །མ་ནུ་ཨུཏྤལ་པི་པི་ལིང་དང་བདུན། །ཞེས་པ་དེ་མཆོག་ཏུ་བཤད། སྙིང་རླུང་གི་ནད་ལ་མན་རྒྱུད་ཀྱི་སྨྱོ་བྱེད་སྐབས་ཀྱི་བཙན་དུག་སྨན་མར་མཆོག་དང༌། ཆུ་འགགས་པའི་ནད་ལའང་མན་རྒྱུད་ཀྱི་ཚ་སྦྱོར་ཆེན་མོ་མཆོག མིག་གི་ནད་ལ་གོང་དུ་བཤད་པའི་གསལ་བྱེད་དགུ་པ་མཆོག་དང༌། གཉན་དང་སྲིན་གྱི་ནད་ལ་གོང་དུ་བཤད་པའི་བྱ་ཁྱུང་ལྔ་པ་མཆོག ཁྲག་ནད་ཀྱི་དཔྱད་མཆོག་ཀུན་ལ་གཏར་གའི་རིགས་མཆོག་དང༌། མཁྲིས་པའི་ནད་ལ་ཁྲུས་དང་སྦྱང་བའི་རིགས་མཆོག བད་ཀན་གྱི་ནད་ལ་སྐྱུགས་དང་མེ་བཙའི་རིགས་མཆོག་དང༌། རླུང་གི་ནད་ལ་བསྐུ་མཉེའི་རིགས་དང་འཇམ་རྩི་མཆོག འབྲས་ཀྱི་ནད་ལ་ལུམས་ཀྱི་རིགས་དང་མེ་བཙའ་མཆོག་དང༌། ཟས་ཐམས་ཅད་ཀྱི་མཆོག་ཏུ་ནས་རྙིང་པ་རུལ་བ་སོགས་མིན་པའི་རྩམ་པ་མཆོག སྐོམ་གྱི་མཆོག་ཏུ་ཤོང་དཀར་རྩེ་མོ་འདི་སྔར་བཞོས་ཐོག་གི་འོ་མར་ངོས་འཛིན་ཀྱང་ངོ་བོ་ཇའི་རྩེ་མོ་དེང་སང་པི་ཅིང་སྤུ་ཇར་གྲགས་པ་དེ་མཆོག་དང༌། མི་རྔུལ་ཙམ་དུ་བཅག་པ་ནི་སྤྱོད་ལམ་གྱི་མཆོག་ཡིན་ནོ། །དེ་ལྟར་དུ་ནད་གཞི་རྣམས་ཀྱི་སྨན་གྱི་ནང་ནས་མཆོག་རེ་བཤད་པས་མཐུ་སྟོབས་ནུས་པ་ནི་ཕུལ་དུ་ཕྱིན་ཞེས་གསུངས་སོ། །
དེ་ནས་ཞེས་པ་རྒྱུན་མི་ཆད་པའི་དོན་ཏེ། ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཞེས་བོས་ཏེ། དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས་ཞེས་སྙན་པའི་གདངས་ཀྱི་ཞེ་ས་དང་བཅས་ད་ལྟ་དུས་བཟང་བས་མི་རྣམས་སྤྱོད་པ་བཙུན་གྱུར་ཀྱང་དུས་སྙིགས་མ་ལྔ་བརྒྱའི་དུས་ན་ནད་ངན་པ་སྣ་ཚོགས་པ་དར་བའི་ཚེ། དེའི་དུས་སུ་བདག་དང་གཞན་སྲུང་བའི་ཐབས་ཡོད་དམ་མེད། གལ་ཏེ་དེ་མེད་ན་གཞན་གསོ་བར་ཕྱིན་པས་རང་ལ་ནད་ངན་མི་འབྱུང་ངམ་ཞེས་འདྲི་ཞིང༌། ཐབས་ཡོད་ན་འགྲོ་བའི་མགོན་པོས་བདག་ལ་བཀའ་སྩལ་འཚལ་ཞེས་ཞུས་པ་ལས། ལན་གྱི་ཚུལ་དུ་སྟོན་པས་གསུངས་པ། ཀྱེ་ཞེས་བོས་ཏེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། བདེན་ནོ་ཁྱོད་ཀྱི་དེ་ལས་བདེན་པ་མེད་པས་ན་སྤང་བླང་གི་རིམ་པ་ངས་བཤད་ཀྱི་ཡིད་ལ་གུས་པས་ཉོན་ཞེས་རྣ་བ་གཏོད་དུ་བཅུག་སྟེ།
དེ་ཡང་དུས་ལན་ཅིག་སྙིགས་མ་ལྔ་བརྒྱའི་ཐ་མར་བབས་པའི་དུས་ན་འབྱུང་པོའི་གདོན་རྣམས་ཀྱིས་གློ་བུར་གྱི་ཡེ་འབྲོག་རིགས་གཏོང་ཞིང་མ་མོ་དང་མཁའ་འགྲོ་རྣམས་ཀྱིས་ནད་ངན་པ་ཡམས་སུ་འབེབས་ཤིང་མུ་སྟེགས་ཀྱི་རིགས་གདུག་པས་རྫས་ཀྱི་སྦྱོར་བ་བྱེད་པ་སོགས་རྒྱས་པ་མན་རྒྱུད་དུ་བཤད་པ་ལས་འདིར་མ་སྤྲོས་པས་ན་གོང་བཤད་ཀྱི་དུས་དེ་ལྟ་བུའི་དུས་སུ་བདག་དང་གཞན་གཉིས་སྲུང་བའི་ཐབས་ཤིན་ཏུ་གཅེས་ཏེ།
དང་པོ་འབྱུང་པོའི་གདོན་གྱི་ཚོགས་སྲུང་བ་ནི། ག་བུར་དང་ཅུ་གུར་ལི་ཤི་སུག་སྨེལ་ཀ་ཀོ་ལ་ཛཱ་ཏི་སྟེ་བཟང་པོ་དྲུག་ལ་སོགས་པ་དང༌། གླ་རྩི་དང་ཤིང་ཀུན་དང་གུ་གུལ་ནག་པོ་ཤུ་དག་ནག་པོ་སོགས་དྲི་ངད་དང་ལྡན་པའི་སྨན་གྱི་རིགས་ནི་ཐམས་ཅད་དང༌། བ་བླ་དང་ལྡོང་རོས་དང་མུ་ཟི་སེར་ནག་དང་བྱ་རྒོད་སྤོས་སོགས་མདོར་ན་ས་དང་རྡོ་དང་སྔོ་གསུམ་གྱི་སྨན་དྲི་ཅན་ཐམས་ཅད་དང༌། བསེ་སྤུར་པུ་ཤུད་སོགས་དྲི་ཅན་དང་རྟ་རྐྱང་བོང་བུ་སོགས་བཤུལ་ཆགས་ཤ་རྣམས་དང་འུག་པ་སོགས་བྱ་བཤད་རྒྱུད་ལྟར་རྩལ་མཐུས་ཟ་བའི་སྡེ་ཚན་དང་གཅན་གཟན་གྱི་རིགས་དང་ར་དང་ལུག་ལ་སོགས་པ་སེམས་ཅན་དེ་རྣམས་ཀྱི་སྤུ་དང་བྲུན་དང་ཆུ་དང་སེན་མོ་དང་མཁྲིས་པ་དང་སྦལ་པ་དང་སྦྲུལ་དང་ཉ་དང་ལྗོང་མོ་ལ་སོགས་ཆུར་གནས་ཐམས་ཅད་ཀྱི་ཤ་དང༌། འབྲུ་སྣ་དང་དུག་སྣ་དང་ཁྲག་སྣ་སོགས་ཀྱི་རིགས་ཀུན་ནས་གང་འཛོམ་བསགས་ལ་དེ་ཞིབ་ཏུ་བཏགས་ལ་རིལ་བུར་དྲིལ་བར་བྱས་ཏེ་དུ་བས་བདུགས་པ་དང་ཁུ་བ་བསྐུ་བ་དང་ཁོང་དུ་བཏང་བ་སོགས་བྱས་པས་འབྱུང་པོའི་རིགས་ཐམས་ཅད་འབྱེར་ཞིང་སྟེང་གདོན་དང་འོག་གདོན་ཀུན་དང་རིམས་ཀྱི་རིགས་རྣམས་ཀྱང་ཐུབ་བོ། །
ཁྱད་པར་རམ་སྒོས་སུ་རིམས་སྲུང་བ་ལ་སྤྱི་དང་བྱེ་བྲག་གཉིས་ལས། སྤྱི་རུ་སྲུང་བའི་ཐབས་ལ་སྔགས་དང་རྫས་གཉིས་ཏེ། དེ་ཡང་དང་པོར་རང་ཉིད་རྡོ་རྗེ་ཁྲབ་རིངས་ལས་བཤད་པའི་མཐུ་སྟོབས་ཀྱི་བདག་པོ་གསང་བའི་བདག་པོར་བསྐྱེད་དེ། ཨོཾ་ཧྲི་དེ་བ་ལེ་ཁ་ཕུར། ཨ་ཏི་ཕུར། བི་ཕུར་སོད། བི་ཧུབ་སོད། མུ་ར་ཡ་སོད། ཀུ་མར་ཡ་སོད། ལ་ཙི་སོད། བྷནྡྷ་བྷྷནྡྷ་སོད། བཛྲ་པ་ནེ་པ་ནེ་སོད། ཧྲི་དེ་ཧྲི་དེ་སོད། ཏི་ཀ་ཛྙཱ་ན་སོད། མ་མ་དུ་རུ་སོད། བུ་ཙ་ཡོ་གི་ནི་སོད། ཅེས་ནང་རེ་བརྒྱ་རྩ་བརྒྱད་རེ་རྒྱུན་གྱི་ཡི་དམ་དུ་བྱ་བ་དང༌། དེ་ཡང་ཡུལ་ཕྱོགས་སུ་རིམས་སོགས་ཡོད་ན་རང་སྲུང་ལ་ནང་རེ་སུམ་བརྒྱ་བཟླ་བར་བྱ་ཞིང་རིམས་ཀྱི་ནད་པ་གསོ་བར་འགྲོ་བ་ན་སྔ་དགོང་དགུང་གསུམ་ཡར་དུ་མ་ཆག་པ་བཟླའོ། །ཡང་ན་ཨོཾ་མུག་ཐུམ་སརྦ་མུག་ཐུམ་ཏེ་ཙ་མུག་ཐུམ་ཐེ་ཕུར་སོད་ནེ་ཕུར་སོད་བྱ་རྐང་སོད། ནད་སོད་རིམས་སོད། དལ་སོད་ཡམས་སོད་སྭཱཧཱ། སུམ་ཡར་དུ་བརྒྱ་རྩ་བཟླས་ལ་རང་གི་མཆིལ་མ་སྲིན་ལག་ལ་བཏབ་པས་རྐང་མཐིལ་གྱི་དྲི་མའམ་དྲེག་པ་སྣུར་ལ་སྣའི་སྒོར་བྱུག་གོ། རྫས་ཀྱིས་སྲུང་བ་ནི་བཙན་དུག་དང་བདུད་རྩི་ཆོས་སྨན་ནམ་དེ་མིན་རྡོ་རྗེ་འཛིན་པའི་དྲི་ཆེན་དང་གླ་རྩི་དང་ཤུ་དག་དང་གུ་གུལ་ནག་པོ་དང་མུ་ཟི་སེར་ནག་བྱ་རྒོད་སྤོས་རྣམས་སྒོག་སྐྱ་དང་མིའི་དྲི་ཆེན་ཆུ་ལ་སྦྱར་བའི་ཁུ་བས་རིལ་བུ་བྱས་ལ་ནང་རེ་བཞིན་དུ་སུམ་ཡར་གཏོང་བ་སོགས་གོང་དུ་བཤད་པ་བཞིན་ཤེས་པར་བྱ། ཡང་ན་བཙན་དུག་དང་གླ་རྩི་དང་མུ་ཟི་སེར་ནག་དང་ཤུ་དག་ནག་པོ་དང་གུ་གུལ་དཀར་པོ་སྤོས་དཀར་དང་ནག་པོ་ངོ་བོ་གཉིས་དང༌། སྒོག་སྐྱ་རྣམས་རང་རང་རླུང་ཁམས་མཐུན་པའི་དར་རས་ཀྱིས་གཏུམས་པའི་ཁྲོལ་བུའི་ཐུམ་བུ་སྐེར་བཏགས་ལ་ནང་རེ་བཞིན་སྣ་སྒོར་དྲི་མ་བདུག་པ་སོགས་དེ་ལྟར་བྱས་པས། རིམས་ཀྱི་ནད་བསྐལ་པའི་མེ་ལྟར་ཚ་བ་འབར་ཡང་རང་ལུས་རྡོ་རྗེ་ཕ་ལམ་དང་འདྲ་སྟེ་ནད་ཀྱིས་ཅིས་ཀྱང་མི་ཚུགས་ལ་འོན་ཀྱང་ལྟོ་སྟོང་དང་ནད་དེ་དྲན་པའམ་སེམས་པ་དང་དེ་ལ་ཡ་ང་བའི་ཞུམ་དུས་སུ་ནད་ཀྱི་དྲི་རླངས་བསྲུང་བ་དང༌། རང་འགྲངས་པ་དང་ངོམས་པ་དང་སྲུང་བས་དཔའ་བའི་གདེངས་བསྐྱེད་པར་བྱས་པ་དེའི་དུས་སུ་ནད་པ་ལ་བལྟའོ། །སྲུང་བ་བྱེད་ལོང་མེད་པར་དུས་ཐུག་ན་རང་གི་དྲི་ཆེན་དང་དྲི་ཆུ་བར་པ་བདུད་རྩི་གཉིས་ཀྱིས་ལུས་ཀྱི་སྒོ། མིག་གཉིས་སྣ་བུག་གཉིས་ཁ། རྣ་བ་གཉིས་འོག་སྒོ་གཉིས་ཏེ་དགུ་དང་ཚངས་བུག་ལ་བྱུགས་པས་བསྡམ་དགོས་ཏེ། དེ་ཡང་གོང་དུ་བཤད་པ་སོགས་ཀྱི་སྲུང་བ་དང་མི་ལྡན་པར་རིམས་ནད་འཛེམ་བག་མེད་པར་འཆོས་པ་དེ་ནི་དམག་གདོང་དུ་གོ་ཆ་མེད་པར་གཅེར་བུར་རལ་ཁ་སྟེ་འཐབ་ཡ་བྱེད་དང་མཚུངས་སོ། །
ཁྱད་པར་ཚ་རིམས་བསྲུང་བ་ནི་རང་གོང་བཤད་ཡི་དམ་དུ་བསྒོམས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་བླ་མ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བདག་ཅག་རིམས་ནད་ཐམས་ཅད་ལས་བསྲུང་དུ་གསོལ། བསྐྱབ་ཏུ་གསོལ། མེད་པར་མཛད་དུ་གསོལ། རྨུགས་པ་སངས་པར་མཛད་དུ་གསོལ། ཏངྱ་ཐཱ་ཨོཾ་བཛྲེ་མ་ཧཱ་བཛྲེ། སརྦ་བྱ་ཏི་ཏ། ཧ་ན་ཧ་ན་བཛྲ་ན་སྭཱཧཱ། ཐུང་ཟིམ་བུ་ཐུང་ཟིམ་བུ་སོད། ལང་ལང་ལིང་ལིང་སོད། མེ་མེ་སོད། ལམ་ལམ་སོད། དབལ་སོད། ཚ་བ་མེའི་དབལ་སོད། བརྒྱ་རྩ་བརྒྱད་བཟླས་ལ་སྣར་གདབ། ག་བུར་བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུགཙན་དན་དཀར་པོ་བསེ་རུ་ཨ་ག་རུ་ཨུཏྤལ་སྔོན་པོ་གླ་རྩི་ག་དུར་ཀ་ར་རྣམས་དྲི་ཆུས་རིལ་བུ་བྱས་ལ་ནང་མ་རེ་བཏང་བ་དང་ག་བུར་ཛཱ་ཏི་ཙན་དན་དཀར་པོ་བཅས་སྣར་བདུག་པ་དང༌། འབྲུམ་པ་བསྲུང་བ་ནི་ཙན་དན་དཀར་པོ་གླ་རྩི་ཤིང་ཀུན་ཤུ་དག་མུ་ཟི་སོགས་དྲི་ཆུ་དང་སྦྱར་བ་ཁོང་དུ་བཏང་བ་དང༌། ཙན་དན་དཀར་པོ་གླ་རྩི་གུར་ཀུམ་མུ་ཟི་གུ་གུལ་སྒོག་སྐྱ་བཅས་པའི་དུ་བས་བདུག་ཅིང༌། ཧེ་བྷ་ག་ཝན་མཉྫུ་ཤྲཱི་ཀུ་མཱ་ར་སརྦ་ཏ་ཐཱ་ག་ཏཱ་ཡ་སམྦུད་ཏད་ཏ་སརྦ་ཏ་ཐཱ་ག་ཏ་ན་གེ་ཏི་སརྦ་ས་ཏ་ནན་སྭཱཧཱ། ཨོཾ་ཏངྱ་ཐཱ། ཤམ་མེ་ཤམ་མེ་ཤམ་ཤམ་ནེ་ཡ་སྭཱཧཱ། སྲན་མ་ལ་སྟོང་བཟླས་ལ་སྐེར་གདགས་ཏེ་ནང་རེའང་བརྒྱ་རེ་བཟླས་སོ། །གག་ལྷོག་བསྲུང་བ་ནི་རང་བྱ་ཁྱུང་དུ་བསྒོམས་ལ། ཨོཾ་ལྷང་ལྷང་ཙེར་ཙེར་ཀྲི་ཏ་ཀྲི་ཏ་ཤག་ཤག་ཤེལ་ཤེལ་ཐུམ་ཐུམ་བེ་དུ་བེ་དུ་ལྷོག་པའི་བྱ་སྤུན་བདུན་དང༌། འབྲས་ཀྱི་བུ་སྤུན་གསུམ་དང༌། མཛེ་སོ་ཧ་མཛེ་སོ་ཧ། ད་ཧོ་ད་ཧོ་བྱ་ཀྲི་བྱ་ཀྲི་མུགས་རྒོད་པོ་ཆིག་བདུད་སྭཱཧཱ། ནང་རེ་སྟོང་རེ་བཟླས། ཕག་སྣ་དང་འཛིན་པ་ཤུ་དག་གུ་གུལ་གླ་རྩི་མུ་ཟི་ཕུར་པ་སོགས་གདགས། བྱ་ཁྱུང་རིལ་བུ་ཁོང་དུ་བཏང་བ་དང༌། རྒྱུ་གཟེར་བསྲུང་བ་ནི་རང་ཤིའི་ཐོད་པ་ཆོས་སྨན་གོང་བཤད་བཅས་དྲི་ཆུར་སྦྱངས་ལ་བཏང༌། ག་བུར་བཙན་དུག་གླ་རྩི་ཛཱ་ཏི་སྒོག་སྐྱ་སྤང་སྤོས་ཡུངས་ཀར། ཤུ་དག་རྣམས་མགུལ་དུ་བཏགས། ཏངྱ་ཐཱ། ཙབ་མ་རུ་རུ་ཨཱ་ཤུག་མེ་ཨཱ་ཡུརྙྫཱ་ན་བྲུམ་ནི་སམ་པུཥ་ཀུ་རུ་སིདྡྷཾ་བདག་ལ་སྲུངས་ཤིགཅེས་ནང་རེ་ལ་སྟོང་ངམ་བརྒྱ་རྩ་བཟླས་སོ། །ཆམ་པ་བསྲུང་བ་ནི། ཨོཾ་ཨ་ལོ་དཀར་པོ་ཤེ་ས་ཧཱུཾ་ཕཊ། ཅེས་ཞོགས་པ་ངག་མ་འདྲེས་པར་སྟོང་ངམ་བརྒྱ་བཟླས་ཤིང་སྣར་འབུད་དོ། །དེ་ལྟར་བཤད་པ་དང་མི་ལྡན་ཞིང་རང་གིས་སྲུང་བའི་དམ་ཚིག་རྣམས་མ་ཐུབ་པར་བརྟེན་གལ་ཏེ་ནད་རིམས་འགོས་ན་དྲང་སྲོང་གི་བཀའ་ལ་ཡིད་མི་ཆེས་པ་འོང་བས་གཞུང་བཞིན་དུ་མ་ཉམས་པར་སྤྱོད་དང་བསླུས་ན་ང་རང་ཤེས་ཞེས་ཡུས་དང་བཅས་ཏེ་གསུངས་པའོ། །
ད་ནི་རྫས་སྦྱོར་བྱས་པ་དུག་གི་བསྲུང་ཐབས་ལ་རྣམ་པ་གསུམ་ཡོད་དེ། དེ་ཡང་དུ་བ་ལ་བསྐུར་བ་སྣ་སྒོ་དང་རེག་པའི་དུག་ལ་ཆུ་སྒོ་ནས་བསྲུང་བ་དང་རླངས་པ་དང་ཉི་མའི་གཟེར་ལ་བསྐུར་བ་ལ་བསྲུང་བ་གཉིས་ཀ་ནས་གཅེས། ཟས་ལ་བསྐུར་བར་ཁོང་ནས་བསྲུང་ཐབས་འདི་ཉིད་དགོས་ལ། གང་ཞེ་ན་ཆར་མའི་ཉུང་མ་ཁ་ཚོས་བྱས་པ་ཞེས་ཆར་འདེབས་བྱས་པའི་ཉུང་མ་ཁ་རྒྱ་མ་ལྟ་བུ་ཡོད་པ་དང༌། ཨ་རུ་གསེར་མདོག་དང༌། ཡུངས་ཀར་རྣམས་སུམ་ཆ་རེ་མཉམ་པ་དང༌། སྒོག་གཅིག་མ་རྣམས་ཆུས་སྦྲུས་པའི་རིལ་བུས་ཞགརེ་ཐུབ་ཅིང་དེས་ཆག་ཙམ་གྱི་ཚད་ལ་ཡིན་མིན་ངོས་འཛིན་དུ་དུག་དེ་ཞུ་ལོང་མེད་པར་སྐྱུག་གོ། ཡང་ན་ཟས་ལ་བསྐུར་བར་རང་གི་ཁོང་སྲུང་འདི་ཉིད་ལ་གོང་བཤད་ཆར་མའི་ཉུང་མ་ཁཎྜ་བྱས་པའམ། འདྲེད་བྱེད་མི་དང་ཤ་བའི་ཚིལ་གཉིས་འཁྲེན་བྱེད་ཡུངས་ཀར་རྡོག་པོ་སུམ་ཅུ་དང་བྱ་ར་བ་གླ་རྩི་རིལ་མ་ཙམ་དོན་སྣོད་སྒོ་སྲུང་བ་ལ་བཟང་པོ་ཅུ་གར་ལི་ཛཱ་སུག་ཀ་དྲུག་དང༌། ཚ་བ་སྒ་པི་ཕོ་གསུམ་ཐུན་རེ། མན་ངག་སྨན་གསུམ་ནི་སྦལ་པའི་སྨད། གསེར་མདོག་བྲག་ཞུན་མཐེབ་ཙམ་རེ་སྦྱར་བའི་རིལ་བུ་བཞིའམ་ལྔ་ཟླ་བ་གང་རུང་གི་ཚེས་གཅིག་ནང་པར་ནས་བཟུང་གཡེར་མ་སོགས་ཀྱིས་རྩ་ཁ་ཕྱེ་ལ་ཞག་དགུའི་རིང་ལ་རིལ་བུ་རེ་རེ་ཆ་བསྐྱེད་དེ་བཏང་བ་དང༌། དེ་ཡང་སྔ་དྲོའི་རིང་ཟས་ཀྱི་རིགས་བསྲུང་ལ་ཕྱི་ཁད་ཀྱང་ལྟོ་འཇམ་པ་དང་དྲོད་བཅུད་ཅན་བསྟེན་ཞིང་སྨན་རྫོགས་ནས་ནང་མ་གསུམ་དུ་གུར་ཀུམ་དོམ་མཁྲིས་འབྲི་མར་བཅས་ཀྱིས་རྩ་ཁ་བསྡམས་པ་སོགས་དེ་ལྟར་བྱས་པས་ལོ་རེའི་བར་དུ་དུག་གི་ཉམ་ང་མེད་དོ། །ཡང་ན་སྨན་མཆོག་རྒྱལ་པོ་ཀུན་གྱི་གཉེན་པོ་རྣམ་རྒྱལ་འཇིགས་མེད་གང་རྙེད་དང༌། བྱ་ར་བ་གླ་རྩི་སྒོག་གཅིག་དང་འདྲེད་བྱེད་འཁྲེན་བྱེད་དུ་ཉུང་ཞི་ཅོང་ཞི་བདུད་རྩི་གསུམ་གྱི་མར་ཁུ། ཡུངས་ཀར་དང་དོན་སྣོད་ཤ་རུས་རྩའི་སྒོ་བསྲུང་ལ་བཤད་མ་ཐག་པའི་བཟང་དྲུག་སེ་འབྲུ་སྔར་བཤད་ཀྱི་པ་ཏོ་ལ་དུག་ཉུང་པི་ལིང་སྡིག་སྲིན་བ་རུ་ར་ཡུང་བ་སྤྱི་ཞུར་འབྲི་ཏ་ས་འཛིན་ཤིང་མངར་སྐྱུ་རུ་རེ་སྐོན་རྣམས་དང༌། རླུང་ལ་སླེ་ཏྲེས། མཁྲིས་པར་ཏིག་ཏ། བད་ཀན་ལ་མ་ནུ་པ་ཏྲ། འུ་སུ། ཁྲག་ལ་བ་ཤ་ཀ་ཚ་ལ་དང༌། ཆུ་སེར་སོགས་ལ་སོ་ར་སེང་ལྡེང༌། སྲིན་ལ་མ་རུ་ཙེ་དང་བྱི་ཏང་ག་སོགས་མདོར་ན་འདུ་བ་གང་འཁྲུགས་པའི་ཁ་གནོན་གྱི་གཉེན་པོ་དང༌། དབྱིག་དུག་བསྲུང་བ་དང་འཇོམས་པ་ཐུན་མོང་གི་གཉེན་པོ་གསེར་གཡུ་ཟངས་ལྕགས་མུ་ཏིག་བྱུ་རུ་དངུལ་བཅས་བདུན་པོ་སྲན་མ་ཙམ། ཚ་ལ་མུ་ཟི་བསེ་རུ་བྲག་ཞུན་བཞི་པོ་ཐུན་རེ་དང༌། རྡོ་དུག་བསྲུང་བ་དང་འཇོམས་པ་ཐུན་མོང་གི་གཉེན་པོ་སྦལ་རྒྱབ་གངས་ཐིགས་མཚལ་ཅོང་ཞི་བཞི་པོ་ཐུན་གྱི་སུམ་ཆ་རེ་ཟེ་ཚྭ་རྒྱ་ཚྭ་ཚ་ལ་གསུམ་ཐུན་རེ་དང༌། རྩི་དུག་བསྲུང་བ་དང་འཇོམས་པ་ཐུན་མོང་གི་གཉེན་པོ་དུག་སྣ་ཚོགས་ཚད་ནས་ཙམ་རེ་གླ་རྩི་ཆོས་སྨན་ཧ་བོ་བོང་ང་གསུམ་ཐུན་རེ་དང༌། སྔོ་དུག་བསྲུང་བ་དང་འཇོམས་པ་སྤྱིའི་གཉེན་པོ་སྙིང་མཁལ་གླ་གོར་ཏེ་ཞོ་ཤ་གསུམ། ཐར་ནུ་དུར་བྱིད་ཐང་ཕྲོམ་འོལ་མོ་སེ་བ་མཁལ་གཟེ་མ་རྣམས་རིལ་མ་ཙམ་རེ། ཨུག་ཆོས་ལུག་མིག་པྲ་ཐོག་ཁུར་རྩ་ཨ་བི་ཥ་རེ་རལ་རྣམས་ཐུན་རེ་དང༌། ཤ་དུག་བསྲུང་བ་དང་འཇོམས་པ་ཐུན་མོང་གི་གཉེན་པོ་བུ་མོ་ལོ་བཅོ་ལྔ་ལོན་པའི་མཆིན་པ། སྐྱེས་པ་གྲིར་ཤི་བའི་ཉྭ་ཤ ཁྱི་གུ་མིག་མ་བྱེ་བ་དང༌། རེའུ་རྒྱ་བོ་ཞོ་འཐུང་གི་ཤ ཕག་གློ། ཁྲའི་མཆིན་པ། བྱ་མཚའ་ལུ་དང་རྨ་བྱའི་ཤ་རྣམས་མ་རུལ་བ་རིལ་མ་ཙམ་རེ། མི་རྟ་ཁྱི་གསུམ་སྐྱེས་འཕྲལ་གྱི་བྲུན་ཏེ་ཕྱ་ཚན། བྱེའུ་ལ་ཕུག་རྨ་བྱའི་ཤ་མི་ར་ཉ་ཕག་དོམ་མཚའ་ལུ་རྣམས་ཀྱི་མཁྲིས་པ་རྣམས་ཐུན་རེ་དང་དུག་ནད་སྤྱི་འཇོམས་པར་བྱེད་པའི་འཁོར་གྱི་དམག་མི་ལ་ཁྱུང་སྡེར་དཀར་སྨུག་བོང་ང་དཀར་དམར། རྩད་རྒུ་ཐུབ་ཡུ་གུ་ཤིང་གང་ཆུང་སྤང་རྩི་སྤང་རྒྱན་སྤང་སྤོས་བྲག་སྤོས་འོམ་བུ་གོ་སྙོད་སྟག་ཤ་སེ་རྒོད་སྐྱེར་ཤུན་ཧ་བོ་རྣམས་ཐུན་རེ་དང༌། ཚ་བ་སྤྱི་བཅོས་ཀྱི་སྨན་ག་བུར་ཙན་དན་གི་ཝཾ་གསུམ་ཐུན་རེ་རྣམས་རྒྱས་པར་བྱེད་ན་སྨན་དེ་ཀུན་ཚོགས་པར་བསགས། འབྲིང་དུ་བྱེད་ན་རྡོ་རྩི་སྔོ་གསུམ་གྱི་སྲུང་བྱེད་བཞག་ལ་གཞན་རྣམས་རྩི་བཞིན་བཏགས་པ་དར་ཚགས་ལ་བཙགས་ལ་ཉུང་མའི་ཁཎྜས་རིལ་བུ་སྲན་སྦོས་ཙམ་དྲིལ་ཏེ། གྲིབ་སྐམ་བྱས་པ་ཚེས་གཅིག་ནས་བཟུང་ནང་མ་གསུམ་གྱི་བར་དྲི་ཆུ་བར་པས་ཕུལ་བ་དེའི་ཕན་ཡོན་གྱིས་ཟླ་བ་རེའི་བར་དུ་ཐུབ་ཅིང༌། གསོ་ཡང་འདི་ཉིད་ཀྱིས་རང་གྲོལ་དུ་འགྲོ་བ་སྨན་གྱི་རྒྱལ་པོ་ཡིན་ནོ། །ཡང་ན་ཆར་མའི་ཉུང་མ་གོང་བཤད་ལྟར་དང༌། ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་དང་ར་མཉེ་ཉེ་ཤིང་ལྕ་བ་བ་སྤྲུ་གཟེ་མ་བཅས་རྩ་བ་ལྔ་དང༌། ཡུ་གུ་ཤིང་རེ་རལ་སྤང་རྩི་འོམ་བུ་ཧོང་ལེན་ཏིག་ཏ་སྟེ་གཙོ་བོ་དྲུག་ལ་སྨན་མར་ཚུལ་བཞིན་དུ་སྦྱར་བ་དེ་ལ་གོང་གི་སྨན་རྒྱས་འབྲིང་གང་རུང་ངམ། བསྡུ་ན་རིན་པོ་ཆེ་དྲུག་བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག་དང་གོང་བཤད་ལྟར་གྱི་ཕྱ་ཚན་གསུམ། བོང་ང་དཀར་དམར་སེར་གསུམ། ཁྱུང་ལྡེར་རྩད་ཡུང་བ་བཙན་དུག་རྣམས་ཀྱི་ཕྱེ་མ་ཁ་ཚར་དུ་བཏབ་པ་མངར་གསུམ་དང་སྦྱར་ལ་སྟོན་ཟླ་ཐ་ཆུང་སྟེ་གསོ་དཔྱད་རིང་ལུགས་དགུ་པར་བཏང་བ་ཟད་ཁའི་དྲི་ཆེན་དང་དྲི་ཆུ་བར་པ་གཉིས་འཁར་གཞོང་གི་ནང་དུ་བདུད་རྩི་ཆོས་སྨན་དང་གསུམ་པོ་སྦྱར་ལ་རས་གཙང་མའི་སྣོད་དུ་བླུགས་ཏེ་མཁན་པའི་གསེབ་ཏུ་ཞག་བདུན་བར་བསྲུལ་པ་སྟེ་བསྙལ་བ་དེ་ཉིད་གྲིབ་མ་དང་ལྷགས་པས་སྐམས་ལ་ཕྱེ་མ་ཐུན་བདུན་ཆང་གིས་ཕུལ་ལ་བཏང་བས། དུག་རིགས་མ་ལུས་པ་རང་མ་ཤི་བའི་བར་དུ་ཐུབ་པར་འགྱུར་ལ། འོན་ཀྱང་ཀུན་ལ་ཟས་དང་སྤྱོད་ལམ་སོགས་འཇིག་རྩི་བསྲུང་བ་དང༌། དེ་ཡང་ནད་དང་སྦྱོར་བས་འཇིག་རྩི་བྱུང་ན་གོང་གི་གཉེན་པོ་བསྐྱར་དགོས་སོ། །དུ་བ་དང་རླངས་པ་ལ་བསྐུར་བ་དང༌། རིམས་ཀྱི་དྲི་མ་སྣ་ནས་འཇུག་པར་འགྱུར་བ་དེའི་ཕྱིར་ན་ཀུན་ལས་རྒྱལ་བའི་རྩ་སྒོ་རྣམས་བསྲུང་བ་གཅེས་ཏེ། ག་བུར་དང༌། དྲི་ཆུ་བར་པ་དང༌། ཅོང་ཞི་རྣམས་ལག་མཐིལ་དུ་སྦྱར་བ་དེ་དག་ནང་མ་བདུན་དུ་སྣར་རྔུབ་ཅིང༌། དེ་རྗེས་ལ་ཛཱ་ཏི་དང༌། གུར་ཀུམ་དང༌། ནཱ་ག་གེ་སར་དང༌། སྤང་རྒྱན་དཀར་པོ་དང༌། ཙན་དན་དམར་པོའི་དུ་བས་བདུག་པ་སོགས་བྱ་དགོས་ཏེ། དེས་ཁེགས་པའི་རྟགས་མགོ་ལུས་ལྕི་ཞིང་འདར་ལ་ཕྲུམ་སེར་ཏེ་གྲང་ཤུམ་གྱིས་ཁྱེར་བ་འབྱུང་བ་དེ་ནི། དུག་དང༌། གདོན་དང༌། རིམས་རྣམས་བསྲུང་བའི་མཆོག་ཏུ་བཤད་དོ། །བ་སྤུའི་སྒོ་བསྲུང་བ༌། ཙན་དན་མར་ཁུ་བཟོ་ལུགས་གོང་བཤད་ལྟར་བྱས་པ་དང༌། ཟོ་མར་ཞེས་ཞོ་ཟོའི་ལོགས་ཀྱི་འོ་དྲེག་དང༌། རྩི་མར་དང༌། ཤིང་མངར་དང༌། མི་ཚིལ་རྣམས་བསྡུས་པའི་ཁུ་བ་དྲོད་མ་ཡལ་བའི་ནང་དག་ཏུ་ཛཱ་ཏི་དང༌། གུར་ཀུམ་དང༌། གླ་རྩི་དང༌། སྤང་སྤོས་དང༌། སྤང་རྒྱན་དཀར་པོ་རྣམས་སྦྱར་ཏེ་ལུས་ཀུན་བཀྲུས་པའི་རྗེས་ལ་བྱུགཡང་ན་གླ་རྩི་དང༌། ཕག་པའི་ཚིལ་བུ། སྦྲུལ་གྱི་ཤ་དང༌། སྡིག་སྲིན་དང༌། མུ་ཟི་སེར་པོ། ར་ཁྲག་སོགས་སེམས་ཅན་བསེའི་མར་ཁུར་སྦྱར་བ་བྱུགཡང་ན་ག་བུར་དང༌། ཅུ་གུར་ལི་སྟེ་བསིལ་གསུམ། ཙན་དན་དཀར་པོ་དང༌། གླ་རྩི་དང༌། བདུད་རྩི་ཆོས་སྨན་དང༌། ཕག་པའི་ཚིལ་བུ། ར་ཁྲག་རྣམས་བྱུགས་པ་དེས་བ་སྤུའི་སྒོ་འགེགས་པར་འགྱུར་ཏེ། ཁེགས་རྟགས་སུ་ལུས་སྦྲིད་ཅིང་ལྕི་བ་སྙམ་བྱེད་པ་ཡིན་ཏེ། དེ་ལྟར་བྱུང་ན་རེག་པའི་དུག་དང༌། ཉི་ཟེར་གྱི་དུག་དང༌། རླངས་ལ་བསྐུར་བ་བཅས་ཀྱི་དུག་ལ་ཉམ་མི་ང་ཞེས་གསུངས་སོ། །
དེ་ལྟར་གསོ་བ་དང་བསྲུང་བའི་ཚུལ་རྒྱས་པར་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས་ཞེས་ཞེ་ས་དང་བཅས་ཏེ། རྒྱུད་འདིར་མ་ཚང་བའི་གསོ་དཔྱད་བདོག་གམ་མི་བདོག་གམ་ཇི་ལྟར་ལགས་ཞེས་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་དེ་སྐད་ཅེས་ཞུས་པའི་དོན་ལ་སྟོན་པས་ལན་གསུངས་པ། སྤྱིར་བདེ་བར་གཤེགས་པ་རྣམས་ཀྱིས་དངོས་དང་སྤྲུལ་པ་སྣ་ཚོགས་པས་འགྲོ་བའི་དོན་དུ། རྒྱ་གར་འཕགས་པའི་ཡུལ་དུ་སྨན་གྱི་སྦྱོར་བའི་མདོ་རྒྱུད་མང་དུ་གསུངས་པ་དང༌། རྒྱ་ནག་གི་ཡུལ་དུ་མེ་བཙའ་དང་རྩ་སྦྱོངས་ཀྱི་སྐོར་གསུངས་ཤིང༌། དོལ་པོའི་ཡུལ་དུ་གཏར་གའི་སྦྱོར་བ་གཙོ་བོར་བསྟན་ནས་གསུངས། བོད་ཀྱི་ཡུལ་འདིར་རྩ་ཆུའི་བརྟག་པ་གཙོ་བོར་བསྟན་པ་དང༌། ལྷའི་འཁོར་རྣམས་ལ་གསོ་དཔྱད་འབུམ་པ་གསུངས་ཤིང༌། དྲང་སྲོང་གི་འཁོར་རྣམས་ལ་ཙ་ར་ཀ་སྡེ་བརྒྱད་གསུངས། མུ་སྟེགས་ཀྱི་འཁོར་རྣམས་ལ་དབང་ཕྱུག་ནག་པོའི་རྒྱུད་གསུངས་ཤིང༌། ནང་པའི་འཁོར་རྣམས་ལ་རིགས་གསུམ་མགོན་པོའི་སྐོར་སོགས་མང་དུ་གསུངས་ཀྱང༌། གསོ་དཔྱད་ཀྱི་རྒྱུད་ཆེན་འདིར་ནི་དེ་དག་ཐམས་ཅད་འདུས་པར་བསྟན་པས་ན། རྒྱུད་འདིར་མ་འདུས་པའི་གསོ་དཔྱད་ཀྱི་རིགས་གཞན་ཅིའང་མེད་དེ། འོན་ཀྱང་འཕགས་པའི་ཐུགས་རྗེ་ལ་ཕྱོགས་ལྷུང་དང་རིས་སུ་ཆད་པ་མེད་མོད་ཀྱང༌། གང་ཟག་སོ་སོ་རང་གི་མོས་པའི་དབང་གིས་མཐོང་སྣང་ངམ་གོ་ཕྱོགས་སོ་སོའི་ངོར་ཐ་དད་དུ་ཤར་བ་དེ་ནི་དཔེར་ན་ནམ་མཁའ་ལ་ཟླ་བའི་དཀྱིལ་འཁོར་གཅིག་ཤར་བ་ཡིན་ནའང་ཆུའི་སྐྱོགས་རེའམ། ཆུ་བླུགས་པའི་སྐྱོགས་རེར་དེ་ནང་དུ་ཟླ་བའི་གཟུགས་བརྙན་རེ་རེ་འཆར་བ་བཞིན་ཏེ། ཇི་སྐད་དུ། གསུང་གཅིག་ཉིད་དུ་གསུངས་མོད་ཀྱི། །དུ་མ་ཉིད་དུ་སོ་སོར་གོ། །ཞེས་པ་བཅས་སངས་རྒྱས་ཀྱི་གསུང་གསང་བ་བསམ་གྱིས་མི་ཁྱབ་པའི་དབྱངས་གཅིག་གི་ཚུལ་དུ་གསུངས་ཀྱང༌། གདུལ་བྱ་སོ་སོས་དོན་ཐ་དད་དུ་མར་གོ་བར་ཟད་དོ་ཞེས་གསུངས་སོ། །
བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རྒྱུད་བཞིའི་མཇུག་གི་དོན་བསྡུས་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།
མཐའ་མའི་འདོན་ཐེངས་།: 30.11.2023 ཉིན། 4:37 PM
<< སྔ་མ།