སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་ཉེར་དྲུག་པ། ཐུར་མ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.08.2023
སྨན་འབུམ་དཀར་པོ། >>



ལེའུ་ཉེར་དྲུག་པ། ཐུར་མ་བསྟན་པ།

དེ་ནས་ཡང་གསོ་བ་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། ཀྱེ་འཚོ་མཛད་སྨན་པའི་རྒྱལ་པོ་ལགས། དཔྱད་ལྔའི་ལོག་གནོན་ཐུར་མ་གསུངས་པ་འདི།། བདག་ཅག་འཁོར་རྣམས་ཀུན་ལ་བཤད་དུ་གསོལ།། དེ་སྐད་ཞུས་པས་སྟོན་པས་བཀའ་སྩལ་(བསྩལ་)པ།། དཔྱད་བུ་ལས་(ལ་)སོགས་འཁོར་རྣམས་མ་ཡེངས་ཉོན།། གསོ་དཔྱད་གཞན་སྡུག་(བརྡུགས་)སྨན་པ་སུན་བྱུང་དུས།། དཔྱད་མཆོག་ཐུར་མ་འདི་ཡིས་ཕལ་ཆེར་སེལ།། འདི་ལ་སྤྱི་དོན་རྣམ་པ་བཅུ་གཅིག་སྟེ།། དང་པོ་ཐུར་མ་འགྲོ་ཡུལ་མ་ཤེས་ན།། དཔྱད་ཀྱི་ལ་བཟླ་མ་ཐོན་མཁས་ཆད་(ཁྱད་)མེད།། གཉིས་པ་ཐུར་མའི་སྤང་ཡུལ་མ་ཤེས་ན།། ལག་དགྲས་མི་བསད་རང་སྐྱིང་(སྐྱེངས་)ཡ་ཀ་(ག་)འོང་།། གསུམ་པ་ཐུར་མའི་དབྱེ་ཚད་མ་ཤེས་ན།། ལག་ཚོད་མི་ཟིན་ཐལ་ལུས་སྐྱོན་གྱིས་འཕོག། བཞི་པ་ཐུར་མའི་རྡེག་གསང་མ་ཤེས་ན།། ལམ་ནོར་དཔྱད་དང་ནད་གཉིས་མི་འཁྲོད་(འཕྲོད་)བསྣོལ།། ལྔ་པ་ཐུར་མའི་བྱེ་བྲག་མ་ཕྱེད་ན།། ནད་དང་དཔྱད་འཛོལ་ཐུལ་(ཐུར་)ལོག་ལེགས་ཉེས་འོང་།། དྲུག་པ་བརྡེག་པའི་ཆོ་ག་མ་ལེགས་ན།། ཐུར་མ་འགག་ན་ནད་བརྙེད་(རྙེད་)ནད་མི་ཐོན།། བདུན་པ་ཐུར་མ་འཕང་ལུགས་མ་ཤེས་ན།། ནད་དང་མི་འཕྲད་དཔྱད་ལ་ཡོན་ཏན་མེད།། བརྒྱད་པ་ཐུར་མའི་ལག་ཚད་མ་ཤེས་ན།། ཐལ་གྲགས་(དྲགས་)སྨན་པའི་ལག་དགྲས་ཕུང་བར་འོང་།། དགུ་པ་ཐུར་མའི་ཕྱི་རྟགས་ཚོད་མེད་ན།། འཚོ་འཆི་བྱ་ར་མེད་པས་ཚོད་མི་ཟིན།། བཅུ་པ་ཐུར་ལོག་གནོན་བར་(པ་)མ་ཤེས་ན།། གསོ་དཔྱད་སྨན་པ་ནད་པའི་བདུད་དུ་འགྲོ།། བཅུ་གཅིག་ཐུར་མའི་ཡོན་ཏན་མ་ཤེས་ན།། དཔྱད་མཆོག་ཐུལ་(ཐུར་)མ་རྡོལ་བདུན་དཔྱད་མི་ནུས།། དེ་ཕྱིར་ཐུར་མའི་ལག་ལེན་གོ་རིམ་མང་།། དང་པོ་ཐུར་མ་བརྡེག་རུང་ནད་གཞི་ནི།། གྲང་བ་མ་ཞུ་སྐྲན་དང་བད་ཀན་རླུང་།། རླངས་འཁྱིལ་(འཁྱིམས་)དམུ་ཆུ་ཤ་བེལ་(བེམ་)སྐྲངས་པ་དང་།། ཆུ་སེར་རྣག་དང་ཁྲག་འཁྱིལ་ཚིགས་ཆུ་དང་།། འདི་ཡི་རིགས་ལ་གཞན་རྡུག་(བརྡུགས་)འདི་ཡི་སེལ།། རླུང་རིགས་མགོ་དང་སྙིང་ལ་ཞུགས་པ་དང་།། ཕོ་མཆིན་མཁལ་འཚེར་(མཚེར་)རྒྱུ་ལོང་མཁྲིས་པ་ཡི།། རུས་ཚིགས་ལྒང་པར་རླུང་ཞུགས་ཐུར་མས་སེལ།། སྙིང་རླུང་སྨྱོ་བྱེད་བད་ཀན་ཆུ་སེར་བསལ།། གྲང་བ་མེ་དྲོད་ཉམས་དང་བད་ཀན་དང་།། མགོ་ལ་བད་ཀན་རྒྱས་དང་ལྕགས་དྲེག་དང་།། དོན་སྣོད་ཚིགས་ལ་བད་ཀན་རྒྱས་དང་ལྷེན།། སྨན་དཔྱད་དྲོད་ཀྱིས་མི་སེལ་ཐུར་མས་བསལ།། མ་ཞུ་རྙིང་པ་ཅིས་ཀྱང་མ་སེལ་བ།། བད་ཀན་བེལ་སྣབ་(སྣབས་)རྒྱས་པའི་སྐྱ་སྦོས་དང་།། གློ་སྙིང་མཆིན་པར་སྐྲན་བཅས་ཐམས་ཅད་ལ།། བཅོས་ཐབས་རྡུག་པ་རྙིང་པ་ཐུར་མས་སེལ།། དམུ་ཆུ་གྲང་བའི་འཁྱིལ་(འཁྱིམས་)ཆུ་ཟག་(ཟགས་)ཆུ་བཙག། མགོ་ལ་བད་ཀན་རླུང་འཁྱིལ་(རླངས་འཁྱིམས་)སྟོད་རླུང་འཁྱིལ།། ཁྱེད་(ཁྱད་)པར་གློ་སྙིང་ཕོ་བར་རླུང་འཁྱིལ་(རླངས་འཁྱིམས་)ན།། ཉམས་ཀྱི་ཤེས་འཐིབས་རོ་སྟོད་ན་བ་དང་།། ཤ་སྐེམ་བམ་པོ་(བེམས་པོའི་)དབྱིབས་ནི་ལེབ་ཀོར་འགྲོ།། གློ་རྩ་གར་ཡོད་གཟེར་ཞིང་ཚིག་དང་འཁྲུམ།། ལྕེ་རད་དྲན་པ་མི་གསལ་འཐིབས་ཤིང་སྨུགས(རྨུགས)།། སྙིང་ཁར་འབྲུམ་ཐོར་འོང་ཞིང་སྟོང་སྐྱུག་བྱེད།། ཕོ་སྟོད་འདྲིལ་ཞིང་མཆིན་དྲི་སྟོད་ན།། དེ་འདྲའི་ནད་ལ་ཐུར་མ་མཆོག་འདི་བཟང་།། ཆུ་སེར་ཤ་ལ་བེམ་ནས་སྐྲངས་པ་དང་།། མགོ་ནད་ཡན་ལག་བྱང་ཁོག་ཆུ་སེར་བཟུང་།། རྣག་ཁྲག་བཟུང་པ་ཐུར་མས་བསལ་བར་བྱེད།། གཉིས་པ་ཐུར་མ་མི་འགྲོ་སྤང་ཡུལ་ནི།། རྒད་པོ་བྱིས་པ་ཟུངས་ཟད་ནད་པ་དང་།། སྨན་པས་བཅོལ་བའི་ཁ་ལ་མི་ཉེན་(ཉན་)དང་།། རྟེན་འབྲེལ་མ་འགྲིག་མཁོ་བའི་ཆ་རྐྱེན་མེད།། མཚེར་མཆིན་སྐྲན་ཟགས་ཚ་བའི་ཆུ་སྐྲན་རྒྱས།། དོན་སྙིང་འགྲམས་དང་ཚད་རོ་ལུས་པ་དང་།། ཁྲག་མཁྲིས་ལས་གྱུར་ཚ་བ་རྒྱས་པ་དང་།། དོན་སྙིང་འདྲ་བ་གཉེན་(གཉན་)པས་སྤང་བར་བྱ།། གསུམ་པ་ལག་ཆ་ཐུར་མའི་དབྱིབས་ཚད་ནི།། དབྱིབས་ན་(ནི་)འགར་(མགར་)བ་མཁས་བརྡུང་འཛབ་བྱེད་ལེགས།། ནས་འདྲ་གློ་སྙིང་ཚིག་(ཚིགས་)པ་མཁལ་མར་འགྲོ།། སྦལ་བའི་མགོ་འདྲ་མཆིན་འཚེར་(མཚེར་)རྒྱུ་ལོང་འགྲོ།། ཆུ་གྲི་འདྲ་བས་ཡན་ལག་ལྕགས་ཀྱུར་འགུག། ཡན་ལག་རྣག་ལ་མདུང་རྩེ་འདྲ་བ་འགྲོ།། མཐོ་གང་དབལ་ཡོད་ཕོ་བའི་ནད་ལ་འགྲོ།། མགོ་བོའི་ཆུ་བཙག་(གཙག་)ལེབ་ཆུ་ཁ་ཡིས་བསྔགས།། སྦུབས་ཐུར་སྦལ་མགོ་འདྲ་བས་སྙིང་ཁུ་བཙག(གཙག)། བྱིད་པོའི་མཆུ་འདྲས་བྱང་ཁོག་རྣག་གསང་དབྱེ།། སྨྱུག་མ་ཁ་ཡིས་དམུ་ཆུ་བཙག་པ་དང་།། རླུང་འཁྱིལ་(རླངས་འཁྱིམས་)འདོན་སྟེ་དེ་ཡང་སྦུབས་ཐུར་ཡིན།། ཟངས་ཐུར་བྲ་བོ་ཁ་ཡིས་མིག་འགྲིབ་བསལ།། ཐམས་ཅད་འཕྲ་(ཕྲ་)སྦོམ་མགོ་འོག་ལུད་ཚུད་བསྔགས།། རིང་ཐུང་འཕྲ་(ཕྲ་)ལ་འཁྲང་བ་སྲིད་སོར་དྲུག། བཞི་པ་ཐུར་མ་བརྡེག་པའི་གསང་སྟོན་ཏེ།། འདི་ལ་སྤྱི་དང་བྱེ་བྲག་གཉིས་ཡིན་ཏེ།། དང་པོ་ཐུར་གསང་སྤྱི་ཡི་གནས་ལུགས་གསང་།། དོན་སྣོད་གསང་ས་གསུམ་གྱི་དབྱེ་ལ་འཇུག། དང་པོ་དོན་སྣོད་ཡུལ་གསང་མ་ཤེས་ནས།། གང་ལ་གང་ཞུགས་དོན་དང་ནད་མི་ཕྱེད།། རྩ་གནད་མི་ཤེས་གཞན་ལ་བྱོལ་མི་མཁས།། དེ་བཞིན་མ་རིག་སྨན་པའི་ལག་དགྲ་འོང་།། དེ་ཕྱིར་བྱང་ཁོག་ཕྱི་ནང་ཡུལ་ཚད་ནི།། མཐོང་ཁུང་ཐད་དུ་ཐད་ཀ་ཡོད་ཤེས་བཞིན།། བྱང་ཁོག་ཡུལ་ཚད་མ་ནོར་ཡིད་ལ་ཟུངས།། གསུམ་པ་གསང་ས་འདི་ལ་རྣམ་པ་གསུམ་ཡིན་ཏེ།། མེ་གསང་ཐུར་གསང་དབྱེ་བའི་གསང་།། རྣག་ཁྲག་ཆུ་སེར་དབྱེ་གསང་བྱང་ཁོག་གསལ།། མེ་རྩའི་(བཙའི་)གསང་ནི་འབྲུ་བཤག་གཞུང་དུ་རིག། གཉིས་པ་ཐུར་མའི་གསང་ལ་ཡང་(ཡངས་)དགོས་(དོག་)གཉིས།། ཐུར་གསང་ཡངས་པ་ཐུར་མ་འཁྲུག་ཏུ་བཏུབ།། ཤིན་ཏུ་ཡངས་པ་ཐུར་མ་རྒྱ་གྲམ་ཤོང་།། ཐུར་གསང་དོགས་པ་གཉན་ཐོག་གཉེན་(གཉན་)བབས་ཏེ།། ནད་དང་(ཀྱིས་)གནད་ཀྱི་གོ་འཕྲོག་དེ་ལ་བྱ།། ཤིན་ཏུ་དོགས་ལ་གནད་ཀྱིས་ནད་གོ་འཕྲོག། སླར་ལ་ཐུར་བཅུས་(གཅུས་)བསལ་བ་བརྡེག་པའོ།། གཉིས་པ་བྱེ་བྲག་གསང་ལ་རྣམ་པ་གཉིས་ཡིན་ཏེ།། སྙིང་གསང་སྲོག་གསང་གློ་བ་མཆིན་པ་སྟེ།། དང་པོ་སྙིང་གི་གསང་ལ་རྣམ་པ་བཅུ་གཅིག་སྟེ།། ནུ་མའི་སྟེང་ཚོན་གང་ཡར་བཅལ་སྙིང་གི་སྟོད།། སྙིང་ཤུན་འདོམ་པའི་གསང་སྟེ་སྙིང་རླུང་སེལ།། ནུ་རྒྱབ་ཚོན་གང་སྲོག་རྩ་མྱོས་བྱེད་གསང་།། རླུང་དང་ཆུ་སེར་སྲོག་པར་ཞུགས་ལ་ཕན།། ཐུར་དུ་ཚོན་གང་བཅལ་བ་སྙིང་ཆུ་བཙག(གཙག)། བྲང་ངོས་ཚོན་གང་སྙིང་གི་ལོག་(ལོགས་)གསང་ལ།། ཆུ་སེར་བད་རླུང་འཁྱིལ་(འཁྱིམས་)པ་དེ་ནས་བཙག(གཙག)། དེ་ནས་ཚོན་གང་འཇལ་བ་དཀར་ནག་མཚམས།། གློ་སྙིང་འདོམ་གསང་ཡིན་ཏེ་བད་རླུང་སེལ།། རྒྱབ་ཏུ་ཚིགས་(པ་)བདུན་པ་ཚད་བླང་སྟེ(བླངས་ཏེ)།། དེ་བཞིན་ཚད་བླང་རྒྱབ་ཀྱི་སྙིང་གསང་རིག། གཉིས་པ་སྲོག་རྩའི་གསང་ནི་ཚིགས་པ་དྲུག་པ་སྟེ།། གཡས་གཡོན་གསུམ་དུ་ཕྱེ་བའི་གསང་ས་གསུམ།། གཡོན་ངོས་བྱང་(བྱ་)འདབ་ངོས་ནས་ནང་ལྟར་ལྡུར་(རྡིབ་)།། བྱ་རོག་མིག་ནས་ཚོན་གང་མཐུར་(ཐུར་)བཅལ་བ།། རྩིབ་བར་གོང་མ་གོ་ཆེན་གསང་ཡང་(ཡིན་)སྟེ།། འོག་མ་གོ་ཆུང་གསང་སྟེ་གཡས་གཡོན་འདྲ།། ཀེ་སྟོད་(སྐེ་སྟོང་)ཅ་ར་ཁུང་དང་རྣམ་པ་ལྔ།། གློ་སྙིང་སྤྱི་གསང་སྟོད་དུ་རླངས་པ་འཁྱིལ(འཁྱིམས)།། སྙིང་འཆུས་སྟོད་རྒྱས་དབུགས་བརྩེགས་ནད་ལ་དབྱེ།། གསུམ་པ་གློ་གསང་ཉི་ཤུ་རྩ་གཉིས་ནི།། སོག་འདབ་རྩིབ་མ་གོང་འོག་བར་དང་གསུམ།། གློ་བའི་སྒང་ལ་སྐྲན་ཞུགས་ནས་དྲུག་ཚད།། མཆིན་བར་རྩིབ་མའི་གོ་བར་གོང་འོག་གསུམ།། གློ་འདབས་(འདབ་)སྐྲན་ཞུགས་གསང་ས་དྲུག་ཡིན་ནོ།། བྲང་གི་རྩིབ་མའི་གསང་བ་གཡས་གཡོན་བཞི།། གློ་བ་བུ་ལ་སྐྲན་ཞུགས་གསང་བརྒྱད་ཡིན།། གློ་རྒྱབ་གསང་ནི་ཚིགས་པ་བཞི་ལྔ་གཉིས།། ཁ་གསུམ་རླུང་དང་བད་ཀན་ནད་འཇུག་གསང་།། ཚིགས་པ་བརྒྱད་པ་མཆིན་དྲིའི་གསང་ས་སྟེ།། ཕོ་མཆིན་གྲང་ནད་ཆུ་སྐྱུར་ཐུར་གསང་ཡིན།། བཞི་པ་མཆིན་པའི་གསང་ལ་བརྒྱད་ཡོད་དེ།། ནུ་མའི་ཐུར་ཚོན་དོ་ལ་མཆིན་དྲིའི་གསང་།། དེ་འོག་རྩིབ་མའི་གོ་བར་རྣམ་པ་གསུམ།། གཡས་ཀྱི་དང་པོ་ཕོ་མཆིན་བར་གསང་སྟེ།། བར་བ་མཆིན་པའི་མཐིལ་ཡིན་ཐ་མ་གཤམ།། སྐྲན་གྱི་འབྱུང་བ་ཚང་གནས་བཅས་པ་ཡིན།། ལྔ་པ་མཚེར་གསང་བརྒྱད་དུ་ཡོད་པ་ཡང་།། ནུ་མ་གཡོན་ནས་ཚད་བར་གཡས་པ་ཡི།། མཆིན་པའི་གསང་དང་འདྲ་བར་རིག་པར་བྱ།། རྒྱབ་ཀྱི་ཚིགས་པ་དགུ་དང་བཅུ་གཅིག་པ།། གཡས་གཡོན་བར་དང་གསུམ་དུ་བཙལ་ཆེ་སྟེ།། མཆིན་མཚེར་རླུང་དང་བད་ཀན་གྲང་བའི་གསང་།། དྲུག་པ་མཁལ་གསང་ཉེར་གཅིག་ཡོད་པ་སྟེ།། ཚིགས་པ་བཅུ་བཞི་པ་ནས་གཡས་གཡོན་དུ།། ཚོན་རེ་བཅལ་བ་མཁལ་རྩ་ནག་པོའི་སྟེང་།། དེ་ནས་ཚོན་རེ་བསྣན་པས་མཁལ་འབྲས་སྟེང་།། དེ་ནས་ཚོན་རེ་བསྣན་པས་མཁལ་ཚིལ་གསང་།། མཁལ་ཚིལ་གནས་འོག་ཤ་ནག་བླ་དང་མཚམས།། དེ་ནས་གཏད་ལ་མཇུག་གུ་ཆུང་ནས་ཡར།། མཛུབ་གང་བཅལ་བ་དཔྱི་མིག་འཁོར་མོ་ཡིན།། མཁལ་འབྲས་སྟེང་ནས་བཅལ་བ་སོར་དྲུག་པ།། དེ་ནས་ཚོན་རེ་ཕྱོགས་བཞིར་གཅར་(བཅལ་)དང་དབུས།། བརླ་ཡི་ཕྱི་སུལ་ཆུ་སེར་འབབ་གསང་ཡིན།། མཁལ་མའི་མཐིལ་དང་ཚིལ་གཉིས་སྐྲན་ཚང་ཡིན།། གསང་དང་ནད་མིག་མཐུན་ན་ཐུར་མ་འཕང་།། དེ་རྣམས་མཁལ་མའི་གྲང་རླུང་སེལ་བའི་གསང་།། བདུན་པ་ཕོ་བ་མི་འགྱུར་གསང་དགུ་ནི།། ཕྱི་ནང་ཅུར་འབྱིན་གསང་ལ་གཉིས་ཡོད་དེ།། ཚིག་(ཚིགས་)པ་བཅུ་གཉིས་བཅུ་གསུམ་གཡོན་ན་ཐད།། ལྷེལ་(ལྷེན་)སྣའི་སྣ་ནས་ཐུར་དུ་ཚོན་གང་གཅལ(བཅལ)།། གཡས་གཡོན་བར་གསུམ་རེས་ཚོད་བླངས་བླངས་པ།། ཕོ་བ་ལྷེན་གསང་དང་པོ་ཕོ་ཁ་ཡིན།། དེ་འོག་ཚོན་གང་གཅལ་(བཅལ་)པོ་(བ་)གཡས་གཡོན་གསུམ།། ཕོ་བའི་མཐིལ་ཡིན་སྐྲན་དང་འགྲིལ་(འདྲིལ་)ཚངས་བཅའ།། དེ་འོག་ཚོན་རེ་གཅལ་(བཅལ་)བ་གཡས་གཡོན་གསུམ།། ཕོ་བའི་སྨད་ཡིན་མེ་མཉམ་དྲོ་ཚངས་ཡིན།། དེ་དབུས་གཡས་གཡོན་ཚོན་རེ་ལྗུར་(ཅུར་)འབྱིན་པ།། མཆིན་རྒྱས་ཕོ་བའི་ཡུལ་ལ་ཐུར་མ་སྤང་།། སྐྲན་དང་ནོར་དོགས་ཡོད་པས་ལག་དགྲ་སོམ།། བརྒྱད་པ་མངལ་གསང་བུ་སྣོད་ཡུལ་གནས་ནི།། ཚིག་(ཚིགས་)པ་བཅོ་ལྔ་བཅུ་གསུམ་ཐད་ཡིན་ཏེ།། སྣོད་ལ་གྲང་བ་སྐྲན་ཞུགས་བུ་མི་ཆགས།། དེ་ལ་དྲོད་བཅོས་བྱས་ན་དེ་ལ་ཕན།། ལྟེ་བའི་གཡས་གཡོན་ཚོན་རེ་གཅལ་(བཅལ་)བ་ནི།། ལོང་གི་ཐེར་ཡིན་ལོང་རླུང་གྲང་ཞུགས་ཕན།། དེ་ནས་གཡས་གཡོན་ཚོན་རེ་ལོང་སྐྲན་གསང་།། ཚིག་(ཚིགས་)པ་བཅུ་དྲུག་པ་དང་གསང་ས་ལྔ།། ལྟེ་བའི་འོག་ནས་ཚོན་གང་གཅལ་(བཅལ་)བ་ཡི།། ཁ་གསུམ་རྒྱུ་སྟོད་གསང་དུ་རིག་པར་བྱ།། དེ་འོག་ཚོན་རེ་བཅལ་བའི་གཡས་གཡོན་ཐད།། རྒྱུ་སྨད་ཡིན་ཏེ་ཚིགས་པ་བཅུ་བདུན་ཐད།། རྒྱུ་ཞབས་གསང་ནས་སྤྱི་(དཔྱི་)ཡི་ཁ་ཟར་(གཟར་)ལ།། གཏར་ནས་ཆག་གང་ཕར་ལ་གཅལ་(བཅལ་)བའི་སོ(ས)།། སྨད་ཀྱི་དབྱེ་བའི་གསང་དུ་རིག་པར་བྱ།། ཚིགས་པ་བཅོ་བརྒྱད་འབྲས་བུའི་གསང་ཡིན་ཏེ།། གྲང་བའི་ཆུ་ཁ་སྲ་སྙི་དེ་ཡིས་སེལ།། ཡན་ལག་ཚིགས་ཆེན་བཅུ་གཉིས་ཆུ་སེར་རྒྱས།། ཚིགས་མིག་བར་ན་ཆུ་ཡི་གསང་མིག་ཡོད།། རུས་ལ་གཏུག་དང་ལྗུར་(ཅུར་)འབྱིན་གང་བདེར་དཔྱད།། ལྔ་པ་ཐུར་མའི་བྱེ་བྲག་དབྱེ་བ་ནི།། ཚ་ཐུར་གྲང་ཐུར་གཉིས་སུ་ཤེས་པར་བྱ།། དང་པོ་ཚ་ཐུར་འདི་ལ་གསུམ་དུ་སྟོན།། ཚ་ཐུར་རྒྱང་(རྐྱང་)པ་དང་ནི་སྦྲག་མ་དང་།། གྲང་ནས་བརྡེག་པ་གསུམ་དུ་རིག་པ་སྟེ།། དང་པོ་ཚ་ཐུར་མེ་རུ་བསྲེགས་ནས་རྡེབས་(བརྡེག་)པ་ནི།། འབྲས་ལྷོག་སྦ་(ལྦ་)བའི་རྣག་ལ་བརྡེག་པ་ཡིན།། གཉིས་པ་མེ་བཙའི་སྟེང་དུ་ཐུར་མ་སྟེ།། ཤ་སྟེང་ཚང་བཅས་རྣག་རྣམས་འདོན་པ་ཡིན།། གསུམ་པ་ཐུས་(ཐུར་)མའི་སྟེང་དུ་མེ་ཡིས་སྲེགས་(བསྲེགས་)པ་ནི།། འབྲས་དང་ལྷོག་པ་རྨ་རྒན་སྐྲན་ལ་འགྲོ།། གཉིས་པ་གྲང་བའི་ཐུར་མ་གསུམ་ཡིན་ཏེ།། གྲང་ཐུར་རྐྱང་པ་གྲང་ཐུར་སྦྲག་མ་དང་།། ཚ་གྲང་སྦྲག་པའི་གྲང་ཐུར་དེ་དང་གསུམ།། དང་པོ་ཐུར་མ་རྐྱང་པ་བརྡེག་པར་བྱ།། དམུ་ཆུ་འབྲུག་(དབུག་)དང་མིག་འགྲིབ་རྣག་འབྱམས་སེལ།། གཉིས་པ་ཐུར་ཤུལ་མེ་ཡིས་བསྲེག་པ་སྟེ།། རྨ་ཁ་སྐྲངས་དང་ཚིགས་ཆུ་ཕུག་ལ་སྦྱར།། གསུམ་པ་ཐུར་མ་གྲང་མོ་ཚ་ཐུར་བཏབ་རྗེས་ལ།། འཁྱག་པ་རྡོ་གྲང་ཆུ་ཡིས་བྲན་པ་ནི།། ཤ་བེམ་རྩ་སྐྲངས་མགོ་ཡི་ཆུ་བཙག་(གཙག་)དང་།། ཚ་སྐྲན་ཚ་རོ་རྙིང་པ་ཀུན་ལ་འགྲོ།། ཕལ་ཆེར་ལག་ཏུ་ལེན་པ་དྲིལ་པ་ནི།། སྤྲ་ཚུག་(ཚུགས་)གཅིག་བཞག་དེ་ཤུལ་ཐུར་མ་འཕེན།། དེ་ཤུལ་མེ་ཡིས་བསྲེག་ན་ལེགས་པ་ཡིན།། དྲུག་པ་ཐུར་ལམ་བརྡེག་པའི་ཆོ་ག་ནི།། ལུས་ཀྱི་ཆོ་ག་ཁད་སྙོམས་གདན་ལ་བསྡད།། སྐྱིལ་ཀྲུངས་(ཀྲུང་)བཅས་ནས་ལག་མཐིལ་པུས་མོར་བཀའ།། འཁྱོག་མེད་དྲང་པོར་བཟུང་ལ་གཡོག་པོས་བརྟེན།། དེ་ནས་མདུན་རྒྱབ་ཐུར་མ་འཕེན་པའི་གནད།། ཕོ་ཟུར་གཡོན་ནས་པུས་མོ་གཉིས་ཀྱིས་བརྟེན།། ལག་པ་པུས་པར་(མོ་)གྲང་ནས་(དྲང་པོར་)ཡར་(ས་ལ་)བཙུག། མགྲིན་བཀུག་ཁྱི་ཚུག་(ཚུགས་)བྱས་ནས་སྐེ་སྟོང་དབྱེ།། ལག་པ་བརྐྱང་ལ་གཅུད་དེ་སྙིང་ཐུར་འཕེན།། དྲངས་(དྲང་)པོར་ལོངས་(ལངས་)ལ་དཔྱི་མིག་གསང་ཐུར་འཕང་།། རྐང་པ་བརྐྱང་ལ་པུས་མོའི་དྲུག་བསྐོར་དབྱེའ(དབྱེ)།། དེ་བཞིན་གསང་རྣམས་ཕྱེད་པས་ནད་ཐོག་འགྲོ།། སྤྱིར་ན་རིག་པ་ཚ་མོ་བས་དབྱུང་ཤེས་རབ་བཏང་།། བདུན་པ་ཐུར་མ་འཕང་ནས་བརྡེག་ལུགས་ནི།། བརྡེག་ཐབས་སྤྱི་རུ་བརྡེག་དང་བྱེ་བྲག་བརྡེག། དང་པོ་ཐུར་མ་སྤྱི་ཡི་བརྡེག་ལུགས་ནི།། གཡས་པས་ཐུར་མ་ཚོན་གང་མཚམས་ནས་བཟུངས(བཟུང་)།། གཡོན་པོའི་མཐེབ་མོས་གསང་མིག་ཡིན་སར་མནན།། དེ་ནས་ཐུར་མ་སྐེད་བཟུང་དྲང་པོར་ཕུལ།། ལྤགས་(པགས་)པ་ཕུག་ནས་ཕུན་དེ་བསྒུལ་(སྣུར་)ཅིང་བརྟག། དལ་བུས་ཕུལ་ཅིང་ཟུག་གི་ཁམས་དང་སྦྱར།། ནང་དུ་བརྡོལ་ནས་དོན་ལ་ལག་ཚོད་བླང་(བླངས)།། ཕྱི་ནང་རྟག་(རྟགས་)དང་ཡིད་དང་མཐུན་པར་འཕང་།། བརྒྱད་པ་ཐུར་མའི་ལག་ཚོད་བཏང་བཞག་ནི།། འཕུག་(ཕུག་)དུས་མཐེབ་འཇུག་(མཛུབ་)གཉིས་ཀྱིས་ཐུརམ་བཟུང་།། སྲིན་མཛུག་(མཛུབ་)རྩེ་དང་ཐུར་བརྩེ་(རྩེ་)མཉམ་ནས་འབུག། བྱེ་མ་འདག་པ་སྲིན་མཛུག་(མཛུབ་)རྩེ་ལ་རག། ཐུར་མ་འཛིན་དང་འབུག་པ་ཐུག་འཕྲད་ཡིན།། ཕོ་རོག་མིག་བཞིན་ཐུར་ཚོད་བརྟག་ལ་བཟུང་།། ཐུར་མ་བརྡེག་ལ་ལྤགས་(པགས་)པ་ཀོ་ཐེན་བྱ།། གཉིས་པ་གཐུར་(ཐུར་)མའི་བྱེ་བྲག་རྣམ་པ་དྲུག། དྲང་འཕེན་སྐེ་སྟོང་གསང་ལ་འཕེན་པ་ཡིན།། གཉིས་པ་འཕྲད་(འཕྲེད་)བཅུད་(གཅུ་)གློ་སྙིང་གསང་ལ་འཕེན།། གསུམ་པ་རྟ་བགབ་(སྒབ་)ལྷེན་གྱི་གསང་ལ་འཕེན།། བཞི་པ་ཐུར་མ་ཐོད་སྐོར་འཕང་བ་ནི།། ཐུར་རྩེ་གྱེན་བསྟན་མ་ཉམས་(མེ་མཉམ་)གསང་དང་ནི།། ཆུ་སྣག་(རྣག་)མཛོད་ལ་འཁྱིལ་པ་འདྲེན་པ་ཡིན།། ལྔ་པ་ཐུར་མ་རྒྱ་གྲམ་འཕེན་པ་ནི།། ཐུར་རྩེ་ཕྱོགས་མཚམས་གར་འགྲོར་བསྐོར་བ་དེས།། ཕོ་དབུས་སྐྲན་དང་རྣག་ཁྲག་མཚོ་ལ་སྦྱར།། དྲུག་པ་ཐུར་མ་ལྗུར་(ཅུར་)འབྱིན་ཐལ་ཕྱུང་ནི།། ཕོ་བའི་ཐེར་དང་མཛད་(མཛོད་)མིག་གསང་སྒོར་འགྲོ།། བདུན་པ་བུ་སྐོར་མ་ལ་མི་གནོད་ཐུར་མ་ཡིན།། བྱང་ཁོག་ཐུར་ལམ་བདེ་ལ་འཕེན་པ་ཡིན།། བརྒྱད་པ་མ་བསྐོར་བུ་ལ་མི་གནོད་ཐུར་མ་ནི།། དོན་སྣོད་ཡུལ་ལ་མི་གནད་གསང་ལ་འཕེན།། གནད་ལ་ཞུག་(ཞུགས་)པའི་ནད་ལ་འཕན་(འཕེན་)པ་ཡིན།། དེ་ཡང་མིག་དང་སྙིང་ཆུ་མཆིན་སྐྲན་རྣམས།། མཁལ་སྐྲན་སྐྲན་ཡུལ་དབུས་སུ་རྣག་ལ་སྦྱར།། བརྒྱད་པ་ཐུར་མའི་ལག་ཚོད་བཏང་བཞག་ནི།། སྤྱི་དང་བྱེ་བྲག་གཉིས་སུ་ཤེས་དགོས་ཏེ།། དང་པོ་སྤྱི་ཡི་ལག་ཚོད་བསྟན་པ་ནི།། ཕྱི་ཡི་ལྤགས་(པགས་)པ་སྲ་སྟེ་མཁྲེགས་པས་དཀའ།། ཤ་ལ་སྙི་སྟེ་སུབ་ཀྱིས་འགྲོ་བ་ཡིན།། ནང་དུ་སླེབ་(སླེབས་)ནས་ཐུར་མ་ཕྱོ་ལེ་འགྲོ་བ་སྟེ།། རུས་ལ་ཐུག་ན་སྟུགས་(རྟུགས་)ཀྱིས་འདུག་པ་སྟེ།། དེ་ཡང་རྩིབ་མའི་གོ་བར་བཙལ་བ་འབུལ(དབུལ)།། ནང་དུ་བརྡོལ་ནས་བྱོལ་གྱིས་འགྲོ་བ་སྟེ།། ཡིད་ལ་ཐུར་མ་བརྟེན་གྱིས་རྡུག་སྙུམས་(སྙམ་)བྱེད།། ནད་པ་ལུས་གྱོན་སྐྱིག་(སྐྱིགས་)ཅིང་སྡུག་སྐད་འཆོར།། ཐུར་མ་ཚད་དུ་སླེབ་(སླེབས་)པའི་ཚད་ཡིན་ནོ།། མ་ཐོག་ཕྱོལ་ཕྱོལ་འགྲོ་ནས་(ན་)བཏང་བས་ཆོག། དགྲོ་(དོག་)ཅིང་མཁྲིས་(འཁྲིད་)ཡང་སྲན་བཟོད་ཚོད་བླངས་བཏང་།། སྲན་མི་བཟོད་ནས་(ན་)དེ་ལ་དབུལ་བ་ནི(ཐབས་མེད)།། གཉིས་པ་ཐུར་མ་སོ་སོའི་བྱེ་བྲག་ལག་ཚོད་ནི།། དོན་ལ་ཉེས་ནས་ནད་པ་ཤེས་པ་འཁྲུལ།། མིག་བཟློག་ལུས་འདར་ཐུར་མ་བཏང་བཏང་འཕར།། གཞན་མ་དེས་ཆོག་སྙིང་ཆུ་བཙག་(གཙག་)པ་ན།། ཐུག་(ཐུར་)རྩེ་དོན་དང་འཕྲད་ནས་རྩེ་ལ་འཕར།། དེ་ལ་ཆུ་ལྕག་བརྒྱབ་ཅིང་དབུགས་བསྡོམ་ན།། བྱོལ་ནས་མིག་འཛོལ་ནས་འགྲོ་སོར་གཅིག་དབུལ།། སྲོག་རྩ་ཐུར་མའི་ལེགས་(ལོགས་)ན་འཕར་བ་སྟེ།། གློ་བ་སྣ་བུག་ཧར་ཅིང་གློ་ཆུང་འོང་།། མཆི་མཚར་(མཆིན་མཚེར་)ཡིན་ནས་(ན་)སྐྱུག་མར་(མེར་)ཁ་ཆུ་སྦུབ(ལྡུགས)།། མཁལ་མ་ཡིན་ནས་(ན་)མཁལ་མ་ནས་(ན་)སྙམས་(སྙམ་)བྱེད།། དོན་རྣམས་ཚུལ་ཚུར་བརྟན་བསྟན་བྱ་ཚུང་(ཚང་)སྦྲུལ་ཞུགས་འདྲ།། མཁལ་མ་མཆིན་འཚེར་(མཚེར་)གསུམ་ལ་བྲོས་སྙེག་མེད།། སྣོད་ལ་འབྲོས་དེད་ཡོལ་བ་རླུང་སྤྱོད་(སྐྱོད་)འདྲ།། དལ་བུས་འཕུལ་ནས་(ན་)རིམ་གྱིས་འབྲོས་ནས་འགྲོ།། མགྱོགས་ན་འབྲོས་ལོང་མེད་པས་སྣོད་(ལ་)འཛུག(འཇུག)། ཕྱི་ནང་དར་ཤ་བར་ཏེ་བཏང་བ་ཡིན།། ད་(དེ་)ལ་ཕོ་བའི་ཡུལ་སླེབས་གཞན་བས་སྲས(སྲ)།། ཕོ་མཆིན་གཉིས་ནིས་(ནི་)ནོར་ན་འདི་ནས་ནོར།། དེས་ནས་མཆིན་པའི་ཇ་ལོག་འབྱུང་དགོས་གསུངས།། ཕོ་བ་ནང་བརྡོལ་ཕྱོལ་ཕྱོལ་ཡོང་བོར་(བར་)འགྲོ།། རྒྱུ་ལོང་ལྤགས་(པགས་)པ་ཕིག་(ཕིགས་)ནས་བྱིལ་བྱིལ་འགྲོ།། ནང་སླེབ་རྒྱུ་ལོང་ཚ་འབྲབ་ནས་(ན་)ཞིང་འཁྱུག། སྐྲན་ལ་ཐུག་ནས་རེག་པ་རྡོལ་(རྡོ་)བ་ཀྲ(འདྲ)།། མནན་ནས་ཐད་ཀར་གཟེར་ཞིང་ཨ་ན་ཟེར།། གསེར་(གསར་)ནས་མཐའ་སྐོར་མ་སྨིན་འཐོར་བ་འདྲིན(འདྲེན)།། སྙིང་(རྙིང་)ནས་ཐད་འབུག་འདུས་པ་བཀྲལ་བ་ཡིན།། རྣག་དང་དམུ་ཆུ་རླང་(རླངས་)འཁྱིམ་མངོན་དུ་འབྱུང་།། ཡན་ལག་མགོན་(མགོ་)དང་ཚིག་(ཚིགས་)མིག་རུས་ལ་ཐུག། བཤུལ་ཤའི་ཐུར་མ་ཤ་ཡི་མཐུག་སྲབ་དང་།། ཐུར་མ་ལག་ཚོད་བསྟུན་ནས་འཕང་བ་ཡིན།། ཆག་གང་ནས་བརྡོལ་འཕར་ནས་དབུལ་བ་ཡིན།། ཡན་ལག་ཅུར་འབྱིན་ཚིགས་པའི་སྲང་(གསང་)རྣམས་ལ།། རྩ་དང་ཆུ་རྒྱུས་ཤ་རྒོད་བགྲོལ་(བཀྲོལ་)ལ་ཕན།། ད་(དེ་)ནི་ཐུར་མ་ནང་གི་རྟག་(རྟགས་)ཡིན་ནོ།། དགུ་པ་ཐུར་མ་ཕྱི་རྟགས་ཚོད་ལེན་ནིས(ནི)།། དང་པོ་ནད་ཀྱི་གཞི་ལ་སླེབས་བསྙག་(སྙེག་)ནས།། དཔྱད་དང་ལག་ཚོད་རྟགས་དང་བསྟུན་པ་ཡིན།། གཉིས་པ་དོན་ལ་གནད་པའི་ཡུལ་ལ་ཉེ་བ་ཡིན།། རྩ་དང་ཤ་གཉན་ཡུལ་ལ་བརྟག། དོན་སྣོད་གང་ལ་དཔྱད་བཏང་རྩ་དང་སྒོ།། སྦྲིད་དང་འཁྱུག་དང་འཕར་ནས་འོང་།། གསུམ་པ་འཐོར་བུའི་རླུང་སྐྱེད་(སྐྱེས་)ནད་ལ་ཉེ།། བསྔང་དང་འདར་དང་གཡལ་དང་སྐྱུག་པ་བྱེད།། དེ་ནིས་(ནི་)ནད་ཀྱི་ཐོག་ཏུ་དཔྱད་ཕོག་ཡིན།། བཅུ་པ་ཐུར་མའི་ལོག་གནོན་བསྟན་པ་ནི།། འདི་ལ་ཚ་ལོག་གྲང་ལོག་གཉིས་ཡིན་ཏེ།། གྲང་ལོག་སྐྱལ་(བརྒྱབ་)ཤུལ་འཕྲལ་ལ་འོག་བ་སྟེ།། འཐོར་བུའི་རླུང་ཡིན་གསུར་དང་བྱུག་པ་དང་།། རུས་ཁུ་བུར་ཆང་བསྟན་(བསྟེན་)ནས་རླུང་གསང་མནན།། ཐུར་ཤུར་(ཤུལ་)ཁྲག་བྱུང་དུགས་དང་དྲོང་(དྲོད་)ཚུགས་བྱས།། ཆུ་སྐྲན་བརྡོར་(རྡོལ་)བས་སྣོད་ལ་བྱེར་བས་ན།། འཁྲུ་དང་སྐྱུག་ནས་འབྱུང་བར་མ་འདོད་ནས(ན)།། དྲང་(དྲོད་)སྨན་སྦྱོང་བར་(བ་)བཏང་དང་སྐེམས་ནན་(སྨན་)བསྣན།། གཉིས་པ་ཚ་ལོག་ཉེས་(ཉེ་)བར་མི་འབྱུང་ཞིང་།། ཞག་མ་གཉིས་ཙམ་གསུམ་གྱི་སྟེང་ལ་འོང་།། ཚ་རོང་འཁྱུག་པ་ཡིན་ནམ་སྐྲན་ནད་ཚ་ལ་ལྡོག། བཅོས་ཐབས་རང་རང་སྐབས་ཀྱི་སྨན་དཔྱད་བྱ།། བསིལ་དུག་དུགས་སྦྱར་གྱིས་ཕལ་ཆེར་ནོན་པ་ཡིན།། དོན་སྣོད་གནད་ལ་ཟིན་ནས་རྨ་ལྟར་བཅོས།། དེ་བཞིན་རྟགས་བླང་རིག་པས་ནད་ཁམས་བསྟུན།། ཐ་མ་ཐུར་མའི་ཡོན་ཏན་བསྟན་པ་ནི།། རླུང་གི་ཁ་གནོན་དོན་སྣོད་ནད་རྣམས་སེལ།། གྲང་བའི་ནད་ལ་དྲོད་འབེབས་མ་ཞུ་འཇུ།། ཚ་བས་བསྐྱེད་པའི་རླངས་འཁྱིམ་བསལ་ཞིང་འདོད(འདོན)།། ཤ་རོ་འབྲས་དང་སྐྲངས་ཀྱི་ལོག་ནོན་ཅིང་།། དམུ་ཆུའི་རྫིངས་(རྫིང་)སྐེམ་རྣག་ཁྲག་སྒོ་རུ་འབྱིན།། སྐྲན་གྱི་མཁར་བཤིགས་གབ་པའི་ནད་སྐུང་བཅོམས(བཅོམ)།། དཔྱད་མཆོག་ཐུར་མ་འདི་ཡི་ཡོན་ཏན་ཡིན།། དཔྱད་བུ་ལས་(ལ་)སོགས་ཉན་པའི་འཁོར་རྣམས་ཀུན།། སེམས་ཅན་འདུ་བའི་ནད་ཀྱིས་སྦྱངས་པ་ལ།། དེ་ལྟར་སྨན་དཔྱད་གསོའ་(གསོ་)འདོད་རྒྱ་མཚོའ་(མཚོ་)འདི།། འགྲོ་བའི་དོན་དུ་ཀུན་གྲགས་རྒྱ་ཆེ་བསྟན།། མཐའ་ཡས་སེམས་ཅན་ཀུན་ཕན་རྒྱ་ཆེར་འོང་།། ཞེས་གསུངས་སོ།།

སྡུག་བསྔལ་ཞི་བྱེད་གསོ་བྱེད་སྨན་འབུམ་དཀར་པོ་ལས་དཔྱད་ཀྱི་ལོག་ནོན་ཐུར་མའི་ལག་ལེན་(གྱི་)ལེའུ་སྟེ་ཉི་ཤུ་རྩ་ལྔ་(དྲུག་)པའོ།། གསོས་(གསོ་)བ་རིག་པའི་དངོས་གཞི་ལས་དཔྱད་ཀྱི་མདོའ་(མདོ་)སྡེའོ།། །།



མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 10:22 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།

བོད་ཀྱི་གསོ་རིག་རྒྱ་མཚོའི་ཡང་སྙིང་།