སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་དྲུག་པ། གག་ལྷོག་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.08.2011
མན་ངག་རྒྱུད། >> ལེའུ་ཉེར་དྲུག་པ། གག་ལྷོག་བཅོས་པ།

ལེའུ་ཉེར་དྲུག་པ་གག་ལྷོག་བཅོས་པ་ལ་གསུམ། ཞུས་ཤིང་མདོར་བསྟན་མཚམས་སྦྱོར། དེ་ལན་གཞུང༌། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་ཞེས་རྐང་པ་ལྔས་བསྟན་ནོ། །གཉིས་པ་ལ་ལྔ། རྒྱུ་རྐྱེན་དབྱེ་བ། རྟགས། བཅོས་ཐབས་སོ། །དང་པོ་ནི། རྒྱུ་ནི་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། གག་ལྷོག་སོགས་གཉན་ནད་ཀུན་གྱི་རྒྱུ་ནི། རང་གི་ལུས་ལ་ལྷན་སྐྱེས་ཁྲག་ལ་གནས་པའི་དུག་ཅན་གྱི་སྲིན་བུ་བདུན། མདོག་ཟངས་ལྟར་དམར་དབྱིབས་མོ་ཁབ་ལྟར་ཟླུམ་ལ་ཕྲ་སྟེ། སྲིན་བཅོས་པར། ཁྲག་སྲིན་རྐང་མེད་དམར་ལ་ཟླུམ་པ་སྟེ། ཞེས་སོ། །སྟོབས་སྐད་ཅིག་གིས་མགོ་ནས་རྐང་མཐིལ་གྱི་བར་ཁྱབ་པར་རྒྱུ་ནུས་པ་དེ་རྐྱེན་གྱིས་མ་སྒྱུར་ན་རྩལ་སྟོབས་སོགས་བསྐྱེད་ལ། བསྒྱུར་ན་ལུས་ཟུངས་ལ་ཟོས་པའི་དུག་གིས་ནད་བསྐྱེད་པ་དེའོ། །གཉིས་པ་རྐྱེན་ནི། དེ་ལ་ཞེས་རྐང་པ་བཞིས་བསྟན་ཏེ། །དངོས་རྒྱུ་སྲིན་དེ་ལ་རྒྱུའི་རྐྱེན་ནི་རླུང་མཁྲིས་བད་ཀན་ལྡན་འདུས་བསྐྱེད་བྱེད་ཀྱིས་རྐྱེན་གཉན་གག་ལྷོག་རང་བཞིན་གྱིས་གནས་པའི་ཡུལ་དང༌། སྟོན་ཀ་སོགས་ནམ་ཟླའི་དུས་དང༌། མངར་བ་སོགས་ཟས་དང༌། ཐུབ་ཚོད་སོགས་སྤྱོད་ལམ་དང༌། སྡེ་བརྒྱད་དང་གཉན་སོགས་གདོན་གྱིས་ཁྲག་སྲིན་དེ་དག་ཁྲོས་ཤིང་འཁྲུགས་པར་བྱས་ནས་ལུས་ལ་ཟོས་པས་གཉན་ནད་ཀུན་འབྱུང་ལ། རྒྱུ་མཚན་དེའི་ཕྱིར་མངར་སྲིན་སྟོབས་བསྐྱེད་པས་གནོད་ལ། དུག་གི་རིགས་ནུས་པ་རྣོ་བས་འཇོམས་པ་ཡིན་ནོ། །གསུམ་པ་དབྱེ་བ་བཤད་པ་ལ་གཉིས། བབས་སའི་དབང་གིས་མིང་ཐ་དད་དུ་ཕྱེ་བ་དང༌། རིགས་ཀྱི་དབང་གིས་ངོ་བོ་གཉིས་སུ་བསྡུས་པའོ།།

        དང་པོ་བབས་སའི་དབང་གིས་མིང་ཐ་དད་དུ་ཕྱེ་བ་ནི། དབྱེ་བ་ཞེས་རྐང་པ་བདུན་གྱིས་བསྟན་ནོ། །གཉིས་པ་རིགས་ཀྱི་དབང་གིས་ངོ་བོ་གཉིས་སུ་བསྡུ་ཚུལ་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། འོན་ཀྱང་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཞེས་གཞན་རྣམས་གྲོགས་ཀྱི་དབང་གིས་ལེའུ་གོང་འོག་སོ་སོར་བསྟན་ཡོད་པས་དེར་གསལ་མོད། འོན་ཀྱང་འདིར་གག་པ་དང་ལྷོག་པ་གཉིས་སོ། །ལྷོག་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། ལྷོག་པའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། འབྱུང་བའི་དབྱེ་བ་དང༌། ནད་གཞིའི་དབྱེ་བ་བཤད་པ་དང༌། རིགས་ཀྱི་དབྱེ་བ་བཤད་པའོ། །གཉིས་པ་རྒྱས་བཤད་ལའང་བཞི་ལས། དང་པོ་འབྱུང་བའི་དབྱེ་བ་ནི། འབྱུང་བས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ས་ལྷོག་མེ་ལྷོག་ཆུ་ལྷོག་རླུང་ལྷོག་དང་བཞིའོ། །གཉིས་པ་ནད་གཞིའི་དབྱེ་བ་ནི། ནད་གཞི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དཀར་པོ་དང༌། ནག་པོ་དང༌། ཁྲ་བོ་དང་གསུམ་མོ། །གསུམ་པ་རིགས་ཀྱི་དབྱེ་བ་བཤད་པ་ནི། རིགས་ཀྱིས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རྒོད་དང༌། ཡང་རྒོད་དང༌། ཡམ་བུ་དང༌། ཡུ་མོ་དང་བཞི་སྟེ་དྲིལ་བས་བཅུ་གཅིག་གོ གཉིས་པ་གག་པའི་དབྱེ་བ་ནི། གག་པ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཕོ་གག་མོ་གག་གཉན་གག་དང་གསུམ་མོ། །བཞི་པ་རྟགས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བརྟག་པའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱི་དང་བྱེ་བྲག་གོ །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ལས། དང་པོ་སྤྱི་རྟགས་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྤྱི་རུ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཕྱི་དང༌། ནང་དང༌། གསང་རྟགས་དང་གསུམ་མོ། །གཉིས་པ་རྒྱས་བཤད་ལ་གསུམ་ལས། དང་པོ་ཕྱི་རྟགས་ལ་གཉིས། སྐྲངས་པོ་ལ་བརྟག་པ་དང༌། ན་ལུགས་ལ་བརྟག་པའོ། །དང་པོ་ནི། ཕྱི་རྟགས་ཞེས་རྐང་པ་བཞིས་བསྟན་ཏེ། སྐྲངས་དབྱིབས་ཀྱི་ཉམ་ང་ཞིང་འཇིགས་པའོ། །གཉིས་པ་ན་ལུགས་ལ་བརྟག་པ་ནི། ན་ལུགས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། གཉིས་པ་ནད་རྟགས་ལའང་གཉིས། མདོར་རྒྱས་སོ། །དང་པོ་ནི། ནད་རྟགས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྩ་ལ་བརྟག་པ་ཆུ་ལ་བརྟག་པ་རེག་བྱ་ལ་བརྟག་པ་རྒྱུན་སྲང་ལ་བརྟག་པའོ། །གཉིས་པ་རྒྱས་བཤད་ལའང་བཞི་ལས། དང་པོ་རྩ་ལ་བརྟག་པ་ནི། རྩ་ནི་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ཆུ་ལ་བརྟག་པ་ནི། ཆུ་ནག་ཅེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་རེག་བྱ་ལ་བརྟག་པ་ནི། རེག་བྱ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཞི་པ་ནི། རྒྱུན་སྲར་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རྒྱུན་སྲང་ངམ་རྒྱུ་སྐྲངས་ནི། རབ་སོགས་སྤྲིན་ཏེ་སོག་འདབ་དང་མེ་ལོང་གི་སྟེང་སྐྲངས། འབྲིང་སྤུ་བྱི་རྫི་ཉམས་བྱེད་ཡང་ན་རེག་བྱ་ཉམས། ཐ་མ་བ་སྤུ་ལྡོག །ཅེས་རྫོང་འཕྲང་དུ་བཤད། ཨན་སྟོང་ཚིགས་པ་དང་པོའི་འགྲམ་གཉིས་འཕར། སྒལ་མཆན་ཏེ་སོག་འདབ་སྒལ་བའི་སྟེང་དུ་དམར་ཐིག་འོང་ངོ༌། །གསུམ་པ་ནི། གསང་རྟགས་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་བྱེ་བྲག་གི་རྟགས་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བྱེ་བྲག་ཅེས་རྐང་པ་གཅིག་གིས་བསྟན་པ་ལ། ལྷོག་པ་དང་གག་པ་གཉིས་སོ།།

        གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ལྷོག་པ་ལ་གསུམ། འབྱུང་བ་དང༌། ནད་གཞི་དང༌། རིགས་དང་གསུམ་མོ། །དང་པོ་འབྱུང་བ་ནི། ལྷོག་པའི་ཞེས་རྐང་པ་ལྔས་བསྟན་ནོ། གཉིས་པ་ནད་གཞིའི་ནི། དཀར་པོ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་རིགས་ནི། རྒོད་ནི་ཞེས་རྐང་པ་དྲུག་གིས་བསྟན་ནོ། །གཉིས་པ་གག་པ་ལ་གཉིས། སྤྱི་དང་ཁྱད་པར་རོ། །དང་པོ་སྤྱི་རྟགས་ནི། གག་པ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་ཁྱད་པར་ནི། ཁྱད་པར་ཞེས་རྐང་པ་དྲུག་གིས་བསྟན་ཏེ། སྐར་ཆེན་ཤར་འདྲ་ནི། ཐོར་པ་ཆེ་ལ་ཅོལ་པའོ། །རྒྱ་ཕོར་ཁ་བུབ་འདྲ་བ་ནི། དམར་ལ་རྒྱ་ཆེ་བའོ། །ཞོ་ཆལ་གཏོར་བ་འདྲ་བ་ནི་དཀར་ཡལ་ལེ་བའོ། །སྣ་མ་ཞེས་པ་རྙིང་པའི་བརྡ་རྙིང་ཡིན་པས་རལ་གྲི་སོ་གཉིས་རྙིང་མའི་གཞུང་ལྟར་ཉ་རྒྱབ་ཡོད་པ་སྔོ་བྲང་བ་འབྱུང་བའི་དོན་ནོ། །ཡང་ན་རུས་སྦལ་གྱི་རྒྱབ་ལྟར་འབར་འབུར་གྲོ་ཤིག་གེ་བའོ། །ཡང་ན་ཁྲོ་བོའི་མིག་ལྟར་སེར་འབུར་རེ་བའོ། །ལྔ་པ་བཅོས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བཅོས་པའི་ཞེས་རྐང་པ་དྲུག་གིས་བསྟན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གག་ལྷོག་གི་བཅོས་བཞི་སྤྱི་རུ་རྒྱུག་པ། ཁྱད་པར་གག་པ་ལ་བཅོས་དང་ལོག་གནོན་ནོ། །དང་པོ་ལ་བཞི། ཟས་སྤྱོད་བསད་སྦྱང་ངོ༌། །དང་པོ་ནི། དང་པོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། སྤྱོད་ལམ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། མི་སྡུག་པ་རང་གཞན་ཀྱི་ཡིད་དུ་མི་འོང་བའམ་སྡིག་པ་སྤང་ངོ༌། །གསུམ་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བསད་ཐབས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། མཐུན་པ་སྨན་གྱིས་བསད་པ། མི་མཐུན་གཉེན་པོས་བསད་པ། ནུས་པ་སྔགས་ཀྱིས་བསད་པའོ། །མཐུན་པ་ཞེས་རྐང་པ་ལྔས་བསྟན་ཏེ། ཨ་བྱག་ནི་སྤང་གི་གུར་གུམ་ལུག་མིག་སེར་པོ་ལ་བྱའོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། མི་མཐུན་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རྐྱང་སྦྱོར་དང༌། གཅིག་འཁོར་སྦྲགས་མ་དང༌། མང་སྦྱོར་ཆེན་མོའོ། །དང་པོ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དང་པོ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལའང་སྔོན་འགྲོ་བསྡུ་བསད་ལོག་གནོན་དང་བཞི་ལས། དང་པོ་ནི། སྔོན་འགྲོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རྫས་བཞི་ནི། རྨིགས་པའི་ཤས་ཆུ་གནོད་སྲིན་གནོན། ནས་དཀར་མོ་འབྲུ་གསུམ་བཏང༌། དེས་རྩམ་པ་མི་འགག་རླུང་གནོན། སྐྱི་འབྲུ་གཅིག་དེས་ཆུར་མི་གནོད་མཁྲིས་པ་གནོན། རྒྱ་གཡེར་གཅིག་དེས་རྩ་ཁ་འབྱེད་བད་ཀན་གནོན་ནད་ལོག་མི་འོང་ངོ༌། །གཉིས་པ་ནི། བསྡུ་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བསད་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྨན་གྱི་ངོ་བོ་སྦྱར་ཚད། བཏང་ཐབས་སོ། །དང་པོ་ལ་གཉིས། དང་པོ་དངོས་དང་ནུས་སྐྱེད་དོ། །དང་པོ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྨན་ནི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཕྱི་ནང་གསང་བ་གསུམ་མོ། །གཉིས་པ་རྒྱས་བཤད་ལ་གསུམ་ལས།

        དང་པོ་ནི། ཕྱི་འཛིམ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ངོ་བོར་དུག་པ་སྟེ་མེ་ཏོག་སྔོ་ནག་དེའོ། །རྩ་བ་དུས་བརྐོས་པ་ནི་དགུན་དུས་བརྐོས་པའོ། །གཉིས་པ་ནི། ནང་འཛིམ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ནང་འཛིམ་ནི། རྩ་བ་ལ་མགོ་དགུ་བདུན་ལྔ་གསུམ་པ་སྟེ་ཡ་ཡོད་པའོ། །གསུམ་པ་ནི། གསང་འཛིམ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། གསང་འཛིམ་ནི་འབྲས་བུ་ས་ལ་བྲུལ་བ་དེ་ལོ་གཅིག་ལ་སྐྱེས་པའི་རྩ་བ་མཐེབ་རྡོག་འདྲ་བའོ། །གཉིས་པ་ནི། རྨ་མེད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། བརྐོ་དུས་རྨ་མེད་པ་ཞག་བདུན་མེའི་སྤྲིན་དེ་དུ་བ་ལ་བདུག་པའོ། །གཉིས་པ་སྦྱར་ཐབས་ནི། སྦྱར་ཐབས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྦྱར་ཐབས་ནི་འཛིམ་པ་གང་རུང་ནས་རྡོག་ཙམ་གཅིག ཀ་ར་ཕྱེད་བརྡར་བའི་ཕྱེ་མ་དང་སྦྱར་བ་ཁྱེའུ་ལོ་བརྒྱད་པའམ་དགེ་སློང་གི་དྲི་ཆུས་སྦྱང་ངོ༌། །གསུམ་པ་བཏང་ཐབས་ནི། བཏང་ཐབས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །བཞི་པ་ལོག་གནོན་བཤད་པ་ལ་གཉིས། ལོག་གནོན་དངོས་བསྟན་པ་དང༌། ཉེས་དམིགས་ཀྱི་དཔེ་དོན་བསྟན་པའོ། །དང་པོ་ནི། ལོག་གནོན་ཞེས་རྐང་པ་བཞིས་བསྟན་ཏེ། ལོག་པས་སྨན་ནད་ཀྱིས་སྲོག་ལ་རྒོལ་བ་དེ་གནོན་པ་ནི། མིང་པོ་བདུན་གྱི་སྲིང་གཅིག་མ་ཞེས་པ་བྲག་སྐྱ་ཧ་བོ་ཡིན་ཏེ། འཁྲུངས་དཔེར་མིང་པོ་བདུན་གྱི་སྲིང་གཅིག་མ། །རྒྱབ་ཏུ་དངུལ་གྱི་སློག་པ་གསོལ། །མེ་ཏོག་སྔོན་པོ་གཡུ་སྣ་ཅན། ཞེས་པ་དེའོ། །དེ་དབྱར་མེ་ཏོག་དགུན་རྩ་བ་ཞིབ་བཏགས་ཐུན་གཅིག་བུལ་ཏོག་ཐུན་གཅིག་དང་སྦྱར་ནས་བཏང་ན་སྨན་ལྷག་པའི་དུག་རོ་ལངས་པ་སེལ་ཞིང་འཇོམས་པའོ། །གོང་དུ་བཤད་པའི་སོད་རྟགས་མེད་ཀྱང་སྨན་ཆེན་ལན་གསུམ་བཏང་བའི་རྗེས་ཀྱི་དུས་སུ་ཧ་བོ་ཚྭ་དང་སྦྱར། ལན་རེ་རེ་བཏང་བ་གཅེས་སོ། །གཉིས་པ་ལ་གསུམ། མདོར་རྒྱས་མཇུག་གོ །དང་པོ་ནི། སྦྱོར་བ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལ་གསུམ། དམན་པ་དང༌། ལྷག་པ་དང༌། ལོག་པ་དང་གསུམ་མོ། །དང་པོ་ནི། དམན་པ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་དམན་པ་ནི་ནད་མ་སོད་པར་སྨན་ནུས་ཟད་པ་དཔེར་ན་བྱང་གཡག་སྟེ་འབྲོང་གཤོར་བ་ན་གཡག་ཤོར་རྟ་ཆད་པ་དང་འདྲའོ། གཉིས་པ་ནི། སྦྱོར་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ནད་མེད་པ་ལ་སྨན་བཏང་བས་ཟུངས་ལ་གནོད་པ་སྟེ་གཡག་མེད་པར་རྟ་རྒྱུག་པ་དང་འདྲའོ། །གསུམ་པ་ནི། དེ་བཞིན་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ནད་སོད་སྨན་ནད་ལྷག་པར་ལྡང་བའི་ཉེན་ཏེ། གཡག་སོད་ནས་རྟའི་བང་ལྷག་པ་འདྲའོ། །གསུམ་པ་མཇུག་བསྡུ་ནི། དེ་ཕྱིར་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྒྱུ་མཚན་དེའི་ཕྱིར་མཁས་པས་དམན་ལྷག་ལོག་པའི་སྐྱོན་ལ་གཟབ་པར་རིགས་སྟེ་ཉེན་ཆེའོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ།།

        དང་པོ་ནི། གཙོ་འཁོར་ཞེས་རྐང་པ་གཅིག་གིས་བསྟན་ཏེ། གཉེན་པོ་ཡོད་མེད་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ནི། མེད་པ་ཞེས་རྐང་པ་ལྔས་བསྟན་ཏེ། དེ་ཡང་གཉེན་པོ་ཡོད་མེད་ཀྱི་ཐ་སྙད་ནི་དངུལ་ཆུ་ཡོད་མེད་ལ་བྱས་པའོ། །གཉིས་པ་ནི། གཙོ་འཁོར་ཞེས་རྐང་པ་དྲུག་གིས་བསྟན་ཏེ། བཙན་དུག་ཨ་རུ་མུ་ཟི་གུ་གུལ་ནག་པོ་རྣམས་ཐུན་བཞི་བཞི་བཟང་དྲུག་ཐུན་རེ་རེ། རུ་རྟ་ཤིང་ཀུན་ཤུ་དག་རྣམས་ཐུན་བཞི་བཞི། དེ་སྟེང་དངུལ་ཆུ་བསྣན་ན་གཉན་གང་ལའང་ཤིས། ཆུ་སེར་སྐེམས་རྣག་མི་འབྱུང༌། གསོ་དཀའི་ནད་སེལ་ལོ། །སྦྱར་ཐབས་ནི་དངུལ་ཆུ་བཞིའམ་སྟར་བུའི་བཤིག་པ་གཏོང་ངོ༌། །འདི་མཁས་གྲུབ་ཨོ་རྒྱན་པ་རིན་ཆེན་དཔལ་གྱི་དངུལ་ཆུ་བཅུ་བཞི་པ་དང་ཁྱད་པར་ཆེར་མེད་དོ། །གསུམ་པ་ནི། མང་སྦྱོར་ཞེས་རྐང་པ་བཅུས་བསྟན་ཏེ། ཚེ་གཅིག་ལུས་གཉིས་བླངས་པའི་ཤ་ནི། ལྕོང་མོ་སྦལ་བ་ལྟར་སོང་བའི་ཤ་སྟེ་སྦལ་བ་མཇུག་ཅན་ནམ་ལྕོང་མོ་སྦྲུལ་ཅན་ནོ། །གདུག་པ་ཅན་གྱི་ཤ་ནི། སྡིག་པ་གཙང་པ་རྨིགས་པ་བསེ་སྦུར་བ་ཏེ་ལོ་སྲེ་མོ། བྱ་རྒོད་སྤུ་ཤུད་འུག་པ་མི་རྟ་ཁྱི་བྱ་རོག་ཉ་སྤྲེ་བ་ཕག་པ་རྣམས་སོ། །རྡོ་སྨན་ནི་ཏི་ཚ་དངུལ་རྡོ་བ་ནུ་སྦལ་རྒྱབ་སོགས་སོ། །རྩི་སྨན་ནི་བཟང་དྲུག་ཤིང་ཀུན་སོགས་སོ། །སྔོ་ཡི་དྲི་ནི། བྱ་རྒོད་སྤོས་ཨ་ཀྲོང་རྒེར་མགོ་སྤྱང་དུག་ལ་ལར་ལྷོ་མོན་ནས་ཡོང་བ་དེའོ། །དུག་ཐམས་ཅད་ཀྱི་ནུས་པ་གཞོམས་ནུས་པས་ན་སྦྱང་དུག་ཅེས་བྱའོ། ཐང་ཁྲོམ་ནག་པོ། པ་ཚར་བོང་སྟག་ཤ་བ། བྱི་རུག་པ་མྱང་རྩི་སྤྲས་ཡུང་བ་མི་ཆུ་གཉན་དུག བཟའ་དུག་པྲི་ཡང་ཀུ་མཁན་པ་ཕུར་མོ་སོགས་སོ། །སེང་ལྡེང་ལ་སོགས་ཚེར་མ་ཅན་རྣམས་ནི། ཤལ་མ་ལི། མཛོ་མོ་སྟར་ག་དུག ཚེར་སྐྱེར་བ་སོགས་སོ། །དུག་ནི། བོང་ང་རིགས་ལྔའམ་དྲུག་ཐང་ཁྲོམ་གཉིས། ཐར་ནུ་རིགས་གཉིས། དུར་བྱིད་རིགས་གཉིས། རེ་ལྕག་པ་སོགས་སོ། །ཚན་དུ་སྦྱར་བ་ནི་མཆན་དུ་གསལ། དེ་སྟེང་དངུལ་ཆུ་ཞོ་གང་བསྣན་ནོ། །སྔགས་དབང་བསྐུར་བ་ནི་རིལ་བུ་བྱ་ཁྱུང་དུ་བསམ་ལ་འོག་གི་སྔགས་ཁྲི་ཚོ་གཅིག་གདབ་བོ། །གསུམ་པ་ནི་སྔགས་ཆུ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ།

        སློབ་དཔོན་ཨཱརྱ་དེ་བས་ནོར་བུ་དང་སྔགས་དང་སྨན་གྱི་ནུས་པ་ནི་བསམ་གྱིས་མི་ཁྱབ་བོ་ཞེས་གསུངས་པ་ལྟར་རོ། །བཞི་པ་སྦྱང་བ་བཤད་པ་ནི། ཐ་མ་ཞེས་རྐང་པ་བདུན་གྱིས་བསྟན་ནོ། གཉིས་པ་ཁྱད་པར་ལྷོག་པ་བཅོས་པ་ལ་གཉིས། གཉེན་པོ་དང་ལོག་གནོན་ནོ། །དང་པོ་ལ་གཉིས། བྱུག་པ་དང༌། བསྲེག་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། སོ་ཐོག་ནི། མགར་བའི་སོལ་མེའི་ནང་གི་མགར་ཚའོ། །ལ་ལ་འདི་ལ་ལྕགས་སྐྱག་ཀྱང་ཟེར་རོ། །ར་གཞོབ་ནི་རའི་རྨོངས་གཞོབ། དུད་པ་བྱ་བལ་མ་སྟེ་དུད་པ་དངོས་སོ། །བྱ་བྲུན་ནི། བྱ་རྒོད་ཀྱི་བྲུན་ནོ། །སྐྲངས་ཚང་མི་བཤིག་པ་ནི་སྐྲངས་པའི་དཀྱིལ་ནས་མི་བྱུག་པར་བྲོས་སྣ་ནོན་པ་གཅེས་ཏེ་སྐྲངས་སྣ་ཉྭ་སྣ་རྩ་སྣ་ནས་བྱུག་གོ་ །སྐྲངས་སྣ་མ་ནོན་ན་ཤོག་བུའམ། སྤུའམ་ཕྱིང་བ་བག་ཕྱེ་དང་སྤྱིན་ཆུ་བྱུགས་པས་བསྣན་ནོ། །གཉིས་པ་ནི་མེ་ཡིས་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། ལུང་བའི་མདོ་སྒོ་དགག་པ་ནི། འབྲོས་འཕྲང་བསྡམས་པ་སྟེ། རྐང་པར་བྱུང་ན་སྙིང་རྩ་མིག་དམར། ལག་པར་བྱུང་ན་ཨ་སོ། མགོ་ལ་བྱུང་ན་རྩེ་ཆུང༌། ཚངས་བུག་བསྲེག གཞན་གར་འབྲོས་ཀྱི་རྩ་ནས་བསྲེག་གོ །རི་བོའི་རྩེ་ལ་མེ་རྒྱ་གདབ་པ་ནི། ཁོང་དུ་ཤོར་རམ་ལུས་སྦུབས་ལ་བྱུང་ན། སྤྱི་གཙུག་དཀར་ནག་མཚམས་དྲུག་པ་སྲིན་ལག་སོག་པའི་མེ་ལོང་རྐང་མཐིལ་རྣམས་བསྲེག་གོ །དམག་གི་སྐོར་བ་ནི་སྐྲངས་ཀྱི་ཐ་མ་ནས་སོར་རེ་བར་མཚམས་ཡོད་པར་བྱས་ཏེ་ཏེལ་པས་བསྲེག་གོ །སྟེང་དུ་གནམ་ལྕགས་དབབ་པ་ནི། སྐྲངས་ཀྱི་དབྱིབས་ཉ་ལྟ་བུའི་ཟེ་བ། སྤྲུལ་གྱི་མཇུག་མ། སྡོམ་དང་རྟ་བླའི་རྐང་པ། སྡིག་པའི་རྭ། སྦལ་བའི་རྒྱབ། ལྕོང་མོའི་མགོ། ན་ཆུང་ནུ་མའི་དཀྱིལ་རྣམས་བསྲེག ཁྱད་པར་སྐྲངས་པར་སྐྲངས་གང་ཆེའི་སྟེང་དབུས་སུ་སྤྱད་རྗེས་ཁ་གསུམ་དང་འབུར་པོར་ཡོད་སར་རྒྱ་གྲམ་དུ་བསྲེག་གོ །གཉིས་པ་ལོག་གནོན་བཤད་པ་ལ་གཉིས་མདོར་རྒྱས་སོ།

        དང་པོ་ནི། ནད་ལོག་ཅེས་རྐང་པ་གཅིག་གིས་བསྟན་ཏེ། བྱེར་བ་དང་འཁྱམས་པ་དང་ཞུད་པ་དང་ཆུ་སེར་ནག་པོར་ལོག་པའོ། །དང་པོ་བྱེར་བ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། བྱེར་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྩ་བྱེར་དང༌། ཤ་བྱེར་དང་སྐྱི་བྱེར་དང་རྣག་བྱེར་དང་རྣམ་པ་བཞིའོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི་ལས། དང་པོ་ནི། རྩ་བྱེར་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཁྲག་རྩ་གཏར་རྩ་སྦྱོང་བྱའོ། །གཉིས་པ་ནི་ཤ་བྱེར་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྨ་བཅོས་སུ་གསལ་ལོ། །གསུམ་པ་ནི་སྐྱི་བྱེར་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྐྱི་བུད་ན་སླ་ངའི་དྲེག་པ་ཕ་བ་གོ་གོ་དུད་པ་བྱ་བལ་མ་མར་དཀར་བྱུག རྨ་ཁ་ཆེ་ན་སུག་ཆུ་ལ་གྲེས་ཐག་རྙིང་བ་ཀ་ར་སྒོག་ཐལ་མར་དཀར་བྱུག་གོ །བཞི་པ་ནི། རྣག་བྱེར་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཁྲུས་ནན་དེབ་ཆིངས་རྣམས་ཡན་ལག་གི་རྨ་བཅོས་པར་སྟོན་ནོ། །གཉིས་པ་ནི་ཞུད་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ནི་འཁྱམས་པ་ཞེས་རྐང་པ་བཞིས་བསྟན་ནོ། །བཞི་པ་ནི་ཆུ་སེར་ཞེས་རྐང་པ་ལྔས་བསྟན་ནོ། །གཉིས་པ་ཁྱད་པར་གག་པ་བཅོས་པ་ལ་གཉིས། གཉེན་པོ་དང༌། ལོག་གནོན་ནོ། །དང་པོ་ལ་གསུམ། །མདོར་རྒྱས་མཇུག་གོ །དང་པོ་ནི། གག་པའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཞི་བ་དང༌། བཞུ་བ་དང༌། བཅད་པའོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་ནི། ཞི་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཕོ་ཚོས་ནི་རྒྱ་སྐྱེགས་སོ། །གཉིས་པ་ནི། བཞུ་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཚུར་གཉིས་ནི་ནག་ཚུར་དང༌། སེར་ཚུར་གཉིས་སོ། །གསུམ་པ་ནི། བཅད་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ནི། གག་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྦྱོངས་ནི་གོང་དུ་བཤད་པའི་རད་རོ་དབྱུང་གི་སྦྱོངས་སྨན་ཆེན་པོ་དེའོ། །གཉིས་པ་ལ་གཉིས། ཡར་རྫོང་དང་མར་རྫོང་སོ། །དང་པོ་ཡར་རྫོང་ནི། ནང་ལོག་ཅེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་མར་རྫོང་ནི། མར་རྫོང་ཞེས་རྐང་པ་གསུམ་དང་འབྲུ་གསུམ་གྱིས་བསྟན་ནོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ནས་ཉི་ཤུ་དྲུག་གི་བར་རོ།།

 

 

མཐའ་མའི་འདོན་ཐེངས་།: 26.08.2011 ཉིན། 4:45 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།