སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་ཉེར་དྲུག་པ། གག་ལྷོག་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་ཉེར་དྲུག་པ། གག་ལྷོག་བཅོས་པ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །གག་ལྷོག་བཅོས་ཐབས་བསྟན་གྱིས་རིག་[རིགས་]པས་ཟུངས། འདི་ལ་རྒྱུ་དང་རྐྱེན་དང་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་ལྔ་ཡིན་ཏེ། །རྒྱུ་ནི་ཁྲག་གནས་དུག་ཅན་སྲིན་བུ་བདུན་ཡོད་དེ།ཟངས་མདོག་འཕྲ་[ཕྲ་]ལ་མིག་གིས་མི་ནོན་པ། །སྐད་ཅིག་ཡུལ་ལ་འོག་[མགོ་]རྐང་ཁྱབ་རྒྱུ་ནུས། །དེ་ལ་རྐྱེན་ནི་རླུང་མཁྲིས་བད་ཀན་འདུས། །སྐྱེད་པར་བྱེད་པའི་ཡུལ་དུས་ཟས་སྤྱོད་འཛོམ། གདོན་དང་རྐྱེན་གྱིས་བསླངས་ནས་སྲིན་འཁྲུགས་ཏེ། །ལུས་ལ་[ཟུངས་]ཟོས་པས་གཉན་ནད་འབྱུང་བ་ཡིན། །དེ་བས་དཀར་མངར་གནོད་ལ་དུག་གིས་གསོད། །གསུམ་པ་དབྱེ་ན་བབས་ས་རེ་ལ་མིང་རེ་ཡོད། །མགོ་ལ་བབས་ན་ཀླད་གཟེར་ཞེས་པ་བྱེད། །གྲེ་བར་བབས་ན་གག་པ་བྱ་བ་ཡིན། །སྟོད་དུ་བབས་ན་གཟེར་ཐུང་བྱ་བ་ཡིན། །ཕོ་བར་བབས་ན་གཉན་གླང་བྱ་བ་ཡིན། །རྒྱུ་མར་བབས་ན་རྒྱུ་གཟེར་ཞེས་བྱ་ལ། །པགས་པ་མེ་དབལ་ཚིགས་ལ་རྨེན་བྱ་[བུ]བསྐྱེད། །ཉ་ནས་[ཉྭ་ལ་]བྱིན་རྗེས་ཤ་ལ་ལྷོག་པ་ཟེར། །ཤ་རུས་རྩ་བེམ་རུལ་བབས་འབྲས་ཀྱང་ཟེར། །འོན་ཀྱང་གག་ལྷོག་གཉིས་བསྡུས་བཅོས་པ་ཡིན། །དང་པོ་ལྷོག་པས་དབྱེ་བ་འབྱུང་བ་དང་། །ནད་གཞིའི་རིགས་དང་སྦྱར་ནས་དབྱེ་བར་བྱ། །འབྱུང་བས་དབྱེ་ན་མེ་ལྷོག་ཆུ་ས་རླུང་། །ནད་གཞི་གཉེན་[གཞིས་དབྱེ་]དཀར་ཁྲ་བོ་ནག་པོ་གསུམ། །རིགས་ཀྱིས་དབྱེ་ན་རྒོད་དང་ཡང་རྒོད་གཉིས། །ཡམ་བུ་ཡུ་མོ་ཞེས་དང་བཞི་རུ་བཤད། །གག་ལ་ཕོ་གག་མོ་བུ་གཉན་གག་བཞི། །བཞི་པ་རྟགས་[བརྟག་]ཐབས་སྤྱི་དང་བྱེ་བྲག་གཉིས། །གོས་[སྒོས་]སུ་གག་ལྷོག་སོར་[སོ་]སོར་རྟག་[བརྟག་]པ་སྟེ། །སྤྱི་རུ་ངོས་བཟུང་བརྟག་ཕྱི་ནང་གསང་གསུམ་དེ། །དང་པོ་ཕྱི་རྟགས་སྐྲང་དབྱེ་[དབྱིབས་]འབྲུམ་པ་ཆུ་བུར་འདྲ། །ཉ་སྦྲུལ་སྡོམ་སྡིག་རྟ་བླ་སྦལ་ཝང་[ལྕོང་]དང༌། །ན་ཆུ་[ཆུང་]ནུ་མ་ལྟར་སྐྲངས་མཐོང་ན་འཇིགས། །ཁ་དོག་དམར་ནག་སྨུག་གམ་ཁྲ་བོ་སྐྲང་། །ན་ལུགས་ཕྲུམ་སེར་ཁྱེར་དང་ཚིགས་བཞི་[གཞི་]ན། །མགོ་ན་ཁ་ཁ་སྙིང་འདར་ཤེས་པ་འཕྱོ་ལ་སྡུག །ནང་རྟགས་རྩ་ཆུ་སྲང་རེག་བཞི་ལ་བརྟགས་པ་སྟེ། །རྩ་ནི་ཁ་རྒྱུག་གཏིང་གྲིམས་ཁོངས་[ཁོང་]ནས་འདར། །ཆུ་ནག་རླངས་འཐིབས་ཀུ་ཡ་འཁྲུག་ནས་འོང༌། །རེག་བྱ་སྐྲངས་ལ་ཚོར་མེད་རེག་པ་ན། །ཚོར་བ་ཡང་ཡང་བཟོད་ཆུང་རེག་མི་བཟོད། །ཤིན་ཏུ་ཚའམ་གྲང་བའི་ཟུག་ལངས་འགྱུར། །རྒྱུན་སྲང་སོག་སྤྲིན་སྐྲང་ན་ཚབས་ཆེ་ལ། །མུར་ཟུར་སྐྲངས་ན་འབྲིང་ལ་སྤུ་ལོག་མཐའ་[ཐ]། །ཨན་ཏོང་[སྟོང་]འཕར་ལ་སོག་འདབ་དམར་ཐིག་འོང་། །གསང་རྟགས་མུ་ཟི་གླ་རྩི་ཆུ་དག་གསུམ། །བཏང་བས་སྔགས་[དངངས་]འདར་འཕྲིག་ན་ངེས་པ་ཡིན། །གཉིས་པ་ལྷོག་པའི་རྟགས་ལ་ལྷོག་གག་གཉིས། །དང་པོ་སྐྲངས་པ་བརྟན་ལ་སྲ་སྟེ་སྐྲངས་མདོག་ནི། །ནག་ལ་ཐོར་པ་འགོ་[མགོ་]བོ་ནག་པོ་འོང་། །མེ་ལྷོག་དམར་ལ་མཆེད་སྐྱེན་མེས་ཚིག་འདྲ། །ཆུ་ལྷོག་འཇམ་བསིལ་ཆུ་བུར་ཆུ་སེར་འཛག །རླུང་ལྷོག་སྐྱ་ཤིབ་[སོབ་]མི་བརྟེན་[བརྟན་]འཕར་ཤིབ་[ཞིབ་]བྱེད། །དཀར་པོ་ཟུག་ཆུང་ཙ་[རྩ་]ཆུ་ཕྱི་ཡུལ་གྲངས་[གྲང༌]། །ནག་པོ་ཟུག་ཆེ་རྩ་ཆུ་ཕྱི་ཡུལ་ཚ། །ཁྲ་བོ་རྟགས་འདྲེས་ཟུག་གཟེར་ལྡོང་[ལྡང་]དུབ་བྱེད། །རྒོད་ནི་འབྲོས་སྐྱེན་ནད་དྲག་སྐྲངས་པ་ཆེ། །ཡང་རྒོད་ཁོང་དུ་འཆོར་རྐྱེན་[སྐྱེན་]འཁོར་དུ་འཕྲོ་[ལ་ཁྲོ]། །ཡམས་འབུར་[བུ་]སྐྲངས་པོ་འབར་འབུར་འཆད་[མཆེད]ནས་འོང༌། །ཡུ་མོ་སྲ་བརྟན་ན་ཟུག་ཆུང་བའམ། །ཡང་ན་སྙིང་[སྙི]ལ་འདོལ་ཅིང་འགུལ་བ་འོངས་[འོང་]། །ལ་ལས་ལྷོག་བརྙིད་[གཉིད]བྱ་བའི་མིང་དུ་འདོད། །གཉིས་པ་གག་པ་ངོས་བཟུང་བརྟག་པ་ནི། །ལྕེ་སྟེང་བད་ཀན་སྔོན་[མངོན་]ལ་འབྱུང་བ་ནི། །ལྕེ་མཆུ་འགྲམ་དང་རྐན་ཕུག་[ཕུགས་]ཐོར་འབྲུམ་འོང་། །གྲེ་བ་གགས་[འགགས་]ནས་ཟས་དང་སྐོམ་མི་ཐར། །ཁྱད་པར་ཕོ་གག་སྐར་ཆེན་ཤར་འདྲ་འོང་། །མོ་གག་དམར་པོ་རྒྱ་ཕོར་ཁ་སྦུབ་འདྲ། །བུ་གག་དཀར་པོ་ཞོ་ཆལ་འཐོར་བ་འདྲ། །གཉན་གག་རལ་གྲི་སྣའི་[སྣ་མའི་]གཞུང་པ་འདྲ། །ཡང་ན་གྲོ་ཤིག་འདྲའམ་སྦལ་རྒྱབ་འདྲ། །དམིག་[མིག་]ལ་མ་ཐོག་[ཐོགས་]ཕྱིའི་རྟགས་ལ་བཟུང༌། །ལྔ་པ་བཅོས་པའི་ཐབས་ལ་གག་ལྷོག་རྣམ་པ་གཉིས། །ཟས་སྤྱོད་བསད་སྦྱང་བཞི་ནི་སྤྱི་རུ་རྒྱུག །ཁྱད་པར་ལྷོག་པ་བྱུག་པ་བསྲེག་པས་བཅོས། །བྱེར་ཞུད་འཁྱམས་དང་ཆུ་སེར་ལོག་པས་[པ་]མནན། །གག་ལ་ཞི་བཞུ་བཅད་པ་གསུམ་གྱིས་བཅོས། །ཡང་[ཡར་]རྫོང་མར་རྫོང་ཤོར་བབས་ལོག་ནོན་དང་གཅེས། །སྤྱི་བཅོས་དང་པོ་ཁ་[དཀར་]མངར་རུལ་སྐྱུར་སྤང༌། །ཕྱེ་ཚོད་དྲག་[དྲལ་]ཐུག་ཆུ་སྒྲོག་[གྲོག་]བསྟེན་པར་བྱ། །སྤྱོད་ལམ་བུ་[བུད་]མེད་དྲག་ཤུལ་ཉིན་གཉིས་[གཉིད་]སྤང་། །རྟ་ཞོན་ཆུ་རྒལ་[བརྒལ་]འཁྲོ་ཚོགས་[ཁྲོ་འཚིག་]མི་སྡུག་སྤང༌། །བསད་བབས་[ཐབས་]མཐུན་པ་སྨན་གྱིས་བསད་པ་དང༌། །མི་མཐུན་གཉེན་པོས་བསད་པར་བྱ་བ་དང༌། །ནུབ་[ནུས་]པ་སྔགས་ཀྱིས་གསད་དང་རྣམས་[རྣམ་པ་]གསུམ། །མཐུན་སྨན་གླ་རྩི་བཟང་དྲུག་གུ་གུལ་ཐང་གིས་དབུལ། །ཚ་ན་ག་བུར་གྷི་ཝང་ཙན་དན་བསྣན། །གྲང་ན་ཆུ་དག་ཤིང་ཀུན་བསྣན་ནས་བཏང་། །ཡང་ན་ཨ་བྱག་སྟག་ཤ་གུ་གུལ་ནག །གླ་རྩི་ཆུ་དག་ཨ་རུ་སྦྱར་ལ་བཏང༌། །མི་མཐུན་གཉེན་པོས་བསད་ཐབས་རྐྱང་སྦྱོར་དང༌། །གཙོ་འཁོར་སྦྲག་[སྦྲགས་]དང་མང་སྦྱོར་ཆེན་པོ་གསུམ། །དང་པོ་སྔོན་འགྲོ་བསྡུ་གསད་ལོག་གནོན་བཞི། །སྔོན་འགྲོ་རྫས་བཞི་ཆུ་དང་སྦྱར་བཏང་སྟེ། །རྨིག་[རྨིགས་]ཤ་ནས་ཙམ་ཆུ་འབྱུང་སྲིན་གཅོད་ནས། །དཀར་པོ་གསུམ་གྱིས་རླུང་མནན་ཕྱེ་[ཕྱེན་]མི་འགགས། །སྐྱེ་[སྐྱི་]འབྲུམ་མཁྲིས་རྩ་གནོན་པས་ཆང་གིས་གནོད། །རྒྱ་གཡེར་བད་གནོན་རྩ་འབྱེད་ལོག་མི་འོང་། །ཉེས་པ་ཁ་ནོན་ཡོན་ཏན་དྲུག་[བརྒྱད་]དང་ལྡན། །བསྡུ་བ་བུར་དཀར་ཆང་དང་སྦྱར་ལ་བཏང༌། །རླུང་གནོན་བྱེར་བསྡུད་[སྡུད་]གཉེད་[གཉེན་]པོས་གསོད་པ་སླ། །གསད་པ་སྨན་དང་སྦྱར་ཚད་བཏང་ལུགས་གསུམ། །སྨན་ནི་ཕྱི་འཛིམ་ནང་འཛིམ་གསང་འཛིམ་གསུམ། །ཕྱི་འཛིམ་ར་དུག་རྩ་བ་བཅད་[གཅོད་]དུས་བཀོས་[བརྐོས]། །ནང་འཛེམ་[འཛིམ་]རྩ་བ་མགོ་ལྔ་མགོ་དགུ་དང་། །མགོ་བདུན་དྲུག་དང་གསུམ་དང་ལྔ་པ་ལ། །གསང་འཛིམ་ལོ་གཅིག་སྐྱེས་པའི་འབྲས་བུ་དེ། །རྨ་མེད་ཞག་བདུན་མེ་ཡིས་བསྲེག་ལ་བདུག །དུས་ལས་འདས་ན་ནུབ་[ནུས]པ་འཆོར་བ་ཡིན། །སྦྱར་ཐབས་ནས་ཙམ་ཀ་ར་བདར་[བརྡར་]ཕྱེར་སྦྱར། །ལོ་བརྒྱད་ཁྱེའུ་བཙུན་པའི་དྲི་ཆུས་སྦྱར། །བཏང་ཐབས་མ་སོད་བར་དུ་བསྐྱར་ཞིང་གསད། །སྨན་ཕོག་རེ་ལ་རྔུལ་དབྱུང་སོད་རྟགས་ལ། །ལྕེ་དང་ལུས་སྦྲིད་སོར་མོ་རིངས་[རེངས་]པ་ཡིན། །ཟུག་ཆོག་[ཆོགས་]སྐྲངས་ཆོག་[ཆོམས་]རྔུལ་ཆུ་ཡང་དུ་འོང་། །སྨན་གྱི་ལོག་གནོན་བྲག་སྐྱ་ཧ་བོ་ཡིན། །མིང་པོ་བདུན་གྱི་སྲིང་ཅིག་[གཅིག་]མ་ཞེས་བྱ། །དུས་བཏུས་ཐུན་རེ་བོད་ཚྭ་ཕྱེད་མར་སྦྱར། །ལོག་པ་འཛོམས་[འཇོམས་]ལ་ནད་སོད་རྟགས་འོངས་ཏེ། །མ་བྱུང་དུག་ཐུན་གསུམ་གྱི་རེ་རེ་བཏང་། །རྐྱང་སྦྱོར་འདི་ལ་སྨན་[དམན་]ལྷག་ལོག་གསུམ་འབྱུང་། །དམན་གྱིས་མ་སོད་གཡག་ཤོར་རྟ་ཆད་འདྲ། །མ་ནོན་སྲོག་ཟ་གཡག་མེད་རྟ་རྒྱུག་འདྲ། །ལྷག་པ་ཐལ་བ་གཡག་རྟགས་[རྟ་]རྒྱུག་འདྲ། །དེས་ན་འདི་ལ་མཁས་པས་གཟབ་པར་བྱ། །གཉིས་པ་གཙོ་འཁོར་བཅས་བཅས་པ་སྦྱོར་བ་ལ། །དུག་གི་གཉེན་པོ་ཡོད་དང་མེད་པ་གཉིས། །མེད་པ་འཛིན་[འཛིམ་]པ་ཤུ་ཚེར་ར་དུག་[ཐུག་]ཕྱེད་མར་བསྦྲེ་[སྦྲེ]། །མིའི་དཔྱི་རུས་ཐལ་བ་བཞི་སྦྱར་ཏེ། །ཐུན་ཚད་གྲི་རྩེ་ཆེ་ཆུང་འབྲིང་གསུམ་ནད་དང་སྦྱར། །མོ་བརྒྱད་གྲི་[དྲི་]ཆུ་སྦྱར་ནས་འཕུལ་ཏེ་བཏང་། །རྔུལ་དབྱུང་སྨན་ནད་བྱུང་ན་སོད་པ་ཡིན། །མ་སོད་སྐྱར་[བསྐྱར་]ཞིང་སོད་ན་ལོག་གནོན་གཅེས། །ནག་[ནས་]ཐུག་ཚ་[ཚྭ་]བཏབ་བཏུང་ལ་ལོག་ནོན་ཡིན། །གཙོ་འཁོར་གཉེན་པོ་བཅས་པའི་སྦྱོར་བ་ནི། །ཧ་ལ་ཅ་གཅིག་ཨ་རུ་ཆ་བཞི་དང་། །གླ་རྩི་མུ་ཟི་གུ་གུལ་ནག་པོ་བཟང་དྲུག་དང་། །རུ་ཏ་[རྟ་]ཆུ་དག་ཤིང་ཀུན་དྲི་ཆུ་ཡིས། རིལ་བུ་སྦྱང་[སྦྱར་]བའི་རིལ་ལུ་[བུ་]སྲན་མ་ཙམ། །དངུལ་ཆུ་བསྣན་ན་མཆོག་ཏུ་ཤིས་པ་སྟེ། །གཞིན་[གཞན་]དག་ཀུན་ཏེ་ཆུ་སེར་སྣག་[རྣག་]མི་འབྱུང་། །ཆ་གཅིག་སྟར་བུས་བཤིག་ནས་བསྣན་པ་སྟེ། །སྔ་མ་མ་ཞུའི་ཐག་[ཐོག་]ཏུ་ཕྱི་མ་བཏང་། །མ་སོད་བར་དུ་གཏར་ཞིང་རྔུལ་དབྱུང༌བྱ། །གསུམ་པ་མང་སྦྱང་[སྦྱོར་]ཚེ་ཅིག་[གཅིག་]ལུས་གཉིས་བླངས་ཤ་སྟེ། །ཅོང་[ལྕོང་]མོ་ལག་པ་ཅན་གྱི་ཤ་ལ་གཙོ་བོ་བྱ། །དེ་ལ་སྡིག་སྦྲུལ་གཙང་[རྩངས་]ཕག་ཉ་ཁྱི་བ། །(རྟེའུ་)ལེ་[ལོ་]སྦུར་པ་ཕུག་[པུ་]ཤུད་འུག་པ་སྣོད་[སྡོམ]། །གདུག་པ་ཅན་གྱི་རྣམས་འཚོགས་ཚད་ལ། །གླ་རྩི་མུ་ཟི་གུ་གུལ་བཟང་དྲུག་ཆུ་དག་དང་། །ཤིང་ཀུན་རྡོ་བ་བག་[སག་]ཀྱ་པྲི་ཡང་ཀུ། །རྡོ་རྩི་སྔོ་ཡི་དྲི་སྨན་སྣ་ཚོགས་ནི། །མི་རྩ་འཆའ་གཉེན་[གཉན་]དུག་པ་སེར་ནག་སྔོ་ནག་ད་། །ཤ་བ་བྱ་སྒོས་[རྒོད་]སྤོས་བྱི་རུག་པ་དང་བརྩོད་[རྩད]། །སྤང་རྩི་སྤྲས་ཕྲུ་ཤུག་ཚོར་བ་དང་གླ་རྩི་དང་། །གཡེར་མ་ཁྱི་ལྕེ་བ་དང་སྐྱེར་པ་མཛོ་མོ་དང་། །བྱི་ཚེ་[ཚེར་]སྔོ་ཚེར་མེ་ཏོག་ལས་[ལ་]སོགས་པ། །སེང་ལྡིང་[ལྡེང་]ལ་སོགས་ཚེར་མ་ཅན་གྱི་ཤིང་། །བཙན་དུག་ལ་སོགས་དུག་སྣ་ཐམས་ཅད་ནི། །བོང་ང་ཁོང་དུ་ར་དུག་སྤྱད་ཀྱི་དུག །རེལ་ཅག་[རེ་ལྕག་]ཐར་ནུ་དུར་བྱིད་ཐང་ཕྲོམ་རི་བོང་ཤ། །ཚད་དུ་སྦྱར་ཏེ་དུག་རྣམས་ཆ་གཅིག་དང་། །སྨན་ལ་ཆ་གཅིག་དྲི་སྨན་ཆ་བཞི་དང་། །དངུལ་ཆུ་སྦྱར་ནས་རྩི་བཞིན་བཏགས་བྱས་ནས། །དྲི་ཆུས་སྦྲུས་པའི་རིམ་[རིལ་]བུར་དུག་སྔགས་བཏབ། །གཉན་ནད་མ་ལུས་ཀུན་ལ་སྨན་དུ་རྩི། །ཁྱད་པར་གག་ལྷོག་འཇོམས་པའི་རྒྱལ་པོ་ཡིན། །སྔགས་ཀྱི་སྒོམ་པ་རང་ཉིད་ལྕགས་ཀྱི་བྱ། །ཁྲོ་ཆུང་ནག་པོ་གནམ་ལྕགས་མཆུ་སྡེར་ཅན། །ཞལ་ནས་སྔགས་ཀྱི་འོད་ཟེར་སྨན་འཕྲོ་སྒོམས། །ཨོཾ་ནག་པོ་ཀ་[ཀཱ་]ལ་རག་[རཀྵ་]རྦད་རྦད། །སོད་སོད། ཕྱུང་ཕྱུང་། །སྤུ་གྲི་ཟང་ཟང། །ལྕགས་ཀྱི་ལྡེར་མོས་གནོད་བྱེད་འབྱུང་པོའི་སྙིང་ལ་ཟོད་[ཟོ]། །ན་[ནཱ་]ག་བྱི་ར་ཡ་སོད་ན་[ནཱ་]ག་བྱི་མ་ལིང་སོད། །སྨྲ་བ་བཅད་ལ་སྟོང་སྟོང་བམ་[བསམ་]སྟེ་རླུང་ལ་ཕུས་མི་གདབ། །གཉན་སྔགས་དེ་ཡིས་གཉན་རྣམས་མ་ལུས་གསོད། །ཐ་མ་རོ་དབྱུང་ཐར་ནུ་ཆུ་རྩ་དང་། །ཧུང་[ཧོང་]ལེན་རྒྱལ་བློན་དྲི་ཆུས་སྦྱར་ལ་བཏོང་[གཏོང་]། །གཉན་བཤལ་ཆེན་པོས་དག་པར་བཀྲུ་བ་ཡི[ཡིན]། །ཡང་ན་བཟང་དྲུག་གླ་རྩི་གུ་གུལ་དང་། །ཤུ་དག་མུ་ཟི་སྟག་ཤ་ཤ་ཆེན་དང་། །ལྷོག་དུག་ཐར་ནུ་ཆུ་རྩ་དུག་བུས་[པུས་]པ། །གསེར་གྱི་མེ་ཏོག་ཧུང་[ཧོང་]ལེན་གྷི་ཝང་རྣམས། །དྲི་ཆུ་སྦྱར་བས་གསོད་སྦྱོང་གཅིག་[ཆིག་]ཆོད་ཡིན། །གཉིས་པ་ཁྱད་པར་་ལྷོག་པ་བཅོས་པ་ལ། །བཅོས་ཐབས་བྱེར་ཞུད་ལོག་གནོན་གཉིས་པའོ། །དང་པོ་བྱུག་པ་འཛིམ་པ་མུ་ཟི་སྟག་ཤ་བ། །གླ་རྩི་གུ་གུལ་བྱུག་པའི་གཉེན་[གཉན་]ལྷོག་པ་གསོད། །སོ་དག་[ཐོག་]ཁྱི་ལྕེ་བྲག་སྤོས་ཆུ་རྩ་དང༌། །སྤུ་[སྤྲུ]་རྩ་ཁྱི་སྤྱང་མི་བྲུན་སྐྲངས་པ་འཇོམས། །རྦ་[རྭ་]གཞོབ་དུད་པ་བྱ་བལ་ཁྱི་བྲུན་ཏེ། །བྲག་ཞུན་ཆུ་དག་དྲི་ཆུ་ཀུན་གྱི་གྲོགས། །བཅུ་དགུ་ཞིབ་བཏག་[བཏགས་]སླ་མོས་ཡང་ཡང་བྱུག །སྐྲངས་པ་མི་ཤིག་[བཤིག་]སྐྲངས་མཚམས་འབྲོས་སྣ་གནོན། །ཉ་[ཉྭ་]དང་ཤ་རྒོད་རྩ་བའི་སོ་སྣ་བླན་[གླན]། །མ་ནོན་བོག་[ཤོག་]བུ་སྤུ་ནན་ཕྱིང་ནན་བྱ། །བྱུགས་པ་ཁོག་སྨན་གཉིས་ཀྱིས་མ་སོད་ན། །མེ་ཡིས་བསྲེག་ལ་ལུང་པའི་མདོའ་སྣོ་བགེགས་[མདོ་སྒོ་བགེག]། །སྒང་[རྐང་]ལ་བྱུང་ན་མེར་བསྲེག་དུ་(བ་)ལ། །ལག་པ་ཨ་ཡོ་[སོ་]དེ་བཞིན་འབྲོས་འཕྲང་སྡོམ། །རི་བོའི་རྩེ་ལ་མེ་རྒྱ་གདབ་པ་སྟེ། །ཁོང་དུ་ཤོར་རམ་ལུས་ཀྱི་སྦུ་[སྦུབས་]བྱུང་ན། །སྤྱི་གཙུག་སྔོན་པོ་དྲུག་དང་དཀར་ནག་མཚམས། །སྲིན་ལགས་[ལག་]རྐང་པའི་འཐིལ་ལ་བསྲེག་པའོ། །སྐྲང་ཀྱི་མཐའ་མར་དམིགས་[དམག་]གིས་བསྐོར་བ་ནི། །སྐྲངས་ནས་སྣ་དང་སྐྲངས་མཚམས་པོ་[སོར་]རེ་དཔག་ནས་བསྐོར། །སྟེང་ན་གནམ་ལྕགས་དབབ་པ་བཞིས་བཅོས་ཏེ། །ཉའི་ཟེ་བ་སྦྲུལ་གྱི་མཇུག་མ་དང་། །སྡོམ་དང་རྟ་བླའི་རྐང་པ་སྡིག་པའི་ར་[རྭ]། །སྦལ་བའི་རྒྱབ་ཤ་གཅོང་[ལྕོང་]མོའི་མགོ་བོ་དང་། །ན་ཆུང་ནུ་མ་འདྲ་བའི་དཀྱིལ་དུ་བརྡེག །སྐྲངས་པ་ཆེ་ན་སྤྱང་རྗེས་རྒྱ་གྲམ་བསྲེགས་[བསྲེག]། །སྲེག་རྗས་[བསྲེགས་རྗེས་]ཁོང་སྨན་བྱུག་པ་གདོན་ནས་བསྲེག །ནངས་པར་ཐུལ་བའི་རྟགས་སུ་སྐྲངས་ཟུག་བྲི། །ཡང་ན་རྣག་ཏུ་ཁུག་ན་འཚོ་བ་ཡིན། །སྨིན་དང་མ་སྨིན་གང་འབུག་[དབུག་]བཅད་ཐབས་རྣམས། །རྣག་ཏུ་ཁུག་ན་ཡན་ལག་བཞིན་དུ་བཅོས། །གཉིས་པ་ནད་ལོག་བྱེར་བ་སྡུད་ལ་ཞུད་པ་སླང་[བསླང་]། །འཁྱམས་པས་[པ་]འགུག་ལ་ཆུ་སེར་ལོག་པ་སྤངས། །བྱེ་[བྱེར་]ལ་རྩ་རྣག་ཤ་ལྤགས་[པགས་]སྐྱི་རྣག་བྱེར་ལྔ། །རྩ་ལ་བྱེར་ན་འཕར་རྩ་ཁྲག་གིས་རྒྱས། །དེ་ལ་མེ་བཙའ་གཏར་ཁ་སྦྱོང་གིས་འགུག་[དགུག] །ཤ་ལ་བྱེར་ན་སྐྲངས་པ་འབྱམས་ན་ཆེ། །ཁྲ་བོ་ནག་པོ་ཞུན་བྱས་ཆས་ཀྱིས་འགུག །རྣག་བྱེར་ཁྲུས་དང་ཆིང་ནན་དེབ་ཀྱིས་བསྡུད་[སྡུད]། །ལྤགས་[པགས་]བྱེར་རྨ་བ་[ཁ་]ཆེ་བ་སྐམ་རྩིས་བསྡུ། །སུག་པ་ཆུ་མ་རྩི་དང་བོང་ང་དང་། །དྲེས་རྙིང་ཀར་ཁོང་[སྒོག་]ཐལ་བ་མར་དཀར་བྱུག (རྣག་)བྱེར་ཀྱི་[སྐྱི་]ཕུད་སླེ་ཀྲེས་[ཏྲེས་]ཕ་བང་སྒོའི་[དགོ་དགོ་ཡི]། །དུད་པ་དང་ནི་བྱ་བྲལ་[བལ་]མར་དཀར་ཀྲི་[དཀྲི]། །ཞུད་པ་གནོད་[གདོན་]བཅོས་ཞོ་སྦང་སྦྱར་བས་བསླང༌། །ཡང་ན་སྦང་མ་བྱུག་པས་བྲན་ལ་འདུལ་[བདུག]། །འཁྱམས་པ་དོན་འཁྱམས་པ་དོན་འཁྱམས་རྩ་དྲག་རྔམ་པ་རྒོད། །འཕྲང་བཅད་ཁོང་དུ་བསྡུས་ནས་གསད་པ་སྟེ། །རི་བོའི་རྩེ་ལ་མེ་བཏབ་བུར་ཆང་བླུད། །དེ་རྗེས་ནག་པོའི་ཕྱེ་མ་བཏང་བ་ཡིན། །སྣོད་འཁྱམས་དངས་[དང་]ཁ་མི་བདེ་འཁྲུ་སྐྱུག་བྱེད། །གཉན་བཤལ་ཡིན་ན་གང་མཚམས་[འཚམས་]སྦྱོང་གིས་བཤལ། །ཆུ་སེར་ནག་པོ་ལོག་ན་སྨྱོ་འབོག་བྱེད། །མིག་བཟློག་[ལྡོག་]སྣ་ནས་ཆུ་སེར་འཛག་པ་ན། །སྣ་བཤལ་བཏང་ཞིང་ག་ཕུར་[པུར་]རྒྱལ་བློན་སྦྱར། །བདུན་པ་དྲུག་པ་དཀར་ནག་མཚམས་སུ་བསྲེག །དེ་ལས་[ལ་]སྐྱེད་མེད་འཆི་བའི་དུས་ལ་བབས། །གསུམ་པ་གག་པའི་བཅོས་ཐབས་ཞི་བཞུ་བཅད་པ་ནི། །གག་ལྷོད་སྤྱི་བཅོས་མེད་པ་[མདེ་]ཁར་འདི་བརྟག་སྟེ། །ཞི་བ་ཚ་[ཚྭ་]བཙོད་འཛིམ་པ་ཕོ་ཚོར་[ཚོས་]བཏབ། །བཞུ་བར་བྱ་བ་ཚ་ལ་ཆུ་སེར་དང་། །རྒྱ་ཚ་ནག་ཚུར་བཏབ་པ་བྱ་བ་ཡིན། །བཅད་པ་རྒྱ་ཚ་རུ་རྟ་ཆུ་དག་བཏབ། །དེས་མ་ཆོད་ན་སྐྱུང་གིས་བཞར་རྗེས་བསྲེག །གག་པ་གཉན་ཚད་གྲེ་བ་འགགས་པའི་ཕྱིར། །འདི་ལ་དཔྱད་ནི་གཞན་ན་ཡོད་མ་ཡིན། །བཞི་པ་ནད་ལོག་ཡར་རྫོང་ཀླད་ལ་ཤོང་[ཤོར་]བ་ན། །སྣ་ནས་ཆུ་སེར་འབབ་ཅིང་རླབ་ཆོལ་[བླ་འཆོལ་]སྨྲ། །དེ་ལ་སྣ་བཤལ་བཏང་ལ་ཆུ་སེར་སྦྱང༌། །མར་རྫོང་སྙིང་ལ་བབས་ན་ཤེས་པ་འཕྱོར་[འཕྱོ]། །ལྕེ་གཞུང་ནག་ན་ག་ཕུལ་[པུར་]རྒྱལ་བློན་སྦྱར།གག་པ་ལྷོག་ནན་དེ་ཡིས་བསལ་བ་ཡིན། །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་ལྷོག་དང་གག་པ་བཅོས་པའི་ལེའུ་སྟེ་ཉི་ཤུ་དྲུག་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:33 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།