སྨན་རྩིས་དྲ་བ། - མན་ངག་ལྷན་ཐབས།

ལེའུ་ཉེར་དྲུག་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.11.2020
མན་ངག་ལྷན་ཐབས། >>


                                        ལེའུ་ཉེར་དྲུག་པ། རིམས་ཀྱི་ཚ་བ་བལ་ནད་སྤྱི་སྒེར་རགས་རིམ་བཅོས་པ།

རིམས་ཞེས་བྱ་བའི་ནད་འབྱུང་རྒྱུ་རྐྱེན་ནི། །ལྔ་བརྒྱ་དུས་ཀྱི་ཐ་མར་གྱུར་ཙ་ན། །མི་རྣམས་འདོད་པའི་དབང་གིས་ལོག་པར་སྤྱོད། །སྔགས་པ་རྣམས་ནི་རྡོ་རྗེའི་ནང་དམེ་དར། །དགེ་འདུན་བཙུན་པ་རྣམས་ནི་སྡེ་འཁྲུག་བྱེད། །མུ་སྟེགས་བན་བོན་རྣམས་ནི་ཟོར་ཁ་འཕེན། །སྐྱེ་བོ་རྣམས་ནི་མནའ་འཐབ་ཤན་དམར་བྱེད། །དེ་དུས་མ་མོ་མཁའ་འགྲོ་ཀུན་འཁྲུགས་ཏེ། །ནད་ཀྱི་ཁ་རླངས་སྤྲིན་དུ་ཆགས་པ་ལས། །བལ་ནད་རྒྱུ་གཟེར་གག་ལྷོག་འབྲུམ་སོགས་འབྱུང༌། །གཞན་ཡང་དུས་བཞིའི་འབྱུང་བ་དམན་ལྷག་ལོག །དྲག་ཤུལ་དྲི་དུགས་ཁྲོ་འཇིགས་མྱ་ངན་འདོད། ཁ་ཟས་མ་སྙོམས་པ་ཡིས་རིམས་སུ་འགྱུར། །རྒྱུ་རྐྱེན་དེ་ཡིས་མཁྲིས་པའི་མེ་དྲོད་བསླང༌། །རྔུལ་ལ་བབས་ནས་བད་ཀན་མཁྲིས་པ་རླུང༌། །འཇུག་སྒོ་དྲུག་ཏུ་རིམ་པས་འཇུག་པའམ། །དྲིས་ཕོག་ཡམས་སུ་རིམས་ཀྱིས་འགོས་པའི་ཕྱིར། །རིམས་ཞེས་བྱ་བའི་རྒྱུ་མཚན་མིང་དུ་བཏགས། །དབྱེ་བ་རྒྱུད་ཆེན་དྲུག་དང་སྔ་འགྱུར་ལས། །མིང་དང་ངོས་བཟུང་མི་ཐུབ་གྲངས་མང་དུ། །གསུངས་ཀྱང་འདི་རུ་རིམས་རྐྱང་རྣམ་པ་བཞི། །གཉན་ལེ་བཅོ་བརྒྱད་བསྡོམས་པས་ཉི་ཤུ་གཉིས། །ཕྱི་མ་རྣམས་ནི་རང་ལེའི་གཤམ་དུ་སྟོན། །དེ་ལ་བསྲུང་དང་གསོ་བ་རྣམ་གཉིས་ལས། །དང་པོ་བསྲུང་ལ་ནང་དུ་ཟུག་གུ་འཇུག །གླ་གུལ་ཤིང་ཀུན་ཤུ་དག་སྨན་ཆེན་དང༌། །ལྡོང་རོས་གི་ཝཾ་ཆིག་སྐྱེས་གུར་ཀུམ་བཅས། །རིལ་བུ་སྲན་ཆུང་ལྟོ་སྟོང་ཟུག་གུ་འཛུད། །གླ་གུལ་ཤིང་ཀུན་ཛཱ་ཏི་སྤྲུ་ནག་པ། །ཤུ་དག་མུ་ཟི་ཆིག་སྐྱེས་ཆ་སྙོམས་པ། །དྲག་སྔགས་བཟླས་པའི་མཆིལ་མས་བྲན་པའམ། །དེ་མིན་དྲི་ཆུས་བྲན་ལ་བུག་དགུ་དང༌། །གནས་ཆེན་བརྒྱད་དུ་སྲིན་ལག་བསྐུས་ལ་བྱུག །བྱ་རྒོད་ཕག་རྒོད་རྒྱུལ་ཏེལ་སྦྲེ་ཅན་དང༌། །གླ་ནག་རྩི་རྣམས་ཞིབ་བཏགས་རང་ཉིད་ནི། །གུ་རུ་རབ་ཁྲོས་མཐིང་ནག་གཡས་རྡོ་རྗེ། །གཡོན་ཐོད་ཁྲག་འཛིན་པ་ཆིབས་ཕག་རྒོད། །ཁམ་ནག་ཞལ་ནས་དྲག་སྔགས་མེ་སྟག་འཕྲོ། །རང་ལས་སྤྲུལ་པའི་ཕག་རྒོད་དཔག་མེད་འཕྲོས། །ནད་གདོན་ཐམས་ཅད་ཧུར་ཐུམ་ཟོས་པར་བསམ། །ཨོཾ་བྷི་ཏུ་ནཿ  ཁ་ཙ་ན་དུཿ  ཧེ་ཧུཿ  བྷི་ཤ་མ་ཧི་ར་ཧོཾཿ  ཀྲེ་དུ་ཀེཿ  བྷི་ཤི་ན་ཏཿ  བྷི་ན་ཡ་སྭཱཧཱ། ཞེས་པ་འབུམ་བཏབ་ཁོང་དུ་དུ་བར་གདུ། །རིམས་ནད་མེ་ལྟར་འབར་ཡང་ཅིས་མི་ཚུགས། །རིམས་རྐྱང་དེ་ནང་བལ་ནད་སྤོམ་ཡོར་ཞེས། །དབྱེ་བ་རྟགས་དང་བཅོས་ཐབས་རྣམ་གསུམ་ལས། །དེ་ལ་འབབ་ས་གནས་སྒོའི་དབྱེ་བ་བདུན། །རིམ་པ་དུས་ཀྱི་སྒོ་ནས་དབྱེ་བ་ལྔ། །ནད་གཞི་རིགས་ཀྱིས་དབྱེ་ན་བཅུ་གཉིས་ཏེ། །རྒྱས་པར་བལ་ནད་དབྱེ་བ་ཉི་ཤུ་བཞི། །གསུངས་ཀྱང་སྐབས་འདིར་རླུང་རིམས་འདར་ཡེར་གཉིས། །མཁྲིས་པའི་རིམས་ལ་ལེ་བརྒན་ཞེས་བྱ་བ། །བད་ཀན་རིམས་ལ་རྨོངས་བུ་ལྐུགས་པ་གཉིས། །འདུས་པའི་རིམས་གཅིག་རྣམ་པ་དྲུག་ཏུ་བསྡུས། །རྟགས་ལ་སྤྱི་དང་བྱེ་བྲག་རྣམ་པ་གཉིས། །སྤྱི་ལ་མ་སྨིན་རྒྱས་དང་སྟོངས་པ་གསུམ། །དང་པོ་མ་སྨིན་རིམས་ཀྱི་མངོན་ཚུལ་ནི། །ཕྲུམ་སེར་ཡུན་རིང་མགོ་རྐང་ཚིགས་གཞི་ན། །ལུས་ལྕི་སྒྱིད་སྐྱུར་རྨི་ལམ་ཟ་ཟི་མང༌། །གཡལ་མང་རྣ་བ་འཐིབས་ལ་ཤེས་པ་མྱོས། །ཉི་མ་སྙེག་ཅིང་ཁྱད་པར་སྲོད་ལ་ན། ཁ་ཁ་མགོ་བོ་ན་ཞིང་དང་ག་འགག །རྩ་རྒྱུད་ཕྲ་མགྱོགས་གཡོ་ཞིང་ཆུ་མདོག་རྙོག །བར་དུ་རིམས་རྒྱས་ལུས་ལྕི་རྔུལ་དྲི་མནམ། །མིག་མདངས་དམར་སེར་ལྕེ་མཆུ་སོ་དྲེག་ཆགས། །མགོ་ན་སྐོམ་དད་ཆེ་ལ་ཤེས་པ་གཡུང༌། ཆུ་དམར་དྲི་མ་དུགས་ལ་ཀུ་ཡ་མཐུག །རྩ་རྒྱུད་ཕྲ་ལ་གྲིམས་ཤིང་མྱུར་དུ་འཕར། །ཐ་མར་ཞུ་འཁྱགས་མཚམས་སླེབ་སྟོངས་པའི་རྟགས། །དཔྱི་དང་རྐེད་པ་རུས་རྐང་ཁྱབ་པར་ན། །ལུས་རྔུལ་གཉིད་ཆུང་མགོ་འཐོམས་རྣ་བ་འུར། །ལྕེ་ནི་དམར་རྩུབ་སྐམ་ལ་སྟོང་སྐྱུགས་བྱེད། །སྨྲ་འཆལ་སྐབས་སུ་འདར་ཞིང་ཕྱི་དྲོད་ཆེ། །བྱེ་བྲག་རླུང་རིམས་བརླ་དང་རྐེད་པ་ན། །མགོ་ལུས་ཡན་ལག་ལུས་ཀུན་བརྡུངས་སྙམ་བྱེད། །གཡལ་མང་མགོ་འཁོར་རྣ་བ་སྒྲ་དང་བཅས། །གཉིད་ཡེར་མུ་འགྲམ་མགོ་བོ་ཟུག་ཅིང་གཟེར། །སྤུ་ལྡང་པགས་པ་བརྩེ་ལ་རྔུལ་མི་འབྱུང༌། །རྐང་ལག་མགོ་བོ་འདར་ཞིང་བླ་འཆོལ་སྨྲ། །ཁ་ཟས་མི་འཇུ་བཤང་གཅི་སྲི་བ་ཡིན། །ཁྱད་པར་འདར་བུ་ཕྲུམ་སེར་ཡུན་རིང་འདར། །ཡེར་བུ་གཉིད་མེད་གཡོ་ཞིང་འབྲོས་ཚུལ་སྟོན། །རླུང་རིམས་ (དང་པོ་)  བབས་ས་རུས་ཡིན་རུས་ཀུན་ན། །རྒྱས་ས་ (བར་དུ་) དོན་ཡིན་ལྕེ་སྐམ་ཟ་ཟི་མང༌། །ཐ་མ་ (འཆོར་ས་) སྲོག་རྩར་ལམ་དོན་སྨྱོ་འབྲོས་བྱེད། །མཁྲིས་རིམས་བསིལ་འདོད་མགོ་ན་ཁ་ཁ་ཞིང༌། ལུས་ཚ་འཁྲུ་ཞིང་བཤང་གཅི་ལྤགས་མིག་སེར། །རྔུལ་འབྱུང་དྲི་མནམ་མྱོས་ཤིང་སྐོམ་དད་ཆེ། །ལུད་པ་ཁྲག་བཅས་ཁ་ལ་ཐོར་པ་འོང༌། །ཁྱད་པར་ལེབ་རྒན་སྟོད་གཟེར་ལུད་པ་དམར། །སྣ་ཁྲག་འཛག་ཅིང་ཚ་རྟགས་ཆེ་བ་ཡིན། །མཁྲིས་རིམས་ (དང་པོ་) བབས་ས་རྩ་ (ཚ་ཞིང་རྒྱས་ལ་འཁྱུག)  ཡིན་རྩ་ཆུ་ཚ། །རྒྱས་ས་ (བར་དུ་) ཁྲག་ཡིན་ཆུ་དམར་སྣ་ཁྲག་འཛག་ (རོ་སྟོད་ཚ༌) ། ཐ་མ་ (འཆོར་ས་) ཕོ་བར་ལམ་དོད་ (དང་ག་མི་བདེ་སྟོང་སྐྱུགས་བྱེད་) མེ་དྲོད་ཉམས། །བད་རིམས་མྱོས་ཤིང་ཚ་བ་དལ་བུས་སྐྱེ། །སྐྱུག་ཅིང་མཆིལ་མ་ལུད་པ་མང་བ་དང༌། །ལུས་སྙོམ་ལྕི་ཞིང་གཉིད་ཆེ་དང་ག་འགག །བཤང་གཅི་ལྕེ་དང་སེན་མོ་ལྤགས་མདོག་དཀར། །ཁྱད་པར་རྨོངས་བུ་ཟ་ཟི་ཉག་ཉོག་མང༌། །དྲན་པ་མི་གསལ་ཤེས་པ་འཐིབས་པ་ཡིན། །ལྐུགས་པ་མི་ངོ་མི་ཤེས་སྨྲ་བ་ལྐུགས། །དྲི་ཆེན་དྲི་ཆུ་མི་འཁྱོལ་མལ་དུ་འཆོར། །བད་རིམས་བབས་ས་ (དང་པོ་) དང་ག་ཡིན་པས་འགག (ཅིང་ཁ་མངལ་ཟས་མི་འཇུ) ། རྒྱས་ས་ (བར་དུ་) ཀླད་པ་ལུས་ལྕི་མྱོས་ཤིང་ལྐུགས། །མཁལ་མར་ (ཐ་མ་འཆོར་) ལམ་དོད་ཆུ་སྲི་རྣ་བ་འོན། །འདུས་རིམས་ཐོག་མ་དྭངས་མར་བབས་པའི་ཕྱིར། །དྭངས་མ་བད་མཁྲིས་གཉིས་ཀྱི་གནས་ཡིན་པས། །བད་ཀན་ཤས་ཆེ་མ་སྨིན་རྟགས་མི་གསལ། །མཁྲིས་ཤས་ཆེ་ན་མ་སྨིན་རྟགས་འགའ་གསལ། །དེ་འོག་མཁྲིས་ནད་ལྟ་བུར་མིག་ཆུ་སེར། །བར་དུ་རྒྱས་དུས་སེམས་རྨུགས་རྣ་བ་འོན། །གཉིད་ལོག་དུས་ན་ཟ་ཟི་བླ་འཆོལ་འབྱུང༌། ལུད་པ་དམར་སེར་དཀར་པོ་འབྱར་བག་ལུ། །རྐང་དང་རྐེད་པ་རུས་ཚིགས་མ་ལུས་ན། །གྲེ་བ་ཚ་འཛེར་སྦྲིད་པ་སྣ་ཆུ་མང༌། །མིག་དམར་རྩིབ་ལོགས་ན་ཞིང་སྐོམ་དད་ཆེ། །ཚ་བ་བཤང་གཅི་རྔུལ་དང་གཉིད་མི་སྙོམས། །ཐོར་པ་འབྲུམ་ཕྲན་དམར་ནག་འབྱུང་ཡང་སྲིད། །དྭངས་མ་ཁྲག་སོགས་ཟུངས་ཀུན་ལ་གནས་ཕྱིར། །ནད་རྟགས་མི་འདྲ་སྣ་ཚོགས་ཅིར་ཡང་སྲིད། །ངོས་བཟུང་སྨིན་བསད་འབྱང་དཀའ་ས་འདྲ་ལྕི། །ངེས་ཤེས་རྣ་བ་མི་གསང་ཟ་ཟིས་ཤེས། །ཐ་མར་ལུས་ཟུངས་ཞུ་བས་རྔུལ་མང་འབྱུང༌། །སྨྲ་མང་ཕྱི་རྩ་འདར་སྲིད་སྟོང་སྐྱུགས་འོང༌། །ལུས་གྲང་ཧམ་པ་སྐྱ་འམ་མགོ་རྐང་ན། །དེ་དག་རི་ཐང་མཚམས་སུ་ཕེབས་རྟགས་ཡིན། །བཅོ་བརྒྱད་ཉི་ཤུ་གཉིས་ནས་འཚོ་འཆི་ཕྱེད། །བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་སྨན་དཔྱད་ཟས་སྤྱོད་རྣམ་པ་བཞི། །སྨན་བཅོས་ཆུ་ (ཐོག་མ་) སྐོལ་ཚད་ལྡན་ལན་འགའ་བཏང༌། །དེ་ནས་མ་ནུ་བཞིའམ་སླེ་ཏྲེས་ཀྱི། །ཆིག་ཐང་ལན་འགའི་བར་དུ་བཏང་བར་བྱ། །དེ་ཡང་ཁྲག་མཁྲིས་ཤས་ཆེ་འབྲས་བུ་གསུམ། །སླེ་ཏྲེས་ཏིག་ཏའི་ཐང་ཡང་མཆོག་ཏུ་བསྔགས། །ཟས་སྤྱོད་མ་སྨིན་ཚ་བའི་དུས་ལྟར་བསྟེན། །དེ་ལྟར་སྨིན་བྱེད་སྦྱོར་བ་མཆོག་ཡིན་ཏེ། །རིམས་ཚད་དང་པོ་མ་སྨིན་སྙན་གསན་ཕབ། །གསུངས་པ་ཇི་བཞིན་སྨིན་བྱེད་བསྟེན་བྱས་ལ། །དེ་རྗེས་གཉེན་པོ་བསྟེན་པ་སྤྱིར་བཏང་བཤད། །འོན་ཀྱང་སྨིན་ལོང་མེད་པའི་ཚ་བ་ལ། །སྨིན་བྱེད་ཐེངས་ལྔ་ཙམ་རྗེས་གཉེན་པོ་བསྔགས། །སྤྱིར་ན་ཞག་གསུམ་རླུང་དུས་སྨིན་བྱེད་བསྟེན། །དེ་ནས་གཉན་གྱི་རི་བོ་བསྙིལ་བ་དང༌། །བསིལ་གྱིས་ཚ་བའི་མེ་དབལ་བསད་པར་བྱ། །དེ་ལ་སྨན་སེར་ཆེ་ཆུང་གཉིས་པོ་དང༌། །སྤང་རྩི་བཅུ་གཉིས་ཐེངས་གསོས་དགུ་པ་རྣམས། །ནད་འདིའི་གཉེན་པོར་མཐོང་ཞིང་ཁྱད་པར་དུ། །སྨན་སེར་ཆེ་བ་མཆོག་ཏུ་བསྔགས་པར་མཐོང༌། །འོན་ཀྱང་ཌཱ་ཀིའི་ཁ་རླངས་ཁྱད་འཕགས་པ། །སྤྲུ་ནག་སྨན་ཆེན་འཛིན་པ་བདུད་རྩི་ལོ། །གར་ནག་ཕུར་ཁཎ་ནིམ་པ་སུམ་ཅུ་ཏིག །ཙན་དན་གི་ཝཾ་ཅུ་གང་གུར་ཀུམ་དང༌། །ག་དུར་དེ་བ་བྲག་ཞུན་པར་པ་ཏ། །བོང་དཀར་གླ་རྩི་གུ་གུལ་སྟག་ཤ་ནག །ཨ་གར་གྲི་ཤ་ཤུ་དག་མུ་ཟི་སེར། །ཨ་བྱག་ཚེར་སྔོན་མིང་ཅན་ནག་པོ་དང༌། །ལི་ཤི་གསེར་མེ་སྤྲུ་ནག་ཉེར་དགུ་འམ། །ཆིག་བརྒྱུད་དང་ལྡན་སུམ་ཅུ་རྩ་གཉིས་པ། །འཆི་བདག་གཡུལ་ལས་རྒྱལ་བའི་ཕ་ལམ་སྟེ། །སླེ་ཏྲེས་ཐང་ངམ་ཆུ་ཚན་ཚ་མོས་དབུལ། །སྦྱོར་ཚད་རང་རང་ནད་ཀྱི་ཁ་སྒྱུར་སོགས། །ཟབ་མོ་ཆིག་བརྒྱུད་གདམས་པ་ངག་ལས་ཉན། །བལ་ནད་རྒྱུ་གཟེར་གག་ལྷོག་འབྲུམ་ནག་དང༌། །མཁྲིས་པ་རྩར་རྒྱུག་གཟེར་ཐུང་གསུམ་འཁྲིལ་སོགས། །དུས་ངན་གཉན་རིགས་པརྤ་ཏ་ཞེས་པ། །བཅོས་དཀའ་འགྲོ་སྲོག་མྱུར་དུ་ལེན་བྱེད་པའི། །གཉན་ཚད་རླུང་གསུམ་འཐབ་པའི་ནད་ཀྱི་རིགས། །མི་བྱེར་བསྡུ་གསོད་མ་ལུས་བྱེད་པའི་མཆོག །བྱིས་པ་རྒན་པོ་ཟུངས་ཟད་མ་གཏོགས་པར། །སྨན་བཏང་ལོག་པའི་ཉེས་པ་འདིར་མི་འབྱུང༌། །དེ་ཕྱིར་ནད་བརྒྱ་སྨན་གཅིག་བཟུང་ཡང་རུང༌། །ཡང་ན་དེ་བ་གསེར་མེ་པརྤ་ཏ། །ག་དུར་ཨ་རུ་སྦྱར་བ་དེ་བ་ལྔ། །སྤང་རྩི་བོང་དཀར་ཆིག་ཐུབ་གླ་གུལ་བསྣན། །བལ་ནད་རིམས་ཀུན་འཇོམས་པའི་སྤྱི་སྨན་ཏེ། །དེ་བ་བཅུ་པ་ཞེས་བྱ་བྱང་པའི་ (ལྷུན་) ལུགས། །སྟོང་རི་ཟིལ་པ་འཛིན་པ་བོང་ང་དཀར། །སྟག་ཤ་གི་ཝཾ་གླ་རྩི་གུལ་ནག་སྦྱར། །གོང་སྨན་ཆིག་བརྒྱུད་རིམས་ལ་ཐེངས་ཆོག་ཅེས། །ཟས་དང་སྤྱོད་ལམ་རྒྱས་ཚད་སྐབས་དང་འདྲ། །སྨྱོ་འམ་ལྐུགས་སམ་བླ་འཆོལ་སྨྲ་བ་ལ། །ཚིགས་པ་དྲུག་བདུན་མདུན་གྱི་དཀར་ནག་མཚམས། །མེ་བཙའི་དུས་ (བཅུ་གསུམ་འདས་པ་) དང་བསྲེག་ཚུལ་ཞལ་ལས་ཤེས། །དེ་དག་བར་གྱི་བཅོས་ཐབས་སྙིང་པོའོ། །དེ་ནས་ཕལ་ཆེར་བཅུ་གསུམ་ཕར་འདས་པ། །རི་ཐང་མཚམས་ཀྱི་དུས་ཡིན་དེ་རྟགས་འབྱུང༌། །རུས་གསར་སྲེ་ལོང་འོ་མ་ལ་སོགས་པ། །སད་མདས་ངོ་བླངས་གསར་བཅུད་ཆ་ཡིས་གློད། །གོང་གི་སྤྱི་སྨན་རྣམ་གཉིས་གང་རུང་ལ། །ཨ་གར་ཛཱ་ཏི་ཟེད་ཙམ་བསྣན་ལ་བཏང༌། །དེ་ཡིས་ཚ་བའི་གཞུག་འདོན་རླུང་ཁ་གནོན། །དེ་ལས་རི་ཐང་རླུང་ཤས་ཆེ་བ་ལ། །ཨ་གར་སོ་ལྔ་བརྒྱད་པ་སྲོག་འཛིན་དགུ །ཆང་གིས་འཕུལ་བས་རི་ཐང་རླུང་ཚད་འཇོམས། །མ་སྨིན་རི་ཐང་མཚམས་གཉིས་རིམས་ལ་གཅེས། །དེ་ཕྱིར་འདི་དུས་མཁས་པས་གཟབ་པར་བྱ། །ཚད་མཇུག་རྗེས་གཅོད་ཚད་པ་སྤྱི་དང་མཐུན། །དེ་རྣམས་རྗེས་ཀྱི་བཅོས་ཐབས་བསྟན་པའོ། །བྱེ་བྲག་རླུང་རིམས་གཏར་བཤལ་ག་པུར་སྤང༌། །སྤྱི་སྨན་སྟེང་དུ་ཨ་གར་ཛཱ་ཏི་བསྣན། །ཞག་དགུ་འདས་ (ཚ་བ་ཆུང་ཞག་དགུ  འབྲིང་བཅུ་གཅིག  ཆེ་བཅུ་གསུམ་) ཕན་ཚ་བའི་སྟོབས་སྦྱར་ལ། །འདར་བུའི་ལྟག་ཁུང་ཡེར་བུའི་ཨན་སྟོང་བསྲེག །མ་ཐུབ་སྲོག་རྩར་ལམ་དོན་སྨྱོ་བ་ན། །ཨར་བརྒྱད་སྒོག་ཐལ་བསྣན་པ་རུས་ཁུས་དབུལ། །དྲུག་བདུན་དཀར་ནག་ལྟག་པའི་སྡུད་སྒོ་བསྲེག །རྩ་སྤུན་རྔམ་པ་རྩེག་ན་འཆི་བའི་ཉེན། །སྣ་ལོན་དྲན་པ་གསལ་ལ་རྩ་ཤེད་རྒྱས། །ཆུ་དྭངས་ལྕེ་རློན་རྐང་པའི་དྲོད་རྙེད་ཅིང༌།  །སྣབས་སྐམ་འགོགས་སླ་རྣ་བ་གསང་ན་འཚོ། །མཁྲིས་རིམས་སྤྱི་བཅོས་སྟེང་དུ་འབྲས་བུ་གསུམ། །ཏིག་ཏ་བསྣན་བཏང་མ་ཐུབ་དྲག་པོས་ (ཁ་ལ་རྒྱས་འདེབས་) སྦྱངས། །ལེ་བརྒན་སྣ་ཁྲག་འཛག་ན་སྨིན་དབྲག་བསྲེག །མེ་དྲོད་ཤི་ནས་སྟོང་སྐྱུགས་བྱེད་ན་ཉེན། །གོང་གི་སྣ་ལོན་རྟགས་ཚང་འཚོ་བར་ངེས། །བད་རིམས་སྤྱི་བཅོས་སྟེང་དུ་རྔུལ་དབྱུང་བྱ། །རྨོངས་བུ་ཨན་སྟོང་ལྐུགས་པར་དྲུག་བདུན་བསྲེག །དྲོད་ཉམས་བླ་རྩ་བྲོས་ན་འཆི་བའི་ཉེན། །སྣ་ལོན་གོང་རྟགས་ཚང་ན་འཚོ་བ་ཡིན། །འདུས་པའི་རིམས་འདི་དྭངས་མར་འབབ་པའི་ཕྱིར། །ནད་འདི་ངོས་འཛིན་བརྟག་དཀའ་ནད་ཡུན་རིང༌། །བཅོས་ཀྱི་གཉེན་པོས་སླེབས་ཀྱང་འདི་ག་ལྕི། །སྟོབས་ཆེ་སྨིན་ལོང་མེད་པའི་ཚ་རིམས་ལ། །བཙན་ (དཔྱད་བཅོས་) དུག་གླ་རྩི་གུ་གུལ་གྲི་ཤ་དང༌། །རེ་ལྕག་ཤུ་དག་ཆུ་རྩ་ཐར་ནུ་བ། །དུར་བྱིད་ཅུ་གང་གི་ཝཾ་ཨ་རུ་རྣམས། །དྲི་ཆུས་རིལ་བུ་བྲ་རིལ་ཙམ་དུ་བསྒྲིལ། །དྲག་པོ་བཅུ་གསུམ་ཞེས་པའི་སྦྱོར་བ་འདིས། །ཚ་བ་གཉན་རིམས་སྤྱི་དང་ཁྱད་པར་དུ། །བལ་ནད་རིམས་ཀུན་དྲག་པོའི་ལམ་ནས་འདྲེན། །སྟོབས་ཆུང་གོང་གི་སྤྲུ་ནག་ཉེར་ལྔ་དང༌། །ཟླ་ཤེལ་མྱུ་གུའི་སྦྱོར་བ་ལྟག་པ་སྤྲད། །སྟོད་གཟེར་ལུད་པ་དམར་ན་གོང་བཤད་ཀྱི། །སྤང་རྩི་བཅུ་གཉིས་སྦྱོར་བ་སྐབས་སུ་བཏང༌། །རྗེས་ལ་རི་ཐང་མཚམས་སླེབས་ཟུངས་གསོ་སྟེ། །འདུས་རིམས་ཡིན་ཕྱིར་ངེས་མེད་འཁྲུལ་སོ་ཆེ། །ལེགས་པར་བརྟགས་ལ་ཁ་ཟས་རིམ་གྱིས་གློད། །འདྲར་སྣང་བློ་བྲིད་འཕྲང་ལ་མ་ཤོར་གཅེས། །བླ་གཉན་ཐོར་བུ་སྣ་ཚོགས་གང་བྱུང་དང༌། །ཟས་དང་སྤྱོད་ལམ་གཉིས་ཀྱི་སྤང་བླང་རྣམས། །ཚ་བ་སྤྱི་ཡི་སྐབས་དང་འཕྲུལ་ཞིང་བཅོས། །ཁྱད་པར་མངར་སྐྱུར་དམར་ཟས་ཉེ་མི་རུང༌། །ཟླ་གཅིག་ཕར་འདས་རིམས་རྙིང་ཚ་བ་རྣམས། །གྱོང་རློན་མང་བཏང་ཉི་ཤུ་རྩ་ལྔ་སྦྱར། །དེ་ལྟར་བཅོས་ན་འདུས་པའི་རིམས་ལས་གྲོལ། །ཞེས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་ཀཏྤཱུ་ར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ཞེས་པ་ལས་རིམས་ཀྱི་ཚ་བ་བལ་ནད་སྤྱི་སྒེར་རགས་རིམ་བཅོས་པའི་ལེའུ་སྟེ་ཉེར་དྲུག་པའོ།། །།

མཐའ་མའི་འདོན་ཐེངས་།: 13.11.2020 ཉིན། 12:28 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།