སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་དགུ་པ། མིག་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.11.2023
མན་ངག་རྒྱུད། >> ལེའུ་ཉེར་དགུ་པ། མིག་ནད་བཅོས་པ།




ལེའུ་ཉེར་དགུ་པ།  མིག་ནད་བཅོས་པ། 

མགོ་ནད་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་རྣ་བ་གཏོད་དུ་བཅུག་ནས། མིག་གི་ནད་ལ་རྒྱུ་རྐྱེན་དང་དབྱེ་བ་དང་རྟགས་དང་བཅོས་པའི་ཐབས་དང་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ། དེ་ཡང་ཟླ་ཟེར་ལས། ནད་ཀུན་ནད་གཞི་ལས་བཤད་པའི། །གནོད་པ་ནད་ནི་འཁྲུགས་པ་དང༌། །མཆོག་ཏུ་མིག་ལ་གནོད་པ་དང༌། །ཕལ་ཆེར་མཁྲིས་པ་བསྐྱེད་པ་ཡིན། །རྩ་ལས་གྱེན་དུ་རྒྱུས་ནས་ནི། །མིག་གི་ཡན་ལག་མིག་ཆུ་གྲ། །དཀར་ནག་མཐོང་བྱེད་རྒྱལ་མོའམ། །མིག་ཀུན་ལ་གནས་ནད་སྐྱེད་བྱེད། །ཅེས་པ་ལྟར།

རྒྱུ་རྐྱེན་ཟས་སྤྱོད་གཉིས་རྒྱུན་དུས་ལས་དམན་ལྷག་ལོག་པས་ནད་ཀུན་འཁྲུག་པར་བྱེད་ཅིང༌། གཞན་ཡང༌། ཡུངས་ཀར་ལོ་མས་བད་མཁྲིས་འཁྲུག་པར་བྱེད། སོགས་རྫས་ངོ་བོ་རྐྱང་པ་དང༌། མི་འཕྲོད་པ་ཞོ་མ་ལངས་པ་དང་ཆང་གསར་སོགས་འདྲེས་པ་དང༌། ཁྱད་པར་ཁྲག་མཁྲིས་སྐྱེད་པའི་ཟས་ཤ་རུལ་པ་དང༌། བཙོང་དང༌། སྒོག་པའི་རིགས་དང་ཆང་སྐྱུར་པོ་སོགས་ཀྱིས་མིག་ནད་ཚ་བ་སྐྱེད་པ་དང༌། བད་རླུང་སྐྱེད་པའི་ཟས་སྤྱོད་ཀྱིས་མིག་ནད་གྲང་བ་སྐྱེད་པ་སོགས་མིག་ལ་གནོད་ཅིང་ཁྲག་དང་མཁྲིས་པ་སྐྱེད་པའི་ཁ་ཟས་བསྟེན་པ་དེ་རྣམས་ཀྱིས་རྩ་ནང་དུ་འགྲིམས་ནས་ཕྱིན་པས་མིག་གི་ནད་རྣམས་སྐྱེད་པར་བྱེད་དོ། །སྤྱོད་ལམ་ནི་དྲག་ཤུལ་ཞེས་ལུས་ལ་དཀའ་སྦྱོང་ཆེན་པོ་འོང་བའི་རིགས་དང༌། རྡོ་ཆེན་པོ་མི་ཐེག་ཀྱང་ཁུར་བས་མཚོན་པ་རྣམས་དང༌། དུ་བ་དང་བསེར་བུ་ཞེས་རླུང་ངད་དང་ཁ་བའི་ཁྲོད་དུ་འགྲོ་བ། མཚོན་ཆའི་རིགས་ལ་སོགས་པ་འཕྲལ་དུ་རྐྱེན་གྱིས་མིག་ལ་ཕོག་པས་མིག་ནད་སྐྱེད་པར་བྱེད་ལ།

དབྱེ་བ་ཕྱེ་ན་མིག་ཆུའི་ནད་དང༌། མིག་ཚག་པ་དང༌། ལིང་ཐོག་དང༌། རབ་རིབ་དང༌། འགྲིབས་པ་དང་རྣམ་པ་ལྔ་ཡོད་པ་ལས། དེ་ནང་ནས་ཀྱང་དང་པོ་མིག་ཆུའི་ནད་ལ་རླུང་དང༌། མཁྲིས་པ་དང༌། ཁྲག་དང༌། བད་ཀན་དང༌། འདུས་པ་དང༌། སྲིན་བུ་དང༌། མིག་ནད་སྒྲ་ངན་ཞེས་ཀྱང་ཁ་ཅིག་པྲ་ངན་དུ་བཞེད་པ་དང་བདུན་ནོ། །ཚག་པོ་ནི་སྐམ་ཚག་དང་གཤེར་ཚག་གཉིས་དང་གདུང་གྱུར་དང་གསུམ་ཡོད་པས་གདུང་གྱུར་དེ་ལ་འདུ་བ་རླུང་དང༌། མཁྲིས་པ་དང༌། བད་ཀན་དང༌། ཁྲག་དང་བཞིའོ། །ལིང་ཐོག་དང་རབ་རིབ་གཉིས་ཀྱི་དབྱེ་བའང་དེ་བཞིན་དུ་རླུང་མཁྲིས་བད་ཀན་ཁྲག་དང་བཞི་བཞི་རེ་ཡིན་ནོ། །འགྲིབས་ལ་མིང་རིགས་སྲོད་ལོང་གཅིག་དང༌། ཕྱི་འགྲིབས་དང༌། ནང་འགྲིབས་དང༌། བར་འགྲིབས་གསུམ་ཡོད་པ་ནང་གསེས་དབྱེ་དགོས་ཏེ། ཕྱི་འགྲིབས་ནི་ཤ་ལྷག་དང༌། ཤ་མཛེར་དང༌། རྩ་དྲ་དང༌། སྔོ་རིབ་དང༌། ལིང་རོས་ཁེབས་པ་དང་རྣམ་པ་ལྔའོ། །ནང་འགྲིབས་ནི་མིག་གི་ནང་གི་ཆུ་འཁྲུགས་པ་དང༌། མཐོང་བྱེད་སོགས་ཀྱི་རྩ་མདངས་ཉམས་པ་དང་གཉིས་སོ། །བར་འགྲིབས་ནི་རླུང་དང༌། མཁྲིས་པ་དང༌། བད་ཀན་དང༌། འདུས་པ་བཞིས་བསྐྱེད་པ་སྟེ་སུམ་ཅུ་རྩ་གསུམ་པོ་འདི་ནི་མིག་ནད་ཀྱི་དབྱེ་བར་འདོད་ཅིང༌། དེ་ཡང་མིག་ནི་ཕྱི་རུས་པའི་ཁྱིམ། ནང་ཚིལ་བུའི་ཁྱིམ། དབུས་ཆུའི་ཁྱིམ། མཐོང་བྱེད་རྒྱལ་མོའི་ཁྱིམ་བཞིར་ངེས་པ་ལ་མིག་ཆུའི་ནང་གྲ་མཚམས་སུ་འབྲུམ་པ་འབྱུང་བ་དང༌། རབ་རིབ་ནི་དབུས་ཆུའི་ཁྱིམ་ལ་འཇུག་མིག་ཚག་ལིང་ཐོག་ཕྱི་འགྲིབས་རྣམས་ནི་གྲ་མཚམས། མིག་འབྲས། མིག་སྤྲིན་སོགས་ཅི་རིགས་པར་འཇུགའགྲིབས་པ་ནི་མཐོང་བྱེད་ཀྱི་ཕྱི་ནང་བར་གསུམ་ལ་འཇུགམིག་ཚག་མཆི་མ་འཛག་པ་མ་བཅོས་པས་གདུང་གྱུར་སོགས་འབྱུང་བ་ཡིན་ནོ། །

དེ་རྣམས་ངོས་འཛིན་པའི་རྟགས་ནི་མིག་ཆུའི་ནད་ལ་དབྱེ་ན་རླུང་ལས་གྱུར་པའི་ཚེ་མཆི་མ་མི་ཐུབ་པར་འཛག་ཅིང་རྡུལ་གྱིས་གང་འདུག་སྙམ་དུ་སེམས་ཤིང་བཙུམ་པའི་ཚེ་བཙུམ་དཀའ་བ་དང༌། དུས་མེད་ལ་འབྱེད་བཙུམ་བྱེད་དགོས་ཤིང་ཆུ་དང་བད་ཀན་ཁྲག་རྣག་རྣམས་གྲ་སྟེ་ཟེ་མཚམས་ནས་འཛག་གོ། མཁྲིས་པ་ལས་གྱུར་ཚེ་ཚ་ལ་དམར་བ་རྣག་ཏུ་འདྲུལ་ཞིང་འབྲུམ་ཕྲན་གྱིས་ཁྱབ་པ་དང༌། གཡའ་བ་སྟེ་ཟ་ཉམས་འོང་ཞིང་སྐྲངས་ལ་ཆུ་སེར་དང་རྣག་བཅས་འཛགཁྲག་ལས་གྱུར་ཚེ་ཟུག་ཆེ་ཞིང་འབྲུམ་ཕྲན་དམར་པོས་ཁྱབ་པ་འབྱུང༌། བད་ཀན་ལས་གྱུར་ཚེ་འབྲུམ་ཕྲན་དཀར་པོས་གང་བ་དང༌། མིག་གི་ནང་འབྱར་ཞིང་བཤད་མ་ཐག་པ་ལྟར་གཡའ་ལ་ནད་ཟུག་ཆུང་བ་འབྱུང༌། འདུས་པ་ལས་གྱུར་ཚེ་མིག་ཞུ་ཞེས་པ་རྒྱལ་མོ་འདལ་ཞིང་རྫི་མ་སྟེ་ཟེ་མ་ནང་དུ་ཟུག་འོང་བ་དང༌། ཚ་ཞིང་སྐྲངས་ལ་མཆི་མ་འཛག་ཅིང་མིག་གི་མཆུ་འབྱར་བ་འོང༌། སྲིན་ལས་གྱུར་ཚེ་སྲིན་བུ་སུབ་པ་སྟེ་མིག་འཕུར་འདོད་པའི་གཡའ་བ་འབྱུང༌། བྱིས་པའི་མིག་ནད་སྒྲ་ངན་ནི་སོ་སྐྱེ་བའི་ཚེ་མའི་ནད་ལས་བྱུང་བ་ཡིན་ཏེ་དམར་ལ་ཚ་བ་མིག་འདག་སོགས་ཀྱིས་འབྱར་ཞིང་སྐྲངས་འོང་བ་དང༌། བྱིས་པ་རང་གི་ལག་པས་མིག་དང་སྣ་ཉེད་པ་སྟེ་ཡང་ཡང་འཕུར་ན་གསོ་དཀའ་བ་ཡིན་ནོ། །མིག་ནད་སྐམ་ཚག་ནི་བད་རླུང་ལས་གྱུར་བའི་ནད་ཡིན་ཏེ་མིག་ཆུ་སོགས་མེད་པའི་སྐམ་ལ་རྩུབ་ཅིང་ཚ་བ་དང་བསིར་བུ་སྟེ་རླུང་པོ་བྱུང་ན་གནོད་དོ། །གཤེར་ཚག་གི་རྒྱུ་ནི་ཁྲག་དང་མཁྲིས་པ་ལས་གྱུར་པས་མདོག་དམར་ལ་ཚག་པ་ཉི་མ་ཡོད་སར་བལྟ་མི་བཟོད་པར་མཆི་མས་ཁེངས་པ་འབྱུང༌། གདུང་བའི་མིག་ནད་རླུང་ལས་གྱུར་ཚེ་ལྡང་དུབ་བྱེད་ཅིང་རྡུལ་གྱིས་གང་ངམ་བུས་སམ་སྙམ་བྱེད་པ་དང༌། མགོ་བོ་འཁོར་བ་དང༌། རྣ་བ་འུར་ཞིང་མིག་མདོག་དམར་ལ་སྐྲངས་པ་འབྱུང༌། མཁྲིས་པ་ལས་གྱུར་ཚེ་ཚ་ལ་སྐྲངས་ཤིང་དམར་ལ་རྣག་ཏུ་འདྲུལ་བ་དང༌། མིག་སྔར་ཡོད་པ་རྣམས་སེར་པོར་མཐོང་ཞིང་མེ་མདག་གཏོར་རམ་སྙམ་པའི་མཛེར་ཐབས་སུ་ནད་ཀྱིས་ཁྱབ་པ་ཡིན། ཁྲག་ལས་གྱུར་ཚེ་ཤིན་ཏུ་ན་ཞིང་རེག་ན་མི་བཟོད་པ་དང་ལྷག་པར་མེ་དང་ཉི་མ་མི་བཟོད་ཅིང་མིག་དམར་ལ་དངོས་པོ་སོགས་དམར་པོར་མཐོང༌། བད་ཀན་ལས་གྱུར་ཚེ་ཟ་བའམ་གཡའ་ཞིང་སྐྲངས་ལ་མིག་གི་འབྲས་བུ་ཞུ་བ་སྟེ་འདལ་ཉམས་བྱེད་ཅིང༌། གདུང་བ་ལས་གྱུར་པ་ཕལ་ཆེར་ལ་སོ་དང་མུར་འགྲམ་དང་མཁུར་མཚོས་དང་མགོ་བོ་སོགས་ན་ཞིང་རིབ་ཚབས་ཆེའོ། །ལིང་ཐོག་ནི་མིག་འབྲས་དཀར་ནག་གང་གི་སྟེང་དག་ཏུ་བྱུང་བ་དེའི་ཁ་དོག་གིས་དབྱེ་སྟེ། རླུང་ལས་གྱུར་པ་སྔོ་ལ་སྲབ་པ་དང༌། མཁྲིས་པ་ལས་གྱུར་པ་ཐིག་ལེ་སེར་པོ་དང༌། ཁྲག་ལས་གྱུར་པ་དང་མཚོན་གྱིས་གཙེས་ཏེ་བྱུང་བ་དམར་པོར་འོང༌། བད་ཀན་ལས་བྱུང་བ་མཐུག་ཅིང་སྐྱ་བས་གཡོགས་པ་འབྱུང་ཞིང་དེ་དག་ཀུན་ལ་ནད་ཟུག་ཆེ་བ་དང་རྩུབ་ཅིང་མཆི་མ་མང་དུ་འབྱུང་ཞིང་མཐོང་བྱེད་ཀྱི་སྟེང་དུ་བྱུང་ན་ཟངས་ཀྱི་གཟེར་བཏབ་པ་དང་འདྲ་སྟེ་དཀྱིལ་ཀྱོང་ན་གསོ་བ་དཀའོ། །རབ་རིབ་ཀྱི་ནད་དེ་ནི་མིག་ཆུའི་ནང་དུ་འཇུག་ལ་དེ་ཡང་རིམ་པ་བཞིན་དུ་མུས་ཀྱིས་འཇུག་འགྱུར་ཏེ། དང་པོར་ཞུགས་ཚེ་རེས་འགའ་གསལ་ལ་རེས་འགའ་མི་གསལ་བ་དང༌། གཉིས་པར་ཞུགས་ཚེ་ཐག་རིང་གི་ཆུང་བ་མི་མཐོང་ཞིང་ཉེ་ཞིང་གཟིར་ནས་བལྟས་ཚེ་ལེགས་པར་མཐོང་བ་དང༌། གོ་ལོག་ཅེས་པ་དབྱིབས་མདོག་དངོས་གནས་ལས་གཞན་དུ་སྣང་བ་དང༌། སྟེང་ངམ་ཡས་ནས་ཞུགས་ན་མཐོ་བ་དང་རིང་འོག་གམ་མས་ནས་ཞུགས་ན་དམའ་བ་དང་ཉེ། དེ་བཞིན་གཡས་གཡོན་ཉེ་རིང་དང༌། ལོགས་གར་ཞུགས་ཕྱོགས་མི་གསལ་བར་འགྱུར་བས་འདིའི་དུས་སུ་རབ་རིབ་ཅེས་བྱ་སྟེ་གསོ་བའི་ཐབས་ལ་འབད་དེ་བསྒྲིམ་དགོས་སོ། །དེ་ཡང་རླུང་ལས་གྱུར་དུས་དུ་བ་ལྟ་བུ་རབ་རིབ་དང་སྐྲ་ཤད་པ་ལྟ་བུ་དང༌། སྦྲང་བུ་ལྟ་བུའི་འོད་མཐོང་བ་དང༌། གཟུགས་ཀུན་གཡོ་བར་སྣང་བ་སྟེ་ཟ་ཟིར་བྱེད། མཁྲིས་པ་ལས་གྱུར་ཚེ་གློག་དང་མེ་སྒྲོན་ལྟ་བུ་དང་རྨ་བྱའི་སྒྲོ་མདོངས་ལྟ་བུ་འབྱུང༌། ཁྲག་ལས་གྱུར་ཚེ་སྣང་ངོར་དམར་པོར་མཐོང་བར་འགྱུར་ལ། བད་ཀན་ལས་གྱུར་ཚེ་མུན་པ་འཐིབས་པ་ལྟ་བུའི་མཐོང་སྣང་འབྱུང་བར་འགྱུར། དེ་དག་རྣམས་གསུམ་པར་ཞུགས་ཚེ་འགྲིབ་བྱེད་ཀྱིས་མས་ནས་འགེབས་པའི་དབང་གིས་སྟེང་ངོས་མ་མཐོང་ཡང་འོག་ངོས་མཐོང་ཞིང་རས་ཀྱིས་མིག་ལ་ཁེབས་བཀབ་ནས་ཕྱི་རོལ་དུ་བལྟར་མཐོང་བ་བཞིན་ནད་མདོག་རླུང་སྔོ་མཁྲིས་སེར་ཁྲག་དམར་བད་ཀན་དཀར་འདུས་པ་འདྲེས་མར་སྣང་བ་འབྱུང་སྟེ། དེ་དག་ཀྱང་སྔོན་པོ་ཞེས་བྱ་བའི་རིམ་པ་བཞིར་ཕྱིན་ནས་མཐར་དེས་རྒྱལ་མོ་ཁེབས་ཏེ་ལོང་བར་འགྱུར་བ་ཡིན་ནོ། །འགྲིབས་པ་ལ་སྲོད་ལོང་ནི་ནག་པོ་ལང་ལིང་གིས་ཁེབས་པར་སྣང་བ་དང༌། ཤ་ལྷག་ནི་སྐྱ་བོ་ཟུག་ཆུང་ལ་དལ་བུས་སྐྱེ་ཞིང་ཁེབས་པའོ། །ཤ་མཛེར་ནི་ར་རིལ་ལྟ་བུར་དམར་ལ་འབུར་བ་འོང་ཞིང་དེ་རྒྱས་ནས་མདོག་ནག་ལ་རྒྱ་ཆེ་མཐུག་པ་འབྱུང་བ་ཡིན་ནོ། །རྩ་དྲ་ནི་རྩའི་དྲ་བས་མཐུག་པོར་ཁྱབ་པ་དེ་ཉིད་ལ་བྱ་བར་འདོད་དོ། །སྔོ་རིབ་ནི་སྒོང་སྤྲིས་ལྟ་བུ་སྲབ་མོས་ཁྱབ་པ་དེའོ། །ལིང་རོ་ལ་སྲབ་པ་དང་མཐུག་པས་སྒྲིབ་པ་གཉིས་ཡོད་པ་ལས་མཐུག་པོ་སྦོ་མ་ཞེས་ཡོས་སྦོ་གས་པ་ལྟ་བུ་མི་ཏྲ་ཛོ་ཀིའི་མིག་བཅོས་སུའང༌། སྐྱ་རིལ་སྦོ་མ་ལྟ་བུ་དང༌། །ཞེས་བཤད་པ་དང༌། ཚྭ་རྡོག་བཞག་པ་འདྲ་བའི་མིག་གཉིས་པོ་བཅོས་སུ་མི་བཏུབ་པས་སྤང་ངོ༌། །ནང་འགྲིབས་གཉིས་ལས་ཆུ་འཁྲུགས་ནི་མཚོ་གཉིས་འཁྲུགས་ཞེས་ཆུ་མཚོ་དང་མཐོང་བྱེད་འདྲེས་ཏེ་སྣག་ཚ་འདྲ་བར་སོང་བ་དང༌། སྒྲིབ་བྱེད་ཀྱི་རིགས་སྔོ་རིབ་སོགས་མེད་ཅིང་རྒྱལ་མོའི་རྩ་མདངས་ཉམས་པས་ནག་སང་དུ་སོང་བ་གཉིས་སོ། །བར་འགྲིབས་ནི་རླུང་འགྲིབས་ཉི་མ་འདྲ་བ་དང༌། མཁྲིས་འགྲིབས་འུག་པའི་མིག་ལྟར་སེར་བ་དང༌། བད་ཀན་གྱིས་འགྲིབས་པ་དཀར་པོ་ཟླ་བ་ལྟ་བུ་དང༌། འདུས་པས་འགྲིབས་པ་འཇའ་ཚོན་འདྲ་བ་འབྱུང་བས་སྨན་པས་རྟགས་དེ་རྣམས་ལ་ལེགས་པར་བརྟགས་ནས་ནད་ངོས་མ་འདྲེས་པ་སོ་སོར་གཟུང་བར་བྱ་དགོས་སོ། །

དེ་དག་གསོ་བའི་ཐབས་ལ་སྤྱི་རུ་གསོ་བ་དང་བྱེ་བྲག་ཏུ་གསོ་བ་གཉིས་ལས་དང་པོ་སྤྱི་རུ་གསོ་བའང་སྨན་དཔྱད་ཟས་སྤྱོད་བཞིའི་སྒོ་ནས་བཅོས་དགོས་ཏེ། སྨན་དུ་གསལ་བྱེད་བདུན་དགུ་བཅོ་ལྔ་པ་སོགས་ཀྱི་ལྡེ་གུ་དང༌། འབྲས་བུ་ཨ་བར་སྐྱུར་གསུམ་གྱི་སྨན་མར་ཕྱི་རྒྱུད་ལྟར་སྦྱར་བ་དང༌། འོག་ནས་འབྱུང་བའི་ཨ་བ་བཅོ་ལྔ་པ་ལ་སོགས་པ་ཁོང་དུ་བཏང་ངོ༌། །དཔྱད་དུ་རླུང་ལ་སྣུམ་འཆོས། མཁྲིས་པ་ལ་ཁྲུས། བད་ཀན་ལ་སྐྱུགས་ཕྱི་རྒྱུད་ལས་ལྔ་ལྟར་བྱ་བ་དང༌། ཁྲག་ལ་གཏར་ག་བྱ་སྟེ་ཞེས་པ་དཔྲལ་རྩ་མཐོང་རྩ་སྣ་རྩེ་གཏར། གཞན་ཡང་བྱུག་སྨན་ལྡོང་རོས། རྒྱ་མཚོའི་ལྦུ་བ། སྤང་སྤོས། དུང༌། གླ་རྩི། ཨུཏྤལ། སུག་སྨེལ། སྐྱེར་ཁཎྜ། ཙནྡན་ཞེས་པ་ཁྲག་ཤས་ཆེ་ན་དམར་པོ་གཞན་དཀར་པོར་འདོད་པ་དེ་དང༌། གུར་ཀུམ། རྒྱམ་ཚྭ། ཚ་བ་སྒ་པི་ཕོ་གསུམ་རྣམས་ཀ་ར་དང་སྦྲང་ལ་སྦྱར་བ་བྱུགས་ན་མིག་གི་ནད་རབ་རིབ་དང༌། ཤ་མཛེར་དང༌། ཚག་པ། འགྲིབས་པ་སོགས་ཀྱི་ནད་ཀུན་སེལ་ལོ། །ཟས་སྤྱོད་ནི་རོ་ཚ་སྐྱུར་རུལ་སུངས་ཀྱི་ཤ་བཙོང་སྒོག་ཟྭ་སྣེའུ་སོགས་ཀྱི་ཚོད་མ་དང་སྲན་མ་གཙོར་གྱུར་གྱི་ལོ་མའི་རིགས་ཤུར་བ་སྟེ་རྙིང་པའི་ཚོད་མ་མར་ནག་བུ་རམ་སྨུག་པོ་དང་བཅས་པ་མི་བསྟེན་ཞིང༌། དུ་བ། བསེར་བུ། ཁ་བ་སོགས་ཀྱི་ཁྲོད་དུ་འགྲོ་བ། ཆགས་པ་སྤྱོད་པ། དྲག་ཤུལ་གྱི་རིགས་དང༌། སྐད་ཆེན་པོ་བྱས་ནས་འདོན་པ་བྱེད་པ་ལ་སོགས་སྤང༌།

ཁྱད་པར་དུ་མིག་ཆུ་རླུང་ལས་གྱུར་པར་གུར་ཀུམ་དང་མར་རྙིང་ཆུར་བསྐོལ་བ་སྣ་སྨན་དུ་བཏང་བས་མིག་བརྟ་བར་བྱ་ཞིང༌། སྐྱེར་པའི་ཁཎྜ་དང༌། བུད་མེད་ཁྱེའུ་སྐྱེས་པའི་ནུ་ཞོ་གཙང་མ་སྦྲང་དང་སྦྱར་ཏེ་བྱུག། མཁྲིས་པ་ལས་གྱུར་པར་འབྲུམ་པ་བཞར་བའི་རྗེས་སུ་ཆུ་དྲོན་གྱིས་བཀྲུས་ལ། ག་བུར། དོམ་མཁྲིས། ཡུང་བ། ཨ་རུ་ར་འབིགས་བྱེད། མིའི་ནུ་ཞོ། སྦྲང་རྩི་རྣམས་སྦྱར་ལ་བྱུག་པར་བྱ། ཁྲག་ལས་གྱུར་པར་འབྲུམ་པ་བཞར་ཞིང་དེ་རྗེས་སུ་གང་ཉེའི་རྩ་གཏར་བ་ནི་མིག་གཡས་གསེར་མདུང་དང་གཡོན་དངུལ་མདུང་ངོ༌། །མིག་སྨན་དུ་བཙོད་དང་སྐྱེར་པ་རྒྱ་སྐྱེགས་རྒུན་འབྲུམ་དང་ཨུཏྤལ་ལ་སོགས་པ་བསྐོལ་གྲང་བྱས་པར་ཀ་ར་སྦྱངས་པ་མིག་ཏུ་བླུགས། བད་ཀན་ལས་གྱུར་པར་འབྲུམ་པ་བཞར་བ་དེ་རྗེས་སུ་ནག་མཚུར་དང༌། པི་པི་ལིང་དང་རྒྱ་ཚྭ། ལྡོང་རོས་དང༌། སྟང་ཟིལ་རྣམས་སྦྲང་དང་སྦྱར་ལ་མིག་ཏུ་བླུགས། མདུང་རྩེ་དང་ཙནྡན་དཀར་པོ་ཤིང་མངར་བཙོད་ཞུ་མཁན་རྣམས་ཆུ་ལ་སྦྱངས་པ་མིག་ལ་བྱུགས་པས་མིག་གི་ནད་ཅི་ལས་གྱུར་ཀྱང་འཕྲལ་དུ་ཟུག་གཅོག་གོ། །འདུས་པ་ལས་གྱུར་པའི་རིགས་མིག་ཆུ་དང་མིག་གི་ཁ་དང་ཟེ་མའམ་རྫི་མ་ལེགས་པར་ཕྱིས་བྱས་ལ་ནང་དུ་སྐྱེར་པའི་ཁཎྜ་ལྡོང་རོས་ཟངས་ཀྱི་ཕྱེ་མ་དང་ནག་མཚུར་བྱི་རུག་པ་རྣམས་ཟངས་ནང་དུ་སྦངས་པའི་ཁུ་བ་བླུགས། ཡང་ན་བྱི་རུག་པ་དང་ནག་མཚུར་ཟངས་ཀྱི་སྣོད་ནང་དུ་ཞག་བཅུ་བཞག་པ་བྱུག སྲིན་ལས་གྱུར་པར་བའི་ལྕི་བའམ་རྟ་སྦངས་ཀྱི་དུགས་བྱས་ནས་དེ་རྗེས་ཁབ་རྩེས་ཐོར་པ་བརྟོལ་བ་ལ་ནག་མཚུར་རྒྱ་ཚྭ་དང་འབྲས་བུ་ཨ་བར་སྐྱུར་གསུམ་དང་སྦྲང་རྩི་སྦྱར་བ་བྱུག མིག་ནད་སྒྲ་ངན་གཉིས་ལ་མ་ནུའི་སྐྱུགས་དང་ཁྲུས་ཀྱིས་བཅོས་བྱ་ཞིང༌། དེ་རྗེས་སེང་ཕྲོམ། ནིམ་པ། ཧོང་ལེན། སེར་པོ་གཉིས་ཞེས་པ་ཡུང་སྐྱེར་དང་ཟངས་ཕྱེ་རྣམས་ནི་གོང་སྨོས་ཀྱི་ནུ་ཞོར་སྦྱར་བ་མིག་ལ་བྱུགཆུ་སེར་དང་རྣག་ཁྲག་མིག་གི་གྲ་མཚམས་ནས་འཛག་ན། ཨ་རུ་ར་འབིགས་བྱེད། བུལ་ཏོག་སྦྲང་རྩི་སོགས་ནད་པ་རང་གི་དྲི་ཆུར་སྦྱངས་ལ་བཀྲུ་ཞིང༌། དེ་རྗེས་སུ་ག་བུར་དོམ་མཁྲིས་སྐྱེར་ཁཎྜ་རྣམས་བསྲེས་ལ་བྱུག

སྐམ་ཚག་ལ་ཏི་ཚ་སེར་པོ་ཅུ་གང་དང་མར་གསར་ཤེལ་དཀར་རྣམས་སྦྱར་བ་མེ་ལོང་ཕྱིས་པར་ཞག་འགའ་གླན་པའི་གཡའ་བླངས་པ་བཅས་བྱུགཡང་ན་མི་སྐྲ་མར་དང་སྦྱར་བ་ནུས་ལྡན་ཏེ་དུ་བ་མ་ཤོར་བར་བསྲེགས་པའི་ཐལ་བ་མར་གསར་དང་མེ་ལོང་གི་གཡའ་གོང་བཞིན་སྦྱར་རམ། ཡང་ན་ར་གན་བཞུ་བའམ་མེར་བསྲེགས་པའི་དུད་པ་དང༌། མར་གསར་ལ་མེ་ལོང་གི་གཡའ་སྦྱར་བ་བྱུག གཤེར་ཚག་ལ་དཔྲལ་རྩ་མིག་རྩ་སྣ་རྩེ་རྣམས་ལ་གཏར་ག་བྱ་ཞིང་སྐྱེར་པའི་ཁཎྜ་རའི་འོ་མར་སྦྱར་བ་བྱུག མིག་ཚག་ཀུན་ལ་སག་རྩི་ཞེས་པ་བིག་པན་གཏོང་སྲོལ་ཞིག་འདུག་ཀྱང་ཟངས་ཀྱི་སྣོད་སྤྱད་ནང་དུ་ཞོ་བསྙལ་བའི་གཡའ་སྔོ་ལྗང་དེ་དང༌། ཚ་བ་སྒ་པི་ཕོ་གསུམ། ཡུང་བ། དུང་དང༌། ཏི་ཚ་སེར་པོ་དང༌། མར་གསར་རྣམས་མེ་ལོང་གི་གཡའ་དང་བཅས་པ་སྦྱར་ལ་བྱུགཡང་ན་མཆིན་པ་ཚོན་པོ་ཆུ་གྲང་གི་དཀྱིལ་དུ་སྦངས་ལ་ཆུ་སེར་ཐོན་པར་བཏོན་པ་དེ་ཞིབ་ཏུ་བརྡུངས་ནས་མར་ཁུའི་དཀྱིལ་དུ་བཙོས་པར་ཚ་བ་སྒ་པི་ཕོ་གསུམ་དང་སྦྲང་རྩི་བཏབ་པའི་མཆིན་པའི་རླངས་པ་དེས་མིག་ལ་བདུགས་ན་ཚག་པ་སེལ་བར་བྱེད། གདུང་བའི་མིག་ནད་རླུང་ལས་གྱུར་པར་འབྲས་བུ་ཨ་བར་སྐྱུར་གསུམ་གྱི་སྨན་མར་ཕྱི་རྒྱུད་ལྟར་སྦྱར་བ་ཟ་ཞིང༌། དཔྱད་དུ་སྨིན་མའི་སྟེང་གཉིས་དང་ལྟག་པའི་སྤུ་འཁྱིལ་གཉིས་དང་རྐང་པའི་རྟིང་པའི་དྲེག་པས་སླེབས་མཚམས་བཅས་སུ་མེ་བཙའ་གདབ། ཁྲག་མཁྲིས་ལས་གྱུར་པར་ཁོང་ནས་ཕྱི་རྒྱུད་བཤལ་ལེར་དམིགས་སུ་བསལ་བ་ལྟར་གྱིས་སྦྱང་ཞིང་གཏར་ག་ལག་པའི་རུ་ཐུང་ལྟ་བུ་དང་མགོའི་གསེར་མདུང་གང་བབས་སུ་བྱ་ཞིང༌། ཤིང་མངར། སྐྱེར་པ། ཀཎྚ་ཀ་རི་བཅས་པའི་ཁཎྜ་དང༌། ར་གན་དུད་པ། ན་ལེ་ཤམ་ཞེས་ཕོ་རིས་རྣམས་སྦྱར་བ་བསྐུས་པས་དམར་ཚག་དང་གཟེར་ཞིང་འདྲུལ་བའི་རྣག་སེལ་ཞིང༌། གསལ་བྱེད་དགུ་པ་ཞེས་པ་གསལ་བྱེད་བདུན་པའི་སྟེང་དུ་མདུང་རྩེ་དང་ལྕགས་སྦྲུལ་གྱི་ཤ་བསྣན་པའམ་སྨན་མར་གསལ་བྱེད་དགུ་པའི་དུས་ཀྱི་སྨན་རྣམས་ལྡེ་གུ་བྱས་ལ་གཏང་བར་བྱ། བད་ཀན་ལས་གྱུར་པར་སྐྱུགས་ཕྱི་རྒྱུད་ལྟར་བྱས་རྗེས་ནིམ་པ་འབྲས་བུ་ཨ་བར་སྐྱུར་གསུམ་སེང་ཕྲོམ་སྟེ་ཞུ་མཁན་དང་བ་ཤ་ཀ་བཅས་པའི་གདུས་ཁུ་དྲོ་འཇམ་བླུགས་ཤིང༌། མར་རྙིང་ཚ་བ་སྒ་པི་ཕོ་གསུམ་རྣམས་དང་སྦྱར་བའི་སྨན་མར་ཟ། ལིང་ཐོག་ཁྲག་མཁྲིས་ལས་གྱུར་པ་དང་མཚོན་གྱིས་གཙེས་པ་གཉིས་ཀ་ལ་ཕྱི་རྒྱུད་བཤལ་ལེར་དམིགས་སུ་བསལ་བ་ལྟར་གྱི་ཁྲུས་སྨན་བཏང་ལ་གཏར་ག་ཞེས་པའང་གསེར་མདུང་དངུལ་མདུང་དང་མིག་རྩ་གང་རིགས་གཏར་ཞིང་སྐྱེར་ཁཎྜ་དང་དོམ་མཁྲིས་གཉིས་མིག་ལ་བྱུག རླུང་ལས་གྱུར་པར་ཞུན་མར་ཟ་བ་དང༌། དེ་གའི་རླངས་པས་བདུག་ཅིང་སྒོག་པའི་རྩ་བ་ལ་ཆབ་ཅེས་པ་བཏང་ངོ༌། །བད་ཀན་ལས་གྱུར་པར་ཉ་ཤ་དང་ཕག་ཤ་གཉིས་ཟོས་ལ་བཤིག་ཅིང༌། ནད་རིགས་དེ་དག་ཀུན་ལ་ཨ་རུ་ར་འབིགས་བྱེད་དང༌། བུལ་ཏོག་ནད་པ་རང་གི་དྲི་ཆུར་སྦྱར་ལ་བལ་ཡེས་བཀྲུ། ཡང་ན་རྡོ་མཁྲིས་ཞེས་པ་རྡོ་སེར་པོ་རོ་ཁ་བ་དེ་དང་དོམ་མཁྲིས་ཤེལ་ཀ་ར་རྣམས་སྦྱར་བ་ལིང་ཐོག་སྟེང་དུ་བཏབ་ཅིང༌། མཚེ་ལྡུམ་དང༌། སྤྱིན། བཙན་དུགཞིམ་ཐིག་ལེ། རྒྱ་ཚྭ་རྣམས་སྦྱར་བས་བླང་ངོ༌། །ལིང་ཐོག་རྙིང་པར་སོང་ནས་ཤུ་དག་འབྲས་བུ་ཨ་བར་སྐྱུར་གསུམ་རུ་རྟ་ཤེལ་ཀ་རའི་ཕྱེ་མ་རྣམས་བསྲེས་ནས་བཏབ་པས་སེལ། ཡང་ན་སྤང་མ་འགྲོན་བུ་ལྡོང་རོས་རྐྱང་སེལ་དུ་བཤད་པའི་བཙག་ཡུག་རྣམས་དང༌། རྒྱ་མཚོའི་ལྦུ་བ། མིའི་མགོ་རུས་སྣུམ་མེད་བསྲེགས་ཐལ། སྟང་ཟིལ། དུང་ཐལ་རྣམས་ཁྱིམ་བྱའི་སྒོ་ངའི་དཀར་སྤྲིན་དང་སྦྱར་བ་བསྐུས་པས་ལིང་ཏོག་གཅོད། ཡང་ན་ཅུ་གང༌། གུར་ཀུམ། ག་བུར། གླ་རྩི་དང༌། ལིག་བུ་མིག་ཅེས་པ་ངོ་བོ་རྐྱང་སེལ་དུ་བཤད་པ་ལྟར་བྱུང་ན་དང་དེ་མིན་ཏི་ཚའི་རྡོ་དང་སྦལ་མདུང་ཡང་ནུས་པ་ཆ་འདྲ་བས་ཚབ་རུང་བ་རྣམས་ཞིབ་ཏུ་བཏགས་ལ་ཀ་ར་དང་སྦྱར་བ་བྱུགཡང་ན་སྦངས་མའི་ལུམས་བྱས་རྗེས་སྦོས་སུ་ཚོར་བ་སྟེ་སྦོས་འདྲ་བསམ་པ་དང་ལ་ཆའི་དུད་པས་བདུགས་རྗེས་སུ་ལྕགས་ཀྱུས་བཤུའོ། །

རབ་རིབ་ཀུན་ལ་ཤིང་མངར། ར་མཉེ་དང་ཉེ་ཤིང་གཉིས། ཀཎྜ་ཀ་རི། ཨུཏྤལ། ཨ་རུ་ར་འབིགས་བྱེད། པི་པི་ལིང་དང༌། ཤེལ་ཀ་ར། རྒུན་འབྲུམ་དང༌། རའི་འོ་མ། བ་མར། འབྲས་བུ་ཨ་བར་སྐྱུར་གསུམ། བ་ཤ་ཀ་རྣམས་གདུས་ཁུར་འབྲས་གསུམ་ཆེན་མོའི་ཐང་ཞེས་རབ་རིབ་རྣམས་སེལ་བར་བྱེད་པ་ཡིན། ཡང་ན་འབྲས་བུ་ཨ་བར་སྐྱུར་གསུམ། ཤིང་མངར། སྦྲང་རྩི་རྣམས་ཀྱི་ལྡེ་གུ་སྦྱར་ཏེ་དགོངས་མོ་ཉལ་ཁར་ཟ་ཞིང༌། ཟླ་བ་གཅིག་གི་བར་དུ་ཕན་ཟས་བསྟེན་ཅིང་གནོད་ཟས་སྤང༌། གཞན་ཡང་སྐྱུ་རུ་རའི་ཁུ་བ་འཐུངས་ན་རབ་རིབ་རྣམས་སེལ་བར་འགྱུར། ཡང་ན་ཏ་ཙ་ཞེས་པ་འདི་སྐབས་གསེར་རྡོ་དང་ཤིང་མངར་ལྕགས་ཕྱེ་ཀ་ར་སྦྲང་མར་རྙིང་འབྲས་བུ་ཨ་བར་སྐྱུར་གསུམ་རྣམས་ལྡེ་གུ་སྦྱར་བ་བསྟེན་པས་རབ་རིབ་སེལ། ཨ་རུ་ར་འབིགས་བྱེད་དང་སྦྲང་རྩི་སྦྱར་བ་རྒྱུན་དུ་ཟས་གོང་སྟེ་ལྟོ་སྟོང་ལ་བསྟེན་ན་རབ་རིབ་སེལ། ཨ་བ་བཅོ་ལྔ་པ་ཞེས། ཅོང་ཞི། བསིལ་ཅུ་གུར་ལི་གསུམ། ཨུཏྤལ། འབྲས་བུ་ཨ་བར་སྐྱུར་གསུམ། གོ་སྙོད། ཤིང་མངར། བྲག་ཞུན། ལྕགས་སྦྲུལ་གྱི་ཤལྕགས་ཕྱེ། ཨ་བ་རྣམ་གཉིས་ཞེས་ངོས་འཛིན་མང་ཡང་རྩྭ་ཨ་བ་ཡོངས་གྲགས་དང་སྔོ་ཨ་བ་ཨ་འདྲར་འབོད་པའམ་རྡོ་ཨ་བ་ཞེས་མདུང་རྩེར་བྱེད་པ་གང་རིགས་རྣམས་ཀ་ར་དང་སྦྱར་བ་ཡུན་རིང་བར་དུ་ཁོང་སྨན་ལ་བསྟེན་ན་མིག་གི་བཅུད་ལེན་རབ་རིབ་དང་ཚ་བ་ཀུན་ཞི་བར་འགྱུར། ཡང་ན་སྤང་མ་སྲང་གང༌། གསེར་རྡོ་སྲང་ཕྱེད། ཤིང་མངར་ཞོ་ཕྱེད། ན་ལེ་ཤམ་སྟེ་ཕོ་བ་རིས་རྣམས་འོ་མར་སྦངས་ལ་དུ་བ་མ་ཤོར་བར་བསྲེགས་པའི་ཐལ་བ་དེའི་ལྡེ་གུ་བྱུགས་པས་རབ་རིབ་སེལ་བར་བྱེད། ཡང་ན་སྤང་མ། ཤིང་མངར་བ་རུ་ར་ཞེས་པ་འདི་ལ་ཡན་ལག་བརྒྱད་པར་རུས་པ་དགོས་པར་གསུངས་པ་དང༌། སྐྱུ་རུ་ར། ན་ལེ་ཤམ་རྣམས་ཆུར་བཏགས་བྱས་ལ་རིལ་བུ་བསྒྲིལ་ཏེ་དར་ལ་ནས་བཀབ། བསྐུས་པས་རབ་རིབ་སེལ་ཞིང་མིག་ནད་ཀུན་ལ་ཕན། ཡང་ན་ཨུཏྤལ། སྐྱེར་པའི་ཁཎྜ། ཚ་བ་སྒ་པི་ཕོ་གསུམ། རུ་རྟ། ཨ་རུ་ར་འཇིགས་མེད་རྣམས་བསྐུས་ཀྱང་རབ་རིབ་ཐམས་ཅད་ཕྱགས། ཡང་ན་སྦྲུལ་གྱི་རོ་གཅིག་སྡིག་པ་ནག་པོའི་རོ་བཞི་རྣམས་ཞག་ཉི་ཤུ་རྩ་གཅིག་འོ་མར་སྦངས་ནས་བསྲུལ་ཞིང་ཕྱུངས་པའི་མར་དེས་ཁྱིམ་བྱ་ཕོ་རྫ་དམར་འོག་ཏུ་གསོས་པའི་བྲུན་གྱི་དཀར་པོ་ཡོད་པའི་ལྡེ་གུ་བྱུགས་ལ་དབྱུང་ན་མཁའ་ལྡིང་བྱ་རྒོད་ལྟ་བུའི་མིག་འཐོབ་པར་འགྱུར་རོ། །ཡང་ན་ཨ་རུ་ར་འཇིགས་མེད་དང༌། དོམ་མཁྲིས། རྒྱ་སྐྱེགས་དང༌། གླ་རྩི། བུལ་ཏོག་རྣམས་ཆ་མཉམ་ཆུ་གཙང་ལ་བཏབ་ནས་འཁར་སྣོད་དུ་མདོག་འགྱུར་ཙམ་སྦྱངས་ལ་བལ་ཡེས་མིག་ཏུ་ན་མ་འགའ་གཏིགས་པས་སྤྲིས་གཡོགས་རབ་རིབ་རྣམས་སེལ་བས་རྒྱལ་མོ་ཆུ་འབྱེད་ཅེས་བྱ་ཞིང་ལིང་རོ་དང་རྩ་དྲ་ལ་སོགས་པའི་འགྲིབས་ཀུན་གཅོད་དོ། །ཡང་ན་ག་བུར་གླ་རྩི་རྒྱ་ཚྭ་བཅས་ཁྱིམ་བྱ་ནག་མོའི་སྒོ་ང་དང་བསྲེས་པ་ལ། ཨོཾ་ན་ག་ཤ་རི་རྦད། ག་ཏོ་ཤ་རི་རྦད། ཐུག་ནན་ཤ་རི་རྦད་སྭཱ་ཧཱ། ཞེས་སྨྲ་བ་བཅད་དེ་སྒོང་སྤྲིས་ཞེས་སྒོ་ངའི་དཀར་པོ་ཞུ་བ་དེ་སླ་རུ་མ་སོང་བར་བཟླ་ཞིང༌། དེ་ཡང་འདེབས་དུས་ཉི་ཤུ་རྩ་གཅིག་རེ་བཟླས་པའི་མཆིལ་མ་དང་བཅས་ནད་པའི་ཁོང་དུ་གཏོང་ཞིང་མིག་ལ་སྨན་བྱུགས་ཏེ་དེ་འཕྲལ་དུ་སྔགས་ཅི་མང་རེ་ཕྱི་ནང་གཉིས་ཀར་གདབ་པས་འགྲིབ་པར་བྱེད་པ་མ་ལུས་སེལ་བར་བྱེད། ཟས་སྤྱོད་ཉ་ཕག་ཤ་དང་སྒོ་ང༌། གོ་སྙོད་རྣམས་རྒྱུན་དུ་ཁ་ཟས་སུ་བསྟེན་ཅིང་རྐང་པ་ཆུས་དག་པར་བཀྲུས་རྗེས་འབྲི་མར། ཕག་ཚིལ། གོ་སྙོད་རྣམས་སྦྱར་པས་བྱུག། རྒྱུན་དུ་རྐང་པ་རྗེན་པར་མི་བྱ་ཞིང་མིག་ལ་གནོད་པའི་ཁ་ཟས་དང་སྤྱོད་ལམ་དྲག་ཤུལ་སོགས་བསྲུང་ངོ༌། །

སྲོད་ལོང་ལ་ན་ལེ་ཤམ་སྟེ་ཕོ་བ་རིས་དང་ཞོ་སྦྱར་བ་མིག་ལ་བྱུག་ཅིང༌། བ་ལྕིའི་ནང་དུ་རའི་མཆེར་པ་བཅུགདེའི་ནང་དུ་པི་པི་ལིང་བཅུག་ནས་མེ་ལ་བསྲེགས་པ་གྲིབ་བསྐམས་བྱས་ཏེ་སྦྲང་དང་སྦྱར་བའི་ལྡེ་གུ་བྱུགས་ན་ཕན། རའི་མཆིན་པ་དམར་པོ་དེ་ག་ཟོས་ན་ཡང་སྲོད་ལོང་སེལ། ཤ་མཛེར་ར་རིལ་ལྟ་བུ་གསར་པའི་དུས་སུ་ཁྲག་མཁྲིས་ལས་གྱུར་པའི་གདུང་བའི་མིག་ཚག་ལྟ་བུར་བཅོས་དགོས་ཤིང་རྙིངས་ནས་ཁབ་ཀྱི་རྩེ་མོས་ཕུག་ལ་མཐེབ་མོས་མཉེ་ཞིང་ཤ་ལྷག་དང༌། རྩ་དྲ་ཞེས་རྩ་དྲ་བར་འབྲེལ་ཞིང་ཤ་མཛེར་སོགས་རྒྱས་པར་གྱུར་ན་དང་པོར་དེད་དཔོན་བཅུ་སྦྱོར་ལ་ཨ་བ་ཨ་རུ་ར་ལྕགས་དྲེག་རྣམས་བསྡེབས་པའི་ཁྲུས་གསེར་མདུང་དང་མིག་རྩ་གང་རིགས་ལ་གཏར་ག་དང༌། སྨན་ཨ་བ་བཅོ་ལྔ་པ་སོགས་ཀྱི་བཅོས་བྱས་ལ། དེ་རྗེས་ཞུ་མཁན་བཙོས་པའི་རླངས་དུགས་བྱས་ཏེ་མཐེབ་མོས་མཉེས་ལ་གཙགས་བུས་བཤུས་རྗེས་སུ་ཆུ་ལྕག་བྱས་ཏེ་སྦྲང་དང་མར་གསར་བསྲེས་པ་བལ་ཡེས་བྱུགས་ལ་བཅིངས། དེ་རྗེས་ཨ་རུ་ར་ཞེས་པ་འབིགས་བྱེད། དེའི་ལྡེ་གུ་བྱས་ནས་རྫ་ཕོར་ཁ་སྦྱར་བའི་ནང་དུ་བཅུག་ལ་ནུས་ལྡན་བསྲེགས་པའི་ཐལ་བ་དེ་བ་རུ་ར་དང༌། སྐྱུ་རུ་རའི་ཁུ་བར་སྦྱར་ལ་གྲིབ་བསྐམས་བྱས་ནས་ཞིབ་ཏུ་བཏགས་པ་དེ་ལས་རྒྱ་ཚ་ཉིས་འགྱུར་གྱིས་མང་བ་སྦྱར་བའི་ཕྱེ་མ་བཏབ་ནས་ཁབ་རྩེས་ཕུག་པ་དང༌། གཙགས་བུས་བཤུས་ནས་དཔྱད་བྱས་ཤུལ་གྱི་ནད་ལྷག་མ་ལུས་གཅོད་པར་འགྱུར་ཏེ། སྙིང་པོ་བསྡུས་པར། འབྲས་བུ་གསུམ་ནི་གང་རུང་བའི། །ཤུན་པ་ཆུ་བཏགས་ལྡེ་གུ་བྱས། །ཁམ་ཕོར་སྦྱར་བའི་ནང་དུ་བསྲེག། དེ་ནས་ཚིག་ནས་ཕྱེ་མར་བཏགས། །སྨན་ནི་ལྷག་མའི་ཁུ་བ་ཡིས། །སོ་སོར་ལེགས་པར་བགོས་ནས་ནི། །སྣག་ཚ་དེ་བསྐམས་སླར་ཡང་འཐག། རྒྱ་ཚྭ་ཉིས་འགྱུར་གཅེས་པ་ཡིན། །མིག་སྨན་གསུམ་པོ་དེ་དག་ནི། །ཕྱི་བའི་མཆོག་ཏུ་མུ་ཁྱུད་འཆད། །ཞེས་སོ། །རབ་རིབ་དང་ལིང་རོ་ལ་ཨ་རུའི་ལྡེ་གུ་ནུས་ལྡན་བསྲེགས་པ་སོགས་གོང་བཤད་ལྟར་བྱ་བ་དེའོ། །སྔོ་རིབ་དང་ལིང་རོ་སྲབ་མོས་ཁྱབ་པ་ལ་རྒྱལ་མོ་ཆུ་འབྱེད་ཅེས་བྱ་གོང་གི་ཨ་རུ་ཞེས་པ་ནས་རབ་རིབ་སེལ་ཞེས་པའི་བར་དེར་བྱ་བ་དེ་བསྟེན་དགོས་ཤིང༌། པ་ཡག་པ་ནི་བྱ་རོག་ནོར་བུའི་འབྲས་བུ་དང༌། ལུག་རུ་སེར་པོ། ཞིམ་ཐིག་ལེ། འགྲོན་ཐལ། ཉ་མཁྲིས། སག་རྩི་ཞེས་པ་གོང་བཤད་ལྟར་དང༌། འཇིབ་བུ་ཀ་བྱང་གི་བུལ་ཏོག་ལ་འདོད་པ་དང་ཁྱི་ཀླད་སྦྲང་སྨྱོན་རྣམས་སྦྱར་བ་བླུགས་རྗེས་ཕུག་རོན་གྱི་སྒྲོས་ཕྱགས་པས་ཕྱི་འགྲིབས་མ་ལུས་སེལ་བར་བྱེད་བ་ཡིན་ནོ། །ནང་འགྲིབས་ལ་ཟས་སྤྱོད་དང་ཁོང་སྨན་སོགས་མིག་གི་བཅོས་མཐའ་དག་ལ་འབད་དགོས་སོ། །བར་འགྲིབས་ནི་གཞན་གྱིས་མི་སེལ་བས་དཔྱད་མཆོག་ཐུར་མས་དབྱེ་བར་བྱ་སྟེ། དེ་ལ་སྔོན་འགྲོ་དང་དངོས་གཞི་དང་ཕྱི་རྗེས་གསུམ་གྱིས་བསྟེན་ཏེ། དང་པོ་སྔོན་འགྲོ་ལ་འང་ནད་གཞིའི་སྔོན་འགྲོ། དུས་ཀྱི་སྔོན་འགྲོ། རིམ་གྲོའི་སྔོན་འགྲོ། དཔྱད་ཀྱི་སྔོན་འགྲོ་དང་བཞིའོ། །ནད་གཞིའི་སྔོན་འགྲོ་ཞེས་པ་ནད་རིགས་ཀྱིས་དབྱེར་རུང་བ་དང་མི་རུང་བ་སོགས་ལེགས་པར་བརྟགས་དགོས་ཏེ། དབྱེར་མི་རུང་བ་ནི་ལུད་པ་ཆམ་པས་བཏབ་པ། མ་ཞུ་བ་འཁྲུ་སྐྱུག་ཅན་དང༌། མགོ་གཟེར་ཡོད་པ་ཞེས་ཡ་མ་ཡོད་པ་སོགས་སྔོན་ལ་བཅོས་པ་དང༌། ལུས་ལ་དགྲ་དར་བ་ནི་ནག་རྩིས་པའི་ཐ་སྙད་ལ་སྲོག་ལུས་དབང་ཐང་ཀླུང་རྟ་བཞིར་གྲགས་པ་ལ་ལུས་ལ་འབྱུང་བའི་དགྲ་དར་བ་སྐྱེས་ལོའི་ལུས་མེ་ལ་གནམ་ལོའི་ལུས་ཆུ་ཤར་བ་ལྟ་བུའོ། །སྤར་ཁ་ལི་ལ་བབས་ཞེས་པ་སྐོར་སྤར་ལིའི་སྤང་བྱས་སྤངས་ལ་ཁྱད་པར་སྐྱེས་པར་སྤར་ཁའི་དགུ་མིག་དང་ཡང་འདོམ་པས་ཤིན་ཏུ་གཅེས། དེའི་རིགས་པས་བུད་མེད་ཁམ་དུའང་སྤང་བར་བཤད་ཅིང༌། དེ་མཚུངས་དགུ་མིག་སོགས་ཞིབ་པར་ཡང་བྱུང་ན་བརྟག་སྟེ་དེ་དག་གི་ཚུལ་རྒྱས་པ་ནི་བཻ་ཌཱུར་དཀར་པོ་ལས་བཤད་པ་ལྟར་རོ། །འདུས་པའི་མིག་ཆུ་ནི་འདུས་པས་མིག་ཚིལ་ཞུ་བ་ཞེས་གོང་བརྗོད་ལྟར་བྱུང་ན་དབྱེར་མི་རུང་ངོ༌། །ཕྱི་འགྲིབས་དང་ནང་འགྲིབས་གཉིས་ཐུར་མས་དབྱེ་མི་རུང་བས་མི་ཕྱེད་ཅིང༌། མཚམས་མ་ཤེས་པར་མ་སྨིན་དུས་སུ་བསལ་ཡང་སླར་འགེབས་པར་འགྱུར་བས་སྤང་དགོས་ཤིང་མེ་འོད་དང་ཟླ་བ་ཉི་མ་སོགས་ཤར་བ་དང་ནུབ་པ་ཡང་མི་མཐོང་ན་འབྱེ་བའི་དུས་ལས་འདས་པ་སྟེ་རྒྱལ་མོའི་མཐུ་ཉམས་པས་དབྱེར་མི་རུང་ངོ༌། །དབྱེར་རུང་བ་ནི་རྟགས་དེ་རྣམས་ལས་གོ་ལྡོག་སྟེ་ཆུ་ནང་དུ་ཞག་ཐིགས་འདྲ་བ་དང་ཟླ་བ་ཉ་ལྟར་གང་བ་སྟེ་སྐྱ་སྒོ་རེ་བ་དེ་དབྱེ་བར་བྱ། གཉིས་པ་དུས་ཀྱི་སྔོན་འགྲོ་ནི་རླུང་ལས་གྱུར་པས་འགྲིབས་པ་ལོ་གསུམ་ནས་སྨིན། བད་ཀན་ལས་གྱུར་པ་ལོ་གཅིགའདུས་པ་ལས་གྱུར་པ་ལོ་ཕྱེད་དང་གཉིས། མཁྲིས་པ་ལས་གྱུར་པ་ཟླ་བ་དྲུག་གི་དུས་ནས་སྨིན་པའི་དུས་ཡིན་ཀྱང་དེ་རྣམས་ལ་མ་སྨིན་ན་གནོད་པ་གོང་བཤད་སྤང་བྱའི་ཟས་ཀྱིས་སྨིན་པར་བྱ་དགོས་སོ། །གསུམ་པ་རིམ་གྲོའི་སྔོན་འགྲོ་ནི་ཆབ་གཏོར་བརྒྱ་རྩ་གཏོང་བ་དང༌། གཟུངས་གྲ་ལྔ་འདོན་ཞིང་འགོ་བའི་ལྷ་སོགས་ལ་གསོལ་མཆོད་དང་ནད་དེར་གནོད་པའི་འདྲེ་རིགས་གདོན་སོགས་བསལ་དགོས་སོ། །བཞི་པ་དཔྱད་ཀྱི་སྔོན་འགྲོ་ནི་ནད་བཤིག་ཅིང་འགྲིབ་བྱེད་བསལ་སླ་བའི་ཕྱིར་དུ་ཉུང་མའི་ལོ་མ་ངར་པ་དང་བཅས་པ་ཞུ་མཁན་དང་མཉམ་དུ་ཆང་ལ་བཙོས་པས་རླངས་དུགས་བྱ།

དངོས་གཞིའི་ཆོ་ག་ནི་གསང་བའི་ས་ཡུལ། བརྡེག་པའི་ཐབས་བྱ་ལུགས་དང༌། བསལ་བའི་ཐབས། སོལ་བའི་ཚད་བརྟན་པར་བྱ་བ་ལེགས་པའི་རྟགས་དང་ཉེས་པའི་རྟགས་སོགས་སྤྱི་དོན་རྣམ་པ་བརྒྱད་དུ་ངེས་ཤིང་ཤེས་པར་བྱས་ལ། སྤྱི་དོན་དང་པོ་ཐུར་མའི་ཆོ་ག་ལ་ཚད་དང༌། ནད་པ་དང་སྨན་པའི་ལུས་སོགས་ཀྱི་བཅའ་གཞི་གཉིས་དང་བྱེད་ལུགས་རྒྱུ་སོགས་ལས་ཐུར་མའི་རྒྱུ་ནི་ཞེས་པ་གསེར་ཟངས་ར་གན་གསུམ་མོ། །བྲ་བོ། འབྲི་ལྕེ་ཁ་དང༌། གཟོང་ཁ་འདྲ་བ་རྣམས་ནི་ཐུར་རྩེའི་དབྱིབས་དང༌། སྲིད་དུ་སོར་དྲུག་པ་རྩེ་ཞབས་ཀྱི་དཀྱུས་ཚད་དང༌། རྩེ་མོ་རྒྱལ་མོ་གང་ནི་མིག་གི་མཐོང་བྱེད་རྒྱལ་མོ་གང་སྟེ་རྒྱལ་མོའི་དཀྱུས་ཚད་དུ་བྱ། ཞེང་དུ་དེའི་ཕྱེད་ནི་ཐུར་རྩེའི་དཔངས་སམ་ཞེང་དུ་རྒྱལ་མོའི་ཕྱེད་བྱའོ། །ཐུར་མའི་མགྲིན་པ་ནི་གྲོ་སོག་འབྲིང་པོའི་སྙེ་མ་འདོགས་མཚམས་ལ་མགྲིན་པ་ཞེས་པ་དེའི་ཕྲ་སྦོམ་ཙམ་མོ། །སྲིད་དུ་བར་ཚོན་དོ་ཡོད་པའི་དབུས་སུ་རི་མོའི་རྣམ་པ་དོད་པ་ཞེས་མགྲིན་པའི་སྲིད་དུ་རྒྱལ་མོ་དང་དཀར་པོ་བར་གྱི་མཚོ་དེ་རྩེ་མོ་རྒྱལ་མོ་གང༌། དེ་ནས་གཞལ་བའི་ཚོན་དོ་འདས་མཚམས་སུ་མིག་མཚོ་ཆེ་ཆུང་ལ་ལྟོས་པའི་རི་མོའི་ཉ་ག་གསུམ་རིམ་བཏོད་དོ། །ཐུར་རྐེད་ལག་པས་བཟུང་ས་གྲུ་བཞི་སྦོམ་ལ་ཐུར་ཞབས་ཀྱང་ཕྲ་ཞིང་ལྡིག་པ་དེ་ལྟ་བུའི་ཆག་ཚད་ལྡན་པས་སྐྱོན་རྣམས་སྤོང་སྟེ་མེད་པར་བྱས་ན་ཡོན་ཏན་འབྱུང་བ་ཡིན་ནོ། །ལུས་ཀྱི་བཅའ་གཞི་ནི་གཟའ་སྐར་ཚེས་གྲངས་བཟང་པོ་ལ་སྤྲིན་མེད་ཅིང་ཉི་མ་ལྡེ་བའི་སར་མི་དང་དུད་འགྲོ་སོགས་འདུ་ལོང་མེད་པར་མཚམས་བསྡམས་ཏེ་སྔ་དྲོའི་དུས་སུ་ནད་པའི་ཁ་ཤར་དུ་བལྟས་ལ་ལོ་མཐུན་པའི་ནད་གཡོག་གཅིག་གིས་རྒྱབ་ནས་བརྟེན་སྣམ་བུ་གཙང་མས་ནད་པའི་ལག་པ་གཉིས་དྲང་པོར་ས་ལ་བཙུགས་པར་རྐེད་པ་ནས་སྨན་པ་དང་མཉམ་དུ་བསྡམ་མམ་དྲིལ་ལ་བཅིངས། སྨན་པས་ནད་པའི་མདུན་ངོས་སུ་ནས་ཕད་ཀྱི་ཁྲི་སྟེང་དུ་འདུག་ལ་ནད་གཡོག་གཅིག་གིས་རྡོ་གཉིས་མི་འབྱེ་བའི་ཕྱོགས་ངོས་སུ་བརྡུངས་ཏེ། དེའི་སྒྲ་ལ་ནད་པའི་མིག་བལྟར་གཞུག་ཅིང༌། གསང་ས་སྟོད་ལྷ་གསང༌། བར་མི་གསང༌། སྨད་བདུད་ཀྱི་བུ་གའི་གསང་གསུམ་ལས་བར་མི་གསང་དུ་བརྡེག་པར་བཤད་ལ། གསང་དེ་རྣམས་ལ་ཐུར་མ་ཡང་སྨད་བདུད་གསང་ལ་བྲ་བོ་བསྔགས་ཞེས་པའང་ཁ་ཅིག་ལ་སྣང༌། མི་གསང་ལ་གཟོང་ཁ་བསྔགས་པ་མི་ཏྲ་ཛོ་ཀིའི་ལུགས་ལས་གསུངས་ཤིང༌། དེ་གཉིས་ཀྱི་ཤུགས་ལས་ལྷ་གསང་ལ་འབྲི་ལྕེ་བསྔགས་སམ་སྙམ། གྲོ་འབྲིང་གི་ཚད་དང་ལྡན་པ་མིག་གི་དཀར་ནག་མཚམས་ནས་དར་ཡེ་གངས་དཀར་པོའི་སྟེང་དུ་གཞལ་ལ་རྩ་མེད་པའི་བར་ཞིག་ཏུ་ཡེའུའི་རྩེ་མོ་བཙུགས་ཤིང་འདྲིས་སུ་བཅུགརྩའི་བར་དོག་ན་ཡེའུས་ཕུལ་ལ་གསང་བས་ཡོངས་སུ་འགྲོ་ལ་མིག་དང༌། ཡེའུ་འདྲིས་ནས་ཡེའུས་རེག་རེག་བྱས་ཀྱང་མིག་མི་འགུལ་བར་འདུག་ཙ་ན་ཐུར་མ་བརྡེག་དགོས་ཀྱང་གསང་དམིགས་སུ་མ་ཕོག་པར་གྲ་ཟུར་ཕྱོགས་སུ་མཚོན་ཏེ་ཐུར་མ་གྱེས་ན་ནད་ཀྱིས་སྒྲིབ་བྱེད་དེ་མི་སུམས་པའི་སྐྱོན་ཡོན་ལ་བསྡུས་ན་ཞེས་མཐོང་བྱེད་ལ་ཉེས་ན་སྒྲིབ་བྱེད་ཐུར་ལ་འབྱར་ནས་སྦ་མི་ཐུབ། སྨིན་མ་ཕྱོགས་མཐོས་ན་སྒྲིབ་བྱེད་མི་ནོན་དམས་ན་མི་སུམས་ཏེ་སྒྲིབ་བྱེད་ཤུ་ཧྲིལ་མི་ཐུབ་པས་གསང་དངོས་ནི་བདུད་རྩ་སྟེ་མིག་གི་མིག་མཚོ་ནག་པོ་ལས་གྲ་ཟུར་ཕྱོགས་སུ་གྲོ་འབྲིང་གམ་ཙམ་ཕྱིར་བསྐྱེད། བཙན་ཏེ་མིག་རྩ་དམར་པོ་ལས་གདོང་བྱོལ་བའི་གསང་སྟེ་ཐུར་རྩེ་གང་གི་དབུས་སུ་བརྡེག་པར་བྱ་སྟེ། སྙིང་པོ་བསྡུས་པར་ཡང༌། ནག་པོ་སོར་ཕྱེད་མ་གཏོགས་ཤིང༌། །མིག་འགྲིབ་བཞི་ཆ་དོར་བ་རུ། །མཛུབ་མོ་གུང་མོ་མཐེ་བོ་ཡིས། །མིག་ཐུར་དམ་དུ་བཟུང་ནས་ནི། །རང་གྲུབ་བུ་ག་ནས་འཕྲེད་དུ། །གཟུགས་ཤིང་གྱེན་སྙེ་དྲང་པོར་བྱ། །ཞེས་པ་ལྟར་བརྡེག་ཐབས་སྨན་པའི་ལག་པ་གཡོན་པའི་སོར་མོ་གསུམ་གྱིས་ནད་པའི་མིག་མི་མགུལ་བར་བཟུང༌། གཡས་ཀྱིས་ཐུར་མའི་ཐུར་ཞབས་གསང་དེར་བསྟེན་པར་བྱས་ལ་ཞེས་ནན་ཙམ་བྱས་ནས་འདྲིས་སུ་བཅུགདེ་འཕྲལ་ཐུར་མ་མགོ་མཇུག་ལྡོག་སྟེ་མཐེབ་མོ་དང་མཛུབ་མོའི་སྟེང་གུང་མོ་བརྩེགས་པས་བརྟན་པར་བཟུང༌། སྨན་པ་ཡིད་མ་ཞུམ་ཞིང་བློ་བརྟན་པའི་སྒོ་ནས་གསང་དུ་ལེགས་པར་བཙུགས་ལ་ཐུར་མ་བྱ་མི་འདའ་བའི་མན་ངག་གི་ཞེས་ཐུར་མའི་མགྲིན་པར་རི་མོས་བཀྲི་ཁ་གཏད་པ་དེར་མཐེབ་མཛུབ་བརྟེན་ནས་མིག་གི་ནང་དཀར་པོའི་དཀྱིལ་དུ་མ་ཡོ་བར་འབེམ་སོགས་ལ་བསྡིག་པ་ལྟར་བསྡིགས་ལ་ནིམ་གྱིས་དབུལ། ལེགས་པར་ཕུག་ནས་པུས་ཞེས་བྱ་བའི་སྒྲ་འབྱུང་བས་དེ་བྱུང་ན་ཨེན་ཙམ་ཐུར་མ་དེ་གར་ཕྲུལ་ལེ་བཞག་ནས་ནད་པ་སྤྲོ་བསྲིངས། ཚི་བ་མེད་པའི་བལ་གྱིས་མིག་ལ་ཆུ་ལྕག་བྱ། དེ་ནས་བསལ་ཐབས་སྨན་པ་རང་ལ་ནད་པའི་མིག་གདོང་ཚུགས་སུ་བལྟར་བཅུག་ལ་ཐུར་མ་འཕྲེད་ལ་བསྙལ་ཏེ་རྒྱལ་མོའི་སྟེང་དུ་བཏང་མ་སླེབ་ན་ཅུང་ཟད་བསྲིང༌། རྒྱལ་མོ་དང་སྐྱ་རིབ་དང་ཐུར་རྩེ་མཉམ་པར་བྱ་བ་འདོད་ཅིང་རིང་པས་འབྱར་ཐུང་པས་མི་སོལ་བས་མཁྲིས་འགྲིབ་ཕན་ལྟར་དྲིལ་བ་དང༌། བད་འགྲིབས་བཙོང་ལྟར་བཤུ་བ་དང༌། འདུས་འགྲིབ་འོ་ལྟར་དབོ་བ་དང༌། རླུང་འགྲིབ་སྤུ་ལྟར་གཟིངས་པས་སྒྲིབ་བྱེད་གང་འདུག་དེ་རྣམས་དལ་བུས་བསལ་ལ་ཐུར་མས་མིག་གི་སྨད་ཕུགས་འོག་ཏུ་སྦ། སྒྲིབ་བྱེད་དེ་དུམ་བུར་འཐོར་ན་དབུས་སུ་བསྡུ་ཞིང་བྲོས་ན་ཐུར་འོག་ཏུ་དགུག་པ་དང༌། ཤོར་ན་གླན་ཞིང་ཞེས་ཡང་བསྐྱར་ནས་མནན་པ་དམས་ནས་གཏིང་དུ་ཤོར་ན་ཁུ་ཡིས་གདབ། སྐད་ཆེར་འདོན་གློ་ལུ་སོགས་བྱས་པས་སྔར་ལྟར་སྒྲིབ་བྱེད་ལོག་འོང༌། དེ་དལ་བུས་དྲིལ་བས་ཐུར་རྩེ་ལ་ཕྲུལ་བྱུང་ན་མི་འབྲོས་པས་མིག་ཕུགས་སུ་སྦ། སོལ་ཚད་ནམ་མཁའ་དྭངས་པའི་ཉི་མ་གཟའ་ལས་ཐར་བ་བཞིན་ཕྲ་རགས་གཟུགས་སོགས་མཚོན་བྱེད་དང་པོ་ཐག་པ། དེ་ནས་སྐུད་པ། དེ་ནས་སྤུ་རྣམས་འཕྲལ་དུ་གསལ་ཞིང་མཐོང་བ་ཡིན། དེ་དུས་ཁྲག་ཤོར་ན་ཁྲག་རྩ་ཆད་པས་ཆུ་ལྕག་བྱ། སྣག་ཚ་བོ་ན་ཐུར་རྩེ་གཏིང་དུ་ཐལ་ཏེ་བཅོ་ཐེབས་མེད་པ་དམར་ཁྲིད་དུ་གསལ་ཞིང༌། འོ་ལྟར་བོ་ན་སྒྲིབ་བྱེད་འོ་རྐྱལ་འདྲ་བ་དེ་རལ་བ་སྟེ། དེ་དུས་མི་གསལ་ཡང་ནད་ཆུ་དྭངས་ནས་ག་ལེ་སྟེ་རིམ་པས་ཕྱིས་ནས་གསལ་འོང༌། དེ་འོག་ནས་མི་ལྡོག་ཅིང་བརྟན་པར་བྱ་བའི་ཕྱིར་སྐད་འདོན་ཞིང་གློ་ལུ་དབུགས་བསྡམས་ལ་གོམ་འགའ་བཅགདེ་ལྟར་བྱས་རྗེས་སུ་ལོག་ན་སླར་ཡང་བསལ་དགོས་ཤིང་མ་ལོག་པར་བརྟན་པའི་གདེངས་ཐོབ་པ་བྱུང་བ་དང་ཆུ་ལ་བལ་སྦངས་པ་གླན་ལ་དེ་སྟེང་རས་སྣལ་མ་སོགས་ཀྱིས་མས་ནས་བཅིངས། མལ་དུ་གཞོགས་བསྙལ་ལ་ཐུར་མ་དྲིལ་ཏེ་གདོན། སྔས་མཐོ་བར་བྱས་ལ་སྟོད་སེང་སེང་འོང་བའི་ངོས་ལག་གཡས་པས་དབྱེ་བའི་དབང་གིས་མིག་གཡས་གཡོན་གང་ཕྱེ་ཡང་གཡོན་ཕྱོགས་དེ་ཅུང་ཟད་འོག་ངོས་སུ་བསྟན་ནས་བསྙལ། ལེགས་པའི་རྟགས་ལ་འདོད་པ་རྣམ་པ་གསུམ་ཡོད་དེ། ནད་པའི་སྣང་ངོར་ནགས་ལ་ཁ་བ་བབས་པ་འདྲ་བ་སྐྱ་དིང་ངེ་བ་འོང་བ་འདོད་པ་ཡིན། གངས་ལ་ཉི་མ་ཤར་བ་འདྲ་བ་དཀར་ལ་གསལ་བ་འདོད་པ་ཡིན། དཔྱད་བྱས་པའི་རྗེས་དེ་ནུབ་ནས་ཞག་འགའ་ཟུག་མེད་ཅིང་བདེ་ན་འདོད་པ་ཡིན་ནོ། །ཉེས་པའི་རྟགས་ལ་མི་འདོད་པ་རྣམ་པ་གསུམ་ཡོད་དེ། ཕུག་དུས་སུ་གོང་བཤད་ལྟར་རྩ་ཆད་ནས་ཁྲག་གིས་གང་ན་དེ་མི་འདོད། སེལ་དུས་མིག་བཅར་ནས་རྙོག་ནག་ལངས་ན་དེ་མི་འདོད། དཔྱད་བྱས་རྗེས་སུ་ཟུག་གཟེར་ལངས་ན་དེ་མི་འདོད་ཅིང༌།

ཕྱི་རྗེས་སུ་ཟས་སྤྱོད་བསླབ་པ་དང༌། ལོག་པ་མནན་ཞེས་པ་ལོག་གནོན་གསུམ་གྱི་དང་པོ་ཁ་ཟས་སུ་མར་གསར་དཀར་པོ་དང༌། འོ་ཟན་ཚོས་པར་བཙོས་པའི་སྐྱོ་མ་འདུར་འདུར་བལྡད་མི་དགོས་པ་དེ་ལྟོ་སྲུང་ཞེས་ཕྲན་བུ་རེ་བསྟེན། སྐོམ་ན་ཆུ་གྲོག་ཅེས། ཆུ་བསྐོལ་གྲང་ལ་རྩམ་པ་མདོག་འགྱུར་བཏབ་པ་བག་ཙམ་རེ་བཏུང་བར་བྱ། སྦྲིད་པ། གློ་ལུ་བ། སྣབས་འཕྱི་བ། མཆིལ་མ་འདོར་བ་དང༌། ལུས་ལྡང་བ་དང༌། ཉལ་བ་ལ་སོགས་དྲག་ཤུལ་གྱི་ལས་དེ་དག་ཀུན་དང་མི་སྐད་སོགས་ཀྱི་སྒྲ་ཆེན་པོའི་རིགས་ལ་གཟབ་ཅིང༌། མིག་གི་ནད་ཕལ་ཆེར་ལ་མན་ངག་ཆུ་ཡིན་པས་ཆུ་ལྕག་ནན་ཏན་དུ་བསྐྱེད། ཞག་གསུམ་ལོན་པའི་ནང་པར་ནད་པ་ཉི་མ་ཡོད་པར་ག་ལེ་ཁྲིད་ནས་བཅིངས་པ་བཀྲོལ་ལ་བལྟ། ཞག་བདུན་ལོན་ནས་ཁ་ཟས་གསར་བཅུད་སོགས་རིམ་བཞིན་ཆས་གློད། རླུང་ཤས་ཆེན་པོས་མགོ་འཁོར་ཞིང་ཤེས་པ་ཟ་ཟི་དང་མིག་སྔར་ནག་པོ་ལང་ལིང་མང་པོ་མཐོང་ན་དེ་བས་བག་ཙམ་གྱི་སྔ་བར་གློད། མིག་ལ་གནོད་པའི་ཟས་ཀྱི་རིགས་དང༌། སྤྱོད་ལམ་དྲག་ཤུལ་སོགས་དུག་དང་འདྲ་བས་རྒྱུན་དུ་གཟབ་པ་སྟེ་འཛེམ་དགོས་སོ། །ལོག་གནོན་ཞེས་པ་འགྲམས་པ་དང༌། འགྲིབ་པ་དང༌། ཞར་བ་དང་གསུམ་ཡོད་པ་ལས། དང་པོ་འགྲམས་ལའང་ཤ་འགྲམས་རུས་འགྲམས་རྩ་འགྲམས་དང་གདོན་འགྲམས་བཞིའི་ཤ་འགྲམས་པའི་རྟགས་སུ་ལྟག་པར་ནད་ཟུག་དང་མིག་མི་ཐེག་པར་ལུས་པོ་རྔུལ་ཞིང་མགོ་བོ་དངོས་པོ་ཞིག་གིས་བྱིབས་ཤིང་མནན་པ་ལྟ་བུར་ལྕི་ལ་མིག་རབ་རིབ་བྱེད་ཅིང་མཆི་མ་མང་དུ་འབྱུང་བས་དེ་ལ་ལྟག་པར་གྱོ་མོ་ཞེས་པ་རྐྱང་སེལ་དུ་བཤད་པའི་རྫ་དེ་བསྲོས་ཏེ་རས་ལྟ་བུས་གྲིལ་བའི་དུགས་བྱ་ཞིང༌། དེས་མ་ཞི་ན་སྐྲ་མཚམས་དང་མུར་གོང་འཕར་རྩ་གཉིས་བསྲེགརུས་པ་འགྲམས་ན་རྟགས་སུ་མིག་འབྲས་དང༌། ཡན་ལག་གི་ཚིགས་གཞི་དང༌། དཔྲལ་བ་མིག་རུས་རྣམས་ན་བ་འོང་བས་དེས་ན་མཚོག་མའི་སྟེང་དུ་ཚ་བ་སྒ་པི་ཕོ་གསུམ་བཙོས་པའི་དུགས་སམ། འབྲུ་མར་གྱི་དུགས་ཀྱིས་བདུགརྩ་འགྲམས་ན་མིག་དམར་པོར་འགྲོ་ཞིང་མི་ཐེག་ལ་མགོ་བོའི་ཕྱེད་ན་བ་དང༌། སྐེ་དང་མཇིང་པ་མི་བདེ་ཞིང་ལུས་སྦྲིད་པ་འབྱུང༌། དེ་ལ་ཆུ་ལྕག་ནན་ཏན་དུ་བསྐྱེད་ཅིང་མ་ཞི་ན་དཔྲལ་རྩ་མིག་རྩ་སྣ་རྩ་ལ་སོགས་གཏར། གདོན་གྱིས་བསྐྱོད་ནས་འགྲམས་ན་ཚིག་པ་ཟ་ལ་ལུས་པོ་འདར་ཞིང་རྔུལ་འབྱུང་བ་དང་གྲང་ཤུམ་བྱེད་ན་གདོན་བགེགས་དང་འཚམ་པའི་བསྐྲད་ལས་སོགས་བྱ། གཞན་ཡང་ཞེས་གཅིག་ཏུ་མ་ངེས་པའམ་མཐའ་མ་བཀག་པ་སྟེ་རྒྱས་པ་སྔོན་དང་འཕྲལ་སོགས་ལའང་སྦྱོར་རུང་སྐབས་འདིར་འདུ་བ་རླུང་མཁྲིས་བད་ཀན་གྱི་ཉེས་པ་བྱས་པའི་ནད་གང་དང་གང་ལ་དེ་དང་དེར་འབྲེལ་བའི་གཉེན་པོའི་སྦྱོར་བས་གསོའོ། །སྤྱོད་ལམ་ཚད་ལྡན་མ་བྱུང་བའི་རྐྱེན་གྱིས་ནད་ལོག་ནས་འགྲིབས་པ་ལ་སྦྲུལ་ཤཨ་བ། གུར་ཀུམ། གོ་སྙོད་དང༌། ཀ་ར་མར་གསར་རྣམས་ཀྱིས་ལུག་གི་མཆིན་པ་བརྒྱངས་པ་བཏང༌། བསིལ་ཅུ་གུར་ལི་གསུམ། ག་དུར། སྐྱེར་པའི་ཁཎྜ་དང་མིའི་ནུ་ཞོ། ར་འོ་རྣམས་སྦྱར་བ་བལ་ཡེ་རས་ཚགས་སོགས་ཀྱི་སྙིགས་མ་མ་ཤོར་བར་མིག་ཏུ་བླུགས། གསལ་བྱེད་བདུན་པའམ་དགུ་པ་ཕྱི་རྒྱུད་སྨན་མར་རམ་གོང་དུ་བདུན་པར་མདུང་རྩེ་སྦྲུལ་ཤ་བསྣན་པ་ལྟར་གྱི་ལྡེ་གུ་སྦྱར་ལ་བཏང༌། དེ་དག་བྱས་ཀྱང་སྐྱེད་མེད་པ་སྟེ་མ་བྱུང་ན་ཟླ་བ་ཕྱེད་སོང་ནས་ཐུར་མ་སླར་ལོག་ནས་བསྐྱར། ཞར་བར་གྱུར་ན་དེའི་རིགས་ཀྱི་ལོག་གནོན་དུ་ཟུག་གཟེར་བཅག་པའི་ཐབས་གཅེས་པ་ལས་གཞན་གྱི་རེ་མེད་པས་ག་བུར། དོམ་མཁྲིས། སྐྱེར་པའི་ཁཎྜ་རྣམས་ཀྱི་ཁུ་བ་མིག་ཏུ་བླུགས། གང་ཉེའི་རྩ་ཞེས་པ་མིག་གཡས་གཡོན་གང་དུ་ཉེ་བའི་གསེར་མདུང་དངུལ་མདུང་དང་མིག་རྩ་གང་རིགས་གཏར་ཞིང་ཆུ་ལྕག་དྲག་ཏུ་བྱ། དོམ་མཁྲིས་ལ་སོགས་པའི་མཁྲིས་པའི་སྣ་བསྡུས་པས་ལྕག་མདའི་སྦྱོར་བ་གངས་ཆུས་དབུལ་ལ་བཏང༌། ཡང་ན་བསིལ་ཅུ་གུར་ལི་གསུམ་དང་འབྲས་བུ་ཨ་བར་སྐྱུར་གསུམ་ལྕགས་ཕྱེ་བཅས་པ་རྣམས་སྦྲང་དང་སྦྱར་བ་ཟ་ཞིང༌། ཟས་སྤྱོད་བསིལ་བའི་རིགས་བསྟེན་ཅིང་དྲོད་དང་བཅུད་ཀྱི་རིགས་སྤང་བར་བྱའོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་མིག་ནད་བཅོས་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།



 

མཐའ་མའི་འདོན་ཐེངས་།: 24.11.2023 ཉིན། 11:48 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།