སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་དགུ་པ། མིག་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.02.2021
མན་ངག་རྒྱུད། >>

 

ལེའུ་ཉེར་དགུ་པ། མིག་ནད་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག སྤྱིར་མིག་ལ་ཕྱི་རུས་པའི་ཁྱིམ་དང་ནང་ཚིལ་བུའི་ཁྱིམ་དང་དབུས་ཆུའི་ཁྱིམ་དང་མཐོང་བྱེད་རྒྱལ་མོའི་ཁྱིམ་དང་བཞིར་ངེས་པ་ཡིན་ནོ། །མིག་གི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་སྤྱི་དོན་རྣམ་པ་བཞི་ཡིས་བསྟན།།

སྤྱི་དོན་དང་པོ་རྒྱུ་རྐྱེན་ནད་ཀུན་འཁྲུག་པར་བྱེད་པ་དང༌། །ཁྱད་པར་ཤ་རུལ་བཙོང་སྒོག་ཆང་སྐྱུར་ཡུངས་དཀར་ལོ་མ་བད་མཁྲིས་འཁྲུགས་པར་བྱེད་སོགས་རྫས་ངོ་བོ་རྐྱང་པ་དང་། མི་འཕྲོད་པ་ལྷན་ཅིག་བསྲེགས་པ་ཞོ་མ་ལངས་པ་དང་ཆང་གསར་སོགས་སྣ་འདྲེས་པ། །མིག་ལ་གནོད་ཅིང་ཁྲག་མཁྲིས་སྐྱེད་པའི་ཟས། །བསྟེན་པ་མིག་གི་རྩ་ནང་འགྲིམས་པས་མིག་ནད་ཚ་བ་སྐྱེད། །སྤྱོད་ལམ་དྲག་ཤུལ་མི་ཐེག་ཁུར་བ་དང༌། །དུ་བ་བསེར་བུ་ཁ་བ་མཚོན་ལ་སོགས། །རྐྱེན་གྱིས་ཕོག་པས་མིག་ནད་སྐྱེད་པར་བྱེད་བད་རླུང་བསྐྱེད་པའི་ཟས་སྤྱོད་ཀྱིས་ནི་མིག་ནད་གྲང་བ་སྐྱེད་དོ།།

སྤྱི་དོན་གཉིས་པ་དབྱེ་བ་མིག་ཆུའི་ནད་དང་མིག་ཚག་དང༌། །ལིང་ཐོག་རབ་རིབ་འགྲིབས་དང་རྣམ་པ་ལྔ། །དང་པོ་མིག་ཆུ་རླུང་མཁྲིས་ཁྲག་དང་བད་ཀན་དང༌། །འདུས་པ་སྲིན་བུ་མིག་ནད་སྒྲ་ངན་པྲ་ངན་ཡང་ཟེར་བདུན། །གཉིས་པ་ཚག་པོ་སྐམ་ཚག་གཤེར་ཚག་གདུང་གྱུར་གསུམ། །དེ་ལ་རླུང་མཁྲིས་བད་ཀན་ཁྲག་དང་བཞི། །གསུམ་པ་ལིང་ཐོག་བཞི་བ་རབ་རིབ་དབྱེ་བའང་དེ་བཞིན་ནོ། །ལྔ་བ་འགྲིབས་ལ་སྲོད་ལོང་ཕྱི་ནང་བར་འགྲིབས་གསུམ། །དང་པོ་ཕྱི་འགྲིབས་ཤ་ལྷག་ཤ་མཛེར་རྩ་དྲ་དང༌། །སྔོ་རིབ་ལིང་རོས་ཁེབ་དང་རྣམ་པ་ལྔ། །གཉིས་པ་ནང་འགྲིབས་ཆུ་འཁྲུགས་རྩ་མདངས་ཉམས་པ་གཉིས། །གསུམ་པ་བར་འགྲིབས་རླུང་མཁྲིས་བད་ཀན་འདུས་པ་བཞི། །སུམ་ཅུ་རྩ་གསུམ་མིག་ནད་དབྱེ་བར་འདོད།།

སྤྱི་དོན་གསུམ་པ་དེ་རྟགས་དང་པོ་མིག་ཆུའི་ནད་ལ་རླུང་གྱུར་པ། །མཆི་མ་འཛག་ཅིང་རྡུལ་གྱིས་གང་སྙམ་སེམས། །འཛུམ་པར་དཀའ་དང་དུས་མེད་འབྱེད་འཛུམ་བྱེད། །ཆུ་དང་བད་ཀན་ཁྲག་རྣག་གྲ་མཚམས་འཛག །མཁྲིས་གྱུར་ཚ་དམར་འདྲུལ་ཞིང་འབྲུམ་ཕྲན་ཁྱབ། །གཡའ་ཞིང་སྐྲངས་ལ་ཆུ་སེར་རྣག་བཅས་འཛག །ཁྲག་གྱུར་ཟུག་ཆེ་འབྲུམ་ཕྲན་དམར་པོས་ཁྱབ། །བད་ཀན་ལས་གྱུར་འབྲུམ་ཕྲན་དཀར་པོས་གང༌། །མིག་ནང་འབྱར་ཞིང་གཡའ་ལ་ཟུག་ཆུང་བ། །འདུས་གྱུར་མིག་ཞུ་རྫི་མ་ནང་དུ་ཟུག །ཚ་སྐྲངས་མཆི་མ་འཛག་ཅིང་མིག་མཆུ་འབྱར། །སྲིན་གྱུར་རྨེན་བུ་སྲིན་བུ་སུབ་འདོད་གཡའ་བ་འབྱུང་། །བྱིས་པའི་མིག་ནད་སྒྲ་ངན་སོ་སྐྱེ་ཚེ། །མ་ནད་ལས་བྱུང་དམར་ཚ་འབྱར་ཞིང་སྐྲངས། །ལག་པས་མིག་དང་སྣ་ཉེད་གསོ་དཀའ་ཡིན། །མིག་ནད་སྐམ་ཚག་བད་རླུང་ལས་གྱུར་པ། །མིག་སྐམ་རྩུབ་ཅིང་ཚ་ལ་བསེར་བུ་གནོད། །གཤེར་ཚག་ཁྲག་དང་མཁྲིས་པ་ལས་གྱུར་པས། །དམར་ཚ་ཉི་མ་མི་བཟོད་མཆི་མས་ཁེངས། །གདུང་བའི་མིག་ནད་མིག་ཚག་མཆི་མ་འཛག་པ་དེ་ཉིད་མ་བཅོས་པས་མིག་ཆུ་སྟོབས་འཕེལ་ཏེ་གདུང་བའི་མིག་ནད་དུ་འགྱུར་བ་ཡིན་ནོ་རླུང་གྱུར་ལྡང་དུབ་བྱེད། །རྡུལ་གྱིས་གང་ངམ་བུས་སྙམ་བྱེད་པ་དང༌། །མགོ་འཁོར་རྣ་བ་འུར་ཞིང་མིག་དམར་སྐྲངས། །མཁྲིས་གྱུར་ཚ་སྐྲངས་དམར་འདྲུལ་སེར་པོར་མཐོང་། །མེ་མདག་གཏོར་སྙམ་མཛེར་ཐབས་ཁྱབ་པ་ཡིན། །ཁྲག་གྱུར་ཤིན་ཏུ་ན་ཞིང་རེག་མི་བཟོད། །མེ་ཉི་མི་བཟོད་མིག་དམར་དམར་པོར་མཐོང༌། །བད་ཀན་གཡའ་སྐྲངས་མིག་གི་འབྲས་བུ་ཞུ། །གདུང་བ་ཕལ་ཆེར་སོ་དང་མུར་འགྲམ་དང༌། །མཁུར་ཚོས་མགོ་བོ་ན་ཞིང་རིབ་ཚབས་ཆེ། །གསུམ་པ་ལིང་ཐོག་མིག་འབྲས་དཀར་ནག་སྟེང་དག་ཏུ། །རླུང་གྱུར་སྔོ་སྲབ་མཁྲིས་པ་ཐིག་ལེ་སེར་པོ་སོང་བས་ཐིག་ལེ་སེར། །ཁྲག་གྱུར་པ་དང་མཚོན་གྱིས་གཙེས་པ་ལས་འབྱུང་ཐིག་ལེ་དམར་པོར་འོང༌། །བད་ཀན་ལས་བྱུང་མཐུག་ཅིང་སྐྱ་བས་གཡོགས། །ཀུན་ལ་ཟུག་ཆེ་རྩུབ་ཅིང་མཆི་མ་རིལ་ལི་ལི་འབྱུང༌བ་ཡིན། །མཐོང་བྱེད་དེ་རྣམས་སྟེང་བྱུང་ཟངས་གཟེར་འདྲ་བ་གཏིང་ན་འདུག་ན་གསོ་དཀའ། །བཞི་བ་རབ་རིབ་ནད་དེ་མིག་ཆུའི་ནང་དུ་འཇུག །དེ་ཡང་རིམ་པ་བཞིན་དུ་འཇུག་འགྱུར་ཏེ། །དང་པོར་ཞུགས་ཚེ་རེས་གསལ་རེས་མི་གསལ། །གཉིས་པར་ཞུགས་ཚེ་ཐག་རིང་ཆུང་མི་མཐོང༌། །ཉེ་ཞིང་གཟིར་བལྟས་ལེགས་མཐོང་གོ་ལོག་དངོས་ལས་གཞན་དུ་མཐོང་བར་སྣང༌། །སྟེང་འོག་གཡས་གཡོན་ཉེ་རིང་ལོགས་པ་སོགས་གང་ནས་ཞུགས་པ་དེའི་ངོས་ནས་མི་གསལ། །འདི་དུས་རབ་རིབ་ཅེས་བྱ་བའི་དུས་སུ་མ་བཅོས་པས་སྔོན་པོར་འགྲོ་བས་གསོ་བ་སྒྲིམས། །རླུང་གྱུར་དུ་བ་རབ་རིབ་སྐྲ་ཤད་དང༌། །སྦྲང་བུ་འོད་མཐོང་གཟུགས་ཀུན་གཡོ་བར་སྣང༌། །མཁྲིས་གྱུར་གློག་དང་མེ་སྒྲོན་རྨ་བྱའི་སྒྲོ། །ཁྲག་གྱུར་དམར་ལ་བད་ཀན་མུན་འཐིབས་འགྱུར། །གསུམ་པར་ཞུགས་ཚེ་འགྲིབས་བྱེད་མས་ནས་ཡར་འགྲིབ་པའི་དབང་གིས་སྟེང་མཐོང་འོག་མི་མཐོང༌། །རས་ཀྱིས་མིག་བཀབ་པ་ལྟར་མཐོང་ནད་མདོག་རླུང་སྔོ་མཁྲིས་པ་སེར་བད་ཀན་དཀར་འདུས་ཁྲ་བོ་སོགས་ནད་པའི་སྣང་ངོར་དུ་སྣང༌བའི།ཕྱི་རོལ་དུ་སྔོན་པོ་ཞེས་བྱའི་དུས་ཡིན་པས་རིམ་པ་བཞིར་ཕྱིན་ནས། །རྒྱལ་མོ་ཁེབས་ཏེ་ལོང་བར་འགྱུར་བ་ཡིན། །འགྲིབས་པ་སྲོད་ལོང་ནག་པོ་ལང་ལིང་ཁེབས་པར་སྣང་། །ཕྱི་འགྲིབ་ཤ་ལྷག་སྐྱ་བོ་ཟུག་ཆུང་དལ་བུས་སྐྱེ་བའི་ཁེབས་། །ཤ་འཛེར་ར་རིལ་ལྟ་བུར་དམར་ལ་འབུར་བར་ཡོང་། །དེ་རྒྱས་མདོག་ནག་རྒྱ་ཆེ་མཐུག་པ་ནད་པའི་སྣང་ངོ་ཡིན། །རྩ་ཡི་དྲ་བས་མཐུག་ཁྱབ་དེ་ཉིད་དོ། །སྔོ་རིབ་སྒོང་སྤྲིས་ལྟ་བུས་ཁྱབ་པ་སྟེ། །ལིང་རོ་སྲབ་དང་མཐུག་པས་སྒྲིབ་པ་གཉིས། །མཐུག་པོ་སྦོ་མ་ཡོས་ཀྱི་སྦོ་འདྲ་བ་ཚ་རྡོག་ཚ་རྡོག་བཞག་པ་འདྲ་བ་མིག་གཉིས་སྤང་བཅོས་སུ་མེད། །ནང་འགྲིབ་ཆུ་འཁྲུགས་མཚོ་གཉིས་འདྲེས་ཏེ་སྣག་ཚ་འདྲ། །རྒྱལ་མོའི་རྩ་མདངས་ཉམས་པས་ནག་སང་སྒྲིབ་བྱེད་མེད་ཀྱང་མི་མཐོང་འོང༌། །བར་འགྲིབས་རླུང་འགྲིབས་ཉི་མ་འདྲ་བ་མཁྲིས་འགྲིབས་འུག་མིག་བར་སྨན་པ་སོགས་ཀྱིས་མཐོང་བར་འགྱུར་བ་དང༌། །བད་ཀན་ཟླ་བ་ལྟར་དཀར་འདུས་པ་འཇའ་ཚོན་འདྲ། །དེ་རྣམས་རྟགས་ལས་ནད་ངོས་མ་འདྲེས་སོ་སོར་བཟུང༌།།

སྤྱི་དོན་བཞི་པ་གསོ་བའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་རུ་སྨན་དང་ཆ་དཔྱད་ཟས་དང་སྤྱོད་ལམ་བཞི་ཡིས་བཅོས། །དང་པོ་སྨན་དུ་གསལ་བྱེད་བདུན་དགུ་བཅོ་ལྔ་པའི་ལྡེ་གུ་འབྲས་ཨ་བར་སྐྱུར་གསུམ་སྨན་མར་དང་། །འོག་ནས་འབྱུང་བའི་ཨ་བ་བཅོ་ལྔ་པ་ལ་སོགས་ཁོང་དུ་བཏང༌། །གཉིས་པ་དཔྱད་དུ་རླུང་ལ་སྣུམ་འཆོས་མཁྲིས་པར་འཁྲུས་བད་ཀན་ལ་སྐྱུགས་ཁྲག་ལ་ལ་གཏར་ག་བྱ། །ལྡོང་རོས་རྒྱ་མཚོའི་ལྦུ་བ་སྤང་སྤོས་དུང༌། །གླ་རྩི་ཨུཏྤལ་སུག་སྨེལ་སྐྱེར་ཁཎྜ། །ཙན་དན་ཁྲག་ཤས་ཆེ་ན་དམར་པོ་ད་གཞན་ལ་དཀར་པོ་གུར་ཀུམ་རྒྱམ་ཚྭ་ཚ་བ་སྒ་པོ་ཕོ་གསུམ། །ཀ་ར་སྦྲང་སྦྱར་བྱུགས་ན་མིག་གི་ནད། །རབ་རིབ་ཤ་མཛེར་ཚག་འགྲིབས་ནད་ཀུན་སེལ། །ཟས་སྤྱོད་ཚ་སྐྱུར་རུལ་སུངས་བཙོང་སྒོག་ཟྭ། །སྔོ་སྣེ་ཚོད་ལོ་མ་རས་པོ་བཤུར་མར་ནག་བུར་སྨུག་དང༌། །དུ་བ་བསེར་བུ་ཁ་བ་ཆགས་པ་སྤྱོད། །དྲག་ཤུལ་སྐད་ཆེས་འདོན་པ་དང་མི་ཐེག་པ་ལ་སོགས་སྤང༌། །གཉིས་པ་བྱེ་བྲག་ཁྱད་པར་གསོ་བ་ནི་དང་པོ་མིག་ཆུ་རླུང་གྱུར་གུར་ཀུམ་དང༌། །མར་རྙིང་ཆུར་བསྐོལ་སྣ་སྨན་མིག་བརྟ་བྱ། །སྐྱེར་པའི་ཁཎྜ་ནུ་ཁྱེའུས་འཐུང་བའི་ནུ་ཞོ་སྦྲང་སྦྱར་བྱུག  མཁྲིས་གྱུར་འབྲུམ་པ་བཞར་རྗེས་ཆུ་དྲོན་བཀྲུ། །ག་བུར་དོམ་མཁྲིས་ཡུང་བ་ཨ་རུ་ར་འཇིག་མེད་། །མིའི་ནུ་ཞོ་སྦྲང་རྩི་སྦྱར་ལ་བྱུག་པར་བྱ། །ཁྲག་གྱུར་འབྲུམ་པ་བཞར་ཞིང་གང་ཉེ་གཏར། །བཙོད་དང་སྐྱེར་པ་རྒྱ་སྐྱེགས་རྒུན་འབྲུམ་དང༌། །ཨུཏྤལ་བསྐོལ་གྲང་ཀ་ར་མིག་ཏུ་བླུག །བད་གྱུར་འབྲུམ་པ་བཞར་ལ་ནག་མཚུར་དང་། །པི་པི་ལིང་དང་རྒྱ་ཚྭ་ལྡོང་རོས་དང༌། །སྟང་ཟིལ་རྡོ་ནག་པོ་སུན་ཅན་ལྡོང་རོས་ཀྱང་ཟེར་སྦྲང་དང་སྦྱར་ལ་མིག་ཏུ་བླུག །མདུང་རྩེ་ཙན་དན་དཀར་པོ་ཤིང་མངར་བཙོད། །ཞུ་མཁན་ཆུ་ལ་སྦྱངས་པ་མིག་ལ་འབྱུག །མིག་ནད་ཅི་ལས་གྱུར་ཀྱང་འཕྲལ་ཟུག་གཅོག །འདུས་པའི་མིག་ཆུ་རྫི་མ་ཕྱིས་བྱས་ལ། །སྐྱེར་པའི་ཁཎྜ་ལྡོང་རོས་ཟངས་ཕྱེ་དང་། །ནག་མཚུར་བྱི་རུག་ཞིང་མུར་སྐྱེ་བའི་ནག་པོ་ཟངས་ནང་སྦངས་ཁུ་བླུག །བྱི་རུག་ནག་མཚུར་ཟངས་ནང་དུ་ཞག་བཅུ་བཞག་པ་བྱུག །སྲིན་གྱུར་བ་ལྕིའམ་རྟ་སྦངས་དུགས་བྱས་ནས། །ཐོར་པ་བརྟོལ་ལ་ནག་མཚུར་རྒྱ་ཚྭ་དང༌། །འབྲས་བུ་ཨ་བར་སྐྱུར་གསུམ་དང་སྦྲང་རྩི་སྦྱར་བ་བྱུག །མིག་ནད་སྒྲ་ངན་མ་ནུའི་སྐྱུག་ཁྲུས་བྱ། །སེང་ཕྲོམ་ནིམ་པ་ཤིང་སེར་མཁྲེགས་དབྱིབས་བ་ལེ་ཀ་འདྲ་ཞིང་རོ་ཤིན་ཏུ་ཁ་བ་ལོ་མ་ཟ་འདྲ་ཡན་ལག་བརྒྱད་པར་ཚོད་མའི་སྡེར་བཤད་པ་དེ་ཡིན་ལ། མ་རྙེད་ན་ཉེ་ཤིང་བས་ཚབ་རུང་སྡེ་ཚན་ལྔ་འགྲེལ་དུ་གསེར་མེའི་ལོ་མ་ཡིན་ཡང་ཟེར་རོ་ཧོང་ལེན་སེར་པོ་ཡུང་བ་སྐྱེར་པ་གཉིས། །ཟངས་ཕྱེ་ནུ་ཞོ་སྦྱར་བ་མིག་ལ་བྱུག །ཆུ་སེར་རྣག་ཁྲག་གྲ་མཚམས་ནས་འཛག་ན། །ཨ་རུ་འཇིག་མེད་བུལ་ཏོག་སྦྲང་རྩི་དྲི་ཆུས་བཀྲུ། །དེ་རྗེས་ག་བུར་དོམ་མཁྲིས་སྐྱེར་ཁཎ་བྱུག །གཉིས་པ་སྐམ་ཚག་ཏི་ཚ་སེར་པོ་ཞ་ཉེའི་རྡོ་དམར་སེར་འོད་ཅན་ལྗིད་ཆེ་བ་དེའི་ཅུ་གང་ཡང་ཚ་ཏི་ཚ་ཚལ་ལ་བརྡུངས་པའི་གསར་རོ་དང༌། །མར་གསར་ཀ་ར་མེ་ལོང་ལ་སྦྱར་ཏེ་གཡའ་ཕྱིེས་པས་བླངས་ལ་བྱུག །ཡང་ན་མི་སྐྲ་མར་སྦྱར་ནུས་ལྡན་དུ་བ་མ་ཤོར་བ་བསྲེགས་པའི། །ཐལ་བ་མར་གསར་མེ་ལོང་གཡའ་སྦྱར་རམ། །རག་དུད་ར་གན་བཞུས་བའི་དུད་པ་མར་གསར་མེ་ལོང་གཡའ་སྦྱར་བྱུག །གསུམ་པ་གཤེར་ཚག་དཔྲལ་རྩ་མིག་རྩ་སྣ་རྩེ་གཏར། །སྐྱེར་པའི་ཁཎྜ་ར་འོ་སྦྱར་བ་བྱུག །མིག་ཚག་ཀུན་ལ་སག་རྩི་ནཱི་མ་ཐོ་ཋའམ་བིག་པན་མ་རྙེད་ན་ཟ་ཐབས་ཞོ་སྦྱར་བའི་སྔོ་ལྗང་ལན་ཚ་མེད་པ་རུང་ཚ་བ་སྒ་པི་ཕོ་གསུམ། །ཡུང་བ་དུང་དང་ཏི་ཚ་སེར་པོ་དང༌། །མར་གསར་མེ་ལོང་གཡའ་དང་སྦྱར་ལ་བྱུག་ཚ་བ་འཇོམས་འགྲིབས་སྙམ་དང་རྩུབ་པ་སེལ། །མཆིན་པ་ཚོན་པོ་ཆུར་སྦངས་ཆུ་སེར་བཏོན། །ཞིབ་བརྡུངས་མར་བཙོས་ཚ་སྒ་པི་ཕོ་གསུམ་སྦྲང་རྩི་བཏབ། །མཆིན་པའི་རླངས་པས་མིག་ཚག་སེལ་བར་བྱེད། །གདུང་བའི་མིག་ནད་རླུང་གྱུར་འབྲས་ཨ་བར་སྐྱུར་གསུམ་མར། །སྨིན་མའི་སྟེང་དང་ལྟག་པའི་སྤུ་འཁྱིལ་དང༌། །རྐང་པའི་རྟིང་པའི་དྲེག་པ་ཡོད་མེད་ཀྱི་མཚམས་མེ་བཙའ་གདབ། །ཁྲག་མཁྲིས་ལས་གྱུར་ཁོང་སྦྱང་གཏར་ག་བྱ། །ཤིང་མངར་སྐྱེར་པ་ཀཎྜ་ཀ་རི་ཡི། །ཁཎྜ་ར་གན་དུད་པ་ན་ལེ་ཤམ་ཕོ་བ་རིལ་དཀར་པོ། །སྦྱར་བསྐུས་དམར་ཚག་གཟེར་ཞིང་འདྲུལ་བ་རྣག་ཡོང་བ་སེལ། །གསལ་བྱེད་བདུན་པའི་སྟེང་དུ་མདུང་རྩེ་སྨུག་པོ་དང་ལྕགས་སྦྲུལ་བསྣན་པའམ་བདུན་པའི་སྟེང་དུ་སྦྲུལ་ཤ་དང་ཨ་བ་གཉིས་སྦྱུར་བའི་དགུ་པའི་ལྡེ་གུ་བཏང་བར་བྱ། །བད་ཀན་ལས་གྱུར་རུང་བའི་ནད་སྐྱུགས་བྱས་ནིམ་པ་འབྲས་བུ་ཨ་བར་སྐྱུར་གསུམ་། །སེང་ཕྲོམ་བ་ཤ་ཀ་ཁུ་དྲོ་འཇམ་བྱུག །མར་རྙིང་ཚ་བ་སྒ་པི་ཕོ་གསུམ་དང་སྦྱར་བ་བཟའ། །གསུམ་པ་ལིང་ཐོག་ཁྲག་མཁྲིས་མཚོན་གྱིས་གཙེས་པ་ལ། །འཁྲུས་སྨན་གཏར་ག་སྐྱེར་ཁཎ་དོམ་མཁྲིས་བྱུག །རླུང་གྱུར་ཞུན་མར་བཟའ་བདུག་སྒོག་ཆབ་བཏང༌། །བད་ཀན་ལས་གྱུར་ཉ་ཕག་ཤ་ཡིས་བཤིག །ཀུན་ལ་ཨ་རུ་འབིགས་བྱེད་བུལ་ཏོག་དྲི་ཆུས་བཀྲུ། །ཡང་ན་རྡོ་མཁྲིས་སེར་པོ་རོ་ཁ་བ་དོམ་མཁྲིས་ཀ་ར་སྦྱར་བའི་སྟེང་དུ་བཏབ། །མཚེ་ལྡུམ་དང་སྤྱིན་དང་བཙན་དུག་དང་ཞིམ་ཐིག་ལེ་དང་ཕྱེ་མའམ་རྒྱ་ཚྭས་ལིང་ཐོག་བླང༌། །ལིང་ཐོག་རྙིངས་ནས་ཤུ་དག་འབྲས་བུ་ཨ་བར་སྐྱུར་གསུམ་། །རུ་རྟ་ཀ་རའི་ཕྱེ་མ་བཏབ་པས་སེལ། །ཚོན་སྤང་མ་འགྲོན་བུ་ལྡོང་རོས་བཙག་རྡོ་དམར་པོ་ཡུག་རྡོ་སྔོ་མཁྲེགས་རྣམས། །རྒྱ་མཚོའི་ལྦུ་བ་སེམས་ཅན་གང་རུང་གི་མགོ་རུས་སྣུམ་མེད་པ་དང་སྟང་ཟིལ་རྡོ་བུར་བ་དུང༌། །ཁྱིམ་བྱའི་སྒོ་ང་སྦྱར་བསྐུས་ལིང་ཐོག་གཅོད། །ཅུ་གང་གུར་ཀུམ་ག་བུར་གླ་རྩི་དང༌། །ལིག་བུ་མིག་བཏགས་ཀ་ར་སྦྱར་བ་བྱུག་ལིག་བུ་མིག་ནི་བརྡ་སྤྲོད་ལྔ་བར་མདུང་རྩེ་ཡིན་གསུངས་ལ་འགའ་ཞིག་གིས་དཀར་ཕྲ་མན་ལ་འདོད་པས་བརྟག་གོ། །སྦང་ལུམས་བྱས་རྗེས་སྦོས་སུ་ཚོར་བ་དང༌། །ལ་ཆའི་དུད་པས་བདུགས་རྗེས་ལྕགས་ཀྱུས་བཤུ། །བཞི་བ་རབ་རིབ་ཀུན་ལ་ཤིང་མངར་ར་མཉེ་དང་ཉེ་ཤིང་གཉིས། །ཀཎྜ་ཀ་རི་ཨུཏྤལ་ཨ་རུ་ར་འབིགས་བྱེད་། །པི་པི་ལིང་དང་ཀ་ར་རྒུན་འབྲུམ་དང༌། །ར་འོ་བ་མར་འབྲས་ཨ་བར་སྐྱུར་གསུམ་བ་ཤ་ཀ །བསྡུས་ཁུས་རབ་རིབ་སེལ་བར་བྱེད་པ་ཡིན། །འབྲས་ཨ་བར་སྐྱུར་གསུམ་ཤིང་མངར་སྦྲང་རྩིའི་ལྡེ་གུ་སྦྱར། །ནུབ་མོ་ཉལ་ཁར་བཟའ་ཞིང་ཟླ་གཅིག་ཕན་ཟས་བསྟེན། །སྐྱུ་རུའི་ཁུ་བ་འཐུངས་ན་རབ་རིབ་སེལ། །ཏ་ཙ་གསེར་རྡོ་ཡིན་ཟེར་བ་དང་སྒ་སྐྱ་ཡིན་ཟེར་བའང་འདུག་ཤིང་མངར་ལྕགས་ཕྱེ་ཀ་ར་སྦྲང༌། །མར་རྙིང་འབྲས་བུ་སྦྱར་བས་རབ་རིབ་སེལ། །ཨ་རུ་འབིགས་བྱེད་དང་སྦྲང་རྩི་རྒྱུན་དུ་ཟས་ཟ་བའི་གོང་བསྟེན། །ཨ་བ་བཅོ་ལྔ་བ་ནི་ཅོང་ཞི་བསིལ་ཅུ་གུར་ལི་གསུམ་ཨུཏྤལ་འབྲས་བུ་ཨ་བར་སྐྱུར་གསུམ་འབྲས་བུ་ཆེན་པོའི་མར་ཞེས་བྱའོ། །གོ་སྙོད་ཤིང་མངར་བྲག་ཞུན་སྦྲུལ་གྱི་ཤ །ལྕགས་ཕྱེ་ཨ་བ་རྣམ་གཉིས་འདི་ལ་ཁ་ཅིག་གིས་རྩ་ཨ་བ་ཕོ་མོ་གཉིས་ཡིན་ཟེར་བ་དང་འགའ་ཞིག་གིས་ཨ་བ་དང་རྡོ་མདུང་རྩེ་ཡིན་ཟེར། དཔེ་ཆ་ལ་ལའི་མཆན་བུར་རྩ་ཨ་བ་དང་སྔོ་ཨ་བ་གཉིས་ཡིན་ཟེར་བ་ལས་རྩ་སྔོ་གཉིས་གཅིག་ཡིན་པའི་དེ་དོམ་ལ་གནས་པར་གདའཔ་ཀ་ར་སྦྱར། །ཡུན་དུ་བསྟེན་ན་མིག་གི་བཅུད་ལེན་རབ་རིབ་དང་ཚ་བ་འུར་བ་བསལ་བར་གྱུར། །ཚོན་སྤང་མ་སྲང་གཉིས་གསེར་རྡོ་སྲང་ཕྱེད་ཤིང་མངར་ན་ལེ་ཤམ་དགུ། །འོ་མར་སྦངས་ལ་དུ་བ་མ་ཤོར་བསྲེག །ལྡེ་གུ་བྱུགས་པས་རབ་རིབ་སེལ་བར་བྱེད། །ཚོན་སྤང་མ་ཤིང་མངར་བར་རུ་འདི་ལ་བ་རུ་རའི་ནང་སྙིང་དགོས་པར་ཡན་ལག་བརྒྱད་པ་ནས་གསུངས་སྐྱུར་ན་ལེ་ཤམ། །ཆུར་བཏགས་རིལ་བུ་དར་ལ་བསྐུས་རབ་རིབ་སེལ། །ཨུཏྤལ་སྐྱེར་པའི་ཁཎྜ་ཚ་བ་སྒ་པི་ཕོ་གསུམ། །རུ་རྟ་ཨ་རུ་ར་ཡིས་རབ་རིབ་འཕྱག །སྨན་སྦྲུལ་གྱི་རོ་གཅིག་སྡིག་པའི་ནག་པོ་རོ་བཞི་རྣམས། །ཞག་ཉི་ཤུ་རྩ་གཅིག་འོ་མར་སྦངས་ནས་བསྲུལ་པའི་མར་ཐོན། །ཁྱིམ་བྱ་ཕོ་གསོས་པའི་བྲུན་གྱི་ལྡེ་གུ་བྱུག །མཁའ་ལྡིང་བྱ་རྒོད་ལྟ་བུའི་མིག་འཐོབ་འགྱུར། །རྒྱལ་མོ་ཆུ་འབྱེད་ནི་ཨ་རུ་ར་འབིགས་བྱེད་དང་དོམ་མཁྲིས་རྒྱ་སྐྱེགས་དང༌། །གླ་རྩི་བུལ་ཏོག་ཆུ་གཙང་འཁར་སྣོད་ནང་མདོག་སྦྱངས་གྱུར་ཚེ། །མིག་ཏུ་གཏིགས་པས་སྤྲིས་གཡོགས་རབ་རིབ་སེལ་སྨན་འདི་རྣམས་ཞིབ་ཏུ་བཏགས་ནས་དར་ཚགས་ལ་དྲངས་དར་གྱིས་བཏུམས་ཏིང་ཕོར་དུ་ཆུ་ཁྱོར་གང་ལ་སྨན་ཁུ་དམར་མེར་དུ་འོང་བར་སྦངས་ལ་སྔ་དྲོ་མིག་གང་འབྱེད་སྟེང་དུ་འོང་བར་བྱས་ལ་མགོ་སྔས་སུ་བཞག་མིག་ཕྱེ་ལ་སྨན་ཆུ་བལ་ཡེས་བཏིགས་དར་ཅིང་བཞག་ཏེ་དེ་འདྲ་ཞག་བཅུའམ་ཟླ་བ་ཕྱེད་བར་བྱའོ། །ལིང་རོ་རྩ་དྲ་ལ་སོགས་འགྲིབས་ཀུན་གཅོད། །ག་བུར་གླ་རྩི་རྒྱ་ཚྭ་ཁྱིམ་བྱ་ནག་པོའི་སྒོ་ང་ལ། །ཨོཾ་ན་ག་ཤ་རི་རྦད། །ག་ཏོ་ཤ་རི་རྦད། །ཐུག་ནན་ཤ་རི་རྦད་སྭཧཱ། །སྨྲ་བ་བཅད་དེ་སྒོང་སྤྲིས་ཞུ་འདི་དཔེ་རྙིང་ལ་ལ་ཁུ་བ་ཞེས་འབྱུང་བ་དག་པ་འདྲ་ཞུ་བར་ཞེས་བཤད་པ་གོ་བ་མ་བྱུང་བར་བཟླས། །འདི་ཉིད་གཅིག་ལ་འདེབས་རང་དང་ནད་གཉིས་ཀའི་དུས་སྔགས་ལན་ཉི་ཤུ་རྩ་གཅིག་རེ་བཟླས་པའི་མཆིལ་མ་ཁོང་དུ་བཏང༌། །མིག་ལ་སྨན་བྱུགས་འཕྲལ་དུ་སྔགས་ཅི་མང་རེ་གདབ་འགྲིབ་བྱེད་མ་ལུས་སེལ། །ཉ་ཕག་སྒོ་ང་གོ་སྙོད་རྒྱུན་དུ་བརྟེན། །རྐང་བཀྲུ་འབྲི་མར་ཕག་ཚིལ་གོ་སྙོད་བྱུག །རྐང་རྗེན་མི་བྱ་གནོད་པའི་ཟས་སྤྱོད་བསྲུང་། །སྲོད་ལོང་ན་ལེ་ཤམ་དང་ཞོ་སྦྱར་བྱུག །བའི་ལྕི་བའི་ནང་དུ་རའི་མཆེར་པ་བཅུག་པའི་ནང་དུ་པི་པི་ལིང༌། །བཅུག་ནས་བསྲེགས་པ་གྲིབ་སྐམས་བྱས་པའི་ཕྱེ་མ་སྦྲང་རྩི་སྦྱར་བའི་ལྡེ་གུ་མིག་ལ་བྱུག །ར་མཆིན་དམར་པོ་ཟོས་ན་སྲོད་ལོང་སེལ། །རབ་རིབ་ལྟ་བུ་ལ་ཤ་མཛེར་གསར་དུས་ཁྲག་མཁྲིས་ལྟ་བུར་བཅོས། །རྙིངས་ནས་ཆུ་ཟགས་ལ་ཁབ་རྩེས་ཕུག་ལ་མཐེབ་མོས་མཉེ། །ཤ་ལྷག་རྩ་དྲ་ཤ་མཛེར་རྒྱས་པ་ན། །སྦྱོངས་དང་པོ་ཁྲུས་གཏར་སྨན་གྱིས་ཁོང་དུ་ཉིན་ཡར་བཏང་བའི་བཅོས་བྱས་ལ། །ཞུ་མཁན་གྱི་དུགས་བྱས་མཐེབ་མོས་མཉེས་ལ་ཁབ་རྩེས་བཟུང་ལ་གཙགས་བུས་བཤུ། །དེ་རྗེས་ལ་ཆུ་ལྕག་བྱས་ཏེ་སྦྲང་མར་བྱུགས་ལ་རས་སམ་དར་གྱིས་བཅིང༌། །དེ་རྗེས་ཨ་རུའི་འཇིགས་མེད་ཞུན་མར་འོ་མ་སྨན་བཏང་ལྡེ་གུ་ནུས་ལྡན་བསྲེགས། །བར་སྐྱུར་ཁུ་བར་སྦྱར་ལ་གྲིབ་སྐམས་བྱ། །རྒྱ་ཚྭ་ཉིས་འགྱུར་སྦྱར་བའི་ཕྱེ་མ་བཏབ། །དཔྱད་ཁབ་རྩེས་ཕུག་པ་དང་བཙགས་བུས་དཀྱུས་བྱས་བཤུལ་གྱི་ནད་ལྷག་མ་ལུས་གཅོད་ཅེས་པའི་ལག་ལེན་ནི། ཡན་ལག་བརྒྱད་པར། འབྲས་བུ་གསུམ་ནི་གང་རུང་བའི། །ཤུན་པ་ཆུར་བཏགས་ལྡེ་གུ་བྱ། །ཁམ་ཕོར་སྦྱར་བའི་ནང་དུ་བསྲེགས། །དེ་ནས་ཚིགས་ནས་ཕྱེ་མ་བཏགས། སྨན་ནི་ལྷག་མའི་ཁུ་བ་ཡིས། །སོ་སོར་ལེགས་པར་བསྐོལ་ནས་ནི། །རྣག་ཚ་དེ་སྐམས་སླར་ཡང་བཏགས། །རྒྱ་ཚ་ཉིས་འགྱུར་བཅས་པ་ཡི།མིག་སྨན་གསུམ་པོ་དེ་དག་ནི། །ཕྱེ་བའི་མཆོག་ཏུ་མུ་ཁྱུད་བཤད་ཅེས་སོ། །རབ་རིབ་དང་ལིང་རོ་ལ་གོང་གི་ཨ་རུའི་ལྡེ་གུ་ནུས་ལྡན་བསྲེག་པ་སོགས་བྱས་པ་དེའོ།  །སྔོ་རིབ་དང་ལིང་རོ་སྲབ་མོ་ཆུ་འབྱེད་ནི་གོང་གི་ཨ་རུ་དང་དོམ་མཁྲིས་རྒྱ་སྐྱེགས་དང་ ཞེས་པ་ནས་རབ་རིབ་སེལ་ཞེས་པའི་བར་དེ་ཡིན་བྱ། །ལྔ་བ་པ་ཡག་ཕོ་རོག་ནོར་བུ་སྟེ་ལུག་རུ་དཀར་པོ་འབྲས་བུ་ལུག་རུ་དཀར་པོའམ་དམར་པོ་ཞིམ་ཐིག་ལེ་མིག་སྨན་སངས་རྒྱས། །འགྲོན་ཐལ་ཉ་མཁྲིས་སག་རྩི་ནཱི་ལ་ཐོ་ཋ་འཛིབ་བུ་ཀ་བུལ་ཏོག། །ཁྱི་ཀླད་སྦྲང་སྨྱོན་སྦྱར་བ་བླུག་རྗེས་ཕུག་རོན་སྒྲོས་འཕྱག །ཕྱི་འགྲིབས་མ་ལུས་སེལ་བར་བྱེད་པ་ཡིན། །ནང་འགྲིབས་ཟས་སྤྱོད་ཁོང་སྨན་སོགས་ལ་ནི་སྤྱི་བཅོས་དག་ལ་འབད། །བར་འགྲིབས་ལ་གཞན་གྱིས་མི་སོས་པས་དཔྱད་མཆོག་ཐུར་མས་དབྱེ་བར་བྱ། །དེ་ལ་སྔོན་འགྲོ་དངོས་གཞི་ཕྱི་རྗེས་གསུམ། །དང་པོ་སྔོན་འགྲོ་ནད་དུས་རིམ་གྲོ་དཔྱད་དང་བཞི། །དང་པོ་ནད་གཞིའི་སྔོན་འགྲོ་དབྱེར་རུང་མི་རུང་བརྟག །དབྱེར་མི་རུང་བ་ལུད་པ་ཅན་དང་ཆམ་པས་བཏབ། །མ་ཞུ་འཁྲུ་སྐྱུག་ཡ་མའི་མགོ་གཟེར་ཡོད་པ་དང༌། །ལུས་ལ་ནད་པའི་ལུས་ཤིང་ཡིན་པ་དང་གནམ་ལོའི་ལུས་ལྕགས་ལ་བབས་པ་ལྟ་བུ་དགྲ་དར་སྤར་ཁ་ལི་ལ་བབས་སྐྱེས་པ་ལི་ལ་བབས་པ་སྤར་ཁའི་ཀག་ཡིན་ཅིང་དེ་བཞིན་དུ་བུད་མེད་ཁམ་ལ་བབ་པའང་དབྱེར་མི་རུང།  །འདུས་པའི་མིག་ཚིལ་ཞུ་བ་གོང་དུ་འདུས་པའི་མིག་ཞུ་རྫི་མ་ནང་དུ་ཞུག །ཅེས་པ་དེ་ཉིད་དོ་དབྱེར་མི་རུང༌། །ཕྱི་འགྲིབས་ནང་འགྲིབས་ཐུར་མས་དབྱེར་མི་ཕྱེད། །མ་སྨིན་དུས་སུ་བསལ་ཡང་སླར་འགེབས་སྤང༌། །མེ་ཟླ་ཉི་མ་ཤར་ནུབ་མི་མཐོང་ན། །འབྱེད་པའི་དུས་འདས་རྒྱལ་མོའི་མཐུ་ཉམས་པ་ཡིན་པས་ཕྱེ་ཡང་མི་ཕྱེ་བས་དབྱེར་མི་རུང༌། །དབྱེར་རུང་དེ་རྣམས་ལས་ཟློག་པ་ཆུ་ནང་དུ་ཞག་གི་ཐིགས་པ་འདྲ་བའམ། །རྒྱལ་མོ་ནད་ཀྱིས་ཟླ་བ་ཉ་རྒྱས་པ་ལྟར་སྐྱ་ཁོར་རེ་གང་བ་དབྱེ་བར་བྱ། །གཉིས་པ་དུས་ཀྱི་སྔོན་འགྲོ་རླུང་གིས་འགྲིབས་པ་ལོ་གསུམ་སོང་ནས་སྨིན། །བད་ཀན་གྱིས་འགྲིབས་པ་ལོ་གཅིག་སོང་ན་སྨིན་འདུས་པ་ལོ་ཕྱེད་དང་གཉིས་སོང་ན་སྨིན། །མཁྲིས་པའགྲིབ་པ་ཟླ་བ་དྲུག་གིས་སྨིན་པའི་དུས་ཡིན་པས་དབྱེ་ལ། །མ་སྨིན་པར་འདུག་ན་གནོད་པའི་ཟས་ཀྱིས་སྨིན་པར་བྱ། །གསུམ་པ་རིམ་གྲོ་སྔོན་འགྲོ་ཆབ་གཏོར་བརྒྱ་རྩ་དང༌། །གཟུངས་གྲྭ་ལྔ་འདོན་ཞིང་ལྷ་མཆོད་དང་གང་གནོད་པའི་གདོན་བསལ། །བཞི་པ་དཔྱད་ཀྱི་སྔོན་འགྲོ་ནད་བཤིག་འགྲིབ་བྱེད་བསལ་སེལ་སླའི་ཕྱིར། །ཉུང་མའི་ལོ་མ་དང་ངར་བ་དང་ཞུ་མཁན་ཆང་བཙོས་རླངས་དུགས་མིག་ལ་བྱ།།

གཉིས་པ་དངོས་གཞི་ཆོ་ག་གསང་ས་བརྡེག་ཐབས་དང༌། །བསལ་ཐབས་སོལ་ཚད་བརྟན་པར་བྱ་ཞིང་ལེགས་ཉེས་རྟགས། །སྤྱི་དོན་རྣམ་པ་བརྒྱད་དུ་ཤེས་པར་བྱ།།

སྤྱི་དོན་དང་པོ་ཐུར་མའི་ཚད་དང་ལུས་པོའི་བཅའ་གཞི་གཉིས་བསྟན་པས། །ཐུར་མའི་རྒྱུ་ནི་རབ་གསེར་འབྲིང་ཟངས་ཐ་མ་ར་གན་གསུམ། །དབུག་དུས་ཐུར་རྩེའི་དབྱིབས་བྲ་བོ་འདྲ་བ་འཕྱག་དུས་འབྲི་ལྕེ་ཁ་དང་གདོན་དུས་གཟོང་ཁ་འདྲ། མི་ཏྲར་ཇོ་ཀིའི་མིག་འབྱེད་དུ། ཕུག་པའི་དུས་ན་ཕྲ་མོ་སྟེ། །འཕྱག་པའི་ཚེ་ན་འབྲི་ལྕེ་བདེ། །ཆུ་གྲི་འཕྲུལ་གྱི་སྦུབས་མ་སྟེ། །གཟོད་ཁ་མ་ཞེས་གྲགས་པའང་ཡོད། །ཅེས་སོ། །དེ་ཡང་སྲིད་དུ་སོར་དྲུག་པ་ཐུར་མའི་རྩེ་མོ་བཟླུམ་པ་མིག་གི་རྒྱལ་མོ་གང༌རེའུ་ལ་། །ཞེང་དུ་དེའི་ཕྱེད་ཡོད་པ་ཐུར་མའི་མགྲིན་པ་རྣམས་སུ་གྲོའི་སྙེ་མ་འདོགས་འཚམས་ཀྱི་མགྲིན་པ་འབྲིང་པོ་ཙམ་ཡོད་པ། །སྲིད་མགྲིན་པའི་རྩེ་མོ་རྒྱལ་མོ་གང་དང་དེ་འོག་རྒྱལ་མོ་གང་སྟེ་དུ་བར་མཚོན་དོ་རྒྱལ་མོའི་མིང་མཚོིན་དོ་ནི་དབུས་སུ་རི་མོ་དོད་དེ་མིག་ཆེ་ཆུང་ལ་དཔག་པར་བྱའོ།ཆུང་བས་མི་འཁྱོགས་ཆེས་པས་ཟུག་ཆེ། ཕྲ་བས་མི་ཕིགས་ལ། སྦོམས་ན་མིག་ཕུག །ཐུར་མའི་རྐེད་པ་འཆང་བཟུང་གྲུ་བཞི་སྦོམ་ལ་ཐུར་མའི་ཞབས་ཅུང་ཟད་ཕྲ་བ་། །དེ་ལྟ་བུའི་ཆག་ཚད་དང་ལྡན་པས་དེ་རྣམས་ལ་སྐྱོན་སྤོང་ཞིང་ཡོན་ཏན་འབྱུང༌བ་ཡིན་ནོ། །ལུས་ཀྱི་བཅའ་གཞི་གཟའ་སྐར་ཚེས་བཟང་ལ། །སྤྲིན་མེད་ཉི་མ་ལྡེ་སར་བུད་མེད་བྱིས་པ་ལ་སོགས་པ་མི་དང་དུད་འགྲོའི་འདུ་ལོང་མེད་པར་མཚམས་དམ་པོར་བསྡམས། །ཉི་མ་སྔ་དྲོའི་དུས་སུ་ནད་པ་ཁ་ཤར་དུ་བལྟས་ལ་ལོ་མཐུན་གསུམ་གྱི་ནད་གཡོག་གིས་ནད་པའི་ལུས་བརྟེན་ལ་མགོ་བཟུང་། །སྣམ་བུ་གཙང་མས་ནད་པའི་ལག་པ་གཉིས་བསྣོལ་བའི་སྟེང་ནས་རྐེད་པ་དྲིལ་ལ་ཅིང་། །སྨན་པ་ནད་པའི་མདུན་ངོས་སུ་ནས་ཀྱི་ཁྲི་སྟེང་དུ་འདུག །ནད་གཡོག་གིས་རྡོ་གཉིས་མིག་མི་འབྱེད་པའི་ཕྱོགས་ཀྱི་ངོས་སུ་རྡོ་བརྡུང༌། །དེ་ཡི་སྒྲ་ལ་ནད་པ་མིག་བལྟར་གཞུག་པས་གསང་བཙལ་བ་སླ།།

          སྤྱི་དོན་གཉིས་པ་གསང་ས་སྟེང་ལྷ་དང་སྔ་ཐུར་མི་དང་ཕྱི་ཐུར་བདུད་ཀྱི་བུ་ག་གསུམ་ཡང་རྒྱལ་མོ་དང་ཉེ་བ་ལྷ་དང་བར་ལ་མི་དང་གྲ་མཚམས་ལ་ཉེ་བར་བདུད་ཀྱི་གསང་ཞེས་ཀྱང་བྱ།། །ཚད་དང་ལྡན་པའི་དར་ཡེས་གསང་མཚོན་ཏེ་སྨྱུག་མ་ཕྲ་མོ་སོར་བཞི་པ་ལ་དར་བསྲེད་པའི་སེའུ་བྱ་སྒྲོ་འབྲིང་གང་གི་ཚད་དུ་དྲིལ་ལ་མིག་གི་ཕྱི་ཟུར་གྱི་དཀར་ནག་མཚམས་ནས་ཐར་ལེ་གང་དཀར་པོའི་སྟེང་དུ་བཙལ་ལ་རྩ་མེད་པའི་བར་ཞིག་ཏུ་ཡེའུའི་རྩེར་བཙུགས་ལ་འདྲེས་སུ་བཅུག རྩའི་བར་དོག་ན་ཡེའུས་ཕུལ་བས་ཡངས་སུ་འགྲོ། མིག་དང་ཡེའུ་འགྲིབ་ནས་ཡེའུས་རེག་རེག་བྱས་ཀྱང་མིག་མི་འབུལ་བར་འདུག་རྩ་ན་ཐུར་མ་བརྡེག་གོ། གསར་དམིགས་སུ་མ་ཕོག་པར་གྲ་ཟུར་ཕྱོགས་སུ་གྱེས་ན་ནད་མི་སུམས་ལ་བསྡུས་ན་འབྱར་། །སྨིན་མའི་ཕྱོགས་སུ་མཐོས་ན་འགྲིབ་བྱེད་ནད་མི་ནོན་འོག་ཏུ་དམས་ན་ནད་མི་སུམས་འགྲིབ་བྱེད་བཤུ་མི་ཐུབ་པས། །མིག་གི་ནང་འཁྱམས་ནག་པོ་བདུད་ལས་ཕྱིར་གྲོ་འབྲིང་གང་ཙམ་བསྐྱེད་བཙན་མིག་རྩ་དམར་པོ་ལས་གདོང་བྱོལ་བའི་གསང་སྟོང་པར། །ཐུར་རྩེ་གང་གིས་དྲངས་པའི་དབུས་སུ་ཐུར་མས་བརྡེག་པར་བྱ།།

          སྤྱི་དོན་གསུམ་པ་བརྡེག་ཐབས་སྨན་པའི་ལག་གཡོན་པས་ནད་པའི་མིག་མི་འགུལ་བར་ལད་བུས་བཟུང༌། །སོར་མོ་གཡས་ཀྱིས་ཐུར་ཞབས་ཀྱི་རྩེ་མོ་ལ་གསང་དེ་ལ་བཙུགས་ནས་བསྟན་པ་བྱས་ལ། །དེ་མ་ཐག་ཐུར་མ་མགོ་མཇུག་བཟློག་སྟེ་མཐེབ་དང་མཛུབ་དང་གུང་མོས་བརྟན་པར་དམ་དུ་བཟུང༌། །སྨན་པ་ཡིད་མ་ཞུམ་པར་བློ་བརྟན་པས་གསང་དུ་མ་འགྱུར་བར་ལེགས་བཙུགས་ལ་ཡན་ལག་བརྒྱད་པར། ནག་པོ་སོར་ཕྱེད་མ་གཏོགས་ཤིང་། །མིག་འགྲམ་བཞི་ཆ་དོར་བ་རུ། །མཛུབ་མོ་གུང་མོ་མཐེ་བོ་ཡིས། །མིག་ཐུར་དམ་དུ་བཟུང་ནས་ནི། །རང་གྲུབ་བུ་ག་ནས་ཕྱེད་དུ། །གཟུགས་ཤིང་གྱེན་དུ་གསེང་བར་བྱ་ཞེས་གསུངས་སོ། ཐུར་མའི་འདྲེན་སར་ཤོག་བུ་སོགས་དམ་དུ་དཀྲིས་ལ་འཐེབ་མཛུབ་བསྲེགས་པ་སྟེ་བྱ་མི་འདའ་བའི་མན་ངག་གིས་ལག་ལེན་ལ་བལྟའོ་། །མིག་གི་དཀྱིལ་དུ་བསྡིགས་ལ་ནེམས་ཀྱིས་དབུལ། །ལེགས་ཕུགས་པུས་ཞེས་བྱ་བའི་སྒྲ་བྱུང་ནས་ཨན་ཙམ་ཐུར་མ་དེ་གར་བཞག་ནད་པ་སྤྲོ་བསྲིང་། །འཚི་མེད་པའི་བལ་གྱིས་མིག་ལ་ཆུ་ལྕག་བྱ་ཟུག་ཆུང་ཁྲག་ཆོད།།

སྤྱི་དོན་བཞི་བ་བསལ་ཐབས་སྨན་པ་རང་ལ་ནད་པའི་མིག་གདུང་ཚུགས་སུ་བལྟར་བཅུག་ལ། །ཐུར་མ་འཕྲེད་ལ་བསྙལ་ཏེ་རྒྱལ་མོའི་སྟེང་དུ་མ་སླེབས་པས་ཅུང་ཟད་འབྲི་ཕུགས་སུ་བཏང༌ལྷ་གསང་ལ་འབྲི་ལྕེ་དང་མིག་གསང་ལ་ཟངས་ཁ་དང་བདུད་གསང་ལ་བྲོ་བོས་དྲངས། །རྒྱལ་མོ་སྐྱ་རིབ་ཐུར་རྩེ་མཉམ་པར་རེངས་ན་བཞིར་ཐུངས་ན་མི་སེལ་ལ་འདོད། །མཁྲིས་འགྲིབས་ཕན་ལྟར་དྲིལ་དང་བད་འགྲིབ་བཙོང་ལྟར་བཤུ་བ་དང༌། །འདུས་འགྲིབ་འོ་ལྟར་དབོ་དང་རླུང་འགྲིབ་སྤུ་ལྟར་གཟིངས་པ་ཡིས། །སྒྲིབ་བྱེད་གང་འདུག་དེ་རྣམས་བསལ་ལ་ཐུར་མའི་འོག་ཏུ་དལ་བུས་སྨད་ཕུགས་སུ་སྦ། །འགྲིབ་བྱེད་དེ་དུམ་བུར་འཐོར་ན་ཤོར་ན་དབུས་སུ་བསྡུ་ཞིང་ཧས་བཏབ་ལ་བྲོས་ན་འོག་ཏུ་ ཐུར་མའི་བསྲིངས་དབུགས་བསྡམས་ལ་ན་དགུག་པ་སྟེ་བསྡུ་བ་དང༌།  དམའ་བར་གཏིང་དུ་འཐོར་ན་ཤོར་ན་གླན་ཞིང་དམས་ན་སྐད་ཆེན་པོ་འདོན་གློ་ལུ་ཁུ་ཡིས་གདབ་པས་སྒྲིབ་བྱེད་སྔར་ལྟར་ལོང་འོང་བས་དེ་ལ་དལ་བུས་དྲིལ་བས་ཐུར་རྩེ་ལ་ཕྲུལ་བྱུང་ན་མི་འབྲོས་པས་མིག་ཕུགས་སུ་སྦ།

སྤྱི་དོན་ལྔ་བ་སོལ་ཚད་ཉི་མ་གཟའ་ལས་ཐར་བ་བཞིན་སྔོ་སངས་ཡོང་། །ཕྲ་རགས་དང་པོ་ལྕགས་དེ་ནས་ཐང་བུ་དེ་ནས་སྐུད་པ་དེ་ནས་སྤུ་དཀར་དམར་ཁ་དོག་སོགས་གཟུགས་རྣམས་འཕྲལ་དུ་གསལ་བ་ཡིན། །འགྲིབ་བྱེད་དེ་རལ་ནས་འོ་དཀར་མེར་གྱིས་འགྲོ་བས་འགད་པའི་བསམ་པ་ལྟར་སྐྱ་ཆོལ་གྱིས་བོ་ན་དེ་དུས་མི་གསལ་གསལ་བྱེད་ཀྱི་སྨན་སྦྱར་ཟས་སྤྱོད་ཟབ་པས་ཡོང༌། །ནད་ཆུ་དྭངས་ནས་ར་གན་ཚ་བོ་ལ་ཐུར་མས་རྒྱལ་མོ་རོལ་པ་ཡིན་པས་བཅོས་སུ་མེད་དོ་ག་ལེ་ཕྱི་ནས་གསལ།

སྤྱི་དོན་དྲུག་པ་དེ་འོག་མི་ལྡོག་བརྟན་པར་བྱ་བའི་ཕྱིར། །སྐད་འདོན་གློ་ལུ་དབུགས་བསྡམ་གོམ་འགའ་བཅག །དེ་ལ་ལོག་ན་བསལ་ཞིང་མ་ལོག་བརྟན་པ་ཐོབ་པ་དང༌། །མིག་ལ་ཆུ་བལ་གླན་ལ་དེ་སྟེང་རས་མས་བཅིང༌། །མལ་དུ་གན་རྐྱལ་བསྙལ་ལ་ཐུར་མ་དྲིལ་ཏེ་ཤུལ་ནད་ཀྱིས་བཀག་པ་གདོན། །སྔས་མཐོར་སྟོད་སེང་ངེ་ཡོང་བ་བྱས་ལ་མིག་དེ་འོག་ངོས་བསྟན་ཅུང་ཟད་ནད་ཆུ་ཁ་ནས་འཛག།།

སྤྱི་དོན་བདུན་པ་ལེགས་པའི་རྟགས་ལ་འདོད་པ་རྣམ་གསུམ་ཡོད། །ནགས་ལ་ཁ་བས་བབས་འདྲ་དཀར་ཏིང་ངེའམ་མདོག་སྔོ་སྐྱ་དྭངས་ལ་འདོད་པ་ཡིན། །གངས་ལ་ཉི་མ་ཤར་འདྲ་དཀར་གསལ་ལི་ཡོད་པ་འདོད་པ་ཡིན། །དཔྱད་རྗེས་ཟུག་མེད་བདེ་ན་ཕུགས་ལེགས་པར་འདོད་པ་ཡིན།།

སྤྱི་དོན་བརྒྱད་པ་ཉེས་པའི་རྟགས་ལ་མི་འདོད་རྣམ་པ་གསུམ། །ཕུག་དུས་རྩ་ཆད་ནས་ཁྲག་གིས་མིག་གང་ན་རྩ་ཆོད་པ་ཡིན་དེ་མི་འདོད། །སེལ་དུས་མིག་འབྲས་ཅར་ནས་རྙོག་ནག་ལངས་ན་ཞར་བ་ཡིན་པས་དེ་མི་འདོད། །དེ་འཆུས་ན་དཔྱད་རྗེས་ཟུག་གཟེར་ཕུག་མི་གཙང་བ་ལངས་ན་ཞར་བ་ཡིན་པས་དེ་མི་འདོད། །གསུམ་པ་ཕྱིར་རྗེས་ཟས་སྤྱོད་བསླབ་དང་ལོག་པ་མནན། །དང་པོ་ཁ་ཟས་མར་དཀར་འོ་ཟན་འཚོས་པར་བཙོས། །སྐྱོ་འདུར་བལྡད་མི་དགོས་པ་ལྟོ་སྲུང་བསྟེན། །སྐོམ་ན་ཆུ་གྲོག་བག་ཙམ་བཏུང་བར་བྱ། །སྦྲིད་པ་གློ་ལུ་སྣབས་ཕྱི་མཆིལ་མ་འདོར། །ལྡང་ཉལ་ལ་སོགས་དྲག་ཤུལ་ཀུན་ལ་གཟབ། །མི་སྐྲང་བར་མིག་གི་ནད་ཕལ་ཆེར་ལ་མན་ངག་ཆུ་ཡིན་ནན་ཏན་བསྐྱེད། །ཞག་གསུམ་ལོན་ནས་བཅིངས་པ་བཀྲོལ་ལ་ནང་པར་ཉི་མར་ཁྲིད་ལ་བལྟ། །ཞག་བདུན་ལོན་ནས་ཁ་ཟས་གསར་བཅུད་ཆ་ཡིས་གློད། །རླུང་ཤས་ཆེ་ན་དེ་མགོ་འཁོར་ཤེས་པ་ཟ་མིག་སྔར་ནག་པོའམ་སེར་པོ་ལིང་ལིང་དུ་མཐོང་བས་བག་སྔར་གློད། །གནོད་པའི་ཟས་སྤྱོད་དུག་འདྲ་རྒྱུན་དུ་གཟབ། །གཉིས་པ་ལོག་གནོན་འགྲམས་དང་འགྲིབས་པ་ཞར་བ་གསུམ། །དང་པོ་ཤ་རུས་རྩ་དང་གདོན་འགྲམས་བཞི། །དང་པོ་ཤ་འགྲམས་ལྟག་པར་ཟུག་དང་མིག་མི་ཐེག །ལུས་རྔུལ་མགོ་ལྕི་རབ་རིབ་མཆི་མ་མང༌། །ལྟག་པར་གྱོ་མོའི་ཛ་རྙིང་སྣུམ་མེད་དུགས་དཔྲལ་བར་སྐྲ་མཚམས་མུར་གོང་འཕར་རྩར་ཕྱིར་གོང་དུ་བསྲེག །གཉིས་པ་རུས་འགྲམས་མིག་འབྲས་ཡན་ལག་ཚིགས་གཞི་དང་། །དཔྲལ་བ་མིག་རུས་ན་ན་མཚོགས་མའི་སྟེང༌དུ། །ཚ་བ་སྒ་པི་ཕོ་གསུམ་མམ་འབྲུ་མར་དུགས་ཀྱིས་བདུག །གསུམ་པ་རྩ་འགྲམས་མིག་དམར་སེར་འགྲོ་ཞིང་མི་ཐེག་མགོ་ཕྱེད་ན། །སྐེ་མཇིང་མི་བདེ་ལུས་སྦྲིད་དེ་ལ་ན་ཆུ་བཅག་བྱ་བ་ལ་ནན་པར་བསྐྱེད། །དཔྲལ་རྩ་མིག་རྩ་སྣ་རྩེ་ལ་སོགས་གཏར། །བཞི་པ་གདོན་འགྲམས་ཚིག་པ་ཟ་ལ་ལུས་པོ་འདར། །རྔུལ་འབྱུང་གྲང་ཤུམ་བྱེད་ན་རིམ་གྲོ་བསྐྲད་ལས་བྱ། །གཞན་ཡང་རླུང་མཁྲིས་བད་ཀན་ཁྲག་ལ་སོགས་ཉེས་པ་གང་དང་འབྲེལ་ནས་ན་བ་ལ་དེ་དང་དེའི་གཉེན་པོར་སྦྱོར་བས་གསོ་དཔྱད་སྤྱི་ལྟར་གསོ། །སྤྱོད་ལམ་རྐྱེན་གྱིས་ནད་ལོག་འགྲིབས་པ་ལ། །སྦྲུལ་གྱི་ཤ་ཨ་བ་གུར་ཀུམ་གོ་སྙོད་དང༌། །ཀ་ར་མར་གསར་ལུག་མཆིན་བརྒྱངས་པ་བཏང༌། །བསིལ་ཅུ་གུར་ལི་གསུམ་ག་དུར་སྐྱེར་པའི་ཁཎྜ་དང༌། །མིའི་ནུ་ཞོ་ར་འོ་སྦྱར་བ་མིག་ཏུ་བླུག །གསལ་བྱེད་ཨ་བར་སྐྱུར་ཨ་བ་ལྕགས་ཕྱེ་གོ་སྙོད་ཤི་ང་མངར་བདུན་ཨ་བར་སྐྱུར་ལྕགས་ཕྱེ་ཨ་བ་ལྕགས་སྦྲུལ་གུར་གུམ་གོ་སྙོད་མདུང་རྩེ་དམར་པོ་དགུའི་ལྡེ་གུ་སྦྱར་ལ་བཏང༌། །སྐྱེད་མེད་ཟླ་བ་ཕྱེད་ནས་ཐུར་མ་བཏབ་ལོག་བྱས་ལ་བསྐྱར། །གསུམ་པ་ཞར་བའི་ལོག་གནོན་ཟུག་གཟེར་བཅག་པ་གཅེས། །ག་བུར་དོམ་མཁྲིས་སྐྱེར་པ་མིག་ཏུ་བླུག །གང་ཉེའི་རྩ་གཏར་ཆུ་ལྕག་དྲག་ཏུ་བྱ། །དོམ་མཁྲིས་ལ་སོགས་མཁྲིས་པའི་ལྕག་མདའ་བཏང༌། །བསིལ་ཅུ་གུར་ལི་གསུམ་འབྲས་ཨར་བར་སྐྱུར་གསུམ་ལྕགས་ཕྱེ་སྦྲང་སྦྱར་དཀར་ཆུ་སྐམ་ཤ་བཟའ། །ཟས་སྤྱོད་བསིལ་བསྟེན་དྲོད་བཅུད་སྤང་བར་བྱ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མིག་ནད་བཅོས་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།

 

མཐའ་མའི་འདོན་ཐེངས་།: 20.02.2021 ཉིན། 12:14 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།