སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་དགུ་པ། མིག་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.08.2011
མན་ངག་རྒྱུད། >> ལེའུ་ཉེར་དགུ་པ། མིག་ནད་གསོ་བ།

ལེའུ་ཉེར་དགུ་པ་མིག་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ། གཞུང་དོན་བཤད་པ་དང༌། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། མིག་གི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་རྟེན་འབྲེལ་ཚོགས་པའི་དབང་གིས་རྒྱུ་རྐྱེན་དེས་གཅིག་ཏུ་བརྩིས་པས་རྒྱུ་རྐྱེན། དབྱེ་བ། རྟགས། བཅོས་ཐབས་བཞིའོ།།

        དང་པོ་ནི། རྒྱུ་རྐྱེན་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྒྱུ་རྐྱེན་ཕན་ཚུན་འཁྲུགས་པར་བྱེད་པ་དང༌། ཞེས། ནད་འཁྲུགས་བྱེད་ཐམས་ཅད་ཀྱིས་མིག་ནད་བསྐྱེད་པར་བྱེད་ལ། དེ་ཡང་ཟླ་ཟེར་ལས། ནད་ཀུན་ནད་གཞི་ལས་བཤད་པའི། །གནོད་པས་ནད་ནི་འཁྲུགས་པ་དང༌། །མཆོག་ཏུ་མིག་ལ་གནོད་པ་དང༌། །ཕལ་ཆེར་མཁྲིས་པ་བསྐྱེད་པ་ཡིས། །རྩ་ལས་གྱེན་དུ་རྒྱུས་ནས་ནི། མིག་གི་ཡན་ལག་མིག་མཆུ་གྲ། །དཀར་ནག་མཐོང་བྱེད་རྒྱལ་མོའམ། །མིག་ཀུན་ལ་གནས་ནད་བསྐྱེད་བྱེད། །ཅེས་སོ། །ཡུངས་ཀར་ལོ་མ་བད་མཁྲིས་འཁྲུགས་པར་བྱེད། །ཅེས་སོ། །རྫར་དོར་བྱ་བཤད་པ་དང༌། མི་འཕྲོད་དཀར་སྐྱུར་སྔོ་ངད་འོ་མ་ཉ་སོགས་རྫས་སྣ་འདྲེས་རྣམས་བསྲུང་ཞིང་གང་གིས་བསྐྱེད་པའི་གཉེན་པོ་བསྟེན་དགོས་སོ། །གཉིས་པ་ནི། ཁྱད་པར་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ཁྲག་མཁྲིས་བསྐྱེད་པའི་ཟས་སྤྱོད་ཀྱིས་མིག་ནད་ཚ་བ་དང་བད་རླུང་བསྐྱེད་པའི་ཟས་སྤྱོད་ཀྱིས་མིག་ནད་གྲང་བ་བསྐྱེད་དོ། །གསུམ་པ་ནི། སྤྱོད་ལམ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། སྤྱོད་ལམ་དྲག་ཤུལ་མི་ཐེག་འཁུར་བ་སོགས། །དུ་བ་བསེར་བུ་ཁ་བ་མཚོན་ལ་སོགས་སོ། །གཉིས་པ་ནི། དབྱེ་བ་ཞེས་རྐང་པ་བཅུ་གསུམ་གྱིས་བསྟན་ཏེ། མིག་ཆུའི་ནད་ལ་རླུང་མཁྲིས་ཁྲག །བད་ཀན་འདུས་པའི་སྲིན་བུ་དགྲ་ངན་བདུན། མིག་ཚག་ལ་སྐམ་གཤེར་ཚག་པ་གཉིས། གདུང་གྱུར་ལ་རླུང་མཁྲིས་ཁྲག་བད་ཀན་བཞི། ལིང་ཏོག་རབ་རིབ་དབྱེ་བ་དེ་བཞིན་ནོ་ཞེས་པ། ལིང་ཏོག་རླུང་མཁྲིས་ཁྲག་བད་ཀན་བཞི། རབ་རིབ་རླུང་མཁྲིས་ཁྲག་བད་ཀན་བཞི། འགྲིབ་ལ་སྲོད་ལོང་ཕྱི་འགྲིབ་ལ། ཤ་མཛེར། རྩ་གྲ། སྔོ་རིབ། ལིང་རོས་ཁེབས་པ་ལྔ། ནང་འགྲིབ་ལ། ཆུ་འཁྲུགས་པ་དང་རྩ་ཉམས་པ་དང་གཉིས། བར་འགྲིབ་ལ་རླུང་མཁྲིས་བད་ཀན་འདུས་པ་བཞི་སྟེ། དྲིལ་བས་སུམ་ཅུ་རྩ་གསུམ་མོ། །སྤྱིར་མིག་ལ་ཕྱི་རུས་པའི་ཁྱིམ། ནང་ཚིལ་བུའི་ཁྱིམ། དབུས་ཆུའི་ཁྱིམ། མཐོང་བྱེད་རྒྱལ་མོའི་ཁྱིམ་བཞིར་ངེས་པ་ལ། མིག་ཆུའི་ནད་གྲ་མཚམས་འབྲུམ་པ་འབྱུང་བ་དང༌། རབ་རིབ་ནི། དབུས་ཆུའི་ཁྱིམ་ལ་འཇུག མིག་ཚག་ལིང་ཏོག ཕྱི་འགྲིབ་རྣམས་ནི་གྲ་མཚམས་མིག་འབྲས། མིག་སྤྲིན་ཅི་རིགས་པར་འཇུག འགྲིབས་པ་ནི། མཐོང་བྱེད་ཕྱི་ནང་བར་རྣམས་གསུམ་ལ། འདི་ཉིད་ཀྱི་དཔྱད་པ་རྒྱས་པར་སྤྲོ་ན་ཟླ་ཟེར་དུ་ལྟོས་ཤིག་འཇུག མིག་ཚག མཆི་མ་འཛག་པ། མ་བཅོས་པས་མིག་ཆུ་སྟོབས་འཕེལ་ཏེ་གདུང་གྱུར་སོགས་འབྱུང་བ་ཡིན་ནོ། །གསུམ་པ་རྟགས་ལ་གཉིས། རྒྱས་པར་བཤད་པ་དང༌། མདོར་བསྡུས་སོ། །དང་པོ་ལ་ལྔ་ལས་དབྱེ་བ་སུམ་ཅུ་རྩ་གསུམ་ལས། དང་པོ་མིག་ཆུའི་ནད་བདུན་ལས་རླུང་གྱུར་ནི། དེ་རྟགས་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་ནི། མཁྲིས་གྱུར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ནི། ཁྲག་གྱུར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བཞི་པ་ནི། བད་ཀན་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། ལྔ་པ་ནི། འདུས་གྱུར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །དྲུག་པ་ནི། སྲིན་གྱུར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བདུན་པ་ནི། བྱིས་པ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །བླ་རྟ་ནི་མིག་ནད་སྒྲ་ངན་མ་དག་སྟེ། ལེགས་ཉེས་ཀྱི་པྲ་ངན་པོའི་ནད་པས་པྲ་ངན་འབོད་དོ་ཞེས་བཞེད། མིག་ཚག་དྲུག་གི་དང་པོ་ནི་མིག་ནད་ཅེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། གཤེར་ཚག་ཅེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ནི། གདུང་བའི་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །བཞི་པ་མཁྲིས་གྱུར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །ལྔ་པ་ནི། ཁྲག་གྱུར་ཞེས་རྐང་པ་ལྔས་བསྟན་ནོ། དྲུག་པ་ནི། ལིང་ཏོག་ཅེས་རྐང་པ་དྲུག་གིས་བསྟན་ནོ། །བཞི་པ་ལ་གཉིས་མདོར་རྒྱས་སོ།།

        དང་པོ་ནི། རབ་རིབ་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་རྒྱས་པར་བཤད་པ་ལ་ལྔ། རབ་རིབ་དང་པོར་ཞུགས་རྟགས། གཉིས་པར་ཞུགས་རྟགས། དེ་དུས་རབ་རིབ་ཀྱི་དབྱེ་བ་སོ་སོའི་རྟགས། གསུམ་པར་ཞུགས་རྟགས། ལོང་ཚུལ་ལོ། །དང་པོ་ནི། དང་པོར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ནི། གཉིས་པ་ཞེས་རྐང་པ་བཞིས་བསྟན་ཏེ། གོ་ལོག་སྣང་ནི་དབྱིབས་མདོག་ཆུ་སེར་སོགས་དངོས་གནས་ལས་གཞན་དུ་སྣང་བའོ། །སྟེང་འོག་གཡས་གཡོན་ཉེ་རིང་ལོགས་མི་གསལ། །ཞེས་པ་ནི། གར་ཞུགས་ཕྱོགས་མི་གསལ་བ་དེ་སྟེང་དུ་ཞུགས་ན་སྟེང་ལོགས་སམ་སྟེང་ཕྱོགས་མི་གསལ་ཞིང༌། སྒྲིབ་ཕྱོགས་དང་ཉེ་བ་མི་མཐོང༌། དེ་ལས་རིང་བ་ལ་སྒྲིབ་པའི་ཕྱོགས་ཀྱིས་མཐོང་ངོ༌། །གསུམ་པ་ནི། རླུང་གྱུར་ཞེས་རྐང་པ་བཞིས་བསྟན་ནོ། །བཞི་པ་ནི། གསུམ་པར་ཞེས་རྐང་པ་གཉིས་དང་འབྲུ་བཞིས་བསྟན་ཏེ། འགྲིབ་བྱེད་མཐར་ལས་འགེབས་པའི་དབང་གིས་སྟེང་མཐོང་ཀྱང་འོག་མི་མཐོང་ངོ༌། །ནད་མདོག་སྣང་བ་ནི། རླུང་སྔོ། མཁྲིས་པ་སེར། ཁྲག་དམར། བད་ཀན་དཀར། འདུས་པ་འདུས་པར་སྣང་བའོ། །ལྔ་པ་ནི། རིམ་པ་ཞེས་འབྲུ་ལྔ་དང་རྐང་པ་གཅིག་གིས་བསྟན་ནོ། །ལྔ་པ་འགྲིབས་པ་བཅུ་གཉིས་ལས། དང་པོ་ནི། འགྲིབས་པ་ཞེས་རྐང་པ་གཅིག་གིས་བསྟན་ནོ། ལྔ་པ་འགྲིབས་པ་བཅུ་གཉིས་ལས། དང་པོ་ནི། འགྲིབས་པ་ཞེས་རྐང་པ་གཅིག་གིས་བསྟན་ནོ། གཉིས་པ་ནི། ཤ་ལྷག་ཅེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་ནི། ཤ་འཛེར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཞི་པ་ནི། རྩ་ཡི་ཞེས་རྐང་པ་གཅིག་གིས་བསྟན་ནོ། །ལྔ་པ་ནི། སྔོ་རིབ་ཅེས་རྐང་པ་གཅིག་གིས་བསྟན་ནོ། །དྲུག་པ་ནི། ལིང་རོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བདུན་པ་ནི། ཆུ་འཁྲུགས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། མཚོ་གཉིས་ནི་མིག་ཆུ་དང༌། མཐོང་བྱེད་གཉིས་སོ། །བརྒྱད་པ་ནི། རྒྱལ་མོའི་ཞེས་རྐང་པ་གཅིག་གིས་བསྟན་ནོ། །ལྷག་མ་བཞི་ནི། རླུང་འགྲིབས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཁ་དོག་འདི་དག་རབ་རིབ་ཏུ་བཤད་པས། བཟློས་པར་མི་གསལ་ཏེ། སྔོན་མ་ནི། ནད་པའི་སྣང་ངོར་ཡིན་ལ། ཕྱི་མ་འདི་སྨན་པས་མཐོང་བྱའོ། །གཉིས་པ་ནི། རྟགས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྟགས་ལ་ནད་ངོས་མ་འདྲེས་སོ་སོར་བཟུང༌། ཞེས་སོ། །བཞི་པ་ནི། གསོ་བའི་ཐབས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། མདོར་རྒྱས་སོ། །དང་པོ་ནི། གསོ་བའི་ཐབས་ལ་སྤྱི་དང་ཁྱད་པར་གཉིས། ཞེས་སྤྱི་དང་ཁྱད་པར་རོ། །གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ལས། དང་པོ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྤྱི་རུ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྨན་དང་དཔྱད་དང་ཟས་དང་སྤྱོད་ལམ་བཞི་ཞེས་པ་བཞི་ལས། དང་པོ་ནི། སྨན་དུ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། གསལ་བྱེད་དྲུག་པ་སོགས་ཀྱི་ལྡེ་གུ་དང༌། འབྲས་བུ་གསུམ་ཕྱི་སྨན་མར་གསལ་བྱེད་དགུ་པ་སོགས་དང༌། ཨ་བ་བཅོ་ལྔ་པའི་ཕྱེ་མ་ཅི་རིགས་བསྟེན། ལྡེ་གུ་སྨན་མར་ཕྱི་རྒྱུད་དུ་བཤད་དོ། །གཉིས་པ་ནི། དཔྱད་དུ་ཞེས་རྐང་པ་དྲུག་གིས་བསྟན་ཏེ། རླུང་ལ་སྣུམ་བཅོས། མཁྲིས་པ་ལ་ཁྲུས། བད་ཀན་ལ་སྐྱུགས། ཁྲག་ལ་གཏར་བས་དབྱུང་ངོ༌། །གསུམ་པ་དང་བཞི་པ་ནི། ཟས་སྤྱོད་ཅེས་རྐང་པ་བཞིས་བསྟན་ཏེ། འདི་དག་ནི་གནོད་པ་བསྲུང་བ་ལ་དགོངས་སོ། །གཉིས་པ་ལ་ཉེར་གསུམ་ལས།

        དང་པོ་ནི། ཁྱད་པར་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་ནི། མཁྲིས་གྱུར་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་ནི། ཁྲག་གྱུར་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །བཞི་པ་ནི། བད་གྱུར་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །ལྔ་པ་ནི། འདུས་པའི་ཞེས་རྐང་པ་བཞིས་བསྟན་ཏེ། བྱི་རུག་པ་ནི་འཁྲུངས་དཔེར། བྱི་རུག་པ་ཡི་མཚན་ཉིད་ནི། །ལོ་མ་མཐིང་ཤུན་རྔ་ཡབ་འདྲ། །འབྲས་བུ་མུ་མེན་མཆོད་རྟེན་འདྲ། །རོ་ནི་བསྐ་ལ་ཡིད་ཙམ་ཁ། །བོད་ཀྱི་ཞིང་གི་མུ་ལ་སྐྱེ། །ཞེས་པ་དེའོ། །དྲུག་པ་ནི། སྲིན་གྱུར་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །བདུན་པ་ནི། མིག་ནད་ཅེས་རྐང་པ་དྲུག་གིས་བསྟན་ཏེ། སེར་པོ་གཉིས་ནི། ཡུང་སྐྱེར་རོ། །བརྒྱད་པ་ནི། སྐམ་ཚག་ཅེས་རྐང་པ་ལྔས་བསྟན་ཏེ། ཏི་ཚ་སེར་པོ་ནི། ཞ་ཉེའི་རྡོ་དམར་སེར་འོད་ཅན་ཤིན་ཏུ་ལྕི་བ་དེའོ། །ཞེས་བླ་རྟ་བཞེད་ཀྱང༌། ལར་ནི་དེང་སང་གཙང་གླང་བུ་མཛོ་བཟང་ནས་འོང་བ་དེའོ། །དགུ་པ་ནི། གཤེར་ཚག་ཅེས་རྐང་པ་ལྔ་ཡིས་བསྟན་ཏེ། སག་རྩི་ནི་སག་རམ་རྩི་སྟེ། ཟངས་ལ་ཞོ་བྱུགས་བསྙལ་བའི་གཡའ་སྔོ་ལྗང་དེའོ། །བཅུ་པ་ནི། གདུང་བའི་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །བཅུ་གཅིག་པ་དང་བཅུ་གཉིས་པ་ནི། ཁྲག་མཁྲིས་ཞེས་རྐང་པ་ལྔས་བསྟན་ཏེ། གསལ་བྱེད་དགུ་པ་ནི། གསལ་བྱེད་བདུན་པའི་སྟེང་དུ་མདུང་རྩེ་དང་སྦྲུལ་ཤ་བསྣན་པའོ། །བཅུ་གསུམ་པ་ནི། བད་ཀན་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །བཅུ་བཞི་ནས་བཅུ་བདུན་གྱི་བར་ཏེ། ལིང་ཏོག་ཅེས་རྐང་པ་བཅུ་དྲུག་གིས་བསྟན་ཏེ། རྡོ་མཁྲིས་ནི། བཤད་རྒྱུད་དུ། རྡོ་མཁྲིས་རྩ་བསྡམས་ཞེས་རྡོ་སེར་རོ་ཁ་བ་ཞིག་གོ །ཀ་ཤ་ནི་འགྲོན་བུ་ཡིན་ལ་དེའི་ཐལ་བའོ། །བཙག་ཡུག་ནི་སེར་བཙག་གོ། །མགོ་རུ་ས་ནི། སེམས་ཅན་གྱི་མགོ་རུས་སྣུམ་མེད་དོ། །དེའི་ཐལ་བའོ། །ལིག་བུ་མིག་ནི་རྡོ་མདུང་རྩེའོ། །བཅོ་བརྒྱད་ནས་ཉི་ཤུ་གཅིག་གིས་ཏེ། རབ་རིབ་ཅེས་རྐང་པ་བཞི་བཅུས་བསྟན་ཏེ། ར་མཉེ་གཉིས་ནི། ར་མཉེ། ཉེ་ཤིང་པ་གཉིས་སོ། །ཏ་བྱ་ནི་གསེར་རྡོ་ཡིན་པ་བརྡ་སྤྲོད་ལྔ་པར་བཤད། མཆན་དུ་སྒ་སྐྱ་འུ་སུ་ཡུང་བ་སྐབས་དང་སྦྱར་རོ། །ཨ་བ་རྣམ་གཉིས་ནི་རྩ་ཨ་བ་དང་མདུང་རྩེ་དམར་པོའོ། །རྒྱལ་མོ་ཆུ་འབྱེད་ནི་དམར་ཁྲིད་ཡིག་ཆུང་དུ་གསལ་ལོ། །སྔགས་བཏབ་པའི་སྒོ་ང་ནི་ཁྱིམ་བྱ་ནག་མོའི་སྒོ་ངའོ། །ཉེར་གཉིས་པ་སྲོད་ལོང་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་དང་གསུམ་པ་ནི། ཤ་འཛེར་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། མིག་ཚག་གི་ཁྲག་མཁྲིས་གཏར་བཅོས་སོ། །ཉེར་བཞི་པ་དང་ལྔ་པ་ནི། ཤ་ལྷག་ཅེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། དུགས་བྱས་ཞེས་ཞུ་མཁན་གྱི་རླངས་དུགས་སོ། །དེ་ཨ་རུ་རའི་ལྡེ་གུ་ནུས་ལྡན་བསྲེག བར་སྐྱུར་ཁུ་བས་དྲིལ་ལ་གྲིབ་སྐམས་བྱ། །རྒྱམ་ཚྭ་ཉིས་འགྱུར་སྦྱར་པའི་ཕྱེ་མ་གདབ། །དཔྱད་བྱས་ནད་ལྷག་མ་ལུས་གཅོད། །ཅེས་པ་སྙིང་པོ་བསྡུས་པར། འབྲས་བུ་གསུམ་ནི་གང་རུང་བའི་ཤུན་པ་ཆུ་བཏགས་ལྡེ་གུ་བྱས། ཁམ་བུ་སྦྱར་བའི་སྟེང་དུ་བས་བསྲེག །དེ་ནས་ཚིག་ནས་ཕྱེ་མར་བཏགས། སྨན་ནི་ལྷག་མའི་ཁུ་བ་ཡིས། །སོ་སོར་ལེགས་པར་བགོས་ནས་ནི། །གནག་ཚེ་དེ་སྐམ་སླར་ཡང་འཐག །རྒྱམ་ཚྭ་ཉིས་འགྱུར་ཅེས་པ་ཡིན། །མིག་སྨན་གསུམ་པོ་དེ་དག་ནི། །ཕྱི་བའི་མཆོག་ཏུ་མུ་ཁྱུད་འཆད། །ཅེས་འབྱུང་ངོ༌། །ཉེར་དྲུག་པ་དང་ཉེར་བདུན་པ་གཉིས་ནི། རབ་རིབ་ཅེས་རྐང་པ་དྲུག་གིས་བསྟན་ནོ། །པ་ཡག་པ་ནི། གཡག་སྙིང༌། བྱ་རོག་ནོར་བུ། ཕོ་རོག་མིག་སོགས་སོ། ལུག་རུ་ནི་དཀར་པོའོ། །ཞིམ་ཐིག་ལེ་ནི་མིག་སྨན་སངས་རྒྱས་ཞེས་སོ། །འཛིབ་བུ་ཀ་ནི་བྱང་གི་བུལ་ཏོག་གོ་ཁྱི་ཀླད་སྦྲང་སྨྱོན་སྦྱར་བ་བླུག་རྗེས་འཕྱག་ཅེས་པ་ཕུག་རོན་སྒྲོས་འཕྱག་གོ། །ཉེར་བརྒྱད་དང་ཉེར་དགུ་གོ །ནང་འགྲིབས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཞེས་ཟས་སྤྱོད་ཀྱི་སྤང་བླང་ཁོང་སྨན་སོགས་ཀྱི་བཅོས་ལྟར་འབད་དོ། །སུམ་ཅུ་པ་དང་སོ་གསུམ་གྱི་བར་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། བར་འགྲིབས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཐུར་མས་དབྱེ་བ་ལ་གསུམ། སྔོན་འགྲོ་དངོས་གཞི་རྗེས་དང་གསུམ། དང་པོ་ལ་གཉིས། མདོར་རྒྱས་སོ།།

        དང་པོ་ནི། སྔོན་འགྲོ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྔོན་འགྲོར་ནད་དུས་རིམ་གྲོ་དཔྱད་བཞི། ཞེས། སྔོན་འགྲོ་ལ་ནད་གཞིའི་སྔོན་འགྲོ། དུས་ཀྱི་སྔོན་འགྲོའི་སྔོན་འགྲོ། དཔྱད་ཀྱི་སྔོན་འགྲོ་དང་བཞིའོ། །གཉིས་པ་ལའང་བཞི་ལས། དང་པོ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ནད་གཞིའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཞེས་པ་དེ་ལྔ་གནས་སྐབས་ནད་རིགས་ཀྱི་དབྱེ་མི་རུང་བ། དབྱེས་ཀྱང་མི་ཕྱེད་པའི་རིགས། དབྱེ་སྔས་པའི་རིགས། འཕྱིས་པའི་རིགས། དབྱེ་རུང་བའི་རིགས་སོ། །དང་པོ་ནི། དབྱེར་མི་རུང་ཞེས་རྐང་པ་བཞིས་བསྟན་ཏེ། མགོ་གཟེར་ཡོད་པ་ནི་ཡ་མ་ཡོད་པའོ། །ལུས་ལ་དགྲ་དར་བ་ནི། ནག་རྩིས་པའི་ཐ་སྙད་ལ། སྲོག་ལུས་དབང་ཐང་རླུང་རྟ་བཞིར་གྲགས་པ་ལ་ལུས་ལ་འབྱུང་བའི་དགྲ་དར་བ། སྐྱེས་ལོའི་ལུས་མེ་ལ། གནམ་ལོའི་ལུས་ཆུ་ཤར་བ་ལྟ་བུའོ། །སྤར་ཁ་ལི་ལ་བབས་ཞེས་པ་ནག་རྩིས་སུ་སྤར་ཁ་ལ་བརྒྱད་ཀྱི་ཐ་སྙད་ཡོད་པ་ལ། སྐྱེས་པ་ལི་ལ་བབས་དུས་སྤར་ཁའི་དགུ་མིག་ཡིན་པས་དབྱེ་མི་རུང་ལ། དེའི་རིག་པས་བརྟགས་ན་བུད་མེད་ལ་ཁམ་ལ་མི་རུང་ངམ་སྙམ་སྟེ་རང་སྐག་ཡིན་པའོ། །སྤར་ཁའི་བསྐོར་ལུགས་ཀྱང༌། སྐྱེས་པ་ལ་ལི་ནས་གཡོན་བསྐོར་བྱ། བུད་མེད་ལ་ཁམ་ནས་གཡས་སུ་བསྐོར་རོ། །འདུས་པའི་མིག་ཆུ་ནི། འདུས་པའི་མིག་ཚིལ་ཞུ་བ་དབྱེར་མི་རུང་ཞེས་པའོ། །གཉིས་པ་ནི། ཕྱི་འགྲིབས་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་ནི། མ་སྨིན་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བཞི་པ་ནི། མེ་ཟླ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །ལྔ་པ་ནི། དབྱེ་རུང་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། དུས་ཀྱི་ཞེས་རྐང་པ་བཞིས་བསྟན་ཏོ། །གསུམ་པ་ནི། རིམ་གྲོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཞི་པ་ནི། དཔྱད་ཀྱི་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །ལོ་མ་ནི་ཉུང་མའི་ཁ་ལོའོ། །གཉིས་པ་དངོས་གཞི་ལ་གཉིས། དང་པོ་ནི། དངོས་གཞི་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ཆོ་ག གསང་ས། རྡེག་ཐབས། སོས་ཚད། བསྟན་པར་བྱ་བ། ལེགས་ཉེས་བརྟག་པ་བདུན་ནོ། །གཉིས་པ་ལའང་བདུན་ལས། དང་པོ་འགྲུབ་བྱེད་ཀྱི་ཐབས་ལ་ཆོ་ག་ཞེས་སྨོས་པ་དེ་ལ་གཉིས། མདོར་རྒྱས་སོ།།

དང་པོ་ནི། དང་པོ་ཐུར་མའི་ཚད་དང་བཅའ་གཞི་གཉིས། །ཞེས་ཐུར་མའི་ཚད་སོགས་དང༌། ལུས་ཀྱི་བཅའ་གཞི་གཉིས་ལས། གཉིས་པ་ནི། ཐུར་མའི་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། གསེར་ཟངས་ར་གན་གསུམ་རྒྱུའོ། །བྲའོ། འབྲི་ལྕེ། གཟོང་ཁ་ནི་ཐུར་རྩེའི་དབྱིབས་སོ། །སྲིད་དུ་སོར་དྲུག་ནི་རྩེ་ཞབས་ཀྱི་དཀྱུས་ཚད་དོ། །རྩེ་མོ་རྒྱལ་མོ་གང་ནི་མིག་གིས་མཐོང་བྱེད་རྒྱལ་མོ་གང་སྟེ་དཀྱུས་ཚད་དུ་བྱ། ཞེང་དུ་དེའི་ཕྱེད་ནི་ཐུར་རྩེའི་དཔངས་སམ་ཞེང་དུ་རྒྱལ་མོ་ཕྱེད་བྱའོ། །མགྲིན་པ་གྲོ་མགྲིན་ཙམ་ནི། གྲོའི་སྙེ་མ་འདོགས་མཚམས་འབོ་བྲིང་ཙམ་མོ་སྲིད་དུ་བར་མཚོན་དོ་དབུས་རི་མོ་གཏོང༌། ཞེས་མགྲིན་པའི་སྲིད་དུ་རྒྱལ་མོ་དང་དཀར་པོ་བར་གྱི་མཚོ་དེ་རྩེ་མོ་རྒྱལ་མོ་གང༌། དེ་ནས་འཇལ་བའི་མཚོན་དོ་འདས་མཚམས་སུ་མིག་མཚོ་ཆེ་ཆུང་ལ་བལྟོས་པའི་རི་མོའི་ཉ་ག་གསུམ་རིམ་གཏོང་ངོ༌། །ཐུར་རྐེད་ལག་པས་བཟུང་བ་གྲུ་བཞི་སྦོམ་ལ་ཐུར་ཞབས་ཀྱང་སྡིག་པར་བྱའོ། །གཉིས་པ་ནི། ལུས་ཀྱི་ཞེས་རྐང་པ་བདུན་གྱིས་བསྟན་ནོ། །གཟའ་སྐར་དང་ལོ་མཐུན་གཡོན་ནི་རྩིས་ལྟར་ཤེས་པར་བྱ་དགོས་ལ། འདིར་བཀོད་ན་ཡི་གེ་མང་བར་དོགས་སོ། །རྡོ་གཉིས་མིག་འབྱེད་ངོས་སུ་བརྡུང་བ་ནི། གཡས་འབྱེད་ན་གཡོན་ངོས་ནས་གཡོན་འབྱེད་ན་གཡས་ངོས་ནས་བརྡུང་ངོ༌། །གཉིས་པ་ནི། གསང་ས་ཞེས་རྐང་པ་དྲུག་གིས་བསྟན་ཏེ། གསང་ས་ལྷ་མི་བདུད་ཀྱི་བུ་ག་གསུམ་ཞེས་པ་ལ། སྟོད་ལྷ་གསང༌། བར་མི་གསང༌། སྨད་བདུད་གསང་གསུམ་ལས་བར་མི་གསང་དུ་བརྡེག་པར་བཤད་ལ། གསང་དེ་རྣམས་ལ་ཐུར་མ་ཡང་སྨད་བདུད་གསང་ལ་བྲ་བོ་བསྔགས་པ་འཕགས་ཡུལ་མ་ཎ་ཧོའི་ལུགས་དང་མི་གསང་ལ་གཟོང་ཁ་མངགས་པ་མི་ཏྲ་ཛོའ་ཀིའི་ལུགས་ལས་གསུང་ཞིང༌། དེ་གཉིས་ཀྱི་ཤུགས་ལས་ལྷ་གསང་ལ་འབྲི་ལྕེ་བསྔགས་སམ་བསམ། གྲོ་འབྲིང་གི་ཚད་དུ་དྲིལ་ལ་མིག་གི་ཕྱི་ཟུར་དཀར་ནག་མཚམས་ནས། དར་ཡེ་གངས་དཀར་པོའི་སྟེང་དུ་འཇལ་ལ་རྩ་མེད་པའི་བར་གཅིག་ཏུ་ཡེའུའི་རྩེ་མོ་བཙུགས་ཤིང་འདྲིས་སུ་བཅུག རྩའི་བར་དོགས་ན་ཡེའུས་ཕུལ་བས་ཡངས་སུ་འགྲོ། མིག་དང་ཡེའུ་འདྲེས་ནས་ཡེའུས་རེ་རེ་བྱས་མིག་མི་འགུལ་བར་འདུག་ཙ་ན་ཐུར་མ་རྡེག་གོ །ཞེས་འབྱུང་ངོ༌། །གསང་དམིགས་སུ་མ་ཕོག་པར་གྲ་ཟུར་ཕྱོགས་དེར་ན་སྒྲིབ་བྱེད་མི་སུབ་པར་དེ་ཁར་ལུས་མཐོང་མིག་ཕྱོགས་དགུར་ན་ཐུར་ལ་འགྲིབ་བྱེད་འབྱར་ནས་སྦ་མི་ཐུབ། སྨིན་མ་ཕྱོགས་ཐོས་ན་སྒྲིབ་བྱེད་མི་ནོན་སྔས་ན་མི་སུས་ཏེ་སྒྲིབ་བྱེད་ཤུ་དྲིལ་མི་ཐུབ་པས་སོ། །གསང་དངོས་ནི། བདུད་རྩ་དེ་མིག་མཚོ་ནག་པོ་ལས་གྲ་ཟུར་ཕྱོགས་སུ་གྲོ་འབྲིང་གང་ཙམ་ཕྱིར་བསྐྱེད། བཙན་དེ་མིག་རྩ་དམར་པོ་ལས་གདོང་བྱོལ་བའི། གསང་སྟེ་ཐུར་རྩེ་གང་གི་དབུས་སུ་བརྡེག་གོ །སྙིང་པོ་བསྡུས་པར་ཡང༌། ནག་པོ་སོར་ཕྱེད་མ་རྟོགས་ཤིང༌། །མིག་འགྲིབ་བཞི་ཆ་དོར་བ་རུ། །མཛུབ་མོ་གུང་མོ་མཐེ་པོ་ཡིས། །མིག་ཐུར་དམ་དུ་བཟུང་ནས་ནི། །རང་གྲུབ་བུ་ག་ནས་འཁྲེད་དུ། །གཟུགས་ཤིང་གྱེན་སྙེ་དྲང་པོར་བྱ། །ཞེས་འབྱུང་ངོ༌། །གསུམ་པ་ནི། བརྡེག་ཐབས་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། ཐུར་མ་བྱ་མི་འདའ་བའི་མན་ངག་གིས། ཞེས་པ། དམར་ཁྲིད་ཡིག་ཆུང་དུ་གསལ་བས་དེར་ལྟོས་ཤིག །བཞི་པ་ནི། བསལ་ཐབས་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། སྒྲིབ་བྱེད་འཐོར་ན་དབུས་སུ་སྡུད་བྲོས་ན་ཐུར་འོག་ཏུ་བསྡུ། ཤོར་ན་མར་ཟུར་དུ་བསྡམ། དམའ་བར་གཏིང་དུ་ཤོར་ན་ཁུས་གདབ། སྐད་ཆེར་འདོན་གློ་ལུ་སོགས་བྱས་པས་སྔར་ལྟར་སྒྲིབ་བྱེད་ལོག་ཡོང༌། དེས་དལ་བུས་དྲིལ་བས་ཐུར་རྩེ་ལ་ཕྲུལ་བྱུང་ན་མི་འབྲོས་པས་མི་ཕུགས་སུ་སྦས་སོ། །ལྔ་པ་ནི། གསོལ་ཚད་ཞེས་རྐང་པ་བཞིས་བསྟན་ཏེ། དེ་དུས་ཁྲག་བོ་ན་རྩ་ཆད་པས་ཆུ་དུགས་བྱ། འོ་མ་བོ་ན་སྒྲིབ་བྱེད་འོ་རྐྱལ་འདྲ་བ་དེ་རལ་བ་ཡིན་པས་ག་ལེ་ཕྱིས་སུ་གསལ། སྣག་ཚ་བོ་ན་ཐུར་རྩེ་གཏིང་དུ་སོང་ནས་འབྲས་བུ་བཅར་བས་བཅོས་མེད་དེ་ཞེས་དམར་ཁྲིད་དུ་བཤད་དོ། །དྲུག་པ་ནི། དེ་འོག་ཅེས་རྐང་པ་དྲུག་གིས་བསྟན་ནོ། །བདུན་པ་ལ་གཉིས། ལེགས་ཉེས་སོ།།

        དང་པོ་ནི། ལེགས་པའི་ཞེས་རྐང་པ་བཞིས་བསྟན་ཏེ། ནགས་ལ་སོགས་མདོག་སྔོ་སྐྱ་ལ་དྭངས་པའོ། །གཉིས་པ་ནི། ཉེས་པ་ཞེས་རྐང་པ་བཞིས་བསྟན་ཏེ། ཁྲག་གིས་ཁེངས་པ་རྩ་ཆད། སྙོག་ནག་ལངས་ན་མཐོང་བྱེད་བཅར་ཟུག་གཟེར་སྐྱེས་ན་ཕུགས་མི་གཙང་བས་དེ་མི་འདོད། གསུམ་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཕྱི་རྗེས་ཟས་སྤྱོད་བསླབ་དང་ལོག་པ་མནན། ཞེས་པས། ཟས་སྤྱོད་བསླབ་པ། ལོག་པ་གནོན་པའོ། །དང་པོ་ནི། ཁ་ཟས་ཞེས་རྐང་པ་བཅུས་བསྟན་ནོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ལོག་གནོན་འགྲམས་དང་འགྲིབས་དང་ཞར་བ་གསུམ། །ཞེས། འགྲམས་འགྲིབས་ཞར་གསུམ་མོ། །དང་པོ་ལ་གསུམ། མདོར་རྒྱས་མཇུག་གོ །དང་པོ་ནི། དང་པོ་ཤ་རུས་རྩ་དང་གདོན་འགྲམས་བཞི། །ཞེས། ཤ་འགྲམས། རུས་འགྲམས། རྩ་འགྲམས། གདོན་འགྲམས་སོ། །དང་པོ་ནི། ཤ་འགྲམས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། གྱོ་དུགས་ནི། གཡུ་ཐོག་ཕོ་གྱོ་མོ་གྱོ་རྣམས་ཡིན་ནོ། །རྫ་སྣུམ་མེད་ཆར་ཉིས་ཁྱེར་བས་ཚབ་རུང་ངོ༌། །མུར་གོང་འཕར་རྩ་བསྲེག་གོ །མུར་གོང་གཤོང་གི་མཐོང་བྱེད་ན་གུའི་གནད་ལ་མ་ཕོག་པར་བྱའོ། །གཉིས་པ་ནི། རུས་འགྲམས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་ནི། རྩ་འགྲམས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །བཞི་པ་ནི། འདོན་འགྲམས་ཞེས་རྐང་པ་བཅུ་དྲུག་དང་འབྲུ་གསུམ་གྱིས་བསྟན་ཏེ། མཁྲིས་སྣའི་ལྕགས་མདའ་གཏོང་བ་ནི། དོམ་མཁྲིས་སོགས་མཁྲིས་པ་སྣ་ཚོགས་སྦྱོར་བ་གངས་ཆུས་དབུལ་ནས་གཏོང་ངོ༌། །གསུམ་པ་བདུད་རྩི་ཞེས་སོ། །མིག་ནད་གསོ་བའི་ལེའུ་ཉི་ཤུ་དགུ་པའོ།།

 

 

མཐའ་མའི་འདོན་ཐེངས་།: 26.08.2011 ཉིན། 4:02 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།