ལེའུ་ཉེར་གཉིས་པ། འཁྲུགས་ཚད་བཅོས་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.08.2011 |
མན་ངག་རྒྱུད། >> ལེའུ་ཉེར་གཉིས་པ། འཁྲུགས་ཚད་བཅོས་པ། |
ལེའུ་ཉེར་གཉིས་པ་འཁྲུགས་ཚད་བཅོས་པ་ལ་གསུམ། ཞུས་ཤིང་མདོར་བསྟན་མཚམས་སྦྱོར། དེ་ལན་གཞུང་དོན། གཞུང་རྫོགས་ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་ཞེས་རྐང་པ་དྲུག་གིས་བསྟན་ནོ། །གཉིས་པ་ལ་བརྒྱད། རྒྱུ། རྐྱེན། ངོ་བོ། མིང༌། རྒྱུ་མཚན། དབྱེ་བ། རྟགས། བཅོས་ཐབས། དོན་བསྡུ་བའོ། །དང་པོ་རྒྱུ་ནི། རྒྱུ་ནི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། འཁྲུགས་ཚད་ཀྱི་རྒྱུ་ནི། ནད་གཞིའི་མཁྲིས་པ་མཚན་ཉིད་བདུན་ལྡན་ལས། ལྷག་པར་ཚ་བའི་རང་བཞིན་ཅན་དེའོ། །གཉིས་པ་རྐྱེན་ནི། དེ་རྐྱེན་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྣམ་པར་མ་གྱུར་པའི་མཁྲིས་པ་ཚ་བའི་རང་བཞིན་ཅན་དེ། རྣམ་པར་གྱུར་པའི་རྐྱེན་དུས་གདོན་ཟས་སྤྱོད་རྣམ་པ་བཞི་ཆེར་བསྐྱེད་པར་བྱེད་དོ། །གསུམ་པ་ངོ་བོ་དང་བཞི་པ་མིང་གི་རྒྱུ་མཚན་ལྷན་ཅིག་བསྟན་པ་ནི། དེ་ཡང་ངོ་བོ་ལ་དེའི་རྒྱུ་མཚན་སྒྲུབ་པའི་མིང་གནས་པས་འདིར། ཉེས་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། བརྟེན་པ་ཉེས་པ་གསུམ་འཁྲུགས་པས། རྟེན་ཁྲག་ཚད་ཆེར་བསྐྱེད་ནས་ལུས་ཟུངས་བསྲེག་པ་ནི་འཁྲུགས་ཀྱི་ངོ་བོ་ཡིན་ལ། ངོ་བོ་དེ་ནད་ཟུངས་ཀྱི་མཚན་ཉིད་རྣམས་དང་འདྲེས་ཤིང་འཐབས་པས་ཚ་བའི་སྟོབས་སུ་གྱུར་པ་ལྟར་གནས་པས་འཁྲུགས་ཞེས་བྱའོ། །ལྔ་པ་དབྱེ་བ་ལ་གསུམ། ངོ་བོ་མདོར་བསྟན་པ། ངོ་བོའི་ངེས་པ་བཤད་པ། རང་རང་གི་ནང་ཚན་དབྱེ་བའོ།།
དང་པོ་ངོ་བོ་མདོར་བསྟན་ནི། དབྱེ་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྒྱས་འཁྲུགས་སྟོངས་འཁྲུགས་འཇམ་འཁྲུགས་གསུམ་མོ། །གཉིས་པ་སོ་སོའི་ངེས་པ་བཤད་པ་ལའང་རྒྱས་སྟོངས་འཇམ་གསུམ་ལས། དང་པོ་རྒྱས་འཁྲུགས་ཞེས་པ་ནི། རྒྱས་འཁྲུགས་ཞེས་རྐང་པ་ལྔས་བསྟན་ནོ། །གཉིས་པ་སྟོངས་འཁྲུགས་ནི། སྟོངས་འཁྲུགས་ཞེས་རྐང་པ་དྲུག་གིས་བསྟན་ནོ། །གསུམ་པ་འཇམ་འཁྲུགས་ནི། འཇམ་འཁྲུགས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེས་ན་ཁྲག་ཚད་རྒྱས་པ་རྒྱས་འཁྲུགས། མཁྲིས་ཚད་རླུང་གིས་བུས་པ་སྟོངས་འཁྲུགས། ཁྲག་མཁྲིས་ཚ་བ་བད་ཀན་གྱིས་མནན་པ་འཇམ་འཁྲུགས་སོ། །གསུམ་པ་རང་རང་གི་ནང་ཚན་བཤད་པ་ལ་གསུམ། རྒྱས་སྟོངས་འཇམ་མོ། །དང་པོ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དེ་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ནད་རིགས་དབྱེ་བ། བབས་སྒོའི་དབྱེ་བ། ལུད་པའི་དབྱེ་བ་གསུམ་མོ། །དང་པོ་ལ་གསུམ། མདོར་རྒྱས་མཇུག་གོ །དང་པོ་ནི། ནད་རིགས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ནད་རིགས་དེ་ལ་དབྱེ་ན། འཁྲུགས་ཚད། འགྲམས་ཚད། རིམས་ཚད་དང་གསུམ་མོ། །དང་པོའི་རྒྱུ་མཚན་དང་བཅས་པའི་ནང་ཚན་ནི། ཁྲག་མཁྲིས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཁྲག་མཁྲིས་འཁྲུགས་ཚད་རྐྱང་པ་ཚ་འཁྲུགས་ཡིན་ལ། དབྱེ་བ་ཚ་རྒྱས་ཚ་ལྐུགས་དུག་ཐབས་གསུམ། གཉིས་པ་ནི། འཁྲུགས་ཚད་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། འཁྲུགས་ཚད་འགྲམས་དང་སྡོངས་བ་ཚ་འགྲམས་ཡིན་ལ། དེ་ལ་དབྱེ་བ་ཚ་རྡོལ་དང་ཚ་རྨུག་གཉིས་སོ། གསུམ་པ་ནི། འཁྲུགས་ཚད་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། འཁྲུགས་ཚད་རིམས་དང་སྡོངས་པ་ཚད་རིམས་ཡིན་ལ། དེ་ལ་ནང་ཚན་གཉན་གཟེར་དང་འདུ་བའི་ཚད་རིམས་གཉིས་སོ། །གསུམ་པ་ནི། དེ་ལྟར་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་ཚ་རྒྱས་དང་ཚ་ལྐུགས་དང་དུག་ཐབས་དང་ཚ་རྡོལ་དང་ཚ་རྨུག་དང་འཁྲུགས་ཚད་རིམས་དང་སྡོངས་པ་གཉན་རིམས་དང༌། འདུ་བའི་རིམས་དང་རྣམ་པ་བདུན་དུ་འགྱུར་བའོ། །གཉིས་པ་བབས་དབྱེ་ནི། བབས་སྒོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ལུད་དབྱེ་ནི། ལུད་པའི་ཞེས་རྐང་པ་གཅིག་གིས་བསྟན་པའི་ལུད་པའི་ཁ་དོག་ཀྱང་བབས་སྒོ་བརྒྱད་པོ་དེ་བཞིན་དུ་ཤེས་པར་བྱ་ཞིང་དབྱེ་བ་ནི་འོག་ཏུ་རྟགས་ཀྱི་སྐབས་སུ་འཆད་དོ། །གཉིས་པ་སྟོངས་འཁྲུགས་དང་གསུམ་པ་འཇམ་འཁྲུགས་འོག་ཏུ་སྟོན་ནོ། །དེ་ལྟར་འཁྲུགས་རིགས་བདུན། བབས་སྒོ་བརྒྱད། ལུད་པའི་ཁ་དོག་བརྒྱད། འོག་ནས་འབྱུང་བའི་སྟོངས་འཁྲུགས་གཉིས་འཇམ་འཁྲུགས་གཅིག་སྟེ་དྲིལ་བས་ཉེར་དྲུག་གོ །དྲུག་ལ་རྟགས་བཤད་པ་ལ་གསུམ། རྒྱས་སྟོངས་འཇམ་རྟགས་སོ། །དང་པོ་རྒྱས་རྟགས་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དེ་རྟགས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱི་དང་བྱེ་བྲག་དང༌། སྐག་དུས་དང་གསུམ་མོ། །དང་པོ་སྤྱི་རྟགས་ནི། སྤྱི་རྟགས་ཞེས་རྐང་པ་བཞིས་བསྟན་ཏེ། དེ་ཡང་སྤྱི་རྟགས་རྩ་རྒྱུད་ཁྲག་ཤས་ཆེ་ན་སྦོམ་ལ་མཁྲངས། མཁྲིས་ཤས་ཆེན་ཕྲ་ལ་གྲིམས་པ་གང་རིགས་འོང་ངོ༌། །གཉིས་པ་བྱེ་བྲག་གི་རྟགས་བཤད་པ་ལ་གསུམ། ནད་རིགས། བབས་སྒོ། ལུད་པའོ། །དང་པོ་ལ་གསུམ། རྐྱང་པ་དང་ལྡན་པ་འགྲམས་དང་སྡོངས་པ་རིམས་དང་སྡོངས་པའོ། །དང་པོ་རྐྱང་པ་ལ་གསུམ། རྒྱས་ཚད། ཚ་ལྐུགས་དུག་ཐབས་སོ། །དང་པོ་རྒྱས་ཚད་ནི། བྱེ་བྲག་ཅེས་རྐང་པ་བཞིས་བསྟན་ནོ།།
གཉིས་པ་ཚ་ལྐུགས་ནི། ཚ་ལྐུགས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་དུག་ཐབས་ནི། དུག་ཐབས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། རྨུགས་པ་ནི་དོན་ལ་ཟ་བའམ་རྨུགས་པའོ། །གཉིས་པ་ལྡན་པ་འགྲམས་དང་སྡོངས་པ་ལ་གཉིས། ཚ་རྡོལ་ཚ་རྨུག་དེ་གཉིས་ཀའི་རྟགས་སོ། །དང་པོ་ནི། ཚ་རྡོལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། ཚ་རྨུགས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་ནི། དེ་རྟགས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། གསུམ་པ་ལྡན་པ་རིམས་དང་སྡོང་པ་ལ་གཉིས། འདུ་བའི་རིམས་དང་གཉན་རིམས་སོ། །དང་པོ་འདུ་རིམས་ནི། འདུ་བའི་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། འདུ་བ་ནི་ནད་གཞི་འཁྲུགས་པ་སྟེ། ཕྲུམ་སེར་ཁྱེར་བ་སོགས་རིམས་དང་འདྲ་ལ་གཟེར་དང་ལུད་པ་གློ་ཚ་སྟེ། ཚ་རྒྱས་ནི། ཚ་ལྐུགས་དུག་ཐབས་དང་འདྲ་བར་འབྱུང་བ་ཡིན་ནོ། །གཉིས་པ་གཉན་རིམས་ནི། གཉན་ཚད་ཅེས་རྐང་པ་བཞིས་བསྟན་ཏེ། དེ་ཡང་གཉན་ཞེས་པ་ནི། ལུས་ཁྱབ་པར་གནས་པའི་ལྷན་སྐྱེས་ཀྱི་སྲིན་བུ་བདུན་ཡོད་པ་ཟས་སྤྱོད་གདོན་གྱིས་དཀྲུགས་ཤིང་སྟོབས་རྒྱས་པ་རིམས་དང་སྡོངས་ནས་ཆུ་སེར་དང་དྲི་མར་བབས་ཤིང་ལུས་ཟུངས་ཟ་ཞིང་མ་རུངས་པར་བྱེད་པའི་དོན་ནོ། །ཡམས་ཐབས་ནི་ནད་འདི་ཉིད་གཞན་ལ་འགོས་པའི་དོན་ནོ། །གཉིས་པ་བབས་སྒོའི་རྟགས་བཤད་པ་ནི། སྙིང་ལ་ཞེས་རྐང་པ་བཅུ་གསུམ་གྱིས་བསྟན་ནོ། །གསུམ་པ་ལུད་རྟགས་ནི། ལུད་རིགས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་བབས་སྒོ་བརྒྱད་ལས་ལུད་རིགས་བརྒྱད་འབྱུང་སྟེ་འོག་ཏུ་གསལ་ལོ། །གསུམ་པ་སྐག་བཤད་པ་ལ་གཉིས། བྱེ་བྲག་གི་ངེས་པ་བསྟན་པ་དང༌། སྤྱིའི་སྤང་བླང་དང་བྱེ་བའོ། །སྟན་བྲག་གི་ངེས་པ་བསྟན་པ་ལ་གཉིས། ནད་རིགས་ཀྱི་ཞག་སྐག་བསྟན་པ་དང༌། གནས་ཀྱི་ཁྱད་པར་བསྟན་པའོ། །དང་པོ་ནད་ཀྱི་ཞག་སྐག་ནི། ཞག་སྐག་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྐྱོན་གྱི་དུས་ངེས་ལ་སྐག་ཅེས་པ་དེ་ཞག་གྲངས་ལ་འབྱུང་ཚུལ་ནི། རྒྱས་ཚད་དང་ཚ་ལྐུགས་ལ་གློ་ཚ་ཞེས་པ་དེ་དང༌། ཡང་ན་དུག་ཐབས་སློ་བུ་ལ་བབས་པ་ལ་གློ་ཚ་ཟེར་བས་དུག་ཐབས་ནི་ལུས་ཟུངས་ལ་སྟོབས་རྫོགས་པས་ཕོག་ནས་ཞག་བདུན་ཡིན་ཏེ། གཞན་འཁྲུགས་བཞི་པོ་རྣམས་དེ་ལས་ཅུང་ཟད་བུལ་བས་དགུ་ཡིན་འདི་རྣམས་ནི་དོན་ལ་རྨུགས་ཤིང་འདྲུལ་བར་བྱེད་པའི་ལས་མྱུར་བུལ་གྱིས་ཁྱད་པར་རོ། །ཞག་བཅུ་གཅིག་འདས་ནས་ནད་ཀྱི་ཤུགས་བྲི་བས་འཚོ་བ་མང་ངོ༌། །གཉིས་པ་གནས་ཀྱི་ཁྱད་པར་ནི། གློ་བུ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་སྲོག་གི་རྟེན་ཤས་ཆེ་ཆུང་ལས་ཁྱད་པར་ཡོད་དེ། གློ་བའི་བུ་སྙིང་མཆིན་པ་རྣམས་ལ་བབས་ན་སྲོག་ལ་རྒོལ་ཏེ་འཆི། མཆེར་པ་མཁལ་མ་གཉིས་ཉེན་ཆེ། གློ་བ་མ་དང་མཁྲིས་པ་ལ་བབས་པ་འཚོ་ཞེས་སོ། །གཉིས་པ་སྤང་བླང་ལ་གཉིས། འཆི་རྟགས་དང༌། འཚོ་རྟགས་སོ། །དང་པོ་འཆི་རྟགས་ནི། མོང་ནས་ཞེས་རྐང་པ་ལྔས་བསྟན་ཏེ། ལུད་པ་དུད་ཁུ་ནི་མདོག་དུད་རལ་གྱི་ཁུ་བ་འདྲ་བ་ལ་ངོ་བོ་ཤ་སྐྱོ་ལྟ་བུའོ། །འདྲེ་ཁ་རྒོད་པ་ནི་ཞུད་རྐྱེན་ནོ། །ནད་ལྡོག་མང་བ་ནི་འགྱུར་ལྡོག་མང་བའོ། །གཉིས་པ་འཚོ་རྟགས་ནི། ནད་ལ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་སྟོངས་འཁྲུགས་ལ་གཉིས། །མདོར་རྒྱས་སོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཚ་སྟོངས་དང་གྲང་སྟོངས་གཉིས། གཉིས་པ་རྒྱས་བཤད་ལའང་སྤྱི་རྟགས་ཚ་སྟོངས་ཀྱི་རྟགས་དང་གྲང་སྟོངས་ཀྱི་རྟགས་དང་གསུམ་ལས།
དང་པོ་སྤྱི་རྟགས་ནི། སྤྱི་རྟགས་ཞེས་རྐང་པ་ལྔས་བསྟན་ནོ། །གཉིས་པ་ཚ་སྟོངས་ནི། ཁྱད་པར་ཞེས་རྐང་པ་བཞིས་བསྟན་ནོ། གསུམ་པ་གྲང་སྟོངས་ནི། གྲང་སྟོངས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་འཇམ་འཁྲུགས་ཀྱི་རྟགས་ནི། འཇམ་འཁྲུགས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །བདུན་པ་བཅོས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བཅོས་པའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱི་བཅོས་དང་བྱེ་བྲག་གི་བཅོས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ལ་གཉིས། །མདོར་རྒྱས་སོ། །དང་པོ་ནི། སྤྱི་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། བཅོས་ཚུལ་དང༌། གཉན་པོའོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་བཅོས་ཚུལ་ལ་དྲུག འཁྲུགས་ཚད་རྐྱང་པ་གསུམ་གྱི་བཅོས་ཚུལ་དང༌། ཚ་འགྲམ་གཉིས་ཀྱི་བཅོས་ཚུལ་དང༌། འདུས་རིམས་ཀྱི་བཅོས་ཚུལ་དང༌། གཉན་རིམས་ཀྱི་བཅོས་ཚུལ་དང༌། སྟོངས་འཁྲུགས་ཀྱི་བཅོས་ཚུལ་དང༌། འཇམ་འཁྲུགས་ཀྱི་བཅོས་ཚུལ་ལོ། །དང་པོ་འཁྲུགས་ཚད་རྐྱང་པ་གསུམ་གྱི་བཅོས་ཚུལ་ནི། བཅོས་ཚུལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། མཁྲིས་ཐོག་བབས་ཞེས་པ་ནད་བཞིའི་མཁྲིས་པའི་ཐོག་ཏུ་བབས་སྟེ། སྣོད་མཁྲིས་ཀྱི་ཐོག་ཏུ་བབས་པ་ནི་མ་ཡིན་ནོ། །དེ་ཡིན་པར་འདོད་ན་གོང་དུ་ཞག་སྐག་བཤད་པ་དང༌། མཁྲིས་བབས་འཚོ་ཞེས་པ་དང་འགལ་བར་འགྱུར་རོ། །དེས་ན་ཚ་འཁྲུགས་གསུམ་ནི་ཁྲག་འཁྲུགས་མཁྲིས་ཚད་མཚན་ཉིད་བདུན་ལྡན་གྱི་ཐོག་ཏུ་བབས་པ་གཅིག་ཡིན་པའི་ཕྱིར། ཞི་བ་དང་སྦྱང་བ་མཁྲིས་པའི་གཉེན་པོས་བཅོས་པ་གཅེས་སོ། །གཉིས་པ་ཚ་འགྲམས་གཉིས་ཀྱི་བཅོས་ཚུལ་ནི། ཚ་འགྲམས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་འདུས་རིམས་ཀྱི་བཅོས་ཚུལ་ནི། ཚད་རིམས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཞི་པ་གཉན་རིམས་ཀྱི་བཅོས་ཚུལ་ནི། གཉན་གཟེར་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏོ། །གཉན་གཟེར་ནི་ཆུ་སེར་ལ་བབས་པ་ཡིན་ཞིང་དྲི་མར་བཅས་པའི་སྒྲ་དྲི་མ་གསུམ་གྱིས་བཤད་པ་ལའང་བབས་པས་དེའི་ཕྱིར། གཉན་གཉེན་པོས་བསད་པའི་རྗེས་དྲི་མ་དང་བཅས་བྱུང་བས་བཤལ་གྱིས་སྦྱང་ལ་གཅེས་སོ། །གཉན་ཞེས་པའི་ངོ་བོ་ནི། ལུས་ལ་ལྷན་སྐྱེས་ཀྱི་སྲིན་བུ་ཁྲག་གར་ཡོད་དུ་ཁྱབ་པར་གནས་པ་བདུན་ཡོད་པ་སྟེ། ཟས་སྤྱོད་གདོན་གྱིས་འཁྲུགས་ཤིང་སྟོབས་རྒྱས་པས་ལུས་ལ་ཟ་ཞིང་ཁྲོས་པའི་དུག་གིས་ལུས་ཟུངས་མ་རུངས་པར་བྱེད་པ་དེ་ལ་གཉན་ཞེས་བྱ་སྟེ་འོག་ཏུ། རྒྱུ་ནི་ཁྲག་གནས་དུག་ཅན་སྲིན་བུ་བདུན། །ཟངས་ལྟར་དམར་ཞིང་ཕྲ་ལ་ལྟར་མི་མངོན། །སྐད་ཅིག་ཉིད་ལ་མགོ་རྐང་ཁྱབ་རྒྱུ་ནུས། །དེ་ལ་རྐྱེན་ནི་རླུང་མཁྲིས་བད་ཀན་འདུས། །སྐྱེད་བྱེད་ཡུལ་དུས་ཟས་སྤྱོད་གདོན་རྐྱེན་གྱིས། །སྲིན་ཁྲོས་ལུས་ལ་ཟོས་པས་གཉན་ནད་འབྱུང༌། །ཞེས་དང༌། ཁྲག་སྲིན་རྐང་མེད་དམར་ལ་ཟླུམ་པ་སྟེ། །ཁྲག་ལ་གནས་ཤིང་རྩ་ནད་ཀུན་ཏུ་རྒྱུག །གཉན་ནད་ཀུན་གྱི་རྒྱུ་དང་མཛེ་ནད་བྱེད། །ཅེས་སོ། འདིར་ནད་བདག་གིས་བསྐྱེད་པའི་སྲིན་བུའི་དུག་རིམས་དང་སྡོངས་ནས་ཆུ་སེར་དང་དྲི་མར་བབས་པ་ལ་གཉན་གཟེར་ཞེས་བྱའོ། །ལྔ་པ་ནི། སྟོངས་འཁྲུགས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །དྲུག་པ་འཇམ་འཁྲུགས་ནི། འཇམ་འཁྲུགས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་གཉེན་པོའི་བཅོས་བཤད་པ་ལ་གཉིས། དངོས་དང༌། ཞར་བྱུང་ངོ༌། །དང་པོ་དངོས་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། གཉན་པོ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། གཉེན་པོ་སྨན་དང༌། དཔྱད་དང༌། ཟས་དང༌། སྤྱོད་ལམ་དང་བཞིའོ། །གཉིས་པ་རྒྱས་བཤད་ལའང་བཞི་ལས། དང་པོ་ལ་ཞི་སྦྱང་གཉིས། ལས་སྦྱང་བ་ནི་འོག་ཏུ་འཆད་དོ།།
དང་པོ་ཞི་བ་ནི། རྒྱས་འཁྲུགས་ཞེས་རྐང་པ་དྲུག་གིས་བསྟན་ཏེ། ག་བུར་རྒྱལ་བློན་ལྔ་བདུན་དགུ་པ་ནི། ག་བུར་ཅུ་གང་ཙན་དན་དཀར་པོ་གསུམ་རྒྱལ་བློན་གསུམ་ཟེར། དེ་སྟེང་གི་ཝཾ་གུར་ཀུམ་བསྣན་པས་ལྔ་པ། དེ་སྟེང་གླ་རྩི་དོམ་མཁྲིས་བསྣན་པས་བདུན། ཏིག་ཏ་ཧོང་ལེན་བསྣན་པས་དགུ་པའོ། །ཚ་བའི་སྟོབས་སྦྱར་བ་ནི། ཚ་སྟོབས་ཆེ་ན་ལྔ་པ་སྟེ་རིམ་པར་སྦྱར་རོ། །གཉིས་པ་དཔྱད་ནི། སྐབས་སུ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། བསིལ་བས་བདུག་པ་ནི། མཚན་དང་ཀྱི་ལྕེ་ཞོ་སྦྱར་རོ། །གཉིས་པ་སྦྱོངས་ནི། ཚ་བའི་ཞེས་རྐང་པ་བཅུ་བཞིས་བསྟན་ནོ། །གསུམ་པ་ཁ་ཟས་བཤད་པ་ནི། ཁ་ཟས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །བཞི་པ་སྤྱོད་ལམ་ནི། སྤྱོད་ལམ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ཞར་བྱུང་བཤད་པ་ནི། དེ་ལྟར་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏོ། །གཉིས་པ་བྱེ་བྲག་གི་བཅོས་ལ་གསུམ། རྒྱས། སྟོངས། འཇམ་བཅོས་སོ། །དང་པོ་རྒྱས་བཅོས་ལ་གསུམ། མདོར་རྒྱས་མཇུག་གོ དང་པོ་ནི། བྱེ་བྲག་ཅེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལ་གསུམ། རིགས། བབས་སྒོ། ལུད་པ་དང་སྦྱར་བ་གསུམ་ལས། །དང་པོ་རིགས་རྒྱས་པར་བཤད་པ་ལ་བདུན། ཚ་རྒྱས། ཚ་ལྐུགས། དུག་ཐབས། ཚ་རྡོལ། ཚ་རྨུགས། ཚ་རིམས། གཉན་གཟེར་རོ། དང་པོ་ཚ་རྒྱས་ནི། ཚ་རྒྱས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྨན་གཏར་བཤལ་རྣམས་སྤྱི་བཅོས་ལྟར་རོ། །གཉིས་པ་ཚ་ལྐུགས་ནི། ཚ་ལྐུགས་ཞེས་རྐང་པ་ལྔས་བསྟན་ཏེ། དུད་པ་བྱ་བལ་མ་ནི་དུད་རལ་བྱ་བལ་ལྟར་ཆགས་པ་དེའོ། །གསུམ་པ་དུག་ཐབས་ནི། དུག་ཐབས་ཞེས་རྐང་པ་ལྔས་བསྟན་ཏེ། རྒྱལ་བློན་གསུམ་ནི། ག་བུར་ཅུ་གང༌། ཙན་དན་དཀར་པོ་གསུམ་མོ། །རྩེ་ཆུང་བསྣོལ་པ་ནི། གཞོགས་གཡས་གཟེར་ན་རྩེ་ཆུང་གཡོན་གཏར། གཡོན་གཟེར་ན་རྩེ་ཆུང་གཡས་གཏར། ཡང་ན་སྔ་དྲོ་གཡས་ཕྱི་དྲོ་གཡོན་གཏར་རོ། །སྐྱེད་མེད་ཀྱི་མཆན་གྱི་སེ་རུལ་ནི། ཟེ་ཚའི་རྒྱུ་ཁང་རྙིང་གི་རྨང་ས་སྨུག་ཕོལ་ལེ་བ་དེའོ། བཞི་ཚ་རྡོལ་ནི། ཚ་རྡོལ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །ལྔ་པ་ཚ་སྨུག་ལ་གཉིས། ཁྲག་དུས་དང་རྣག་དུས་སོ།།
དང་པོ་ཁྲག་དུས་ནི། ཁྲག་སྨུག་ཅེས་རྐང་པ་བཞིས་བསྟན་ཏེ། ཚ་འགྲམས་འདི་གཉིས་ནི། ཚ་རྡོལ་དང་ཚ་སྨུག་འདི་གཉིས་པོ་ནི་འགྲམས་དང་སྡོངས་པ་སྟེ་དོན་ལ་ཁྲག་རྒྱས་པའོ། །གཉིས་པ་རྣག་སྨུག་ནི། རྣག་སྨུག་ཅེས་རྐང་པ་གསུམ་གྱིས་བསྟན་ཏེ། རྣག་སྨུག་གི་མཆན་གྱི་བསིལ་གཉིས་ནི། ཅུ་གང་དང་གུར་གུམ་མོ། །སྟར་བུ་པཉྩས་གློ་རྣག་གྱེན་དུ་དྲང་ཞེས་པ་ནི་ཚ་བ་སྤྱི་བཅོས་སུ་བཤད་པ་ལྟར་རོ། །དམར་པོ་གསུམ་གྱི་སྨན་མར་ནི་ཕྱི་རྒྱུད་ལྟར་རོ། །དྲུག་པ་ཚ་རིམས་ནི། འདུ་བའི་ཞེས་རྐང་པ་ལྔས་བསྟན་ཏེ། ཐང་གིས་དབྱེ་བ་ནི་འབྲས་བུ་གསུམ་ཐང་ངོ༌། །རིན་ཅེན་ཞགས་པ་ནི་ཕྱི་རྒྱུད་ཀྱི་ག་བུར་བཅུ་བཞི་པའོ། །གཙོ་བོ་བརྒྱད་པ་ནི་ཕྱི་མའི་རྒྱུད་ལྟར་རོ། །མན་ངག་བཤལ་ནི་ག་བུར་ཙན་དཀར་ཅུ་གང་གསུམ་སྟེང་མཚོན་བཞིན་བསྣན་པའོ། །བདུན་པ་གཟེར་བཅོས་ནི། གཟེར་ཐུང་ཞེས་རྐང་པ་བཅུ་གཉིས་ཀྱིས་བསྟན་ཏེ། སྤྲུ་མཚན་སྤྲུ་མ་དང་མཚན་ནོ། །གཉན་མ་སོད་པར་ག་བུར་གཏར་ག་སྤང་བ་ནི། ག་བུར་གཏར་གས་གཉན་དང་ཚ་བ་སྲོག་རྩར་འཕུལ་ཞིང་བྱེར་བར་འགྱུར་བས་སོ། །སོད་རྟགས་གཟེར་དང་ལུད་པས་སོ་ཟིན་པ་ནི། གཟེར་མི་འཕོ་ལུད་པ་མི་འགྱུར་བའོ། །གཉིས་པ་བབས་སྒོ་དང་སྦྱར་ནས་བཅོས་པ་ནི། བབས་པ་ཞེས་རྐང་པ་བཅུ་གསུམ་གྱིས་བསྟན་ཏེ། བསིལ་གསུམ་ནི་ཅུ་གང་ཁ་ཆེའི་གུར་གུམ་ལི་ཤི་གསུམ་མོ། །གསུམ་པ་ལུད་པ་དང་སྦྱར་ནས་བཅོས་པ་ནི། ལུད་པའི་ཞེས་རྐང་པ་ཉེར་གཉིས་ཀྱིས་བསྟན་ནོ། །གསུམ་པ་མཇུག་བསྡུ་ནི། དང་པོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་སྟོབས་འཁྲུགས་བཅོས་པ་ལ་གསུམ། མདོར་རྒྱས་མཇུག་གོ །དང་པོ་ནི། དེ་ནས་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལ་གཉིས། ཚ་སྟོངས་དང་གྲང་སྟོངས་སོ། །དང་པོ་ཚ་སྟོབས་ནི། ཚ་སྟོངས་ཞེས་རྐང་པ་དགུས་བསྟན་ཏེ། ཕྱིང་དྲིལ་བཅོས་པ་ནི་དཔེ་ཕྱིང་པ་སླེའུའི་ནང་དུ་སྒྲིལ་བ་ལྟར་བསིལ་དྲོད་གཉིས་ཀྱིས་ལྷན་དུ་བཅོམ་པའོ། །ར་གསུམ་ནི་ཨ་བར་སྐྱུར་གསུམ་སྟེ། ཚད་པ་སེལ་བ་ལ་སུམ་ཐང༌། མ་ནུ་བཞི་ཐང་ནི་རླུང་ཚད་བད་ཀན་སེལ་བ་སྟེ་དེ་གཉིས་བསྲེས་པ་བཏང་ངོ༌། །འདི་བདུན་ལ་ལག་ལེན་རིན་ཅེན་གཏེར་སྤུབས་སུ། འབའ་སམ་ཐང་ཞེས་བཤད་དོ། །སྣུམ་ལྡན་འཇམ་པོས་སྦྱང་བ་ནི་བཤལ་སྨན་འཇམ་པོ་སྨན་མར་བྱས་པའི་བཤལ་ལོ། །གཉིས་པ་གྲང་སྟོངས་ཀྱི་བཅོས་ནི། གྲང་སྟོངས་ཞེས་རྐང་པ་ལྔས་བསྟན་ནོ། །རུས་བཅུད་གསུམ་ནི་སྲེ་ལོང་སོག་ཡུ་གཞུག་ཆུང་དང་གསུམ་མོ། །ལ་ལར་མི་རྟ་ཁྱི་གསུམ་གྱི་རུས་པ་ཟེར་བའང་འདུས་སོ། །གསུམ་པ་མཇུག་བསྡུ་ནི། མདོར་ན་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་འཇམ་འཁྲུགས་ཀྱི་བཅོས་ནི། འཇམ་འཁྲུགས་ཞེས་རྐང་པ་དྲུག་གིས་བསྟན་ནོ། །ར་གསུམ་ནི་ཨ་བར་སྐྱུར་གསུམ་མོ། །བརྒྱད་པ་དོན་བསྡུ་བ་ནི། མ་ལྷག་ཅེས་རྐང་པ་གཅིག་དང་འབྲུ་གསུམ་གྱིས་བསྟན་ནོ། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ནས་ཉི་ཤུ་གཉིས་པའི་བར་དུའོ།།
མཐའ་མའི་འདོན་ཐེངས་།: 26.08.2011 ཉིན། 4:58 PM
<< སྔ་མ།