སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་གཉིས་པ། འཁྲུགས་ཀྱི་ཚ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.02.2021
མན་ངག་རྒྱུད། >>

 ལེའུ་ཉེར་གཉིས་པ། འཁྲུགས་ཀྱི་ཚ་བ་བཅོས་པ།

དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ལ། །དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཞུས།  །འཁྲུགས་ཞེས་བྱ་བའི་རྒྱུ་རྐྱེན་ངོ་བོ་དང༌། །ཚ་བ་འཁྲུགས་པའི་མིང་དུ་ཅི་ཕྱིར་བཏགས། །དབྱེ་བ་རྟགས་དང་བཅོས་ཐབས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་ལ་སྤྱི་དོན་བདུན་གྱིས་ལན་གསུངས་པ་ལས།།

སྤྱི་དོན་དང་པོ་རྒྱུ་ནི་རྣམ་པར་མ་གྱུར་པའི་མཁྲིས་པ་མཚན་ཉིད་བདུན་ལྡན་རབ་ཏུ་ཚ་བའི་རང་བཞིན་ཅན་ལ། །སྤྱི་དོན་གཉིས་པ་དེ་རྐྱེན་རྣམ་པར་གྱུར་པའི་དུས་གདོན་ཟས་སྤྱོད་རྣམ་བཞི་ཡིས།།

སྤྱི་དོན་གསུམ་པ་ཉེས་པ་གསུམ་དང་ཁྱད་པར་མཁྲིས་པ་འཁྲུགས་པས་རྟེན་ཁྲག་ཚད་ཆེར་བསྐྱེད་པར་བྱས་ནས། །སྤྱི་དོན་བཞི་བ་ལུས་ཟུངས་བདུན་པོ་ཚ་བས་བསྲེག་པའི་ཕྱིར་འཁྲུགས་ཞེས་བྱ།།

སྤྱི་དོན་ལྔ་པ་མདོར་བསྡུས་དང་རྒྱས་བཤད་གཉིས་ལས་དང་པོ་དབྱེ་བ་རྒྱས་འཁྲུགས་སྟོངས་འཁྲུགས་འཇམ་འཁྲུགས་གསུམ། དང་པོ་རྒྱས་འཁྲུགས་ཡུལ་ཚན་གུང་དུས་སྟོན་དཔྱིད་རང་བཞིན་མཁྲིས་ཤས་ཅན་ན་སོ་དར་མ་དང༌། །ནད་ཁམས་ཁྲག་མཁྲིས་ཅན་གྱི་མི་རྣམས་ལ། །ཟས་སྐོམ་ཤ་མར་རྙིང་པ་ཆང་གར་སོགས་བཅུད་དྲག་དང༌། །སྤྱོད་ལམ་ལུས་ངག་དྲག་ཤུལ་ཞེ་སྡང་གིས། །མཁྲིས་པ་རྒྱས་པར་འཁྲུགས་པའི་ཚ་བ་ཁྲག་ལ་རྒྱས་པ་ཡིན། གཉིས་པ་སྟོངས་འཁྲུགས་ཡུལ་ངད་ཅན་སེར་བུས་དུས་དབྱར་ཁ་རང་བཞིན་རླུང་ཁམས་ན་སོ་རྒས་པ་དང༌། །ནད་ཁམས་ལ་སོགས་རླུང་ཤས་ཆེ་བ་རྣམས་ལ། །སྤྱོད་ལམ་མྱ་ངན་སེམས་ལས་གཉིད་ཆག་དང༌། །ཉལ་པོ་དང་དཀའ་ཐུབ་བྱས་དྲག་པའམ་ཤེད་མེད་པའམ་ལྟོ་སྟོང་དུས། །ལུས་ངག་ཀྱིས་བྱ་བ་དྲག་ཤུལ་བྱས་པའི་རྐྱེན་གྱིས་རླུང་ཁྲག་འཁྲུགས་ཏེ་། །མཁྲིས་ཚད་སྐྱེས་པ་རླུང་གིས་བུས་པའོ། །གསུམ་པ་འཇམ་འཁྲུགས་ཏེ་ཡུལ་རླན་ཅན་དུས་དགུན་ཁ་རང་བཞིན་བད་ཀན་ན་སོ་བྱིས་པ་དང༌། །ནད་ཁམས་བད་ཀན་ཅན་ལ་འཁྲུགས་བྱུང་བ། །ཁྲག་མཁྲིས་ཀྱིས་ཚ་བ་བསྐྱེད་པར་བད་ཀན་གྱིས་མགོ་མནན་པའོ། །དེ་ལྟར་གསུམ་ལ་དང་པོ་རྒྱས་འཁྲུགས་ཀྱི་དབྱེ་བ་ནི། །དང་པོ་ནད་རིགས་དང་བབས་སྒོ་དང་ལུད་འི་དབྱེ་བ་དང་གསུམ། །དང་པོ་ནད་རིགས་ཀྱི་དབྱེ་བ་ནི་ཚ་འཁྲུགས་དང་ཚ་འགྲམས་དང་ཚ་རིམས་དང་གསུམ། །དང་པོ་ཁྲག་མཁྲིས་འཁྲུགས་ཚད་རྐྱང་པ་ཚ་འཁྲུགས་ཡིན། །དེ་ལ་དབྱེ་བ་ཚ་རྒྱས་ཚ་ལྐུགས་དུག་ཐབས་གསུམ། །གཉིས་པ་འཁྲུགས་ཚད་འགྲམས་ལ་བརྟེན་པ་ཚ་འགྲམས་ཡིན། །དེ་ལ་ཡང་དབྱེ་བ་ཚ་རྡོལ་ཚ་རྨུགས་གཉིས། །འཁྲུགས་ཚད་རིམས་དང་བསྡོངས་པ་ཚ་རིམས་ཡིན། །དེ་ལ་ཡང་གཉན་རིམས་གཟེར་དང་འདུ་བའི་ཚ་རིམས་གཉིས། །དེ་ལྟར་འཁྲུགས་རིམས་རྣམ་པ་བདུན་དུ་འགྱུར། །གཉིས་པ་བབས་སྒོ་དབྱེ་བར་གློ་སྙིང་མཆིན་མཆེར་མཁལ་མ་དང༌། །མཁྲིས་པ་རྩ་དང་རླུང་ལ་བབས་པ་བརྒྱད། །གསུམ་པ་ལུད་པའི་ཁ་དོག་གིས་ཀྱང་བབས་སྒོ་བརྒྱད་པོ་དེ་བཞིན་ཤེས་པར་བྱ་ལ་དབྱེ་བ་ནི་འོག་ཏུ་བསྟན་ནོ།

སྤྱི་དོན་དྲུག་པ་དེའི་དེ་རྟགས་ལའང་གསུམ་པ་རྒྱས་འཁྲུགས་སྟོངས་འཁྲུགས་འཁྲུགས་ཀྱི་རྟགས་སོ། དང་པོ་ལ་སྤྱི་དང་བྱེ་བྲག་ཞག་ཀག་ནི་དུས་ཀྱི་འཚོ་འཆི་བརྟག་གསུམ། །དང་པོ་སྤྱི་རྟགས་རྩ་རྒྱུད་ཁྲག་ཤས་ཆེ་བར་སྦོམ་དྲག་མཁྲང་མཁྲིས་ཤས་ཆེ་ན་ཕྲ་ལ་གྲིམ་མགྱོགས། །ཆུ་མདོག་དམར་སེར་དྲི་དུགས་རླངས་པ་ཆེ། །ཕྲུམ་སེར་གྲང་ཤུམ་ཡུན་ཐུང་གཟེར་དྲག་དགྱེ་དགུ་དཀའ། །དབུགས་རྒོད་ལུད་པ་དམར་སེར་དུད་ཁུར་འོང༌། །གཉིས་པ་བྱེ་བྲག་ཚ་རྒྱས་ནད་སྟོབས་རྒྱས་པ་ལ། །དོན་ལ་བབས་ན་ཤིན་ཏུ་གཟེར་བ་དྲག །སྣོད་དུ་བབས་ན་མིག་ཆུ་ལུད་པ་སེར། །སྨན་གཏར་གང་ཡང་མི་ལེན་ཕོ་མཆིན་རྫི་མི་བཟོད་པང་ན་འོང་། །ཚ་ལྐུགས་ལུད་པ་མི་ཐོན་ཐེངས་པོར་ལུ། །ཁོགས་གཏིང་ནས་ན་དམར་སེར་དུད་ཁུ་སྲན་ཙམ་འབྱུང༌། །དུག་ཐབས་ན་མ་ཐོག་ནས་བཅར་ལ་ཐེབས་ནས་ཡོང་། །ལུད་པ་དུད་ཁུ་ཉུང་བསྲེགས་ཁུ་བ་འདྲ། །གློ་མཆིན་ཚ་བས་རྨུག་ཅིང་འདྲུལ་བར་བྱེད། །ཚ་རྡོལ་ལུད་པ་དམར་སེར་ཁྲག་ཏུ་འབྱུང༌། །རྩ་ཁ་རྡོལ་ནས་མང་དུ་སྐྱུག་ན་འཆི། །ཚ་རྨུགས་དང་པོ་གློ་བ་ཁྲག་གིས་རྒྱས། །ལུད་པ་གྱེན་དུ་མ་རྡོལ་དོན་ལ་རྨུགས། །མཇུག་ཏུ་ཕལ་ཆེར་གློ་བར་རྣག་ཏུ་འགྱུར་བ་མང༌། །དེ་རྟགས་མགོ་ན་ལུས་ལྕི་དང་ག་འགག །རྣག་ཁྲག་ལུ་ཞིང་སྟོད་རྒྱངས་གློ་བའི་གསང་ས་གཟེར། །འདུ་བའི་ཚ་རིམས་ཕྲུམ་སེར་ཁྱེར་བ་དང༌། །ཚིགས་གཞི་མགོ་ན་ཟ་ཟི་རིམས་དང་འདྲ། །གཟེར་དང་ལུད་པ་མི་གཙང་གློ་ཚར་འབྱུང་བ་ཡིན། །གཉན་ཚད་རིམས་ནི་གཟེར་ཐུང་ཞེས་བྱ་སྟེ། །ལུས་ལ་ཁྱབ་པར་གནས་པའི་ལྷན་སྐྱེས་ཀྱི་སྲིན་བུ་བདུན་ཡོད་པ། ཟས་སྤྱོད་གདོན་རྐྱེན་གྱིས་དཀྲུགས་ཤིང་སྟོབས་རྒྱས་པ་རིམས་ནད་དང་བསྡོངས་ནས་ཆུ་སེར་དང་དྲི་མར་བབ་སྟེ་ལུས་ཟུངས་ཟ་ཞིང་མ་རུངས་པར་བྱེད་པའི་དོན་ནོ། །གཟེར་འཕོ་ལུད་པ་འགྱུར་ལྡོག་མང་བ་ལ། །ལྕེ་མཆུ་སྐྱ་སེར་ལུས་དང་ཤེས་པ་ཡང༌། །གཉིད་ཆུང་བ་སྤུ་ལྡོག་ཅིང་གཞན་ལ་འགོ་བའི་ཡམས་ཐབས་འབྱུང༌། །སྙིང་ལ་བབས་ན་མིག་དམར་ནུ་མཆན་གཟེར། །ལྕེ་སྐམ་དྲན་པ་མི་གསལ་བླ་འཆོལ་སྨྲ། །གློ་ལ་བབས་ན་ལུད་པ་རྣག་ཁྲག་ལུ། །དཔུང་མིག་སྒྲོག་རུས་སོག་དབྲག་བྲང་མདོ་ན། །མཆིན་བབས་གཡས་ཀྱི་རྩིབ་ལོགས་མཆིན་སྟེང་ན། །ཤེད་ཆུང་ལངས་འདོད་བཤུལ་ཤ་ལྕི་བ་ཡིན། །མཆེར་བབས་འབུར་ཚུགས་བལྟ་ཞིང་སྦྲིད་པ་མང༌། །རྩིབ་ཐུང་གཡོན་གཟེར་ལུས་ལ་འབྲུམ་ཆུང་འོང༌། །མཁལ་བབས་མཁལ་སྐེད་ན་ཞིང་དགྱེ་དགུ་དཀའ། །རྩ་འཁྲུགས་ལུས་སྦྲིད་མིག་དམར་སྨྲ་བ་འཚེར། །ཁ་སྐམ་ཆུ་འདོད་ལྕེ་ཐུང་གྲེ་བ་ཚ། །མཁྲིས་བབས་ཁ་ཁ་ལུས་སེར་སྐྲ་འདབ་རྔུལ། །རླུང་འཁྲུགས་ཁ་སྐམ་འཕྱོ་འདར་གཡལ་སྐྱིགས་འབྱུང༌། །ལུད་རིགས་སྐྱ་གསོབ་དམར་པོ་སེར་སྨུག་དང༌།  །སྨུག་ནག་སྲེ་འོ་དམར་ཐང་སེར་ལ་དྭངས། །སྔོན་པོ་ལྦུ་བ་ཅན་དང་བརྒྱད་དུ་བརྟག་བབ་སྒོ་བརྒྱད་ལ་ལུད་རིགས་བརྒྱད་འབྱུང་སྟེ་འོག་ཏུ་གསལ་ལོ།གསུམ་པ་ཞག་ཀག་གི་སྒོ་ནས་འཚོ་འཆི་བརྟག་པ་ནི་གློ་ཚ་དང་དུག་ཐབས་ནི་སྐེག་ཞག་བདུན་ན་འཆི་བ་ཡིན་ཏེ། །གཞན་རྣམས་ཞག་དགུ་ན་འཆི་བ་ཡིན་ལ་བཅུ་གཅིག་འདས་ན་ནི་འཚོ་བ་མང༌ངོ་། །གློ་བའི་བུ་དང་སྙིང་དང་མཆིན་པར་བབས་པ་ན་སྲོག་ལ་རྒོལ། །མཆེར་པ་དང་མཁལ་མར་བབ་ན་ཉེན་ཆེ་གློ་བ་མ་དང་མཁྲིས་པར་བབས་པ་འཚོ། །ནད་ཕོག་པའི་མོད་ནས་ལུས་ཀྱི་སྟོབས་ཤོར་གཟི་མདངས་ཉམས། །ལུད་པ་ཁ་དོག་དུད་བའི་ཁུ་བ་ལྟ་བུ་ལ་ངོ་བོ་ཤ་སྐྱོ་ལྟ་བུ་གཟེར་ལ་བཅོས་སྐྱེད་མེད། །དབུགས་ཐུང་ལུད་པ་གྲེ་བར་གསོག་ཅིང་འདྲེ་ཞུད་ཀྱི་ཁ་རྒོད། །ནད་བཅོས་ཀྱང་འགྱུར་ལྡོག་མང་ན་གནད་དུ་བབས་པ་ཡིན། །དེ་འདྲ་བའི་རིགས་ནི་ཞག་ཀག་འདས་ཀྱང་འཚོ་བ་ག་ལ་སྲིད། །ནད་ལ་ལྡོག་ཆུང་དབུགས་དལ་ལུད་པ་ཁོགས། །སྨན་དང་གཏར་ག་སོགས་བྱས་མོད་གཟེར་དང་ལུད་པ་ཚ་བ་བཅོས་སྐྱེད་ཆེ། །འཚོ་བར་ངེས་ཀྱི་ལེ་ལོ་སྤོངས་ལ་འཆོས། །དེ་ནས་སྟོང་འཁྲུགས་ཚ་སྟོངས་སྟོབས་ཆེ་གྲང་སྟོངས་སྟོབས་ཆུང་གཉིས། །དང་པོ་ཚ་བ་བསྡོངས་པ་ལ་སྤྱི་དང་ཁྱད་པར་གཉིས་ལས་དང་པོ་སྤྱི་རྟགས་གཡལ་དང་འདར་དང་གཟེར་བ་འཕོ།  །སྙིང་ག་ཤེས་པ་མི་བདེ་བྲང་རྒྱབ་བརྒྱངས་ནས་ན། །དང་ག་མི་བདེ་པགས་པ་བརྩེ་ཞིང་ཕྲུམ་སེར་ཁྱེར། །ཁམས་ངན་མགོ་འཁྱོམ་རུས་ཚིགས་ཁོལ་བུར་ན་བ་དང༌། །ལུད་པ་སྐྱ་གསོབ་ཐེང་པོ་ཁོགས་པ་དཀའ། །གཉིས་པ་ཁྱད་པར་ཚ་སྟོངས་རྩ་ནི་སྟོང་ལ་མགྱོགས། །ཆུ་དམར་ལྦུ་བ་ཆེ་ལ་རླངས་པ་འཚུབ། །མིག་དམར་ལྕེ་སྐམ་ལུས་ཀྱི་ཕྱི་དྲོད་ཆེ། །སྐོམ་དད་ཆེ་ལ་ཟ་ཟི་ཆལ་ཆོལ་འོང༌། །གཉིས་པ་གྲང་སྟོངས་ཆུ་མདོག་སྔོ་ལ་ལྦུ་བ་གསོབ། །རྩ་ནི་སྟོང་ལ་དལ་ཞིང་ལུས་ཤེད་ཆུང༌། །ཉིན་ཚན་གཉིས་ཀ་གཉིད་མེད་སྙིང་འདར་ཤུས་འདེབས་སྟོང་སྐྱུགས་བྱེད། གསུམ་པ་འཇམ་འཁྲུགས་ཀྱི་རྟགས་ལ་ལུད་པ་མི་གཙང་གཟེར་ཕྲན་འབྱུང༌། །རྩ་དང་ཆུ་ཡི་ཚ་བ་བགས་ཀྱིས་སྐྱེ། །མདོར་ན་འཁྲུགས་ཕྲན་ནད་སྟོབས་ཆུང་བར་བརྗོད།

སྤྱི་དོན་བདུན་པ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོི་སྤྱི་ལ་བཅོས་པའི་ཚུལ་དང་གཉེན་པོ་གཉིས། །དང་པོ་བཅོས་ཚུལ་ཚ་འཁྲུགས་ནད་གཞི་མཁྲིས་པའི་ཐོག་ཏུ་བབས་པའི་ཕྱིར་ཡིན་ལ་སྣོད་ཀྱི་མཁྲིས་པའི་ཐོག་ཏུ་བབས་པ་མ་ཡིན་ཏེ། །ཞི་བྱེད་དང་སྦྱང་བ་སོགས་མཁྲིས་པའི་གཉེན་པོས་བཅོས་པ་གཅེས། །ཚ་འགྲམས་དོན་ལྔ་གང་རུང་ལ་ཁྲག་ཚད་རྒྱས་པའི་ཕྱིར། །ཚ་རླངས་བསད་ཅིང་རྩ་ནས་གཏར་གྱི་དྲང་བ་གཅེས། །ཚ་རིམས་མཁྲིས་ཚད་རྔུལ་ལ་བབས་པའི་ཕྱིར། །དེ་མ་ཐག་ཏུ་ཚ་བ་རོལ་དུ་བསད་ལ་ཚད་རོ་བ་སྤུར་དབྱུང་བ་གཅེས། །གཉན་གཟེར་ཆུ་སེར་ལ་བབ་ཅིང་དྲི་མ་གསུམ་ལས་བཤང་བར་བབ་པ་དང་ར་བཅས་པའི་ཕྱིར། །གཞན་པར་གཉེན་པོས་བསད་ཅིང་རྗེས་དྲི་མ་ནད་རོ་དང་བཅས་པ་དེ་ལ་སྦྱང་པ་གཅེས། །སྟོང་འཁྲུགས་ཁྲག་མཁྲིས་རླུང་གིས་ཚ་བ་འབུད་པའི་ཕྱིར་གཉའ་མནན། །རླུང་བསིལ་བཅུད་དང་མེ་བཙས་བཏུལ་མཁྲིས་ཚད་བསིལ་ཕྱེ་དང་འཇམ་བཤལ་གྱིས་བསད་ལ་ཚད་རོ་ཐང་དང་གཏར་ཁ་གདོན། །འཇམ་འཁྲུགས་ཚད་འགོ་བད་ཀན་མནན་པའི་ཕྱིར་ཚ་བ་མཐར་རྐྱལ། །འཇམ་ལ་ཞི་བས་བཅོས་ལ་བད་ཀན་རྔུལ་དུ་དབྱུང་། །གཉིས་ལ་གཉེན་པོ་སྨན་དཔྱད་ཟས་དང་སྤྱོད་ལམ་བཞི། །དང་པོ་རྒྱས་འཁྲུགས་བཅོས་པ་ཚ་བ་རྒྱས་པ་ཡིན་པའི་ཕྱིར་སྨིན་མི་དགོས། །ཏིག་ཏ་སླེ་ཏྲེས་སྐྱུ་རུ་བ་ཤ་ཀ །བསྐོལ་གྲང་ཐང་གིས་ཁྲག་དབྱེ་མཁྲིས་ཚད་བསད། །རྩེ་ཆུང་དྲུག་འགོ་སྣོད་ཀ་གང་རྒྱས་རྩ། །མོད་ནས་ཉིན་ཞག་བསྟུད་གཏར་བུངས་ཆེར་དབྱུང༌། །ཕྱེ་མ་ག་བུར་རྒྱལ་བློན་ག་བུར་ཅུ་གང་ཙན་དན་དཀར་པོ་གསུམ་ལ་རྒྱལ་བློན་གསུམ་པ་གཟེར་དེ་སྟེང་གི་ཝཾ་གུར་གུམ་བསྣན་པའི་ལྔ་བ་དང་དེ་སྟེང་གླ་རྩི་དོམ་མཁྲིས་བསྣན་པའི་བདུན་པ་དང་དེ་སྟེང་ཏིག་ཏ་ཧོང་ལེན་བསྣན་པས་དགུ་པ་ཞེས་འདི་དང་ཕྱི་རྒྱུད་ལ་འདྲ་མིན་ཅུང་ཞིག་ཡོད་དོ། །ཚ་བའི་སྟོབས་སྦྱར་བུངས་བསྐྱེད་བསྟུད་ལ་བཏང་། །སྐབས་སུ་རྔུལ་དབྱུང་གཟེར་སྟེང་བསིལ་བ་ཙནདཀར་ཀྱེ་ལྕེ་བས་བདུག །ཚ་བའི་སྟོབས་རྒྱས་སྐྱེད་ཆུང་མཆིན་མཁྲིས་བབས་པའི་རྟགས་ལྡན་ན། །སྦྱོང་བྱེད་རྒྱལ་བློན་ག་བུར་ཅུ་གང་ཙན་དཀར་བབ་ཆུར་བཏུལ་བ་དང་ཆུ་རྩ་མཉམ་(ཐར་ནུ་ལྕུམ་རྩ་ཁྲོན་བུ་ཧོང་ལེན་གསེར་མེ་) དྲི་ཆུར་སྦྱར་བས་སྦྱང༌། །ཁ་སྒྱུར་ཚ་བ་སྟོབས་རྒྱས་(ལ་ག་བུར་གི་ཝཾ་)བཅོས་བརྡུགས་(ལ་ཚ་ལ་གུར་ཀུམ་)དང༌། །ཚ་འཁྲུགས་མཆིན་མཁྲིས་གཉིས་ལ་བབས་པ་(ན་བྲག་ཞུན་དུག་ཉུང་)དང་། །དུད་ཁུ་མ་འགྱུར་(ག་བུར་སེ་རུལ་)ཚ་ལྐུགས་ཕྱིར་མ་འདྲོངས་པར་(སྟར་བུ་རུ་རྟ་ཚ་ལ༌)། །ཚ་རྡོལ་མ་ཆོད་(ན་ཚ་ལ་རྒྱ་སྐེགས་བ་ཤ་ཀ) ཚ་རིམས་མ་འཆུན་པ(ལ་ཏིག་ཏ་བོང་ང་དཀར་པོ་ག་དུར་)འི། །གང་དགོས་དེ་རྣམས་སྟེང་དུ་རྒྱལ་ཐར་ནུ་དང་བློན་པོ་ཆུ་རྩ་ཆིབས་སྟེང་དུ་ཁ་བསྒྱུར། །དྲི་ཆེ་ཁ་དོག་སེར་ན་ནད་ཐོན་རྟགས། །ཆུ་ཚན་ནམ་གང་ཤིས་པའི་ལྕག་གིས་བྲབས་ལ་ཚ་བ་དག་པར་སྦྱང༌། །ཟུངས་ངན་འཁྲུས་རྗེས་མི་བདེ་ཤེས་པ་ཟི་བའམ། །དག་པར་འབྱོངས་ན་ཡང་ནད་ཞེན་པ་ལ་སོགས་རྒྱས་པ་བཤལ་རྗེས་བསིལ་གྱིས་བཅད། །ཟུངས་བཟང་ནད་སྟོབས་ཆེ་ན་ནད་མ་དག་པའམ་ཚ་བ་སླར་འཕེལ་བར་སྦྱང་བ་བསྐྱར། །སྨན་གཏར་སྦྱོངས་ཀྱིས་གཟེར་བྱེར་བཅོས་བརྡུགས་ན། །བུར་ཆང་ཕྱེད་བཏང་ན་བྱེར་བསྡུ་འདྲེགས་པ་བཀོག་ལ་བསད། །གསུམ་པ་ཁ་ཟས་ཆག་ཚེ་བ་རའི་ཞོ་དར་དང༌། །ཁུར་མང་སྐྱབས་ཚོད་ཆུ་གྲོག་བསྟེན་པར་བྱ། །ལན་ཚྭ་ཤ་ཆང་ལ་སོགས་དྲོད་བཅུད་བསྡམ། །བཞི་པ་སྤྱོད་ལམ་མེ་དང་ཉི་མ་དྲག་ཤུལ་སྤང༌། །བསེར་བུ་གྲིབ་མ་བསིལ་སར་དལ་བར་བསྡད། །དེ་ལྟར་བཅོས་པའི་རྗེས་ལ་ཚད་སྟོབས་ཅུང་ཟད་ཆག །རྩ་དལ་ལུད་པ་འགྱུར་ལ་གཟེར་བ་ཆོགས། །དེ་ནས་ཙན་དན་གི་ཝཾ་བསིལ་ཅུ་གུར་ལི་གསུམ་དང་། །ཏིག་ཏ་བ་ཤ་ཀ་དང་ཀ་ར་སྦྱར། །གློ་མང་ཤིང་མངར་འགོགས་དཀའ་སྟར་བུ་བསྣན། །གཟེར་མེད་ལུད་པ་གཙང་ལ་དང་ག་བདེ། །ལུས་དང་ཤེས་པ་ཡང་ལ་སྙིང་རྩ་སེང༌། །རི་ཐང་མཚམས་སུ་སླེབ་པས་གསར་བཅུད་གློད། །གཉིས་པ་བྱེ་བྲག་རིགས་དང་བབས་སྒོ་ལུད་པ་སྦྱར། །ཚ་རྒྱས་དོན་བབས་སྤྱི་བཅོས་ལྟར་སྨན་གཏར་བསྟུད་ལ་བཅོས། །སྣོད་དུ་བབས་ན་སྟར་བུ་རུ་རྟ་ཚལ་བཤལ་ལས་ལྷག་པ་མེད། །ཚ་ལྐུགས་སྟར་བུ་ནཱ་ག་གེ་སར་དང༌། །རུ་རྟ་ཚ་ལ་དུད་པ་བྱ་བལ་མ། །ཀ་ར་སྦྱར་ལ་ཐུན་སྐྱུངས་གྲངས་མང་བཏང༌། །གཟེར་སྟེང་མཚན་དཀར་ཚར་བོང་དྲོ་འཇམ་བདུག །དེས་མ་ཐོན་ན་མན་ངག་(སྟར་བུ་རུ་རྟ་ཚ་ལ་རྒྱལ་བློན་)གོང་དུ་སྦྱོང་བྱེད་རྒྱལ་བློན་དྲི་ཆུར་སྦྱར་བས་སྦྱོངས་ཞེས་པའང་འདིའོ་བཤལ་བྲག་ཞུན་དུག་ཉུང་གྱིས་སྦྱང༌། །དུག་ཐབས་རྒྱལ་བློན་ག་པུར་ཅུ་གང་ཙན་དན་དཀར་པོ་གསུམ་སྦྱར་རྩེ་ཆུང་བསྣོལ་གཞོག་གཡས་ན་ན་རྩེ་ཆུ་གཡོན་གཏར་གཡོན་ན་རྩེ་ཆུང་གཡས་ངོས་གཏར་རོ།། །ནད་དང་སྨན་དཔྱད་སྲོག་ལ་ཐོབ་ཤ་བྱ། །སྐྱེད་མེད་ཀི་བྱིའི་ཕྱེ་མའམ་(ག་བུར་ཁང་རྙིང་ངམ་སེ་རུལ་ཁུ་བས་)ཁོང་སྦྱངས་ག་བུར་(གི་ཝཾ་ཙན་དན་བསེ་རུ་གུར་ཀུམ་མི་མཁྲིས་མཚལ་ཧོང་ལེན་ཀ་ར་ག་དུར་བརྒྱད་པའི་ཐང་གིས་དབུལ་)བརྒྱད་པ་སྦྱར་ཏེ་དབུལ། །ག་དུར་སེ་རུལ་ཁང་རྙིང་གི་རྨང་ས་ཧྲུལ་པོ་ལ་ཟེ་ཚ་འཆོས་པའི་རྒྱུ་དེ་ཡིན་ཁུ་བ་སྐོམ་དུ་བསྟེན། །དུད་ཁུ་རྣག་ཏུ་འགྱུར་ན་ཐུབ་པ་ཡིན། །ཚ་རྡོལ་གུར་ཀུམ་དོམ་མཁྲིས་སྲན་མའི་པུས་པ་སྟེ་མེ་ཏོག། །ཀར་སྦྱར་ཚོས་ཁུས་འཕུལ་ལ་ཆུ་ལྕག་བྲན། །ཁྲག་མ་ཆོད་ན་མན་ངག་མན་ངག་གོང་གི་སྦྱོང་བྱེད་རྒྱལ་བློན་སྟེང་(ཚ་ལ་ཚོས་བ་ཤ་ཀའི་)བསྣན་པའི་བཤལ་གྱིས་སྦྱང༌། །ཁྲག་སྨུག་སྐྱུ་རུ་བ་ཤ་ཀ་ཐང་དང༌། །ག་བུར་(ཙན་དན་གཉིས་ཅུ་གང་གུར་ཀུམ་དོམ་མཁྲིས་ཏིག་ཏ་བ་ཤ་མཚལ་ཀ་ར་)དགུ་སྦྱར་ཡང་ཡང་བསྟུད་ལ་བཏང༌། །ཚ་འགྲམས་ཀྱི་ཚ་རྡོལ་དང་ཚ་རྨུགས་འདི་གཉིས་དོན་ལ་ཁྲག་རྒྱས་པའི་ཕྱིར་གཙོ་བོ་ཁྲག་གཏར་བ་ཡིན་པས། །ནད་དང་དཔྱད་གཉིས་ཁྲག་ལ་ཐོབ་ཤ་བྱ། །རྣག་རྨུགས་བསེ་རུ་(ཙན་དན་གཉིས་བསིལ་གཉིས་ག་དུར་ཤིང་མངར་དོམ་མཁྲིས་ཀ་ར་)བརྒྱད་པས་ཁྲག་ཚད་བསད། །སྟར་བུ་རུ་རྟ་ཤིང་ཚ་པི་ལིང་སྐྱུ་རུ་པཉྫས་གློ་རྣག་གྱེན་དུ་དྲང༌། །རྗེས་ལ་དམར་པོ་གསུམ་གྱིས་ཐང་དང་སྨན་མར་ལྡེ་གུ་ཕྱི་རྒྱུད་ལྟར་གྱིས་གློ་བ་གསོ། །འདུ་བའི་ཚ་རིམས་དང་པོ་ཨ་བར་སྐྱུར་གསུམ་གྱི་ཏིག་ཏ་སླེ་ཏྲེས་ཐང་གིས་དབྱེ། །རིན་ཆེན་ཞགས་པའི་ག་བུར་བཅུ་བཞི་སྟེ་ཕྱི་རྒྱུད་དུ་གསལ་ཕྱེ་མས་རོལ་དུ་བསད། །ཡང་ན་རིམས་འཁྲུགས་ལྡན་ཕྱིར་ཕྱི་རྒྱུད་ཀྱི་གཙོ་བོ་བརྒྱད་པ་ཤིས་པ་ཡིན། །སྐབས་སུ་རྔུལ་དབྱུང་གང་གཟེར་སར་སྦྱར་འཁྲུགས་ཡིནཔས་ཅི་རིགས་གཏར། །ཚ་བ་ཆོམས་དཀའ་མན་ངག་གོང་གི་སྦྱོང་བྱེད་རྒྱལ་བློན་སྟེང་ཏིག་ཏ་བོང་ང་ག་དུར་བསྣན་པའི་བཤལ་གྱིས་སྦྱང༌། །གཟེར་ཐུང་ཐོག་མར་སླེ་ཏྲེས་ཨ་རུ་ར། །བཙོད་ཀྱི་ཐང་གིས་སྨིན་སྡུད་འབྱེད་པར་བྱེད། །དེ་ནས་གཟེར་སྨན་གཉེན་པོ་(ཐར་ནུ་ཆུ་རྩ་ར་དུག་མེ་ཏོག་ཨ་བྱག་ཤ་ཆེན་)ལྔ་སྦྱོར་གྱི། །དྲི་ཆུ་སྦྱར་ཏེ་ཐར་ནུ་ཆུ་རྩ་དུག་གིས་མེ་ཏོག་ཨ་བྱག་ཤ་ཆེན་ཐུན་སྐྱུངས་ཡང་ཡང་བཏང༌། །ཡང་ན་གཟེར་སྨན་ཆེན་མོ་(བཟང་དྲུག་གླ་རྩི་གུ་གུལ་མིང་ཅན་ཤ་ཆེན་གྲི་ཤི་བའི་ཉྭ་ཤ་ཡོད་ན་བཟང་དུག་པུས་ཤུ་དག་དཀར་པོ་ཐར་ནུ་ཆུ་རྩ་རེ་ལྕག་དྲི་ཆུར་སྦྱར་བ་)ཤིས་པ་ཡིན། །སྦྱངས་རྗེས་གི་ཝཾ་ཙན་དན་དཀར་པོ་ཅུ་གང་དང༌། །གུར་ཀུམ་དོམ་མཁྲིས་གླ་རྩི་བོང་ང་དཀར། །བཙོད་ཁུས་འཕུལ་བཏང་གཟེར་སྟེང་སྤྲུ་མ་དང་སྲོ་ལོ་ཚན་གྱི་གྲང་མོས་བདུག  །གཉན་མ་སོད་པར་ག་བུར་གཏར་ག་བྱས་ན་གཉན་དང་ཚ་བ་སྲོག་རྩ་འཕུལ་ཞིང་འབྱེར་བས་སྤང༌། །དཀར་དང་མངར་བག་མི་བཏང་དུག་དང་མཚུངས།  །སོད་རྟགས་གཟེར་མིག་ཕོ་བ་དང་ལུད་པ་མི་འགྱུར་པར་རང་སོ་ཟིན་ནས། །གཏར་ག་དང་ག་བུར་གཟེར་དང་ཚད་པའི་སྟོབས་དང་སྦྱར་ཏེ་གཟེར་ཆེ་ན་གཏར་ཚད་སྟོབས་ཆེ་ན་ག་བུར་གྱི་སྦྱོར་བ་བཏང་ངོ་  །བབས་ས་གནས་དང་སྦྱར་ཏེ་བཅོས་པ་ནི། །བསིལ་ཅུ་གུར་ལི་གསུམ་ཙན་དན་དཀར་པོ་རྣམས་ནི་ཀུན་ལ་གཅེས་ལ་དེའི་སྟེང་། །ནད་སོ་སོར་ཛཱ་ཏི་(གེ་སར་གསུམ་ཨ་ག་རུ་མི་མཁྲིས་ལྕགས་ཕྱེ་ཀ་ར་)བདུན་པ་བསྡེབས་པས་སྙིང་འཁྲུགས་སེལ། །ཤིང་མངར་(ཨ་རུ་རྒུན་འབྲུམ་བ་ལེ་ཀ་)བཞི་པས་གློ་ཡི་འཁྲུགས་ཚད་སེལ། །ཨུཏྤལ་(ཏིག་ཏ་བ་ཤ་དུག་ཉུང་པ་ཏོ་ལ་)ལྔ་པ་ཀ་ར་ལྔ་པ་བསྡེབས་པས་མཆིན་འཁྲུགས་སེལ། །ཨ་རུ་(ཏིག་ཏ་བ་ཤ་པར་པ་ཏ་)བཞི་བསྡེབས་ཕོ་མཆེར་འཁྲུགས་ཚད་སེལ། །བྲག་ཞུན་(བ་ཤ་སྡིག་སྲིན་ཨ་རུ་སྐྱེར་ཤུན་)ལྔ་དང་བ་ཤ་ཏིག་ཏ་ཨ་རུ་ར་སྐྱེར་ཤུན་ཀ་ར་ལྔ་པ་བསྡེབས་པས་མཁལ་ཚད་སེལ། །དོམ་མཁྲིས་(ག་དུར་རྩ་ཨ་བ་)གསུམ་པ་བསྡེབས་པས་རྩ་འཁྲུགས་སེལ། །ཏིག་ཏ་(གསེར་མེ་དུག་ཉུང་སུམ་ཅུ་ཏིག་)བཞི་པས་མཁྲིས་པའི་འཁྲུགས་ཚད་སེལ།།ཛཱ་ཏི་(སུག་སྨེལ་སླེ་ཏྲེས་པུ་ཤེལ་ཤིང་ཚ་པི་ལིང་)ཀ་ར་དྲུག་པས་རླུང་འཁྲུགས་ཚ་བ་སེལ། །ཀུན་ལ་ཀ་ར་དཀར་པོའི་རྟ་ལ་བསྐྱོན། །གང་ལ་བབས་པའི་དོན་སྣོད་རང་རང་སྒོས་རྩ་གཏར། །རླུང་འཁྲུགས་གཏར་སྤང་རྩ་འཁྲུག་གང་རྒྱས་གཏར། །ལུད་པའི་མདོག་དང་སྦྱར་ཏེ་བཅོས་པ་ནི། །ལུད་པ་སྐྱ་གསོབ་སྙིང་གི་གབ་འཁྲུགས་ཡིན། །ཛཱ་ཏི་(ཙན་དན་དཀར་པོ་སྙིང་ཞོ་ཤ་ཅུ་གང་)ཀ་ར་བཞི་པ་སྐྱུ་རུའི་ཐང་གིས་དབུལ། །སྣོད་ཀ་ཐོང་རྩ་གཉིས་ལ་གཏར་བར་བྱ། །ལུད་པ་དམར་ན་གློ་ཡི་གབ་འཁྲུགས་ཡིན། །ཅུ་གང་ལྔ་བ་ནི་ཅུ་གང་(གུར་ཀུམ་ཙན་དན་ཤིང་མངར་དོམ་མཁྲིས་)ཀ་ར་ལྔ་པ་ཚོས་ཁུས་འཕུལ་ལ་བཏང༌། །སྒང་རྩ་དྲུག་འགོ་གཉིས་ལ་གཏར་བར་བྱ། །ལུད་པ་དམར་སེར་མཆིན་པའི་གབ་འཁྲུགས་ཡིན། །གུར་ཀུམ་(ལི་ཤི་དུག་ཉུང་དོམ་མཁྲིས་སྐྱེར་པ་བྲག་ཞུན་པ་ཏོ་ལ་)བདུན་པ་བ་ཤ་ཀས་འཕུལ་བཏང༌། །ལུད་པ་སྨུག་ནག་མཆེར་པའི་གབ་འཁྲུགས་ཡིན། །གི་ཝཾ་(གུར་ཀུམ་བ་ལེ་མཚལ་ཨ་རུ་)ཀ་ར་ལྔ་པ་སེ་རུལ་ཐང་གིས་དབུལ། །མཆིན་མཆེར་གཉིས་ལ་རུ་ཐུང་གཡས་གཡོན་གཏར། །ལུད་པ་སྲེའོ་མཁལ་མའི་གབ་འཁྲུགས་ཡིན། །བཙོད་ཁུས་བྲག་ཞུན་(གུར་ཀུམ་སུག་སྨེལ་ཨ་རུ་གླ་རྩི་ཨུཏྤལ་བོང་དཀར་ཏིག་ཏ་)ཀ་ར་བརྒྱད་འཕུལ་བྱིན་གཞུག་གཏར། །རྩ་འཁྲུགས་ལུད་པ་དམར་ལ་ཐེང་པོར་ལུ། །དོམ་མཁྲིས་(ལི་ཤི་གུར་ཀུམ་ག་དུར་ཧོང་ལེན་མཚལ་དཀར་)དྲུག་པ་ག་དུར་ཐང་གིས་དབུལ། །གཟེར་བ་གང་ཉེ་གང་རྒྱས་རྩ་ལ་གཏར། །སེར་ལ་དྭངས་ན་མཁྲིས་པའི་གབ་འཁྲུགས་ཡིན། །ཏིག་ཏ་(གསེར་མེ་དུག་ཉུང་དོམ་མཁྲིས་བ་ཤ་ཀ་སྐྱེར་པ་)དྲུག་པ་གི་ཝཾ་ཐང་གིས་དབུལ། །མཁྲིས་རྩ་གཤའ་རིངས་གསེར་མདུང་གཏར་བར་བྱ། །ལུད་པ་སྔོན་པོ་ལྦུ་གསོག་རླུང་འཁྲུགས་ཡིན། །རུས་ཁུས་ཨ་གར་(ཛཱ་ཏི་སུག་སྨེལ་སླེ་ཏྲེས་པུ་ཤེལ་གུ་གུལ་དཀར་པོ་རུ་རྟ་)བདུན་འཕུལ་གཏར་མི་བྱ། །དང་པོ་ཚ་བ་སྟོབས་རྒྱས་སྤྱི་བཅོས་ཏེ། །ཚ་སྟོབས་བར་བྲི་ནས་སྒོས་བཅོས་མདེ་ཁར་གདགས། །དེ་ནས་སྟོངས་འཁྲུགས་བཅོས་ཐབས་བསྟན་པ་ནི། །ཚ་སྟོངས་རླུང་དང་ཚ་བ་ཕྱིང་དྲིལ་ཏེ་གསུམ་དུ་བཅོས་དགོས་པས། །ར་ཨ་བར་སྐྱུར་སོ་མ་གསུམ་ཕྱི་རྒྱུད་མ་ནུ་བཞི་ཐང་བསྲེས་པ་བཏང༌རླུང་འདུལ་ཁྲག་འབྱེད་ཚ་བ་འཇོམས་འདི་ལ་འབའ་སམ་ཐང་ཞེས་ཀྱ་ང་གྲགས། །གཟེར་སྟེང་སྤྲུ་མ་སྲོས་པ་དང་འཁར་གོང་ཆང་སྦྲན་བསྲོས་པས་བདུག །བ་ཞོ་བ་དར་ཤ་གསར་རླུང་ཁ་མནན། །གཟེར་འདུས་ངན་ཁྲག་རྩ་ཁ་ཕྱེ་ཙམ་གཏར། །ཚིགས་ཁ་བྱེ་ན་ན་སར་སྤྲ་བ་ལྔ་བདུན་མེ་ཡིས་མནན། །ཕྱི་རྒྱུད་ཀྱི་ག་བུར་ཉི་ཤུ་རྩ་ལྔ་རུས་བཅུད་གསུམ་གྱི་ཁུས་དབུལ། །ཚ་བ་ཆོམས་དཀའ་སྣུམ་ལྡན་འཇམ་པོ་ནི་བཤལ་སྨན་འཇམ་པོ་སྨན་མར་པས་སྦྱང༌། །རྗེས་ལ་ཕྱི་རྒྱུད་ལྟར་གྱི་ཏིག་ཏའི་སྨན་མར་བསྟེན་པར་བྱ། །གྲང་སྟོངས་རུས་བཅུད་མི་རྟ་ཁྱི་གསུམ་གྱི་ཁུ་བ་བསྟེན། །མ་ནུ་སླ་ཏྲེས་ཀཎྚ་ཀ་རི་སྒ་སྐྱ་བཞི་ཐང་དྲོ་འཇམ་རྒྱུན་དུ་བསྔགས། །རུས་རྙིང་དུགས་དང་ཞུན་མར་མཐིལ་བཞི་དང་རླུང་གསང་དུ་བསྐུ་བྱུག་བྱ། །བ་རའི་ཤ་གསར་ཆང་གསར་མར་གསར་བུར་དཀར་བཏང༌། །འབྲས་བུ་ཨ་བར་སྐྱུར་གསུམ་གྱིས་མར་སྦྱར་རླུང་གསང་གང་ལ་བབས་པར་སྲེག །མདོར་ན་རླུང་ཞི་ཚ་བ་མི་འཕེལ་བཅོས། །ཆགས་སྤྱོེད་པ་དང་སྨྲ་བརྗོད་སེམས་ལས་བསེར་བུ་དང༌། །ཞེ་སྡང་དྲག་ཤུལ་རུལ་སྐྱུར་བཅུད་དྲགས་སྤང་། །འཇམ་འཁྲུགས་བཅོས་པ་ར་ཨ་བར་སྐྱུར་གསུམ་བསྡུས་པའི་ཐང༌། །ཡུན་བསྟེན་ཁྲག་དབྱེ་གཟེར་དམིགས་སྦྱར་ལ་གཏར། །ཕྱི་རྒྱུད་ལྟར་གཙོ་བོ་བརྒྱད་ཀྱི་ཕྱེ་མ་ཡང་ལ་ཚ་སིལ་ཐུན་མོ་བ་སྦྱར་བས་ཚ་བ་བསད། །སྐབས་སུ་སྔར་ལྟར་བད་ཀན་ཚ་བ་རྔུལ་དུ་དབྱུང༌། །ཕྱེ་ཐུག་བ་ཞོ་བ་ཤ་ཆུ་གྲོག་བཏང་། །སྐྱེད་ཆུང་ན་སྦྱངས་རྗེས་ཕྱི་རྒྱུད་ལྟར་ག་བུར་ཉི་ཤུ་རྩ་ལྔ་སྦྱར། །མ་ལྷག་མ་ཆད་ཅིང་ནད་གཞིའི་རྩ་བ་ཐོན་པར་བཅོས། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་འཁྲུགས་ཀྱི་ཚ་བ་བཅོས་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །། 

 

མཐའ་མའི་འདོན་ཐེངས་།: 20.02.2021 ཉིན། 12:06 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།