སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་ཉེར་གཉིས་པ། མེ་བཙའ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.08.2023
སྨན་འབུམ་དཀར་པོ། >>



ལེའུ་ཉེར་གཉིས་པ། མེ་བའ་བསྟན་པ།

དེ་ནས་ཡང་གསོའ་(གསོ་)བ་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། ཀྱེ་འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། དཔྱད་ལ་མེ་བཙར་གསུངས་པའི་དོན་འདི་ཡང་།། བདག་ཅག་འཁོར་རྣམས་ཀུན་ལ་བསྟན་དུ་གསོལ།། དེ་སྐད་གསོལ་ཏེ་སྟོན་པས་བཀའ་སྩལ་(བསྩལ་)པ།། མེ་ཡི་དཔྱད་ལ་རྣམ་པ་དྲུག་ཡིན་ཏེ།། སྤྲ་བའི་མཚན་ཉིད་ནད་ལ་འགྲོ་མི་འགྲོ།། མེ་མིག་གདབ་ཐབས་རྗེས་གཅོད་ཡོན་ཏན་དང་།། མེ་ཡི་ལག་ལེན་རྣམ་པ་དྲུག་ཏུ་ཤེས།། དང་པོ་སྤྲ་བའི་ལག་ལེན་འདི་ལྟར་ཤེས་པར་གྱིས།། སྟོན་རྒུན་(དགུན་)སྤང་སེར་སོང་བའི་ཡར་ཚེས་བཏུ།། མ་ཆད་བཏུལ་ལ་ཤིག་ཕྱུང་སྲ་མཁྲེགས་དྲེལ(དྲིལ)།། རྩ་བ་བརྟེན་(བརྟན་)ཟླུམ་རྩེ་མོ་མེ་ལེན་རྣོ།། ཚིགས་པའི་ནད་ལ་ཐེབ་(མཐེབ་)མོའི་མགོ་བོ་ཙམ།། མགོ་དང་ཡན་ལག་མདུན་རྒྱབ་མཐེབ་ཆུང་ཙམ།། རྩ་སྒོའི་ནད་ལ་རིལ་མ་གཅལ་བ་ཙམ།། འབྲས་སྐྲན་སྐྲངས་པ་ཆེ་ལ་ཨ་རུ་ཙམ།། བྱིས་སྦའི་(པའི་)མཆིན་རྩར་སྲན་མ་འབྲུ་མ་ཙམ།། གཉིས་པ་མེ་བཙའ་འགྲོ་དང་མི་འགྲོ་ནད་ཁམས་ནི།། མ་ཞུ་ཕོ་བའི་དྲོད་ཉམས་སྐྱ་རྦབ་སྐྲན།། དམུ་ཆུ་སྐྲངས་པ་མཁྲིས་ནད་འབྲས་ལྷོག་དང་།། ཡན་ལག་ཆུ་སེར་སྟོངས་པའི་ཚ་བ་དང་།། བསྙོ་(སྨྱོ་)ནད་བརྗེད་ངེས་རྩ་ནད་ཆུ་སེར་འབྱམས།། ཚ་བ་རྙིང་པ་ཕལ་ཆེར་མེ་ཡིས་སེལ།། སྤྱིར་ནི་བད་ཀན་རླུང་ལས་འབྱུང་པའི་གྲང་ནད་ཀུན།། རྩ་ནད་ཕལ་ཆེར་མེ་ཡིས་འདུལ་བ་ཡིན།། མི་རུང་པ་ནི་སྤྱིར་ན་ཚད་པའི་རིགས།། མཁྲིས་ཚད་ཁྲག་ནད་དབང་པོ་སྒོ་ནས་(གནས་)དང་།། ཕོ་མོའི་སྲིད་རྩ་རུས་པའི་ཐོག་ཏུ་སྤང་།། གསུམ་པ་མེ་ཡི་གདབ་མིག་བསྟན་པ་ནི།། ནད་ཀྱིས་བསྟན་དང་སྨན་པས་བཙལ་བ་གཉིས།། དང་པོ་ནད་ཀྱིས་བསྟན་པ་གཟེར་མིག་དང་།། རྩ་འཁྱུག་རྩ་རྣམས་མི་བདེ་ན་བའི་སྟེང་།། མནན་ན་ཕན་སྙམས་(སྙམ་)བྱེད་པའི་ཐོག་ཏུ་ཞོག། གཉིས་པ་སྨན་པས་བཙལ་བའི་འདེབས་མིག་ནི།། དོན་སྣོད་གསང་སྒོ་བཙལ་བའི་རིགས་ལ་ནི།། རྒྱབ་སྲང་(གསང་)་མདུན་གསང་ཡན་ལག་གསང་དང་གསུམ།། དང་པོ་རྒྱབ་སྲང་(གསང་)ཚིགས་པས་བྱེད་པ་སྟེ།། ཨེན་(ཨན་)སྟོང་དང་པོ་ཚིགས་པ་རླུང་གི་གསང་།། བསྙོ་(སྨྱོ་)དང་འཕྱོ་འདར་ལྐུགས་པའི་ནད་ལ་གདབ།། དེ་འོག་མཁྲིས་གསང་གྲང་མཁྲིས་ནད་ལ་གདབ།། དེ་འོག་བད་ཀན་གསང་ཡིན་གྲང་རླུང་དང་།། མགོ་སྟོད་སྙིང་དང་བད་རླུང་རྒྱས་ལ་གདབ།། དེ་འོག་བཞི་པ་གློ་བའི་གསང་སྟེ་གློ་རླུང་དང་།། གློ་བ་བད་ཀན་རླུང་ཞུགས་ནད་ལ་གདབ།། དྲུག་པ་གློ་སྙིང་འདོམ་པའི་བར་གསང་སྟེ།། འཕྱོ་དར་(འདར་)བསྙོ་(སྨྱོ་)འབོག་ནད་ལ་གདབ་པ་ཡིན།། བདུན་པ་སྙིང་གི་རྩ་བ་གློ་གཟུང་གསང་།། བད་རླུང་སྙིང་ལ་ཞུགས་ན་དེ་ལ་གདབ།། བརྒྱད་པ་མཆིན་དྲི་དཀར་ནག་དབུས་གསང་སྟེ།། སྒྲེག་སྐྱུག་མཆིན་དྲི་གྲང་ནད་ཅན་ལ་གདབ།། དགུ་པ་མཆིན་པའི་གསང་ལ་མཆིན་སྐྲན་དང་།། མཆིན་པ་བད་ཀན་གྲང་བ་འཁྱིལ་ན་གདབ།། བཅུ་པ་མཁྲིས་གསང་མ་ཞུ་མིག་སེར་དང་།། ཕོ་སྐྲན་གྲང་རྒྱས་མེ་དྲོད་ཉམས་ན་གདབ།། བཅུ་གཅིག་མཚེར་གསང་སྦོས་འཁྲོག་འུར་ལ་གདབ།། བཅུ་གཉིས་པ་ཕོ་བའི་གསང་ལ་མེ་དྲོད་ཉམས།། ཕོ་བ་སྐྲན་འགྲིལ་(འདྲི་)ལྕགས་དྲེག་ནད་ལ་གདབ།། བཅུ་གསུམ་བསམ་སེལ་(སེའུ་)ཐིག་ལེར་རླུང་སེམས་གསང་།། སེམས་འཕྱོས་མངལ་སྐྲན་གྲང་རླུང་རྒྱས་ལ་གདབ།། བཅུ་བཞི་མངལ་དང་མཁལ་མའི་འདོམ་གསང་སྟེ།། མཁལ་མ་ཆུ་སེར་གྲང་བའི་ནད་ལ་གདབ།། བཅོ་ལྔ་དོན་སྣོད་སྤྱི་བསྡུས་གྲང་རླུང་སེལ།། བཅུ་དྲུག་ལོང་གསང་རྒྱུ་ལོང་གྲང་ནད་སེལ།། བཅུ་བདུན་རྒྱུ་གསང་གྲང་རླུང་རྒྱུ་སྐྲན་དང་།། སྦུ་(ལྦུ་)པ་ཆུ་སྣབ་(སྣབས་)འགྲམ་འཁྲུག་(འགྲམས་འཁྲུགས་)ནད་ལ་གདབ།། བཅོ་བརྒྱད་ལྒང་པའི་གསང་སྟེ་རྡེལ་ནད་དང་།། གྲང་བས་ཆུ་སོ་འགག་འཛག་ནད་ལ་གདབ།། བཅུ་དགུ་འབྱམས་བླུགས་(རླུགས་)འཁྲུག་ནད་ཅན་ལ་གདབ།། ཉི་ཤུ་ཐུར་སེར་(སེལ་)རླུང་གསང་ཡིན།། ཟག་(ཟགས་)པ་ཐོན་དཀའ་མཆིན་པ་ཐུབ་ན་གདབ།། གཉིས་པ་མདུན་གྱི་མེ་མིག་གསང་སྒོ་ནི།། ཨེན་དོང་(ཨན་སྟོང་)དང་པོ་ཨོལ་བ་ཆ་རི་(ཙ་ར་)ཁུང་།། སྲོག་པ་སྙིང་དང་འདོམ་པའི་གསང་ཡིན་ཏེ།། སྙིང་འཆུས་སྐྱུག་ནད་གྲེ་བ་འགག་ན་གདབ།། ནུ་མའི་དཀྱིལ་དྲང་བྲང་གཞུང་འདུས་པོ་དེ།། སྙིང་ཚིལ་དཀར་ནག་འཚམས་(མཚམས་)ཀྱི་དོན་གསང་སྟེ།། འཕྱོ་སངས་(འདར་)སྙིང་མི་དགའ་ན་གདབ་པར་བྱ།། ལྟེན་སྣེའི་རྩེ་ནས་ཚོན་གང་བཅལ་བ་དེ།། ལྷེན་གསང་ལྷེལ་ལྷུང་མ་ཐུབ་བརྡེག་ན་གདབ།། དེ་འོག་ཚོན་(གང་)གཡས་གཡོན་འཕྲད་དང་གསུམ།། ཕོ་བ་ཁ་ཡི་གསང་ཡིན་ཕོ་ནད་སེལ།། དེ་འོག་ཚོན་གང་གཡས་གཡོན་འཕྲད་དུ་གསུམ།། ཕོ་བའི་མཐིལ་གསང་མེ་དྲོད་ཉམས་ན་གདབ།། ཁྱད་པར་ཕོ་བའི་གྲང་རླུང་རྒྱས་ན་གདབ།། ལྟེ་བའི་ཚོན་གང་བཅལ་པའི་གཡས་གཡོན་གསུམ།། ལོང་ཁའི་ཐེར་གསང་ལོང་སྐྲན་འཁྲུ་ན་གདབ།། ལོང་ཐེར་གཡས་གཡོན་ཚོན་ཏེ་བཅལ་བ་ནི།། ལོང་ཁའི་ཕུག་གསང་སྦོས་འཁྲོག་འཁྲུ་ན་གདབ།། ལྟེ་འོག་ཚོན་གང་ཁ་གསུམ་རྒྱུ་སྟོད་གསང་།། དེ་འོག་ཚོན་རེ་ཁ་གསུམ་རྒྱུ་སྨད་གསང་།། རྒྱུ་ནད་གྲང་བའི་རླུང་དང་འཁྲུ་ན་གདབ།། དེ་འོག་ཚོན་རེ་བཅལ་བ་གཡས་གཡོན་གསུམ།། ལྒང་པའི་གསང་སྟེ་ཆུ་སོ་སྲ་བ་དང་།། ཆུ་སོ་འཛག་རླུང་གྲང་ནད་ཅན་ལ་གདབ།། གསུམ་པ་ཡན་ལག་ལྔ་ཡི་གསང་མིག་ནི།། ལྟག་པའི་བདུད་(སྡུད་)སྒོ་འཚོགས་(མཚོགས་)མ་ཁ་འདུས་ལ།། མགོ་རླུང་མགོ་འཁོར་འགྱེལ་བུབ་མགོ་རླུང་སེལ།། བསྙོ་(སྨྱོ་)སླེབས་(ལབ་)འབོག་རྡོལ་ལྟག་པའི་བདུད་(སྡུད་)སྒོ་སྤུ་འཁྱིལ་བསྲེག། རླུང་རིམས་སྨྲ་མི་ཤེས་དང་མངལ་(ངལ་)དུབ་ན།། འཚེར་(མཚེར་)པའི་འདུས་སྒོ་མ་མཆུའི་འོག་ཏུ་སྲེག། ཨོག་མའི་ནད་དང་སྨྲ་བའི་གྲེ་བསྡམ་ལ།། ཕྱི་ལོང་གྱེན་སོར་བཞི་གཅལ་(བཅལ་)རུས་པར་སྲེག། རིམས་དང་ངུ་སླ་(ལབ་)འདྲེ་མཐོང་ལག་པ་ཡི།། འཁྲིག་(མཁྲིག་)མའི་གཉེར་མ་ཆེ་ན་(ནས་)ཐུར་དུ་གཅལ(བཅལ)།། སོར་བཞིའི་སོ་(ས་)སྟེ་ཆུ་རྒྱུན་(རྒྱུས་)བར་དེར་བསྲེག། རྡོ་རྗེ་མི་ལང་ས་བོན་བླུག་(རླུགས་)པའི་ནད།། ནང་ལོང་ཐད་དྲང་ཆུ་བར་གདོང་པ་བསྲེག། རྐང་བཤལ་འགྲོ་བ་དཀའ་ན་ལག་པ་ཡི།། གུང་མོས་གར་སླེབས་བརླ་ཡི་ཕྱི་སུལ་བསྲེག། བུ་བཙས་ཤུལ་དུ་སྐྲངས་ན་ཨོལ་འཛུམ་བསྲེག། ཕོ་མཚན་ལྟག་པ་རེངས་སྐྲངས་བསྙོ་(སྨྱོ་)ལྐུགས་ལ།། རྐང་པའི་མཐེ་བོང་སྤུ་སྐྱེས་གོང་དུ་སྲེག། མིག་འཚག་(ཚག་)འབོག་ལ་ཕྱི་རྟིང་དྲེག་མཚམས་བསྲེག། རྒྱུ་ལོང་ནད་ལ་ལོང་བུའི་འཕར་རྩ་བསྲེག། སྐིག་བུ་སྐྱུག་ནད་བསྔངས་ལ་རྐེ་(སྐེ་)སྟོང་བསྲེག། མཆུ་གཅང་(སྐྲངས་)སྲིན་ལག་གཡོན་པའི་ཚིག་(ཚིགས་)མགོ་བསྲེག། སོ་ནད་རྣ་མདུན་སྲིན་འཛུག་(མཛུབ་)རྩེ་མོ་བསྲེག། སྣ་ཁྲག་མ་ཆོད་རྦུགས་(དབུགས་)ཀྱིས་གར་སླེབས་པའི།། དཔུང་པ་གཡས་གཡོན་མགོ་བོ་བསྲེག་པ་ཡིན།། གསུམ་པ་མེ་བཙའ་གདབ་ཐབ་(ཐབས་)རིག་པ་ནི།། འདི་ལ་གདབ་ཐབས་རྣམ་པ་བཞི་ཡིན་ཏེ།། བཙོ་བ་བསྲེག་པ་བསྲོ་བ་སྡིག་པ་བཞི།། འབྲས་དང་སྐྲངས་པ་འཁྲེབ་ན་ཤ་རོ་འཐུག། དེ་འདྲའི་རིགས་ལ་ཉི་ཤུ་ཡན་གྱིས་བཙོའ(བཙོ)།། བད་ཀན་ཆུ་སེར་རྒྱས་དང་སྙིང་རླུང་འཁྲུག། འདུ་བ་འཐུག་(འཁྲུགས་)པོའི་(པའི་)རིགས་ལས་(ལ་)བཅོ་ལྔ་ཡན་གྱིས་བསྲེག། རླུང་སྲིན་རྩ་ཆུ་བསྡམ་དང་གྲང་བ་རྒྱས།། གྲང་བ་སྟོབས་རྒྱས་ནད་ལ་བདུན་གྱིས་བསྲེག། བྱིས་སྦའི་(པའི་)ནད་ལ་ཚུག་(ཚུགས་)རེས་བསྲེག་པ་ཡིན།། བུ་བཙས་ཤུལ་དང་བཤལ་སྦྱང་བཏང་བའི་ཤུལ།། རྩ་བཅད་འཐུད་པ་གསུམ་ལ་བསྲེག་དྲག་(དྲགས་)སྤངས།། སྤྲ་བ་ནད་ཀྱི་ཐོག་བཞག་སྐྱབས་སེམས་བྱ།། མོ་གཏོང་སྤྲ་བ་མ་འགུལ་ཐུ་ཐུ་བྱ།། མེ་ཡི་དབལ་སྐྱེད་ཚ་དབལ་ཞི་བས་བྱམས།། དུད་པ་སང་(སངས་)ན་མེ་རོ་ཁབ་མགོས་བཀོག། ཚ་བ་རྒྱུན་ཆད་མེད་པར་ཕྱི་མ་བཞག། ཚོས་སྐྱེན་མེ་ཡི་ནུས་པས་ནད་ལ་ཟ།། གཅིག་གཉིས་གསུམ་བསྲེགས་རྩིག་ཟེར་མེ་རོ་ཡར།། ནད་ལ་སོང་རྟགས་ཡིན་པས་ཕན་པར་འོང་།། མི་ལེགས་ཡ་ཡོ་མེད་ཅིང་སྙོམས་པར་ཚིགས(ཚིག)།། ཆུ་བུ་(བུར་)འཕྲ་(ཕྲ་)མོས་མཐའ་བསྐོར་ཚ་དབལ་ཆུང་།། ཚོས་པའི་ཚད་ནི་མེ་ཚ་བདུན་བརྒྱབ་པས།། རྒྱབ་ན་བུད་སྙོམས་ཀར་ཏེ་ན་བ་དང་།། དེ་བཞིན་རྒྱབ་ན་(ནས་)བརྒྱབ་པས་བདུན་དུ་ན།། ཁོག་པར་བྱུང་སྙམ་སྐྱུག་འདོད་བྱེད་པ་ན།། ཚོས་པ་ཡིན་པས་མེ་བསྲེགས་འཕྲོ་བཅད་དོ།། བཞི་པ་མེ་ཚ་(བཙའ་)བསྲེགས་པའི་ཕྱི་རྗེས་ནི།། མེ་ཤི་ཐལ་གྲང་མཐེབ་མོའི་རྒྱ་ཡིས་མནན།། ལང་(ལངས་)ནས་གོམ་འགའ་བཅགས་པས་ཚ་གཟེར་སང་(སངས)།། དཔྱད་ཤུལ་དེ་ཡི་ནུབ་མོ་ཆུ་གྲང་འཐུང་།། མེ་ཡི་ཚ་དབལ་གསོད་པའི་ཡོན་ཏན་ཡོད།། ཟས་འགྲང་སྟེང་དུ་མེ་བཏང་མི་ལེན་ཅིང་།། གཏར་བ་མ་སྔ་བསྲེགས་པ་ཕྱི་དྲོ་ཤིས།། དྲུག་པ་མེ་ཚོས་ཡོན་ཏན་བསྟན་པ་ནི།། ནད་ཀྱི་ཟུག་འཁྱེར་རླུང་ཁ་འཕྱོ་བ་བསྡུད།། མ་ཞུའི་ཟས་བཏུལ་ལྷེན་སྐྲན་བཤིག་པ་དང་།། དོན་སྣོད་ཁ་བསྲུང་དྲོད་སྐྱེད་རིག་པ་དྭངས།། ཆུ་སེར་འདྲེན་སྐེམ་སྐྲངས་པའི་མགོ་གནོན་ཞིང་།། འབྲས་དང་ཤ་རོ་གཅོད་ཅིང་གྲང་བ་སེལ།། སྨན་དཔྱད་སྡུགས་(བརྡུགས་)པ་ཕལ་ཆེར་འདི་ཡིས་འཚོ།། ཉེས་ཆུང་ནད་དང་མ་འཛོལ་ལོག་པ་མེད།། ཅེས་གསུངས་སོ།།

སྡུག་བསྔལ་ཞི་བྱེད་གསོ་བའི་སྨན་འབུམ་དཀར་པོ་ལས་མེ་བཙའ་བསྲེག་ཆོགས་ཀྱི་(ཆོག་གི་)ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།



མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 10:26 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།