སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ཉེར་གཉིས་པ། དཔྱད་གསུམ་པ་དུགས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.09.2011
ཕྱི་མ་རྒྱུད། >> ལེའུ་ཉེར་གཉིས་པ། དཔྱད་གསུམ་པ་དུགས་བསྟན་པ།

ཉི་ཤུ་པ་དཔྱད་གསུམ་པ་དུགས་ཀྱི་ལེའུ་བསྟན་པ་ལ་གསུམ། ཉོན་ཅིག་པར་གདམས་པ་དང༌། གཞུང་དོན་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ། དཔྱད་མཆོག་གཉིས་པ་མེ་བཙའི་ལེའུ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས། ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་སོ། །གཉིས་པ་གཞུང་དོན་དངོས་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ཀྱི་དང་པོ་ལ་སྤྱིའི་དོན་དང་ཚིག་གི་དོན་གཉིས་ཀྱི་དང་པོ་ནི།

        དེ་ཡང་དྲང་སྲོང་ཙ་ར་ཀས། དུགས་ཀྱིས་གསོ་བར་བྱ་བའི་ནད། །རླུང་དང་བད་ཀན་བདག་ཉིད་ཅན། །སྣུམ་ནི་སྔོན་དུ་འགྲོ་བ་ཡི། །དུགས་ཀྱིས་རབ་ཏུ་ཞི་བར་འགྱུར། །དུགས་བསྲོ་བཅིང་དང་ཐ་མལ་པ། །ཆུ་དུགས་དབྱེ་བས་རྣམ་པ་བཞི། །བསྲོ་བ་གོས་དང་ལྕགས་དང་ནི། །ལག་མཐིལ་སོག་པ་མེར་བསྲོས་བསྲོ། །བཅིངས་པ་ཤུ་དག་སྦང་མ་དང༌། །ཐང་ཤིང་ཤ་ཏ་པུཥྤ་དང༌། །འབྲུ་ཀུན་དྲི་རྣམས་ར་སྣ་དང༌། །ཨེ་རན་དའི་རྩ་ཤ་དག་དང༌། །སྣུམ་བག་ཚྭ་དང་དར་བ་དང༌། །འོ་མས་སྦྲུས་ཤིང་ཚྭ་ཆེར་བཏབ། །རླུང་ལས་བྱུང་བ་འབའ་ཞིག་སེལ། །བད་ཀན་འདྲེས་ལ་བྱེ་རུག་སོགས། །མཁྲིས་པ་འདྲེས་ལ་ཤུག་སོགས་ཀྱིས། །གླན་པ་ཞེས་བྱ་ཡང་ཡང་བྱ། །དཀྲི་བ་སྣུམ་ཞིང་ནུས་པ་དྲོ། །སྤུ་འཇམ་པགས་རུལ་མིན་པས་དཀྲི། །མ་རྙེད་རླུང་འཇོམས་ལོ་མ་དང༌། །དར་དང་སྣམ་བུ་རས་ཀྱིས་དཀྲི། །མཚན་མོ་དཀྲིས་པ་ཉིན་པར་དགྲོལ། །ཉིན་པར་བྱས་པ་མཚན་མོ་དགྲོལ། །སྣུམ་བག་ཚྭ་དང་དར་བ་དང༌། །འོ་མས་སྦྲུས་ཤིང་ཚྭ་ཆེར་བཏབ། །ར་མཉེ་བ་སོགས་རླུང་འཇོམས་བཅས། །སྐྱུར་བའི་གཤེར་རྫས་ཀུན་དང་ལྡན། །བརླན་ཅན་ཤ་དང་ལེགས་པར་བཙོས། །སྣུམ་ཀུན་དང་ནི་ཡང་དག་ལྡན། །དྲོ་འཇམ་ལན་ཚྭ་ཤས་ཆེར་དྲོ། །གླན་པ་ཞེས་ནི་བཤད་པ་ཡིན། །ཐ་མལ་པ་ནི་ཁུར་བ་དང༌། །བོང་བ་གྱོ་མོ་རྡོ་ས་ཕྱེ། །གསོ་མའི་ལོ་མ་འབྲུ་རྣམས་དང༌། །ལྕི་རིལ་བྱེ་མ་ཕུག་མ་རྣམས། །ཐབས་མང་དུ་མས་ལེགས་བསྲོས་པ། །ཡུལ་དང་དུས་ལས་དཔགས་ཏེ་སྦྱར། །ཆུ་དུགས་ཤི་ཀྲུ་བ་ར་ན། །ཨེ་རན་ད་དང་ཀ་རན་ཛ། །བྱི་འུ་རུག་པ་ཨརྫ་ཀ། །ཤི་རི་ཤ་དང་བ་ཤ་ཀ། །འོད་མ་ཨརྐ་མ་ལ་ཏི། །ཡ་བ་ཤ་ཀའི་ལོ་མ་ཀྲུམ། །ཤུ་དག་ལ་སོགས་སྨན་རྣམས་དང༌། །གཤེར་བ་ཆུ་གནས་ཤ་རྣམས་དང༌། །རྩ་བཅུ་ནད་དམིགས་ཇི་བཞིན་དུ། །སོ་སོའམ་ལྷན་ཅིག་སྦྱར་ནས་ནི། །སྣུམ་ལྡན་ཆང་དང་ཚྭ་དང་ནི། །འོ་མ་ཆུ་སོགས་ཀྱིས་བཙོས་ལ། །བུམ་པའམ་སྦུ་གུ་རིང་པོ་ནི། །བཀང་ལ་ནད་ཀྱིས་ཉམ་ཐག་པའི། །ལུས་ནི་གོས་ཀྱིས་དཀྲིས་ནས་སུ། །ཅི་བདེ་བར་ནི་སྣུམ་ཆུ་བླུགས། །ལུས་ལ་རླུང་ནད་ཞུགས་གྱུར་པ། །དེ་ཉིད་ཀྱིས་འདིར་བཀང་སྣོད་དུ། །ནད་པ་ཞུགས་ཏེ་གནས་ན་ནི། །གཅིན་སྲི་གཞང་འབྲུམ་སོགས་ནད་སེལ། །རླུང་མེད་ཕྱི་ནང་སྣུམ་བཅས་ཤིང༌། །ཟས་འཇུའི་དུས་སུ་དུགས་དཔྱད་བྱ། །ནད་དང་ནད་པ་ཡུལ་དུས་ཀྱི། །དབང་ལས་ཆུང་འབྲིང་ཆེན་པོ་བྱ། །བད་ཀན་གྱིས་ཉེན་ལ་རྩུབ་བྱ། །བད་ཀན་རླུང་ལ་རྩུབ་སྣུམ་བྱ། །རླུང་ནི་མ་ཞུའི་གནས་ཞུགས་དང༌། །བད་ཀན་ཞུ་བའི་གནས་རྟེན་ལ། །གནས་ཀྱི་དབང་གིས་རྩུབ་དུགས་དང༌། །དེ་བཞིན་སྣུམ་ལྔར་འགྲོ་དུགས་བྱ། །སྟ་ཟུར་དག་དང་མིག་དང་སྙིང༌། །རླིག་པར་ཉུང་ངུའམ་བྱ་བ་མིན། །དུགས་ཀྱིས་དྲང་དང་ཟུག་གཟེར་བྲལ། །ཡན་ལག་མཉེན་པར་གྱུར་པ་དང༌། །དལ་གྱིས་མཉེས་ལ་ཁྲུས་བྱས་ནས། །དེ་ནས་སྣུམ་གྱི་ཆོ་ག་བསྟེན། །དུགས་དྲགས་པ་ཡིས་ཁྲག་མཁྲིས་འཁྲུགས། །བརྒྱལ་སྐོམ་སྐད་འགགས་ཡན་ལག་འཇུམ། །མགོ་འཁོར་ཚིགས་ན་རིམས་འདེབས་ཤིང༌། །ཚི་གུ་དམར་པོ་ཏལ་ཏིལ་སྣང༌། །ལུམས་ཀྱིས་སྐྱུག་བྲོ་བར་གྱུར་ཏེ། །དེར་ནི་ཞི་བའི་སྨན་གྱིས་གསོ། །དུགས་དང་ཐལ་སྨན་མེ་བཙའ་དང༌། །ཚད་འཁྲུ་སྐྱུག་བྲོ་བརྒྱལ་ནད་གསོ། །དུགས་ནི་ཕལ་ཆེར་ལྕི་དྲོ་རྣོ། །དེ་ལས་གཞན་པ་ཞི་བྱེད་ཡིན། །གཤེར་ཞིང་གཏན་འཁྲུ་སྣུམ་པ་དང༌། །རྩུབ་ཅིང་ཕྲ་བ་དུགས་སྨན་ཡིན། །འཇམ་དང་རྩུབ་དང་ཞིར་འབྱར་བག །གཤེར་བག་དེ་ནི་སེལ་བྱེད་ཡིན། །མདོར་ན་ཕལ་ཆེར་ཁ་བ་དང༌། །བསྐ་དང་མངར་བ་དེའི་སྨན་ཡིན། །ཞི་བྱེད་ལྕི་དང་དྲོ་བ་འཇོམས། །ལུམས་བྱེད་རྔུལ་ནི་འབྱིན་བྱེད་ཡིན། །གཡོ་བ་རྫས་དག་གང་ཡིན་པ། །རྩེ་བཅིལ་ཞི་བར་བྱེད་པ་ཡིན། །ཞི་ཞིང་རྩེ་བཅིལ་སྟོབས་ཐོབ་འགྱུར། །ཇི་སྐད་བཤད་པའི་ནད་རྣམས་ཟད། །བཅིལ་དྲགས་པགས་པ་རྩ་འཁུམས་ཤིང༌། །འདར་སྙིང་ཁ་འགྲམ་ནད་དུ་འགྱུར། །རྐང་མཆུ་ལག་པ་པགས་ནག་འགྱུར། །བཅིལ་དྲགས་པ་ཡི་ནད་དུ་བཤད། །ཤིན་ཏུ་སྦོམ་དང་རྩུབ་པ་དང༌། །ཉམ་ཆུང་བརྒྱལ་བར་གྱུར་པ་དང༌། །དུགས་དྲགས་བཅོས་དགོས་གློ་རྡོལ་དང༌། །སྐེམ་དང་ཆད་ནད་ཀྱིས་བཏབ་དང༌། །རབ་རིབ་དམུ་རྫིང་ཤུ་བ་མཆེད། །མཛེ་ནད་འོར་ནད་རླུང་མཁྲིས་དང༌། །འོ་མ་ཞོ་དང་མར་སྦྲང་རྩི། །འཐུངས་དང་བཀྲུ་སྨན་བཏང་བ་དང༌། །ལུས་སྣད་ཚིགས་དང་གཞང་ནད་ཡོད། །ཁྲོ་དང་མྱ་ངན་འཇིགས་པས་ཉེན། །བཀྲེས་སྐོམ་མི་སེར་སྐྱ་རྦབ་དང༌། །གཅིན་མཁྲིས་ནད་ཅན་ཟླ་མཚན་འཛག །སྦྲུམ་དང་བུ་སྐྱེས་དུགས་མི་བྱ། །ནད་ཚབས་ཆེ་ན་འཇམ་པོར་བྱ། །ལུད་པ་ཆམ་པ་དབུགས་མི་བདེ། །སྐྱིགས་བུ་ལྟོ་སྦོས་བཤང་འགགས་དང༌། །སྐད་འགགས་རླུང་གི་ནད་རྣམས་དང༌། །བད་ཀན་བེའུ་སྣབས་འཁྱིལ་ཅིང་ལྕི། །ལུས་རེངས་རྐེད་པ་རྩིབ་ལོགས་དང༌། །སྒུར་དང་ལྟོ་ནད་འགྲམ་ནད་དང༌། །རླིག་པ་སྐྲངས་དང་ད་རྒན་ནད། །རྩོལ་དང་རླུང་ནད་ཀྱིས་ཟུག་དང༌། །གཅིན་འགགས་ཐོར་ནུ་རྨེན་བུ་དང༌། །ཁུ་བ་བཀག་དང་རླུང་འཁྱིམས་ལ། །དེ་ཡི་སྨན་གྱི་དབྱེ་བ་ཡིས། །དུགས་ནི་སོ་སོ་ཇི་བཞིན་བྱ། །དུགས་ཕན་མེ་ཡིས་བསྲོ་མིན་པ། །རླུང་ནད་ཚིལ་དང་བད་ཀན་ཅན། །རླུང་མེད་ཁང་པར་རྩོལ་བ་དང༌། །གོས་ལྕི་བ་དང་འཇིགས་པ་དང༌། །དཀྲི་དང་སྟོབས་འགྱེད་ཁྲོ་བ་དང༌། །ཆང་ངམ་བཀྲེས་དང་ཉི་ཚན་བཞག །ནད་གང་ནང་ཁྲོལ་གནས་དང་ལུས་ཟུངས་གནས། །རྩར་སོང་རྐང་ལག་རུས་པ་ནང་སོང་བའི། །ནད་དེ་དུགས་ཀྱིས་བསྲུལ་བར་བྱས་ནས་ནི། །ཁོང་དུ་བསྡུས་ལ་སྦྱང་བས་དབྱིས་དབྱུང་བྱ། །ཞེས་གསུངས།

        གཉིས་པ་ཚིག་གི་དོན་ནི། དཔྱད་ལྔའི་སོགས་རྐང་པ་གཉིས་ཏེ། དཔྱད་ལྔའི་ནང་ཚན་དུགས་ལ་རུང་བའི་མཚན་ཉིད། མི་རུང་བའི་མཚན་ཉིད། བྱ་བའི་ཐབས། ཕན་ཡོན་བཤད་པ་དང་རྣམ་པ་བཞིར་ཡོད་དོ་ཞེས་པའོ། །གཉིས་པ་ལ་བཞི་ལས། དང་པོ་ནི། དང་པོ་སོགས་རྐང་པ་གཉིས་ཏེ། དང་པོ་དུགས་རུང་བ་ནི། བད་རླུང་དང༌། མ་ཞུ་བ། གླང་ཐབས། ཆུ་སེར། ཁྲག་འཁྱགས་པ། ཚད་པའི་གཟེར་རྣམས་ལ་བསྟེན་དུ་རུང་ཞིང་ཕན་པར་འགྱུར་རོ་ཞེས་པའོ། །གཉིས་པ་མི་རུང་བའི་མཚན་ཉིད་ནི། མི་རུང་སོགས་རྐང་པ་གསུམ་སྟེ། དུགས་མི་རུང་བ་ནི་བད་ཀན་སྐྱ་རྦབ་དང༌། མཁྲིས་པ་ཀྵ་ཡ་ནག་པོ་དང༌། བལ་ནད་དང༌། མཛེ། དུག དམུ་ཆུ་ནག་པོ། འཚོ་ཆེས་པ། འབྲུམ་ཐོར་དང༌། ཟས་ཟོས་པའི་རྗེས་རྣམས་ལ་སྤང་བར་བྱའོ། །ཞེས་པའོ། །གསུམ་པ་བྱ་བའི་ཐབས་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ཀྱི་དང་པོ་ནི། བྱ་བའི་སོགས་རྐང་པ་གཅིག་སྟེ། དུགས་བྱ་བའི་ཐབས་ལ་ནི། བསིལ་དུགས་དང་དྲོད་དུགས་རྣམ་པ་གཉིས་སུ་ཡོད་དོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། བསིལ་དུགས་བཅུ་བཤད་པ་དང༌། དྲོད་དུགས་བཅོ་བརྒྱད་བཤད་པའོ། །དང་པོ་ནི་བསིལ་དུགས་ཞེས་པ་ནས། བ་ལྕིས་བདུག་ཅེས་པའི་བར་ཚིགས་བཅད་གསུམ་དང་རྐང་པ་གཅིག་གིས་བསྟན་ཏེ། དེ་ལ་བསིལ་དུགས་ནི། འགྲམས་འཁྲུགས་ཚ་བས་གཟེར་བ་རྣམས་ལ་ཐོ་རངས་སྐར་མ་མ་གྱེས་གོང་དུ་བླངས་པའི་ཆུས་བརྡེག་གམ་གྲོད་པར་བླུགས་པས་བདུག རིམས་འཁྲུགས་ཚ་བ་རྙིང་པ་རྣམས་ལ་སྐར་ཆུས་བྲན་པ་དང༌། མིག་ལ་མཚོན་འཕོག་པ་དང་བཙན་ཐབས་སུ་སྐྲངས་ལ་ཆུ་གྲོད་པར་བླུག་པས་བདུག ཤ་དུག་གིས་གྲེ་བ་འགགས་ཤིང་ཚ་བ་ལ། བོང་ང་དཀར་པོའི་ཕྱེ་མ་གངས་ཆུ་དང་སྦྱར་བ་གྲོད་པར་བླུག་ལ་བཀང་བས་བདུག རྒྱུ་གཟེར་ལ་བོང་དཀར་ཞུ་མཁན་སྐར་ཆུ་དང་སྦྱར་ཏེ་བདུག ཁྲག་མཁྲིས་ཚ་བ་གླང་ཐབས་ལ་ཆུ་རྡོ་གྲང་མོས་བདུག ཚད་གཟེར་ལ་ཆུ་རྡོ་དང་བྱང་མའི་གཤོལ་ལྕགས་སོགས་ཀྱིས་བདུག ཡང་ན་མཚན་དང་ཞོ་སྦྱར་བའི་གྲང་མོས་བདུག སྣ་ཁྲག་ལ་སྐར་ཆུ་དང༌། འདག་པ་ནག་པོ་ཞེས་པ་ཀོ་མོག་ཆུ་ཡོད་པའི་གཏིང་གི་རྫབ་ཀྱིས་བདུག སོ་ཡི་ཁྲག་ཚད་དང༌། རླུང་གིས་སྐྲངས་པ་ལ་ཆུ་གཡས་སུ་འཁྱིལ་བའི་ནང་གི་འདག་པས་བདུག དྲེག་ནད་ཚ་འབྲབ་ལ་སླེ་ཏྲེས་ཕྱེ་མ་དང་བ་ལྕིས་བདུག་གོ་ཞེས་པའོ།།

        གཉིས་པ་དྲོད་དུགས་བཅོ་བརྒྱད་བཤད་པ་ནི། དྲོད་དུགས་ཞེས་པ་ནས་ཆང་བྲན་བདུག་ཅེས་པའི་བར་ཚིགས་བཅད་ལྔ་དང་རྐང་པ་གསུམ་གྱིས་བསྟན་ཏེ། དྲོད་དུགས་ནི། མ་ཞུ་བ་དང༌། གླང་ཐབས་ལ་ལན་ཚྭ་མེ་ལ་བསྲོས་པས་བདུག་པ་དང༌། མཚོན་ཁྲག་ཁོང་དུ་འཁྱིལ་བ་འཁྱགས་པ་ལ་ནི་ཆུ་ནང་གི་རྡེའུ་མེ་ལ་བསྲོས་པས་བདུག མཆིན་ཁྲག་འཁྱགས་པ་ལ། གྲོག་ཤིང་ཞེས་པ་རྩིག་པའམ་གྱང་རྙིང་པ་ལ་ཆར་ཕོག་པས་སྤང་གི་རྣམ་པ་འདྲ་བར་ཆགས་པ་དང༌། ས་དང་མ་འདྲེས་པའི་ཡོས་ཀྱིས་བདུག མཁལ་མ་གྲང་གཟེར་གྱིས་ཆུ་སྲི་བ་ལ་སྦང་སྐམ་གྱིས་བདུག བུ་བཙས་རྗེས་རྒྱུ་ཞབས་དང་ཚང་ར་མཁལ་རྐེད་གཟེར་བ་ལ། བྱི་ཁུང་ཁ་ཤར་དུ་བལྟ་བའི་སྒོ་རྩར་སྤུངས་པའི་ས་ལ་ཆང་གིས་བྲན་ཏེ་མེ་ལ་བསྲོས་པས་བདུག སྨུག་པོ་འཐབ་པའི་གླང་ཐབས་ལ་བྲག་སྐྱ་ཨ་བོ་དང༌། ཆུ་ལོ། ཞུ་མཁན་ཆུར་སྦངས་ཤིང་བཅོས་པས་བདུག་ལ་དེས་ནི་དུག་དང་ཁྲག་ངན་ཕོ་བར་ལྷུངས་པ་ཡང་འཇོམས་པར་བྱེད་དོ། །མ་ཞུ་གྲང་སྐྲན་ལ་ཕུག་རོན་གྱི་བྲུན་མེར་བསྲོས་པས་བདུག་ཅིང༌། གྲང་ནད་ལངས་པ་ལ་སོ་ཕག་དང་རྫ་མའི་དུམ་བུ་མེ་ལ་བསྲོས་པས་བདུག སྲིན་གྱིས་གླང་ཐབས་ལ་སྤྲུ་མའི་རྩ་ལོ་བསྲོས་པས་བདུག་གོ གཞང་སྲིན་ལ་ཕུར་མོ་དང་རྟ་སྦངས་བསྲོས་པས་བདུག་ཅིང༌། གྲང་བས་གཞང་ལུག་པ་ལ་སྣུམ་གྱི་ཀོང་བུ་མེར་བསྲོས་པས་བདུག་ལ། རླུང་གཟེར་ལ་ཕྱིང་པ་སྣུམ་ལྡན་དང་ཆུ་ངན་གི་རྡོ་བ་བསྲོས་པས་བདུག མཁལ་རྐེད་ཀྱི་གྲང་བ་ལ་གཡི་དང་སྤྱང་ཀིའི་པགས་པའི་སྤུ་དུགས་བསྟེན་པ་དང༌། ཕོ་བ་དང་རྒྱུ་ལོང་གི་གྲང་བ་ལ་ལག་པའི་མཐིལ་དྲོད་ཕབ་པས་བདུག་ཅིང༌། ཚིགས་སུལ་ཆུ་སེར་བབས་པ་ལ་ཤག་མ་སྟེ་ར་མོ་ཤག་གམ་གཡམ་ཤག་སྲབ་མོ་ཆང་གིས་བྲན་ལ་བསྲོས་པ་དང༌། ཡང་ན་བྱེ་མ་དང་ཚྭ་ཅུང་ཟད་བསྲེས་པ་ཆང་ངམ་བ་ཆུས་བྲན་པ་བཙོས་པས་བདུག ཡང་ན་སྦང་སྐམ་དང་སྔར་བཤད་པའི་གྲོག་ཤིང་མེ་ལ་བསྲོས་པས་བདུག་གོ གྲང་བས་ཆུ་འགགས་ན་འབའ་ཆ་དང༌། བྱ་བྲ་ཞེས་པ་ཕུག་རོན་གྱི་བྲུན་གྱིས་བདུག སྟོང་ཚད་དང༌། རླུང་གཟེར་ལ་མཁར་གོང་སྲིན་ཅན་དང༌། རུས་རྙིང་ཆང་གིས་བྲན་ལ་མེར་བསྲོས་པས་བདུག ཡན་ལག་གི་ཆུ་སེར་ལ་ལུག་གི་རིལ་མ་ཆང་གིས་བྲན་ཏེ་བསྲོས་པས་བདུག་གོ་ཞེས་པའོ། །བཞི་པ་ཕན་ཡོན་ནི། ནད་ཟུག་སོགས་རྐང་པ་གཅིག་སྟེ། དུགས་དེའི་ཕན་ཡོན་ནི། ནད་ཀྱི་ཟུག་འཕྲལ་དུ་བཅོག་པས་ན་དཔྱད་ཀྱི་མཆོག་དུགས་སུ་བཤད་པ་ཡིན་ནོ་ཞེས་གསུངས་སོ། །ཞེས་པའོ།།

        གསུམ་པ་ལེའུའི་མཚན་བསྟན་པ་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་དཔྱད་ལྔའི་གསུམ་པ་དུགས་ཀྱི་ལེའུ་བཤད་པ་སྟེ་ཉི་ཤུ་རྩ་གཉིས་པའོ། །ཞེས་བྱ་བའི་དོན་ཏོ།།

 

མཐའ་མའི་འདོན་ཐེངས་།: 03.09.2011 ཉིན། 11:51 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།