སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ཉེར་གཉིས་པ། ཆ་བྱད་དཔྱད་ཀྱི་གནས་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.08.2011
བཤད་རྒྱུད། >> ལེའུ་ཉེར་གཉིས་པ། ཆ་བྱད་དཔྱད་ཀྱི་གནས་བཤད་པ།

བཞི་པ་ཆ་བྱད་དཔྱད་ཀྱི་གནས་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། དང་པོ་ནི། འདི་ལ་ཆ་བྱད་དཔྱད་ཀྱི་གནས་ཞེས་བྱ་བའི་རྒྱུ་མཚན་ཅི་ཞེ་ན། ཞི་བྱེད་ལ་སོགས་པའི་སྨན་རྣམས་ཀྱིས་ནད་ཡུལ་མ་ཐོན་པ་ཀུན་དངོས་སུ་དབྱུང་བར་བྱེད་པ་ལ་སོགས་པའི་ཆ་དཔྱད་ཅི་ཙམ་དགོས་པ་དེ་དག་གི་དབྱིབས་རྣམས་འཆད་པར་བྱེད་པས་ནི་དེ་སྐད་ཅེས་བྱ་སྟེ་དེ་ལྟར་ཡང༌། སློབ་དཔོན་གྱི་རང་འགྲེལ་ལས། ནད་དམིགས་རྣམ་པ་སྣ་ཚོགས་སུ་ན་བ་ལ་དཔྱད་རྣམ་པ་སྣ་ཚོགས་ནད་དམིགས་ཀྱི་ཐོག་ཏུ་བབ་པར་ནང་དུ་བཏང་ལ། ནད་འདྲེན་པར་བྱེད་པའི་ཐབས་དེ་བཞིན་དཔྱད་ཅེས་བྱའོ། །ཞེས་བཤད་དོ། །གཉིས་པ་ཚིག་གི་དོན་ནི། ཇི་ལྟར་ཞུས་པའི་དོན་དང༌། ལན་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཞུས་པ་ལས་ཞེས་པའི་བར་གྱིས་བསྟན་ཏེ། སྦྱོར་བ་སྨན་གནས་བཤད་ཟིན་ནས་བྱ་བ་གཞན་གྱིས་བར་མ་ཆོད་པ་དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །དེ་ཡང་ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས་ཞེས་གུས་པའི་ངག་གིས་མཚན་ནས་བོས་ཏེ། གོང་དུ་ནད་ཀྱི་གཉེན་པོ་ལ་སྤྱོད་ལམ་སོགས་རྣམ་པ་བཞིར་གསུངས་པའི་སྔ་མ་གསུམ་པོ་སོང་ནས། ད་ནི་ཐ་མ་ཆ་བྱད་དཔྱད་ཀྱི་གནས་ལ་ཇི་ལྟར་བསླབ་པར་བགྱི་ཞེས་འདྲི་ན་འཚོ་མཛད་སྨན་པའི་རྒྱལ་པོས་ལེགས་པར་བཤད་དུ་གསོལ་ཞེས་ཞུས་པ་ལས་ཞེས་པའོ། །གཉིས་པ་ལན་དངོས་བཤད་པ་ལ་གཉིས་ཏེ། ཉན་པར་གདམས་ཤིང་མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི། སྟོན་པས་ཞེས་པ་ནས་རྣམ་པ་གཉིས་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་ཞུས་པའི་ལན་དུ་སྟོན་པས་འདི་ལྟར་གསུངས་པ། དེ་ཡང་ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་ནས་དོན་དངོས་ནི། ནད་ལ་གསོ་བར་བྱེད་པའི་གཉེན་པོ་ལ་ཟས་སྤྱོད་སྨན་དཔྱད་བཞི་ཡོད་པའི་ཐ་མ་ཆ་བྱད་དཔྱད་ཀྱི་གནས་ཞེས་བྱ་བ་ལ་བསླབ་པར་འདོད་པ་གང་ཡིན་པ་དེས་ནི་འདི་ལྟར་ཤེས་པར་བྱ་དགོས་ཏེ། དེ་ཡང་ནད་གང་ལ་གང་འཚམ་པའི་དཔྱད་དངོས་དང༌། དེ་ལྟར་བྱེད་པའི་དཔྱད་ཀྱི་ཆ་བྱད་སྣ་ཚོགས་པ་བཤད་པའི་ཚུལ་ཏེ་རྣམ་པ་གཉིས་སུ་ཤེས་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། དཔྱད་ཀྱི་རྣམ་གཞག་དངོས་བཤད་པ་དང༌། དེའི་ཆ་བྱད་བཤད་པའོ། །དང་པོ་ལ་གཉིས་ཏེ། དཔྱད་ཀྱི་ངེས་ཚིག་བཤད་པ་དང་དབྱེ་བ་བཤད་པའོ། །དང་པོ་ནི། ལུས་ཀྱི་ཞེས་པ་ནས་དཔྱད་ཡིན་ཏེ་ཞེས་པའི་བར་གྱིས་བསྟན་ཏེ། ཆ་བྱད་རྣམ་པ་སྣ་ཚོགས་པས་ལུས་ཀྱི་ཕྱི་རོལ་ནས་ནང་གི་ཟུག་རྔུ་ལ་སོགས་པའི་ནད་རྣམས་དངོས་སུ་འབྱིན་པ་དང་ཞི་བར་བྱེད་པའི་ཐབས་གང་ཡིན་པ་དེ་ནི་དཔྱད་ཅེས་བྱ་བ་ཡིན་ཏེ། ཕྱི་ནས་སྦྱར་བའི་ཆོ་ག་གཙོ་བོར་བྱས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང༌། སློབ་དཔོན་གྱིས། ཟུག་རྔུ་རྣམ་པ་སྣ་ཚོགས་ཀྱིས། །ལུས་ནི་སྣ་ཚོགས་གནོད་བྱེད་པ། །འབྱིན་པའི་ཐབས་སུ་གང་འགྱུར་དག །དཔྱད་ཡིན། ཞེས་བྱ་བ་ལ་སོགས་བཤད་པ་ལྟར་རོ།།

གཉིས་པ་དཔྱད་ཀྱི་དབྱེ་བ་ནི། དེ་ཡང་ཞེས་པ་ནས་འབྱིན་པ་བཞི་ཞེས་པའི་བར་གྱིས་བསྟན་ཏེ། ལུས་ཀྱི་ཕྱི་ན་སྦྱོར་བའི་དཔྱད་དེ་ལའང་འཇམ་པ་དང༌། རྩུབ་པ་དང༌། དྲག་པོ་དང༌། བཅས་པ་རྣམ་པ་གསུམ་མོ། །དེའི་ནང་ནས་ཀྱང་འཇམ་པོའི་དཔྱད་ལ་དུགས་ལུམས་བྱུག་པ་དང་གསུམ་ཡིན་ལ། དེ་བཞིན་དུ་རྩུབ་པའི་དཔྱད་ལའང་གཏར་སྲེག་དབུག་པ་དང་གསུམ་དུ་ཡོད་ཅིང༌། དྲག་པོའི་དཔྱད་ལའང་འདྲལ་བ་དང་གཅོད་པ་དང་འདྲུད་པ་དང་འབྱིན་པ་དང་བཞི་སྟེ་དྲིལ་བས་རྣམ་པ་བཅུ་ཡོད་ཅིང༌། དེ་དག་གང་ལ་བྱ་བའི་རྣམ་གཞག་རྒྱས་པར་མན་ངག་རྒྱུད་དང་ཕྱི་རྒྱུད་ཀྱི་སྐབས་སུ་བཤད་པར་བྱའོ། །གཉིས་པ་ཆ་བྱད་བཤད་པ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། དེ་ཡི་ཞེས་པ་ནས་ཕྲན་བུའོ་ཞེས་པའི་བར་གྱིས་བསྟན་ཏེ། དཔྱད་བྱ་བ་དེའི་ཆ་བྱད་ཀྱི་རྣམ་པ་ལ་ཟུག་རྔུ་བརྟག་པའི་དཔྱད་དང༌། སྐམ་པ་དང༌། བཙགས་བུ་དང༌། ཐུར་མ་དང༌། ཕྲན་བུའི་སྡེ་སྟེ་རྣམ་པ་ལྔའོ། །གཉིས་པ་རྒྱས་པར་བཤད་པ་ལ་དེ་ལྟར་ལྔ་ལས། དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང་ཚིག་གི་དོན་ནོ། །དང་པོ་ནི། གཞུང་མ་དག་པ་འགའ་ཞིག་ཏུ། མགོ་ཟླུམ་བྲ་བོ་རྩེ་སྐྱོག་རྩེ་གུག་པ་ཞེས་འབྱུང༌། འགའ་ཞིག་ཏུ་བྲ་སོ་ཞེས་འབྱུང་ཞིང༌། འགྲེལ་པ་མཁན་པོ་འགའ་ཞིག་གིས་ཀྱང༌། དང་པོར་མགོ་ཟླུམ་གྱིས་བརྟག དེས་མ་རྟོགས་ན་བྲའོ་ལྟ་བུའི་སོ་ཡོད་པས་བརྟག །ཅེས་བཤད་པ་རྣམས་ནི་མ་ཡིན་ཏེ། རྒྱུད་ཆུང་བར། ཟུག་རྔུ་བརྟག་པའི་ཆ་བྱད་ནི། །མགོ་གཞུག་ཟླུམ་པོ་སོར་དྲུག་པ། །ཁབ་མགོས་མགོ་བའི་རུས་ཆག་བརྟག །མདེ་འཚོལ་ཀུན་ནི་མཐོ་རེ་སྟེ། །མགོ་ཟླུམ་ཡན་ལག་མདེའུ་བརྟག །མ་རྟོགས་གཉིས་པ་ཁ་དབྲག་བརྟག །མ་རྟོགས་ནད་གང་རྩེ་སྐྱོག་གིས། །རྨ་མེད་མ་འཛོལ་ཟངས་དུང་བརྟག །འཛོལ་ན་རྩེ་གུག་རྩེ་སྦྲུལ་འཁྱིལ། །མིག་ཏུ་ཚུད་དམ་བལྟས་ཏེ་བརྟག །ཡང་ན་སྦྲུལ་མིག་གུག་གེ་བ། །མགོ་ལེབ་དཀྱིལ་བུག་ཅན་གྱིས་བརྟག །རྙེད་ནས་ཟངས་དུང་ཁ་བཏང་ལ། །འཕྲུལ་གྱི་སྐམ་པས་འདོན་པར་བྱ། །ཞེས་དང༌། བྲང་ཏི་དཔལ་མགོན་རྒྱལ་མཚན་གྱི་འགྲེལ་པར་ཡང༌། མདེ་འཚོལ་ནི་མགོ་ཟླུམ་ཞེས་སོགས་གསུམ་སྟེ། མདེའུ་འཚོལ་ཟངས་དུང་ཁ་རྐང་པ་ཕྲ་ལ་འཇམ་པ། མགོ་བོ་སྲན་མ་ལྟ་བུ་ནི། མགོ་ཟླུམ་ཞེས་བྱ་སྟེ་དང་པོར་བརྟག་གོ །དེས་མ་རྟོགས་ན་མགོ་ཟླུམ་གཉིས་སོ་ཞེས་བྱ་སྟེ་དེའི་རྗེས་ལ་བརྟག་གོ།  །ཞེས་བཤད་པས་མགོ་ཟླུམ་གཉིས་སོ་ཞེས་པ་སྟེ་རྩེ་མོ་ཁ་དབྲག་ཏུ་དགོས་པའི་དོན་ཡིན་ལ། དེ་ཡང་ཕལ་ཆེར་གྱིས་ས་རིས་ཀྱི་བརྡ་གཉིས་ཞེས་པ་བླ་བཏགས་སུ་གོ་ཞིང༌། དེའི་དབང་གིས་ས་ལ་ན་རོ་ཡང་པོ་ཞེས་བྱ་བར་བསྒྱུར་བས་ནོངས་པ་ཡིན་ནོ། །དེ་བཞིན་དུ་གཞང་འབྲུམ་བརྟག་པའི་ཆ་བྱད་ལའང་སྔ་རབས་པ་རྣམས་ན་རེ། དབྱིབས་བའི་ནུ་མ་འདྲ་བ་ལ་སྲིད་སོར་གསུམ་ཡོད་པ་སྦོམས་སུ་ཕོ་ལ་སོར་ལྔས་འཁྱུད་པ། མོ་ལ་སོར་དྲུག་གིས་འཁྱུད་པར་བྱ། ནད་བལྟ་བ་ལ་མདོ་ཕུགས་གཉིས་ཀའི་བུ་ག་ཟངས་ཐལ་དུ་བྱས་ཏེ་འཕོངས་སུ་ཉི་མ་འཆར་བར་བྱས་ལ། གཞང་འབྲུམ་བལྟ་སྟེ་བཅུག་ལ་ཐོར་པ་བལྟའོ། །ཐོར་བ་རྟོགས་ནས་གཅོད་པའི་ཆ་བྱད་ཀྱང་དེ་འདྲ་བ་ལ་ཕུགས་ཀྱི་བུག་པ་མེད་པར་ཟླུམ་པོར་བཀག་སྟེ། ལོགས་ལ་ཐོར་བ་ཤོང་བའི་བུ་ག་གཅིག་བྱས་པ་དེར་ཐོར་བ་ཚུད་པར་བྱས་ནས་བསྙུང་བུས་ཐོར་བ་གཞར་དེ་བཅད་ཤུལ་མར་གྱིས་བསྲེགས་པའོ། །ཞེས་བཤད་པ་མི་འཐད་དེ།

རྒྱུད་ཆུང་བར། སྦུབས་ཅན་ནུ་འདྲ་སོར་གསུམ་པ། །ཁ་གདེངས་ཕོ་སོར་ལྔ་མོ་སོར་དྲུག །ནད་རྟོགས་ཐད་ཀར་བུ་ག་གཉིས། །རྙེད་ནས་བུ་ག་གཅིག་པས་གཅད། །བུག་པ་མཐེ་བོང་ཤོང་ཙམ་བྱ། །གཞང་འབྲུམ་བཅད་ཤུལ་མར་གྱིས་བསྲེགས། །འཕོངས་སུ་ཉི་མ་འཆར་མཐོང་གཅེས། །ཞེས་པ་དང༌། ཟླ་ཟེར་ལས། གཞང་འབྲུམ་ཆ་བྱད་བ་ཡི་ནི། །ནུ་སོར་འདྲ་བའི་སོར་བཞི་པ། །སྐྱེས་པར་སོར་ལྔས་འཁྱུད་པ་སྟེ། །བུད་མེད་སོར་དྲུག་གིས་འཁྱུད་བྱ། །ནད་བལྟ་བ་ལ་བུ་ག་གཉིས། །ལས་ལ་བུ་ག་གཅིག་པུར་བྱ། །དབུས་ཀྱི་བུ་ག་སོར་གསུམ་པ། །མཐེ་བོང་ཤོང་བ་ཙམ་དུ་བྱ། །དེ་སྟེང་རྩེ་མོ་ཟླུམ་པོ་ནི། །དཔངས་སུ་སོར་ནི་ཕྱེད་པ་བྱ། །ཞེས་བྱ་བ་ལ། གཞང་འབྲུམ་འཆོས་པའི་ཆ་བྱད་ནི། བའི་ནུ་སོ་དང་འདྲ་བའི་དབྱིབས་བྱས་ལ་སྲིད་སོར་བཞི་ཡོད་པ་སྐྱེས་པ་ལ་གཏོང་བའི་སྦོམ་སོར་ལྔས་འཁྱུད་པར་བྱས་ལ་བུད་མེད་ཀྱི་གཞང་འབྲུམ་འཆོས་པའི་ཆ་བྱད་ནི་སོར་དྲུག་གིས་འཁྱུད་པའི་སྦུབས་ཡོད་པ་བྱའོ། །ནད་ལྟ་བ་ནི་གཞང་འབྲུམ་གྱི་ནད་རྟོགས་པའོ། །བུ་ག་གཉིས་ནི་ངོས་གཉིས་པ་བུ་ག་ཡོད་པར་བྱས་པའོ། །དེ་བཞིན་དུ་གཞང་འབྲུམ་རྒས་པ་དང་བཅད་པ་དང་ཐལ་སྨན་རྣོན་པོ་གཏོང་བའི་ལས་རྣམས་ཀྱི་ཆ་བྱད་ནི་སྔ་མ་ལྟ་བུ་ལ་བུ་ག་གཅིག་པ་བྱའོ། །དེ་ལྟར་མངོན་སུམ་བལྟ་བའི་ཕྱིར་ནི་བུ་ག་གཉིས་པ་བྱས་ལ་བཙགས་བུ་དང་ཐལ་སྨན་དང་མེ་བཙའ་གདབ་པ་མི་འགྱུར་བར་བྱ་བའི་ཕྱིར་ནི་བུ་ག་གཅིག་པ་བྱའོ། །ཆ་བྱད་འདིའི་དབུས་ཀྱི་བུ་ག་ནི་སྲིད་དུ་སོར་གསུམ་པ་བྱའོ། །མཐེ་བོང་གི་ལྟོ་ཤོང་བ་སྟེ་རྒྱར་མཐེ་བོང་གི་ལྟོ་དང་ཞེང་མཉམ་པར་བྱའོ། །ཡང་བུ་ག་དེའི་རྩེ་མོའི་སྟེང་མ་ནི་དབྱིབས་ཟླུམ་ལ་དཔངས་སོར་ཕྱེད་ཡོད་པ་སོར་ཚད་དུ་བསྟན་པ་དེའི་སྟེང་དུ་ལྷག་མ་སོར་ཕྱེད་ཡོད་པར་ལྟེ་བ་ཟླུམ་པོ་སོར་ཕྱེད་བྱ་བའི་དོན་ཏོ། །ཞེས་རྩེ་མོ་ཟླུམ་པོ་བུ་ག་མེད་པར་བཤད་པའི་ཕྱིར། ཁྱོད་ཀྱི་ལུགས་ལྟར་ན་འབྲུམ་པ་བཅད་ཤུལ་མར་གྱིས་བསྲེགས་པའི་སྐབས་སུ་ཁོང་བའི་ཕུགས་སུ་འགྲོ་བ་སོགས་ཀྱི་སྐྱོན་མང་དུ་ཡོད་དོ། །འོ་ན་གཞུང་འདིར་སྲིད་དུ་སོར་གསུམ། ཡན་ལག་བརྒྱད་པར། སོར་བཞི་བཤད་པའི་ཁྱད་པར་ཅི་ཡིན་སྙམ་ན། སློབ་དཔོན་གྱི་རང་འགྲེལ་ལས། དེ་ཡང་ནང་དུ་བཅུག་པའི་རྩེ་མོ་སོར་ཕྱེད་དང༌། ཕྱིར་ལུས་པའི་རྒྱུ་སོར་ཕྱེད་པ་པདྨའི་སྙིང་པོ་ལྟ་བུའོ། ཞེས་བཤད་པས། སློབ་དཔོན་གྱིས། ཟླུམ་པོའི་རྩེ་ལ་སོར་ཕྱེད་དང༌། བཅུག་པའི་ལྷག་སོར་ཕྱེད་པ་དགོས་པ་ལ་དགོངས་ཤིང་འདིར་དངོས་གཞི་ཙམ་ལ་དགོངས་པ་གཏད་པའི་ཁྱད་པར་རོ། །གཞན་ཡང་འདིར་མ་གསུངས་པའི་ཆ་བྱད་སློབ་དཔོན་གྱིས་བཤད་པ་འདི་ལྟ་སྟེ། ཆ་བྱད་ནང་ཁོང་སྟོང་ལ་གཡས་གཡོན་ནས་བུ་ག་མེད་པ་ཁར་ཀྲོལ་ལྟ་བུ་བྱས་པས་ནི་གཞང་འབྲུམ་མནན་ཅིང་བཙིར་བ་ལ་སྦྱོར། མཚན་བར་རྡོལ་བའི་ནད་ནི་པདྨའི་སྙིང་པོ་ལྟ་བུའི་ནད་རྨའི་མཐའ་འཁོར་དང་སྟེང་དུ་རྨའི་ཁའི་བུ་ག་མང་དུ་འབྱུང་བ་ལ་ནི་རྣམ་པ་ཐམས་ཅད་དུ་ཁར་ཀྲོལ་ལྟ་བུའི་ཆ་བྱད་ཀྱིས་དབྱུང་ཞིང་ཞི་བར་བྱ་བ་མ་གཏོགས་གཞན་གྱིས་ནི་མི་ནུས་སོ། །ཞེས་དང༌། ཟླ་ཟེར་ལས། ཁར་ཀྲོལ་ལྟ་བུ་ཞེས་པའི་ཆ་བྱད་ནི་བཤད་མ་ཐག་པའི་ཆ་བྱད་ཀྱི་རྣམ་པ་བཤད་མ་ཐག་པའི་གཞང་འབྱམ་གྱི་རྣམ་པ་འདྲ་བ་ལ་བུ་ག་མེད་པ་སྟེ། ངོས་གཉིས་སུ་བུ་ག་གཏོད་པ་མེད་པའོ། །དེ་ལྟ་བུའི་ཆ་བྱད་ནི་གཞང་འབྲུམ་གྱི་ནད་བཙིར་བའི་དོན་དུ་བྱའོ། །མཚན་བར་རྡོལ་བའི་ནད་གསོ་བའི་ཆ་བྱད་ནི་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་བུ་ག་ཡན་ཆད་ཀྱི་ལྟེ་བ་དེས་བསལ་ཞིང་མེད་པར་བྱ་སྟེ། ཆ་བྱད་འདི་ལ་དབུས་མའི་ལྟེ་བ་མེད་པར་བྱ་བའི་དོན་ཏོ། །སྣ་ཡི་ཤུ་བའི་འབྲུམ་བུ་ལ། །བུ་ག་གཅིག་ལ་སོར་གཉིས་བྱ། །ཞེང་དུ་མཛུབ་མོའི་ཚད་ཙམ་ལ། །མཚན་བར་རྡོལ་གྱི་དཔྱད་འདྲ་བྱ། །སོར་མོ་བསྲུང་ཕྱིར་བ་སོའམ། །ཤིང་གི་ཤུབས་ནི་སོར་བཞི་བྱ། །བ་ཡི་ནུ་འདྲ་བུ་ག་གཉིས། །དེ་ཡི་ཁ་ནི་དབྱེ་བར་བྱ། །ཞེས་བྱ་བ་ལ་སྣ་ཡི་ནང་གི་འབྲུམ་པ་བསལ་ཞིང་བཅད་པའི་ཆ་བྱད་ནི་བུ་ག་གཅིག་པ་བྱས་ལ། དཔངས་སུ་སོར་གཉིས་པ་ཞེང་གི་ཚད་མཛུབ་མོ་ཙམ་ལ་མཚན་བར་རྡོལ་གྱི་ཆ་བྱད་དང་འདྲ་བར་དབུས་མའི་ལྟེ་བ་མེད་པར་བྱའོ། །དེ་སྟོང་བར་བྱེད་པ་ན་སྨན་པའི་སོར་མོ་བསྲུང་ཞིང་གནོད་པ་མེད་པར་བྱ་བའི་ཕྱིར་བ་སོའམ་ཤིང་ལས་བྱས་པའི་ཤུབས་དཔངས་སུ་སོར་བཞི་ཡོད་པ་བུ་ག་གཉིས་ཡོད་པ་བྱས་ལ། ཆ་བྱད་དེའི་རྣམ་པ་ནི་བའི་ནུ་མ་དང་འདྲ་བར་བྱའོ། །ཡང་ན་ཆ་བྱད་དེའི་ཁ་བྱེ་ཞིང་གྱེས་པར་བྱས་ལ་མཁྲིག་མར་སྲད་བུས་དམ་དུ་བཅིང་བར་བྱའོ། །མོ་མཚན་ཟླ་བརྟག་དབུས་སུ་ནི། །ཁོང་སྟོང་སོར་ནི་བཅུ་དྲུག་པ། །ཕྱོགས་བཞིར་གདུ་བུས་བཅིང་བར་བྱ། །རྩེ་མོ་པདྨ་ཁ་ཟླུམ་འདྲ། །ཐུར་མ་བཞི་ནི་མནན་པ་ཡིས། །རྩ་བ་བསྡམས་ནས་ཁ་བྱེ་བྱ། །ཞེས་བྱ་བ་ལ་མོ་མཚན་ནམ་མངལ་དུ་རྨ་བྱུང་བརྟག་ཅིང་བལྟ་བའི་ཆ་བྱད་ནི། དབུས་ཁོང་སྟོང་དུ་བྱས་པའི་སྲིད་སོར་བཅུ་དྲུག་ཡོད་པར་གདུ་བུ་འདྲ་བའི་ཁྱུད་འཁོར་གྱིས་བཅིངས་པའི་ཕྱོགས་བཞིར་ཐུར་མ་བཞི་ཡོད་པར་བྱས་ཤིང་བསྐུལ་བའི་རྩེ་མོ་གདུ་བུ་འདྲ་བས་བཅིངས་པ་དང༌། དེ་བཞིན་དུ་པདྨ་ཁ་ཟུམ་པའམ་མ་བྱེ་བ་འདྲ་བའི་རྩེ་མོ་ཡོད་པ་ཐུར་མ་བཞི་ཡོད་པའི་རྩེ་མོ་ལག་པས་བཟུང་བའི་ཕྱོགས་སུ་བསྡམས་ཤིང་བཙིར་ན་ཁ་བྱེ་ཞིང་གྱེས་པར་འགྱུར་བར་བྱའོ། །ཞེས་བྱ་བ་ལ་སོགས་པ་བཤད་དོ།།

གཉིས་པ་ཚིག་གི་དོན་ལ་བཞི་སྟེ། མགོ་ཆག་བརྟག་པ། མདེའུ་བརྟག་པ། རྣག་བརྟག་པ། གཞང་འབྲུམ་བརྟག་པའོ། །དང་པོ་ནི། དེ་ལ་ཞེས་པ་ནས་རུས་ཆག་བརྟག་ཅེས་པའི་བར་གྱིས་བསྟན་ཏེ། ཆ་བྱད་རྣམ་པ་སྡེ་ཚན་ལྔ་ཡོད་པའི་ནང་ནས་དེ་ལ་དང་པོ་ཟུག་རྔུ་བརྟག་པའི་ཆ་བྱད་དེ་ལའང་རྣམ་པ་བཞི་ཡོད་པ་ལས། དང་པོ་མགོ་རྨའི་རིགས་ལ་ཆ་བྱད་རྩེ་ཞབས་ལ་སྦོམ་ཕྲ་སོགས་ཀྱི་ཁྱད་པར་མེད་པའི་ཟླུམ་པོ་གྲོ་སོག་གི་མགུལ་པ་ཙམ་སྲིད་སོར་དྲུག་པ་གཅད་ཁ་དང་ལྡན་པ་དེ་འདྲ་བ་ལ་ཁབ་མགོ་ཞེས་བྱ་སྟེ། དེས་མགོའི་རུས་པ་ཆག་གམ་མ་ཆག་བརྟག་པར་བྱའོ། །གཉིས་པ་མདེའུ་བརྟག་པའི་ཆ་བྱད་ནི་མགོ་ཟླུམ་ཞེས་པ་ནས་ཟུག་རྔུ་བརྟག་ཅེས་པའི་བར་གྱིས་བསྟན་ཏེ། ཤ་གསེབ་ཏུ་མདེའུ་ལུས་པ་གང་ན་འདུག་བརྟག་པའི་ཆ་བྱད་ལ། ཐོག་མར་མགོ་བོ་སྲན་མ་ལྟར་ཟླུམ་པ་ཞིག་བཏང་སྟེ་བརྟག་པར་བྱའོ། །དེས་མ་རྟོགས་ན་དེ་འདྲ་རྩེ་མོ་ཁ་དབྲག་ཡོད་པ་གཉིས་སོ་ཞེས་བྱ་བས་བརྟག དེས་ཀྱང་མ་རྟོགས་ན་རིམ་པ་བཞིན་དུ་རྩེ་མོ་གཅིག་པ་ནས་གང་ཙམ་སྐྱོགས་པ་དང༌། དེ་ལས་ཀྱང་རྩེ་མོ་གུག་པ་ཞིག་དང༌། སྦྲུལ་མགོ་གདེངས་པ་ལྟ་བུ་སྟེ་རྩེ་མོ་རིམ་གྱིས་གུག་པའི་རྩེ་མོར་མིག་ཡོད་པ་བྲ་བོ་འདྲ་རྣམས་ཀྱིས་ལེགས་པར་བརྟགས་པས་ནམ་རྟོགས་པ་དེའི་ཚེ་ཟངས་དུང་ཁ་འདྲ་བའི་སྦུབས་ལྡན་ཕྲ་མོ་བཏང་སྟེ་ནང་ནས་བསྡམས་པའི་འཕྲུལ་སྐམ་གྱིས་དབྱུང་བར་བྱའོ། །དེ་དག་ཀུན་ཀྱང་སྲིད་དུ་སོར་བཅུ་གཉིས་པ་ཕྲ་ལ་འདྲོངས་ཤིང་འཇམ་པས་གཙོ་བོར་ལུས་ཀྱི་ཡན་ལག་བཞི་ལ་གནས་པའི་ཟུག་རྔུ་རྣམས་བརྟག་ཅིང་དབྱུང་བར་བྱའོ།།

གསུམ་པ་རྣག་བརྟག་པའི་ཆ་བྱད་ནི། སོར་བརྒྱད་ཅེས་པ་ནས་མ་སྨིན་བརྟག་ཅེས་པའི་བར་གྱིས་བསྟན་ཏེ། ཕྲ་ཞིང་འཇམ་པ་སྲིད་དུ་སོ་བརྒྱད་ཡོད་པ་དབལ་གྲུ་བཞིར་ལྡན་པའི་རྩེ་མོར་ཁབ་མིག་དང་འདྲ་བའི་དཀར་ཁུང་ཅན་དེ་འདྲ་བས་སྐྲངས་པའི་སྟེང་དུ་བཏབ་པས་རྣག་ཏུ་སྨིན་ནམ་མ་སྨིན་བརྟག་པར་བྱ་སྟེ། སྨིན་ན་དཀར་ཁུང་དུ་རྣག་དབྱུང་བས་བསལ་ལོ། །བཞི་པ་གཞང་འབྲུམ་བརྟག་པའི་ཆ་བྱད་ནི་སྦུབས་ཅན་ཞེས་པ་ནས་བཅད་ལ་སྦྱར་ཞེས་པའི་བར་གྱིས་བསྟན་ཏེ། ཤིན་ཏུ་འཇམ་པའི་སྦུབས་ཅན་བ་ནུའི་དབྱིབས་དང་འདྲ་བ་སྲིད་དུ་སོར་གསུམ་རྩེ་མོ་ཟླུམ་པོའི་ཆ་ལ་སོར་ཕྱེད་དང༌། ཕྱིར་ལྷག་སོར་ཕྱེད་དང་བཅས་ཞིང་པས་གནས་ཀྱི་རྣམ་པས་སྦོམས་སམ་འཁྱུད་དུ་ཕོ་ལ་སོར་ལྔ་དང་མོ་ལ་སོར་དྲུག་སྟེ་མདོར་ན་ནང་དུ་མཐེ་བོང་ཤོང་བ་ཙམ་བྱས་ལ་བྱེ་བྲག་ཏུ་ནད་དེའི་ངོ་བོ་འབྲུམ་པ་ཕྱོགས་གང་ན་འདུག བལྟ་བ་ལ་ངོས་ཕན་ཚུན་དུ་བུ་ག་སྲན་མ་བཅས་པ་ཤོང་བ་ཙམ་གཉིས་ཡོང་བར་བྱ་ཞིང༌། འབྲུམ་པ་གང་ན་འདུག་རྟོགས་ནས་གཅོད་པའི་ལས་ལ་འཇུག་པ་དེའི་ཚེ་གཡས་གཡོན་གྱི་བུ་ག་གང་ཡང་རུང་བ་གཅིག་པ་གློ་དཀར་གྱི་རྣམ་པ་ཅན་དེ་འདྲ་བ་གཉིས་པོ་ནི་རིམ་པ་ལྟར་གཞང་འབྲུམ་གང་ན་འདུག་བལྟ་བ་དང༌། མཐོང་ནས་བུ་ག་གཅིག་པུ་དེར་འབྲུམ་པ་ཚུད་པར་བྱས་ལ་ནང་ནས་དེ་དང་འཚམ་པའི་སྙུང་བུས་བཅད་ཅིང་མར་བཞུས་པས་བསྲེག་པའི་ཆོ་ག་ལ་སྦྱར་བར་བྱའོ། །གཉིས་པ་སྐམ་པའི་སྡེ་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། རྒྱུད་ཆུང་བས། མདེ་འབྱིན་སྐམ་པ་སོར་བཅོ་བརྒྱད། །སྦྲེལ་མཚམས་སྲན་ལྟར་འཇམ་པའི་གཟེར། །རྩེ་མོ་འབྱིན་པར་ནུས་པ་སྟེ། །རྩ་བ་ལྕགས་ཀྱུ་ཨ་ལོང་ཅན། །སྲ་ན་འབྲེང་བ་བཏགས་པས་འཐེན། །ཆ་བྱད་བདེ་ལེགས་ཡིན་ཞེས་བྱ། །སེང་གེ་ཁ་ནི་གཙང་གཞུག་མེད། །སྦོམ་ཐུང་གྲུ་བཞི་ལྡན་པ་ཡིན། །རུས་མགོར་མདེའུ་དམ་ཟུག་པ་དབྱུང༌། །བཞི་ཆ་མདེའུ་དམ་སྦུབས་ཆུང་བྱ། །ཆ་བྱད་མཆོག་ནི་ཀང་ཀ་ཡིན། །གྲུ་བཞི་ཤ་ཆེ་བཟང་བ་གཅེས། །ཀང་ཀ་གཙང་གཞུག་ཕྲ་འཛང་པས། །ཤ་གཏིང་མདེའུ་ལུས་པ་འབྱིན། །བྱ་རོག་མཆུ་ནི་རྐང་འདྲ་ལ། །ཅུང་ཐུང་ཤ་འདམ་ཆུང་མདེ་འབྱིན། །སྐམ་པ་བྲ་ཟ་མཐིང་རིལ་མཆུ། །མཆུ་ལ་སོར་བརྒྱད་ཕྲ་ལེགས་པས། །ཤ་གསེབ་མདེའུ་ལུས་པ་འབྱིན། །འཁྲུལ་སྐམ་སྦུབས་ཐུར་སོར་བཅུ་གཉིས། །གསང་འཁྲང་ནང་ནས་སྡོམ་པ་ནི། །འདམ་བུའི་མཆུ་སྟེ་རྨ་ཤ་ཡིས། །གཏིང་ལུས་ཟུག་རྔུ་འབྱིན་པའོ། །འཇམ་རྩེ་སོ་གྲ་གདུ་བུས་སྡོམ། །ཙུ་མོ་ཏི་ཞེས་བྱ་བ་སྟེ། །རྨ་ཁུང་རྩ་རྒྱུས་ལུས་ལ་འབྱིན། །ཞེས་པ་དང༌།

ཟླ་ཟེར་ལས། སེང་གེ་ཀང་ཀ་དོམ་བྱ་རོག །རི་དྭགས་བྱ་སོགས་ཁ་འདྲ་བའི། །མཆུ་ཅན་ཆ་བྱད་བྱས་ནས་ནི། །དེ་ཡི་མིང་ཡང་གདགས་པར་བྱ། །ཕལ་ཆེར་ལྕགས་ཀྱི་རྒྱུ་ལས་ནི། །སྲིད་དུ་སོར་ནི་བཅོ་བརྒྱད་བྱ། །སྐམ་པ་སྦྲེལ་བའི་མཚམས་སུ་ནི། །སྲན་ཆུང་ལྟ་བུའི་གཟེར་བཏབ་པས། །རྩ་བ་ལྕགས་ཀྱུ་ལྟར་བཀུག་པའི། །ཆ་བྱད་བདེ་ལེགས་ཡིན་ཞེས་བྱ། །ཞེས་བྱ་བ་ལ། སེང་གེ་དང་ཀང་ཀ་ལ་སོགས་པའི་རི་དྭགས་དང་བྱ་རྣམས་ཀྱི་མཆུ་དང་འདྲ་ཞིང་མཚུངས་པའི་ཆ་བྱད་བྱས་ལ། ཆ་བྱད་དེ་དག་ཀྱང་དེའི་མིང་གདགས་པར་བྱ་སྟེ་གང་གི་མཆུ་དང་གང་འདྲ་བ་དེ་ལ་དེའི་མིང་གདགས་པར་བྱའོ། །དཔེར་ན་ཀང་ཀའི་མཆུ་དང་བྱ་རོག་གི་མཆུ་ལྟ་བུ་ཞེས་བྱ་བ་ལ་སོགས་པའོ། །དེ་དག་ཀྱང་ཕལ་ཆེར་རམ་མང་དུ་ལྕགས་ཀྱི་རྒྱུ་ལས་བྱ་ལ། ཚད་ནི་ཕལ་ཆེར་བཅོ་བརྒྱད་པ་བྱའོ། །སྐམ་པ་དེ་དག་གིས་སྦྲེལ་བའི་མཚམས་ཁའི་འོག་ཏུ་སྲན་ཆུང་ལྟ་བུ་སྟེ་རྩེ་མོ་སྲན་ཆུང་ལྟར་ཟླུམ་པའི་གཟེར་བུ་ལེགས་པར་བཏབ་ལ་དེ་བཞིན་དུ་རྩ་བ་སྟེ་ལག་པ་བཟུང་བའི་ཕྱོགས་སུ་ལྕགས་ཀྱུ་ལྟར་གུག་ཅིང་འཁྱོག་པར་བྱ་བའི་ཆ་བྱད་དེ་ནི་མིང་བདེ་ལེགས་ཞེས་བྱ་བ་ཡིན་ཏེ་རྩེ་མོ་གཡུང་དྲུང་ལྟ་བུའོ། །དེས་ནི་བརྟན་པར་རུས་ཟུག་པའི། །ཟུག་རྔུ་འབྱིན་ལ་སྦྱར་བར་བྱ། །ཞེས་བྱ་བ་ལ། བདེ་ལེགས་ཞེས་བྱ་བའི་ཆ་བྱད་བརྟན་ཞིང་མི་འཇིག་པས་རུས་པ་ཟུག་པའི་ཟུག་རྔུ་གང་ཡིན་པ་དེ་འབྱིན་ཞིང་དབྱུང་བ་ལ་སྦྱར་བར་བྱའོ། །གཟེར་གདབ་རྩེ་མོ་གྱེས་པ་དག །སྐམ་པ་ཡིན་ཏེ་སོར་བཅུ་དྲུག །དེས་ནི་པགས་པ་རྩ་རྒྱུས་ཤར། །ཞེན་པའི་ཟུག་རྔུ་འབྱིན་ལ་སྦྱར། །ཞེས་བྱ་བ་ལ་སྐམ་པ་ནི་གཉིས་བྱ་སྟེ། དེ་ལས་གཅིག་ནི་རྩེ་མོའི་ཕྱོགས་སུ་གཟེར་བུ་བཏབ་ཅིང་བསྡམས་པ་དང་བཅས་པའོ། །གཉིས་པ་ནི་རྩེ་མོ་གྱེས་ཤིང་གཟེར་བུ་མ་བཏབ་པ་ལ་ཁ་བསྡམས་པའོ། །སྐམ་པ་དེ་གཉིས་ཀ་ཡང་སྲིད་སོར་བཅུ་དྲུག་པ་བྱའོ། །དེ་གཉིས་ཀྱིས་ནི་པགས་པ་ལ་སོགས་པར་ནུབ་ཅིང་ཞེན་པའི་ཟུག་རྔུ་དེ་དབྱུང་ཞིང་འདྲེན་པ་ལ་སྦྱར་ཞིང་བཏང་བར་བསྟན་ཏོ། །སྐམ་པ་སོར་དྲུག་ཟུག་རྔུ་ཕྲ། །རྫི་མ་མ་རུངས་འབྱིན་ལ་སྦྱར། །ཞེས་བྱ་བ་ལ། སྐམ་པ་དེ་ལས་གཞན་པ་སྲིད་སོར་དྲུག་ཡོད་པ་ཁ་གྱེས་པ་ཉིད་དུ་བྱས་ལ། དེས་ནི་ཟུག་རྔུ་ཕྲ་བ་སྟེ་མིག་གི་རྨ་ལ་སོགས་པར་རྟོགས་པ་དང༌། དེ་བཞིན་དུ་རྫི་མ་མ་རུངས་པ་སྟེ་མིག་གི་རྨའི་ནང་དུ་ཞུགས་པ་འབྱིན་པ་ལ་སྦྱོར་རོ། །སོ་ཕྲ་གྲང་ཞིང་རྩ་བ་ནི། །གདུ་བུས་བརྒྱན་པ་ཙུ་མོ་ཏི། །དེས་རྨ་གཏིང་དུ་ཟུག་པ་དང༌། །མིག་རྫི་གཏིང་དུ་ལུས་ལ་སྦྱར། །ཞེས་བྱ་བ་ལ། ཆ་བྱད་གང་སོ་ཕྲ་མོ་གཏོད་པ་བྱས་ལ། དེ་ཡང་གྲང་ཞིང་རྩེ་མོ་གཉིས་དྲང་པོར་བྱའོ། །དེའི་ཚད་མ་སྨོས་པས་འདས་མ་ཐག་པའི་སོར་དྲུག་ཉིད་ཡིན་པར་ཤེས་པར་བྱའོ། །དེའི་རྩ་བ་ནི་ལག་པས་བཟུང་བའི་ཕྱོགས་ཏེ། དེར་གདུ་བུས་བརྒྱན་པ་ཞེས་བྱ་བ་དམ་དུ་བསྡམས་པའི་ཕྱིར་ལྕགས་ཀྱི་འཁྱུད་མོ་གདུ་བུ་ལྟ་བུར་དཀྲིས་པ་གང་ཡིན་པ་དེ་ལ་གདུ་བུས་བརྒྱན་པ་ཞེས་བྱའོ། །དེའི་མིང་ཙུ་མུ་ཏི་ཞེས་བྱ་སྟེ། དེས་རྨ་གཏིང་དུ་ཟུག་པ་དང༌། དེ་བཞིན་དུ་མིག་གཟེར་གཏིང་དུ་ལུས་ཏེ་མ་ཐོན་པ་ལ་སྦྱར་བྱའོ། །བཞི་པོ་དེ་དག་ནི་ཆ་བྱད་སྐམ་པ་ཞེས་བྱ་བ་ཡིན་ནོ། །ཞེས་བཤད་དོ།།

གཉིས་པ་ཚིག་གི་དོན་ནི། ཟུག་རྔུ་ཞེས་པ་ནས་རུས་པ་དབྱུང་ཞེས་བྱ་བའི་བར་གྱིས་བསྟན་ཏེ། མདེའུ་ལ་སོགས་པའི་ཟུག་རྔུ་འབྱིན་པར་བྱེད་པའི་ཆ་བྱད་སྐམ་པའི་སྡེ་ཚན་བསྟན་པ་ནི། སེང་གེའི་ཁ་ལྟ་བུ་སྦོམ་ལ་ཐུང་བ་དང༌། བྱ་ཀང་ཀའི་མཆུ་ལྟ་བུ་རིང་ཐུང་སོར་བཞི་ཙམ་ལ་གཙང་མཇུག་ཅན་དང༌། དེ་ལས་ཅུང་ཟད་ཐུང་ཞིང་སྦོམ་པ་བྱ་རོག་གི་མཆུ་ལྟ་བུ་སྟེ་གསུམ་གའང་སྲིད་སོར་བཅོ་བརྒྱད་དང་ལྡན་ཞིང་འབྲེལ་མཚམས་གཡུང་དྲུང་རིས་ཀྱི་ལྟེ་བར་གཟེར་སྲ་ཞིང་ཟླུམ་བུར་བཏབ་པ། རྐང་བརྒྱད་གཞོགས་དབྱིབས་ཅན་མཛུབ་མོའི་སྦོམ་ཕྲ་ཙམ་གྱི་རྩ་བ་ལག་པས་འཛིན་པའི་ཕྱོགས་གཅིག་པོ་ལྕགས་ཀྱུའི་དབྱིབས་ཅན་དང་གཅིག་ཤོས་ལ་ཨ་ལོང་བཏགས་པ་དེ་དང་འདྲ་བ་ནི། རིམ་པ་བཞིན་དུ་རུས་མགོ་ལ་ཟུག་པ་དང་ཤ་རྔམས་མཐུག་པོའི་གཏིང་གི་རུས་པ་ལ་ཟུག་པ་དང་ཤ་རྔམས་ཅུང་ཟད་ཡོད་པའི་རུས་པ་ལ་ཟུག་པའི་ཟུག་རྔུ་འབྱིན་པ་རྣམས་ལ་རིགས་པས་དཔྱད་དེ་སྦྱར་བར་བྱའོ། །དེ་བཞིན་དུ་དབྱིབས་སྔ་མ་རྣམས་དང་འདྲ་ཞིང་མཆུ་ཁོ་ན་ལ་སོར་བརྒྱད་དང་ལྡན་པ་མཐིང་རིལ་གྱི་མཆུ་དང་འདྲ་བ་ཤིན་ཏུ་ཕྲ་བས་ནི་ཤ་རུས་ཀྱི་ཁྲོད་ན་ལུས་པའི་ཟུག་རྔུ་དབྱུང་བར་བྱ་ཞིང༌། གོང་དུ་ཟུག་རྔུ་བརྟག་པའི་སྐབས་སུ་བཤད་པ་ལྟར་སྦུབས་ལྡན་སྲིད་སོར་བཅུ་གཉིས་པ་ཕྲ་ཞིང་གསང་ལ་འཁྲང་བ་ནང་ནས་ལྕགས་རྐང་ཕྲ་མོས་བསྡམས་པ་ནི་འདམ་བུའི་མཆུ་ཞེས་བྱ་སྟེ། དེ་ནི་རྨ་གཏིང་ཤིན་ཏུ་རིང་པོར་ལུས་པའི་ཟུག་རྔུ་དབྱུང་བ་ལ་སྦྱར་བ་ཡིན་ལ། སོ་ཤིན་ཏུ་ཕྲ་མོ་གཉིས་ཁ་སྦྱར་བའི་རྩ་བ་གདུ་བུས་བསྡམས་པ་ནི་ཙུ་མོ་ཏི་སྟེ་མིང་གཞན་ཚེར་བཟུང་ཞེས་པ་འཇབ་རྩེ་ཕྲ་མོ་ནི་རྩ་རོ་རྒྱུས་རོ་དང་རུས་མཛེར་སོགས་དབྱུང་བ་ལ་སྦྱར་བར་བྱའོ། །དེ་དག་ཀུན་ཀྱང་ལྕགས་བཟང་ངར་དང་ལྡན་ཞིང་ཐར་འཁྱོངས་སྲ་མཛེས་དང་ལྡན་པར་བྱའོ། །

གསུམ་པ་གཙག་བུའི་སྡེ་ཚན་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། ཆ་བྱད་ལྷག་མ་རྣམས་སློབ་དཔོན་གྱིས་ཕན་ཚུན་འདྲེས་པའི་ཚུལ་དུ་གསུངས་ཏེ། མགར་བ་མཁས་པས་ཆོ་ག་བཞིན། །བརྡུངས་པའི་གཏར་དཔྱད་ཉི་ཤུ་དྲུག །སྤུ་ནི་ཆོད་པར་ནུས་པ་དག །ཕལ་ཆེར་སོར་ནི་དྲུག་པ་བྱ། །གཟུགས་ལེགས་སོ་ནི་ལེགས་པ་དང༌། །བཟུང་བར་བདེ་བ་ཉིད་དུ་བྱ། །ཡ་ཡོ་མེད་ཅིང་ཐར་ལེགས་པ། །ཤིན་ཏུ་རྣོ་བའི་ལྕགས་ལས་བྱས། །རྩེ་མོ་ཤིན་ཏུ་ལེགས་བརྡུངས་པ། །ཨུཏྤལ་སྔོན་པོའི་མདོག་འདྲ་བ། །རང་མིན་རྗེས་མཐུན་གཟུགས་ཅན་ནི། །རྟག་ཏུ་ཉེ་བར་བཞག་པར་བྱ། །རྩེ་མོ་རེ་རེ་དག་ལ་ཡང༌། །རང་ཚད་སོར་ཕྱེད་གཉིས་དང་བཞི། །ཕལ་ཆེར་གཉིས་དང་གསུམ་དུ་བྱ། །དེ་ནས་ཁྱད་པར་དག་ལ་སྦྱར། །དེ་ལས་དཀྱིལ་འཁོར་འདྲ་བའི་རྩེ། །མཛུབ་སེན་ནང་གི་དབྱིབས་འདྲར་བྱ། །དེ་ནི་གཉིས་སྐྱེས་ལྐོག་མ་ཡི། །ཤ་ལྷག་ལ་སོགས་བཞར་བཅད་སྦྱར། །འཕེལ་གཙགས་སྤུ་གྲིའི་དབྱིབས་ལྟ་བུ། །གཅོད་དང་དྲལ་དང་འབྱིན་ལ་སྦྱར། །རྩེ་དྲང་སྐྲངས་ནད་མཐོ་བ་དང༌། །ཟབས་པ་ལས་སྦྱར་དེ་ལས་གཞན། །ལྟག་པ་རིང་ཞིང་རྩེ་གུག་པ། །སོ་ཐུང་ནད་ཚུལ་ཇི་བཞིན་སྦྱར། །ཨུཏྤལ་དང་སོ་ཕྱེད་ཀྱིས། །དྲལ་དང་དེ་བཞིན་གཅད་པར་བྱ། །སྦྲུལ་ཁ་རྩེ་སོར་ཕྱེད་རྣ་བ། །སྣ་ཡི་ཐོར་བུ་བཅད་ལ་སྦྱར། །རྨ་ཚོལ་འཇམ་པོ་རྟ་བླ་བའི། །མགོ་བོ་འདྲས་གཞལ་བརྟག་པར་བྱ། །དེ་ལས་གཞན་པ་ཁབ་རྩེ་འདྲ། །རྩ་བུག་ཅན་ནི་དབུག་ལ་སྦྱར། །ལྕང་མའི་ལོ་འདྲ་འབིགས་པ་ལ། །ཤ་རིའི་མཆུ་འདྲ་མདའ་ཕུག་གི །ཁ་འདྲ་རྩེ་གསུམ་ཁྲག་ཟགས་ལ། །འཇག་རྩེ་ཨ་ཏིའི་མཆུ་འདྲ་བ། །འབྲས་བུ་སོར་གཉིས་ཁྲག་འབྱིན་ལ། །དེ་འདྲའི་སོ་ནི་ནང་དུ་བལྟ། །གཙགས་འབྲས་ཟླ་བ་ཁམ་པ་འདྲ། །སོར་ནི་ཕྱེད་དང་གཉིས་ཡོད་བྱ། །རྩེ་བོ་འབྲས་དང་འདྲ་བ་ལ། །སོར་ནི་ཕྱེད་དང་གཉིས་ཡོད་གང༌། །དེ་ནི་རྩ་ལྟོའི་ནད་ལ་སྦྱར། །སྟ་རེའི་དཔངས་འདྲ་བ་ལང་སོ། །འདྲ་བའི་གཙགས་འབྲས་སོར་ཕྱེད་པ། །དེ་ནི་ཡུ་བ་གྱེན་བསྟན་པ། །རུས་པའི་སྟེང་ནས་རྩ་ལ་གདབ། །ཟངས་མའི་ཐུར་མ་རྩེ་གཉིས་པ། །རྩེ་མོ་མེ་ཏོག་ཁ་འབུས་འདྲ། །དེ་ཡིས་མཐངོ་ཉམས་མིག་སྤྲིན་དབུགས། །རྒྱ་འདྲའི་གཙགས་བུ་བྱ་བ་ནི། །སོར་གདུབ་འདྲ་ལས་ཁར་བྱུང་བ། །བཙགས་འབྲས་རྒྱར་ནི་སོར་ཕྱེད་པ། །རིག་པས་འཕེལ་བཙག་ལྟ་བུ་འམ། དཀྱིལ་འཁོར་ལྟ་བུའི་རྩེ་འདྲར་བྱ། །དེ་ནི་མཛུབ་མོའི་ཐོར་ཏོ་ལ། །གདགས་སུ་རུང་བའི་རྒྱ་འདྲར་བྱ། །སྲད་བུས་བརྟོད་ལ་གྲེ་བའི་ནང༌། །ནད་རྣམས་བཅད་དང་དྲལ་ལ་སྦྱར། །གྲེ་བའི་ཤ་ལྷག་ཐོར་སོགས་འཛིན། །ལྕགས་ཀྱུ་རྩེ་མོ་ལེགས་བཀུག་བྱ། །རུས་པ་གཅོད་པའི་སོག་ལེ་ནི། །སྲིད་དུ་སོར་བཅུ་ཞེང་སོར་གཉིས། །སོ་རྣམས་ཕྲ་ཞིང་རབ་ཏུ་རྣོ། །ཡུ་བ་འཆང་བཟུང་ལེགས་པར་བྱ། །རྨ་ཡི་ཆུ་རྒྱུས་སྐྲ་བཅད་པའི། །ཆན་པ་ཆན་པ་འདྲ་བར་བྱ། །སོ་ཡོ་སོ་དྲང་ཁ་གཉིས་པའི། །སེན་མོ་བྲེག་གཅོད་སོར་དགུ་པ། །ཟུག་རྔུ་ཕྲ་དབྱུང་བཅད་པ་དང༌། །དྲལ་དང་དབུགས་དང་ཕྱི་བར་བྱ། །ཟུར་བཞི་པ་ལ་སོར་གཅིག་པ། །དབྱིབས་ནི་ཀུན་ཏུ་གཅིག་འདྲ་བ། །སོ་ཕྱི་བ་ཡི་གཙགས་དཔྱད་དེ། །སོ་ཡི་དྲེག་པ་ཕྱེ་བར་བྱ། །ཁབ་ནི་མགོ་ཟླུམ་མིག་ཟབ་ཆེ། །མཁྲང་བ་གསུམ་བྱ་དེ་ལ་ནི། །ཤ་ཚ་བ་ཡི་ཕྱོགས་སུ་ནི། །ཟུར་གསུམ་སྲིད་དུ་སོར་གསུམ་པ། །ཤ་ཆུང་བ་དང་རུས་ཚིགས་ན། །རྨ་ཡོད་པ་ལ་སྲིད་སོར་གཉིས། །ཞུ་དང་མ་ཞུའི་གནས་གནད་རྨའི། །ཁབ་རྩེ་འབྲས་དབྱིབས་གཞུ་ལྟར་དགུར། །སྲིད་དུ་སོར་ནི་ཕྱེད་དང་གསུམ། །ཁབ་ནི་བདུན་ནམ་བརྒྱད་ཀུན་ཀྱང༌། །ཟླུམ་པོ་སོར་ནི་ལེགས་སྦོམས་པ། །ཁྲི་གཅིག་ལ་བཙུགས་པིར་འདྲ་བ། །བཙན་སྔོ་གདོང་ནག་ཐིག་ལེ་ནག །སྐྲ་བྱི་བ་ལ་གཙག་པར་བྱ། །ཁ་བརྒྱད་ཟླུམ་པོ་སོར་ཕྱེད་པ། །གཅིག་ཏུ་སྦོམས་ལ་གཟར་བུ་འབྲས། །ལག་པ་གཉིས་ཀྱིས་བཙུགས་ནས་ནི། །དེ་ཡིས་སྣ་ཡི་ཁྲག་དབྱུང་ངོ༌། །སྣ་བཤལ་དབུགས་པའི་སྙུང་བུ་ནི། །ཡུ་རི་ཀ་ནི་ཁ་འབུས་འདྲ། །སྙུང་བུ་སོར་ནི་ཕྱེད་པ་བྱ། །དེ་ཡི་ཚད་དབུགས་དེ་ཡན་ཆད། །ཟུར་བཞི་པ་བྱས་དེ་ཡིས་ནི། །སྐྲངས་སྨིན་མ་སྨིན་དོགས་ལ་དབུགས། །སྣ་དྲུང་ཤ་ནི་སྟུག་པོ་དབུག །སྙུང་བུ་ཁ་ནི་སྦོམ་པ་ལ། །སུམ་ཆ་སྦུ་གུ་ཡོད་བྱས་པ། །སོར་གསུམ་པ་ཡིས་རྣ་བ་དབུག །ཅེས་བྱ་བ་ལ་སོགས་པ་འགྲེལ་པ་དང་བཅས་པ་རྒྱས་པར་གསུངས་སོ། །ཁྱད་པར་དུ་གཞུང་འདིར་མི་གསལ་ཡང་གཏར་དཔྱད་རྣམས་དང་རྗེས་སུ་མཐུན་པར་སྲིན་བུ་པདྨ་ཞེས་བྱ་བས་ཁྲག་དབྱུང་ཚུལ་འདི་ལྟར་བཤད་དེ། སྲིན་བུ་པདྨ་བདེར་གནས་པ། །ཁྲག་དབྱུང་ཕྱིར་ནི་སྦྱར་བར་བྱ། །ཞེས་བྱ་བ་སྲིན་བུ་པདྨ་ཞེས་བྱ་བ་ཆུ་ན་གནས་པའི་འབུའི་རིགས་ཛ་ལུ་ཀ་ནི་སྐྱེས་བུ་བདེ་བར་གནས་པ་དག་ཁྲག་དབྱུང་བའི་ཕྱིར་སྦྱར་བར་བྱའོ། །ཆུ་ནང་ཉ་དང་སྦལ་སོགས་དང༌། །མི་རོའི་དྲི་མ་རྣག་ལས་བྱུང༌། །དམར་དང་དཀར་དང་ཤིན་ཏུ་གནག །མི་བསྲུན་སྦོམ་དང་འབྱིལ་བ་དང༌། །འཇའ་ཚོན་འདྲ་དང་རོ་སྟོད་བཀྲ། །སྤུ་ཡོད་དེ་རྣམས་དུག་ཅན་ཡིན། །སྤང་བྱ་དེས་ནི་ཁྲག་གཞིབས་ན། །གཡའ་རྣག་འཛག་རིམས་མགོ་འཁོར་བསྐྱེད། །དེ་ལ་དུག་ཁྲག་མཁྲིས་གསོ་བྱ། །ཞེས་བྱ་བ་ལ།

སྲིན་བུ་པདྨ་ཆུ་ངན་པ་ལས་བྱུང་བ་དང༌། ཉ་དང་སྦལ་བ་ལ་སོགས་པ་དང༌། མི་རོ་དང་དྲི་མ་རྣམས་ལས་བྱུང་བ་ཁ་དོག་དམར་བ་དང༌། དཀར་བ་དང་ཤིན་ཏུ་གནག་པ་དང༌། མི་བསྲུན་ཞིང་རང་བཞིན་གཡོ་བ་དང༌། སྦོམ་ཞིང་ལུས་ཆེ་བ་དང༌། འཁྱིལ་བ་དང་གཞའ་ཚོན་དང་འདྲ་བར་ཁ་དོག་སྣ་ཚོགས་ཡོད་པ་དང༌། རོ་སྟོད་བཀྲ་ཞིང་ར་རིར་འདུག་པ་དང༌། སྤུ་ཡོད་པ་སྟེ་དེ་ཐམས་ཅད་ནི་དུག་ཅན་ཡིན་པས་སྤང་བར་བྱའི། གཏར་ཁ་གདབ་པའི་དོན་དུ་མི་སྦྱོར། ཅིའི་ཕྱིར་ཞེ་ན། དེས་ཁྲག་གཞིབས་ན་གཡའ་བ་ལ་སོགས་པ་འབྱུང་བར་འགྱུར་ལ། གཡའ་བ་ལ་སོགས་པ་སྐྱེས་པ་དེ་ལ་ནི་དུག་དང་ཁྲག་དང་མཁྲིས་པའི་གསོ་བ་བྱའོ། །ཆུ་མདོག་རྣམ་པར་གསལ་བ་དང༌། །དུག་མེད་ཉ་ལྕིབས་མེད་ལས་བྱུང༌། །རྩ་སྣར་རོ་སྟོད་སྔོ་བཀྲ་ཟླུམ། །རྒྱབ་ནི་ངུར་སྨྲིག་འདྲ་ལུས་ཕྲ། །ལྟོ་ནི་ཅུང་ཟད་སེར་བ་བཟང༌། །ཞེས་བྱ་བ་ལ། ཆུའི་མདོག་རྣམ་པར་གསལ་ཞིང་དྭངས་པ་ལས་བྱུང་བ་དང༌། དུག་མེད་ཅིང་ཉ་ལྕིབས་མེད་པ་ལས་བྱུང་བ་དང༌། མདོག་ཅུང་ཟད་རྩ་སྣར་སྔོ་བག་ཏུ་འདུག་པ་དང༌། རོ་སྟོད་སྔོ་བཀྲར་འདུག་པ་དང༌། དབྱིབས་ཟླུམ་ཞིང་རྒྱབ་ངུར་སྨྲིག་ལྟར་སེར་བ་དང་ལུས་ཕྲ་ཞིང་སྲབ་པ་དང་ལྟོ་ཅུང་ཟད་སེར་པོར་གནས་པ་གང་ཡིན་པ་དེ་ཐམས་ཅད་བཟང་སྟེ་དུག་མེད་པ་ཡིན་ནོ། །དེ་ཡང་ལེགས་པར་མ་བསྐྱུགས་དང༌། །རྟག་ཏུ་འཐུང་དུ་བཅུག་པ་དང༌། །ཆུ་ཡི་ནང་ཕྱིན་ནུབ་པ་ནི། །ཁྲག་གིས་མྱོས་པ་ཡིན་པས་སྤང༌། །ཞེས་བྱ་བ་ལ་དུག་མེད་པའི་སྲིན་བུ་དེ་ཡང་ནད་ཁྲག་འཐུངས་ནས་ལེགས་པར་མ་བསྐྱུགས་པ་དང༌། རྟག་པར་རྒྱུན་དུ་འཐུང་དུ་བཅུག་པ་དག་ནི་ཆུའི་ནང་དུ་ཕྱིན་ན་ནུབ་པ་ནི་ཁྲག་གིས་མྱོས་པ་ཞེས་བྱ་བ་ཡིན་པས་དེ་ཡང་སྤང་བར་བྱའོ། །དེ་ནས་ཅིག་ཤོས་སྐྱེར་པ་བཏགས། །ཆུ་སྦྱར་བ་ཡི་ནང་དུ་གཞུག །ཀཉྫི་འམ་དར་བའི་ནང་དུ་གཞུག །སླར་ཡང་ཆུར་ནི་དབུགས་དབྱུང་ནས། །མར་རམ་ས་ཞག་ནུ་ཞོ་འམ། །ཁྲག་གི་ཐིགས་པས་བསྐུས་འཐུང་གཞུག །ཞེས་བྱ་བ་ལ། དེ་ནས་སྲིན་བུ་དུག་མེད་པར་བྱ་བའི་ཕྱིར། སྐྱེར་པ་བཏགས་པའི་ལྡེ་གུ་དང་ཆུ་སྦྱར་བའི་ནང་དུ་གཞུག་པའམ། རྩབ་མོ་དང་སྐྱུར་རམ་དར་བའི་ནང་དུ་བཅུག་ལ་དེ་ནས་སླར་ཡང་ཆུར་བཅུག་པས་དབུགས་དབྱུང་ལ་འཐུང་དུ་གཞུག་སྟེ། དེ་ཡང་མར་ལ་སོགས་པས་བསྐུས་ནས་འཐུང་དུ་གཞུག་སྟེ་དེ་དག་གང་ཡང་རུང་བས་བསྐུས་ནས་འཐུང་དུ་གཞུག་གོ །འཐུང་ཚེ་རོ་སྟོད་མཐོས་གྱུར་ན། །རས་མ་སྲབ་མོས་གཡོག་པར་བྱ། །ཞེས་བྱ་བ་ལ། སྲིན་བུ་དེའི་རོ་སྟོད་བཏིག་སྟེ་འཐུང་ན་གོས་སྲབ་ཅིང་ཕྲ་བས་གཡོག་པར་བྱའོ། ཁྲག་ནི་བཟང་ངན་འདྲེས་པ་ལས། །པདྨས་དང་པོར་ནད་ཁྲག་ངན། །འཐུང་སྟེ་ངང་པས་འོ་མ་དང༌། །འདྲེས་ཆུའི་འོ་མ་ལེན་དང་མཚུངས། །ཞེས་བྱ་བ་ལ། སྲིན་བུ་པདྨ་དེས་ནི་ཁྲག་བཟང་པོ་དང་ངན་པ་འདྲེས་པ་ལས་ངན་ཁྲག་འཇིབས་ཏེ། དཔེར་ན་ཆུ་དང་འོ་མ་འདྲེས་པ་ལས་ངང་པས་འོ་མ་ལེན་པ་དང་འདྲའོ། །སོ་ཡིས་འདེབས་པའམ་གཡའ་གྱུར་ན། །དེ་ནི་སླར་དབྱུང་སྐྱུག་ཏུ་གཞུག རྒྱམ་ཚ་ཏིལ་མར་གྱིས་ཁ་བསྐུས། །བྱེ་མ་འཇམ་པོས་རྒྱབ་ཏུ་གཏོར། །ཞེས་བྱ་བ་ལ། སྲིན་བུ་པདྨས་འཇིབས་པ་ན་སོས་འདེབས་པའམ་གཡའ་བར་གྱུར་ན་ནད་མེད་པའི་ཁྲག་བསྲུང་བའི་ཕྱིར་འབུ་དེ་གདོན་པར་བྱའོ། །བཏོན་ནས་ཀྱང་ཁྲག་སྐྱུག་ཏུ་གཞུག་གོ དེ་བཞིན་དུ་རྒྱམ་ཚ་དང་ཏིལ་མར་སྦྱར་བས་ཁ་བསྐུ་བར་བྱའོ། །དེ་བཞིན་དུ་བྱེ་མ་འཇམ་པོས་ཀྱང་གཏོར་བར་བྱ་ཞིང་མཇུག་མ་ནས་ཡར་བཙིར་ཏེ་སློན་དུ་གཞུག་པར་བྱའོ། །སླར་ཡང་ཞག་བདུན་བར་དུ་ནི། །ཁྲག་ཉོས་བསྲུང་ལ་འཐུང་མི་གཞུག །ཅེས་བྱ་བ་ལ། དེ་ལྟར་སྦྱར་ནས་ཞག་བདུན་གྱི་བར་དུ་འཇིབ་ཏུ་མི་གཞུག་གོ། སྲིན་བུ་པདྨས་ལེགས་བསྐྱུགས་ན། །སྔོན་བཞིན་ཁོང་གྲིམ་བརྟན་པར་འགྱུར། །དྲགས་ན་ངལ་ཞིང་སྙོམས་ལྕི་ལ། །སྐྱུག་མ་ལེགས་ན་རེངས་མྱོས་འགྱུར། །ཞེས་བྱ་བ་ལ། སྲིན་བུ་པདྨ་སྐྱུག་ལེགས་ན་ཁྲག་མ་འཐུངས་པའི་སྔོན་བཞིན་དུ་ཁོང་གྲིམ་ཞིང་བརྟན་པར་འགྱུར་རོ། །དེ་སྐྱུག་དྲགས་ན་ལུས་སྙོམས་པའམ་འཆི་བར་འགྱུར་ལ། སྐྱུག་མ་ལེགས་ན་ནི་རེངས་ཤིང་མྱོས་པར་འགྱུར་རོ། །བུམ་པ་ཆུ་དང་ས་བླུག་པ། །གཞན་དང་གཞན་དུ་གཞག་པར་བྱ། །ཁ་ཆུ་རུལ་བག་སྦྱང་ཕྱིར་ཏེ། །གཞན་དུ་དུག་དང་བཅས་པར་འགྱུར། །ཞེས་བྱ་བ་ལ། པདྨ་དེ་ནི་བུམ་པ་ཆུ་དང་ས་གཙང་མ་བླུག་པ་དེ་ལྟ་བུ་མི་མཐུན་པ་གཞན་དང་གཞན་དག་ཏུ་གཞག་པར་བྱ་སྟེ། དེའི་ཁ་ཆུ་དང་རུལ་བག་སྤང་པའི་ཕྱིར་ཡིན་ནོ། །དེ་ལྟར་མ་བྱས་ན་ནི་རྒྱུ་དེས་དུག་ཅན་དུ་འགྱུར་རོ། །མ་དག་གཡའ་འམ་ཁྲག་མ་ཕྱུང༌། །སྐྱེར་པ་བུ་རམ་སྦྲང་རྩི་བསྐུ། །ཞེས་བྱ་བ་ལ། ཁྲག་མ་དག་པར་གྱུར་ན་སྲིན་བུ་དེ་བསྐྱོད་ལ་སྐྱེར་པ་ལ་སོགས་པས་བསྐུ་བར་བྱའོ། །ལན་བརྒྱར་བཀྲུས་མར་རས་བལ་གྱི། །ཡེའུས་བྱུགས་ལ་སྨན་བསིལ་བསྐུ། །ཞེས་བྱ་བ་ལ། ཁྲག་གཞིབས་ཟིན་ནས་མར་གྱིས་ལན་བརྒྱར་བཀྲུས་ཤིང༌། ཞུན་མར་ལ་རས་བལ་གྱི་ཡེ་འུས་བསྐུ་བ་དང༌། སྨན་བསིལ་བག་གིས་བསྐུ་བར་བྱའོ། །ནད་ཀྱི་ཁྲག་དང་བྲལ་གྱུར་ན། །འཕྲལ་དུ་རྩ་དམར་ནད་མེད་འགྱུར། །ཞེས་བྱ་བ་ལ། ནད་ཁྲག་མ་ལུས་པ་བྱིན་པར་འགྱུར་ཞིང༌། དེའི་མོད་ལ་རྩ་དམར་བ་དང་ནད་དུ་གྱུར་པ་དག་ཞི་བར་འགྱུར་རོ། །ཞེས་བཤད་པ་ལྟར་ཤེས་པར་བྱའོ། །དེང་སང་གི་དུས་ན་མཁས་པར་གྲགས་ཤིང་རློམ་པ་མང་པོས་ཀྱང་འདི་ལྟ་བུའི་ཆོ་ག་ཕྱོགས་ཙམ་ཡང་མི་ཤེས་ཀྱང་རྣ་ཐོས་འོན་གཏམ་གྱི་ཚུལ་དུ་བྱས་ནས་སྲིན་བུ་མང་དུ་བླངས་ཏེ་བབ་ཆོལ་དུ་སྤྱད་པས་འཆི་བའི་དུས་བྱེད་པ་མངོན་སུམ་དུ་མཐོང་བའི་ཚེ་སྙིང་རྗེ་བའི་ཆ་ཤས་ཙམ་ཡང་བློ་ལ་མི་སྐྱེ་བ་འདི་ལྟ་བུའི་གཞན་ཕན་རྩོམ་པ་རྣམས་ནི་ཁོ་བོའི་བློ་ཡུལ་ལས་ཆེས་ཆེར་འདས་པར་གྱུར་ཏོ། །འདིས་མཚོན་ནས་བྱང་ཁྲ་ལ་སོགས་པའི་སྨན་དུ་གྱུར་བའི་སེམས་ཅན་ཕྲ་མོ་འགའ་ཞིག་ལ་ཁབ་ལ་སོགས་པའི་མཚོན་གྱིས་གསོད་ཅིག་ཅེས་བྱིས་པ་རྣམས་ལ་བསླབ་པ་དང༌། མདོར་ན་སེམས་ཅན་གསོ་བའི་དོན་དུ་མང་པོའི་སྲོག་ལ་གནོད་པར་བྱེད་པའི་གསོ་བ་རིག་པ་དེ་མིང་ཙམ་དུ་ཟད་ཅིང༌། རང་གཞན་གྱི་དོན་དུ་ཇི་ལྟར་འགྱུར་བསམ་པར་བྱོས་ཤིག །འདིར་བཤད་པའི་གཙགས་བུའི་རིགས་ཕལ་ཆེར་ནི་ཡོངས་སུ་གྲགས་ཤིང་མང་དུ་འབྱུང་ཡང༌། ཆུ་གྲི་འདྲ་བས་སྐྲངས་པ་ཞལ་ཞལ་བྱ། །ཞེས་པ་ལ་སྔ་རབས་པ་རྣམས་ན་རེ། འཇག་རྩེ་ནི་ཆུ་གྲི་དང་འདྲ་བ་སྟེ་དེས་སྐྲངས་པ་ལ་ཞལ་ཞལ་བྱའོ། །ཞེས་དང༌། ཡང་ཁ་ཅིག་ན་རེ། ཆུ་གྲི་སྟེ་སྤུ་གྲི་འདྲ་བས་སྐྲངས་པ་གཞར་བར་འོས་པ་རྣམས་ལ་ཞལ་ཞལ་བྱ་ཞིང༌། ཞེས་བཤད་མོད་ནའང༌། རྒྱུད་ཆུང་བར། བྱི་སྦུག་སྒྲོ་འདྲ་སོར་དྲུག་པ། །ཁྲག་གསེབ་ཁྲག་རྩ་རྐྱང་འདེབས་ཡིན། །ལྟག་ཉལ་སྟ་སོ་གཉིས་ཀ་དྲང༌། །རྩེ་མོ་སོར་གཅིག་ལྟག་པ་ཉལ། །ལྟག་པར་བྲང་བྱས་སྣོད་ཀ་དང༌། །རྩེ་ཆུང་ལ་སོགས་འཕར་འབྲེལ་གཏར། །སྟ་རེ་ཁ་འདྲས་རུས་སྟེང་གཏར། །འཇག་རྩེ་གྲི་འདྲས་སྐྲངས་ལ་བྱུག །ལྕེ་ཟོར་སོར་བརྒྱད་ཟོར་འདྲ་བས། །ལྕེ་ཡི་སྐྲངས་པ་གཤག་པར་བྱ། །དྲ་གཙགས་སྨྱུག་གྲི་འདྲས་མགོ་འདྲ། །ཞེས་འབྱུང་བས་སྤུ་གྲི་མ་ཡིན་པར་བསྟན་ཞིང༌། འཇག་རྩེ་ཞེས་པ་ནི་སློབ་དཔོན་གྱིས། འཇག་རྩེ་ཨ་ཊའི་མཆུ་འདྲ་བ། །འབྲས་བུ་སོར་གཉིས་ཁྲག་འབྱིན་ལ། །ཞེས་དང༌། ཀྲག་ཟགས་པར་བྱེ་བ་མདའི་བུ་གའི་ཁ་འདྲ་བ་གསུམ་དུ་བྱས་པ་དང༌། འཇག་མ་ཀུ་ཤ་དང་རྩ་ཨ་ཊའི་རྩེ་མོ་འདྲ་བར་བྱས་པ་འབྲས་གཉིས་ཀ་ལ་སོར་གཉིས་ཡོད་པ་དེས་ནི་ཕོ་མཚན་གྱི་ནད་ལ་གདབ་བོ་ཞེས་དང༌། ཟླ་ཟེར་ལས། གཙག་བུ་འཇག་མའི་རྩེ་མོ་འདྲ་བ་དང༌། ཨ་ཊའི་ཆུ་འདྲ་བ་གཉིས་བྱས་པ་དེས་ཁྲག་ཟགས་པའི་ནད་ལ་སྦྱོར་རོ། །གཉིས་པོ་དེ་དག་གི་འབྲས་བུའམ་རྩེ་མོ་ནི་སོར་གཉིས་ཀྱི་ཚད་དུ་བྱའོ། །ཞེས་བཤད་པས་དབྱིབས་དང་དེའི་ཡུལ་གཉིས་ཀ་མ་མཐུན་པས་ཞིབ་ཏུ་བརྟག་པར་བྱའོ། །དེས་ན་གཞུང་འདིའི་དགོངས་པ་ནི། མན་ངག་རྒྱུད་དུ། གནད་ལ་འཛེམ་ལ་ཅུ་ཙེས་ཞལ་ཞལ་བྱ། །རུས་སྟེང་རྣམས་ལ་རུས་པར་ཐུག་པར་རྡེག །གནད་ཀྱི་སྟེང་དུ་པགས་པ་འཐེན་ལ་གཙག །མེར་དང་ལྡོང་སོགས་ཆུ་སེར་འདུས་པར་ཤིས། །ཞེས་དང༌། ཅུ་ཙེ་རྔབས་རས་ཤ་པགས་ཆུ་སེར་འདྲེན། །འཕྲལ་དུ་ཟུག་ཅོག་སྐྲངས་པ་རྣག་མི་འཆོར། །སྔས་ན་འཕར་ཞིང་གནན་སྐྲངས་འབྱེར་བས་སྤང༌། །ཞེས་གསུངས་པ་ལྟར་བལ་མགར་བ་རྣམས་ཀྱི་ཟངས་འདྲེག་པའི་གྲི་ལྟ་བུ་ཤིན་ཏུ་རྣོ་བ་དེ་ཡིན་ནོ། །འཇག་རྩེ་ཞེས་བྱ་བ་བརྒྱད་པ་རྩ་འགྲེལ་དང་མ་མཐུན་པས་རྒྱུད་ཆུང་བ་དང་འབུམ་ནག་སོགས་ཅུང་ཟད་མ་དག་པར་སེམས་སོ།།

གཉིས་པ་ཚིག་གི་དོན་ནི། ཤ་འདྲལ་ཞེས་པ་ནས་མགོ་རྨ་འདྲ་ཞེས་པའི་བར་གྱིས་བསྟན་ཏེ། ཆ་བྱད་རྣམས་ཀྱི་ནད་ནས་ཤ་ལ་སོགས་པ་འདྲལ་ཞིང་ཁྲག་དབྱུང་བར་བྱེད་པ་གཙགས་བུའི་སྡེ་ཚན་བསྟན་པ་དེ་ལ་བྱིའུ་སྦུ་གུའམ་མཆིལ་མའི་སྒྲོ་འདྲ་སྟེ་དང་རུ་ལྟ་བུའི་དབྱིབས་ཅན་སྲིད་སོར་དྲུག་པ་ནི་ཤ་གསེབ་ན་གནས་པའི་ཁྲག་རྩ་རྐྱང་པ་འདེབས་པ་ལ་སྦྱར་ཞིང༌། དབྱིབས་ཕལ་ཆེར་སྔ་མ་དང་འདྲ་བ་ལ་སོར་གཅིག་ཙམ་གྱིས་ལྟག་པ་ཉལ་ཐབས་ཀྱིས་རྩེ་མོ་རྣོ་བར་བྱས་པ་ནི་སྣོད་ཀ་དང་རྩེ་ཆུང་སོགས་འཕར་རྩ་དང་འབྲེལ་བ་རྣམས་གཏར་བ་ལ་བསྔགས་ལ། རྐང་ཟླུམ་པོའི་སྐེད་དུ་ལག་པ་བཟུང་བདེ་ཞིང་མི་འགྱུར་བའི་འདབ་མ་དང་ལྡན་པའི་རྩེ་མོར་སྟ་རེའི་ཁ་འདྲ་བས་ནི་རུས་སྟེང་གི་རྩ་ཀུན་ལ་གཏར་བར་བྱ་སྟེ། ཕྱི་མ་འདི་གཉིས་ཀྱི་ཚད་མ་སྨོས་ཀྱང་སྔ་མ་དང་མཐུན་པར་སྲིད་སོར་དྲུག་པ་ཉིད་བྱའོ། །དེ་བཞིན་དུ་ཆུ་གྲི་དང་འདྲ་བས་སྐྲངས་པའི་སྟེང་དུ་ཞལ་ཞལ་བྱ་ཞིང༌། རྐང་ཟླུམ་པོ་སྲིད་སོར་བརྒྱད་ཀྱི་རྩེ་མོར་ཟོར་བའི་དབྱིབས་ཅན་གྱིས་ལྕེ་སྐྲངས་པ་གཤག་པར་བྱ་ལ། གཙགས་བུ་དང་འདྲ་བ་ལ་ཆེ་ཞིང་བྲང་བ་ཅན་སྨྱུག་གྲི་དང་འདྲ་བ་ཅན་གྱིས་ནི་མགོ་རྨ་སླར་ཡང་དྲ་དགོས་པ་རྣམས་ལ་སྦྱར་བར་བྱ་དགོས་ལ་སྦྱར་བར་བྱའོ། །ཕྱི་མ་རྒྱུད་ལས་ཀྱང༌། དང་པོ་ཆ་བྱད་རྣོ་མཉེན་ལྡན་པའི་ལྕགས། །མགར་བ་མཁས་པས་སྦུ་གུའམ་སྒྲོ་འདྲའི་དབྱིབས། །རྩེ་སྒུར་ཚེས་གཉིས་ཟླ་བ་ལྟ་བུའམ། །ལྟག་ཉལ་སོ་དྲང་བྲང་བ་ཅན་དང་ནི། སྟ་རེ་ཁ་འདྲ་ཀུན་ཀྱང་སྲིད་སོར་དྲུག །ཐར་འབྱོངས་ངར་ལྡན་བརྡུངས་ཏེ་བདར་ལེགས་པ། །རྣོ་ཚད་གྱེན་དུ་སྤུ་ཆོད་ནུས་པ་སྟེ། །བཟེ་དང་མི་བཟེ་དེ་ལ་རག་ལས་པས། །གཙགས་ལེགས་རྟག་ཏུ་ལུས་ལ་གཅང་བར་བྱ། །ཞེས་གསུངས་སོ། །བཞི་པ་ཐུར་མའི་སྡེ་ཚན་བཤད་པ་ལའང་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། རྒྱུད་ཆུང་བར། དབུག་པའི་ཐུར་དཔྱད་སྲིད་སོར་དྲུག །མགོ་རྗེས་ལུས་ཤོས་སྐེ་ཕྲ་མཁྲང༌། །ཞབས་སོར་གཅིག་སྦོམ་རྟིག་པས་དབུག །སྦུབས་ཅན་སྦལ་མགོ་གློ་དཀར་ཅན། །དོན་གྱིས་རླངས་འཁྱིམས་རླུང་ཆུ་འབྱིན། །སྨྱུག་ཁ་སྦུབས་ཐུར་དམུ་ཆུ་གཙག །བྱིད་པོའི་མཆུ་འདྲ་མཆུ་ཐུང་ལ། །མཆུ་འགྲམ་དང་དེ་རྩེ་རྣོ་བ། །སྲིད་སོར་བཅུ་གཉིས་བྱང་རྣག་འབྱིན། །སྦུབས་མེད་ནས་འདྲ་སྒལ་ཚིགས་སྐྲན། །སྦུབས་མེད་སྲིད་ཀུན་མཐོ་རེའི་ཚད། །སྦལ་མགོ་སྣ་དབྱུང་ཟླུམ་པ་དེ། །གློ་སྙིང་རྒྱུ་ལོང་མཁལ་མ་དབུག །ཟངས་ཐུར་བྲ་འདྲ་སོར་བཞིས་མིག  །འབྲི་ལྕེ་རྩེ་དབལ་སོར་གཅིག་སྲང༌། །ཡན་ལག་སྐྲན་རྣག་དབུག་པར་སྦྱར། །མདུང་རྩེས་ཡན་ལག་སྐྲངས་པ་དབུག །ཅེས་གསལ་བར་གསུངས་སོ། །གཉིས་པ་ཚིག་གི་དོན་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་དོ། །དང་པོ་ནི། དབུག་པའི་ཞེས་པ་ནས་སྡིག་པར་བྱ་ཞེས་པའི་བར་གྱིས་བསྟན་ཏེ། ཤ་ལ་སོགས་པ་དབུག་པའི་ཐུར་དཔྱད་ཕལ་ཆེར་ཡང་སྲིད་སོར་དྲུག་པ་ལ་མགོ་དབྱིབས་རང་རང་ནས་བཤད་པའི་འོག་ཏུ་ལུས་ཤོང་བ་སྟེ། སྐེ་ཕྲ་མོར་བྱས་པ་དེ་ལས་རིམ་པས་ཇེ་སྦོམ་དུ་སོང་བའི་མཐར་ཐུར་ཞབས་ཆེ་ཞིང་ལྕི་སྡིག་པའི་ཚུལ་དུ་བྱས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། སྦུབས་ཐུར་དང༌། སྦུབས་མེད་བཤད་པའོ། །དང་པོ་ནི། སྦུབས་ཐུར་ཞེས་པ་ནས་རྣག་གསང་དབྱེ་ཞེས་པའི་བར་གྱིས་བསྟན་ཏེ། ངོ་བོ་སྦུབས་ཐུར་ཡིན་པ་ལ་རྩེ་མོ་སྦལ་བའི་མགོ་དང་འདྲ་བའི་ལྐོག་མའི་ཐད་དུ་གློ་དཀར་ཡོད་པ་དེ་ལྟ་བུ་ཡིས་བད་རླུང་གི་རླངས་འཁྱིམས་གསེང་བ་དང༌། སྙིང་ཆུ་དང་མཆིན་ཆུ་གཙག་པ་ལ་སྦྱར་བར་བྱའོ། །དེ་བཞིན་དུ་སྦུབས་ཐུར་གྱི་རྩེ་མོ་སྨྱུ་གུའི་ཁ་ལྟ་བུ་ཡིས་དམུ་ཆུ་གཙག་ཅིང༌། སྦུབས་ཐུར་གྱི་རྩེ་མོ་བྱིད་པོའི་མཆུ་འདྲ་བ་ཡ་མཆུ་གུག་གེ་བའི་འོག་ཏུ་མ་མཆུ་ཆུད་ཙམ་གྱི་ཁ་གདང་ངེ་བ་དེ་ཡིས་བྱང་ཁོག་གི་རྣག་གསང་དབྱེ་བར་བྱ་བ་ཡིན་ནོ། །རྒྱུད་ཆུང་བའི་དགོངས་པས་སྔ་མ་སྲིད་སོར་དྲུག་དང༌། ཕྱི་མ་ལ་དམིགས་བསལ་དུ་སྲིད་སོར་བཅུ་གཉིས་པའོ།།

གཉིས་པ་སྦུབས་མེད་ནི། ནས་འདྲ་ཞེས་པ་ནས་རྣག་ཆུ་དབུག་ཅེས་པའི་བར་གྱིས་བསྟན་ཏེ། རྐང་ལ་སྦུབས་མེད་པའི་ཐུར་མ་རྩེ་མོ་ནས་ཀྱི་དབྱིབས་དང་འདྲ་བའི་ཐུར་མ་ནི་སྒལ་ཚིགས་ཀྱི་སྐྲན་འབྱིན་པ་ལ་སྦྱར་ཞིང༌། དེ་བཞིན་དུ་གློ་སྙིང་རྒྱུ་ལོང་མཁལ་མ་ལ་སོགས་པའི་སྐྲན་འབྱིན་པ་ལ་སྦུབས་མེད་ཀྱི་རྩེ་མོ་སྦལ་མགོ་ལྟ་བུ་བསྔགས་ལ། ཟངས་ཐུར་གྱི་རྩེ་མོ་བྲ་བོ་དང་འདྲ་བས་མིག་སྤྲིན་དབུག་པར་བྱ་བ་དང༌།  ཐུར་ཞབས་ཕྲ་ཞིང་ལེབ་པ་སྲིད་དུ་མཐོ་གང་གི་རྩེ་མོ་སོར་གཅིག་འབྲི་ལྕེ་ལྟ་བུའི་ཁ་ཡིས་ཡན་ལག་གི་སྐྲན་དང་ཆུ་སེར་སོགས་ལ་ཅུར་འབྱིན་བྱ་བ་དང༌། རྩེ་ཞབས་སྦོམ་ཕྲ་ཁྱད་པར་མེད་པའི་རྩེ་ཕྱོགས་མདུང་རྩེའི་སོ་དབྱིབས་ལྟ་བུ་བསྲེགས་པ་ཡིས་ཡན་ལག་གི་རྣག་ཆུ་དབུག་པ་ལ་སྦྱར་བར་བྱའོ། །འདི་རྣམས་ཀྱང་རྒྱུད་ཆུང་བའི་དགོངས་པས་ཟངས་ཐུར་བྲ་བོ་མགོ་མ་གཏོགས་གཞན་ཀུན་སྲིད་དུ་མཐོ་རེ་ཡིན་ཞིང༌། ཟངས་ཐུར་ནི་བརྒྱད་པ་རྩ་འགྲེལ་སོགས་ལས་ཀྱང་སྲིད་སོར་བཞིར་བཤད་དེ། དེ་ལྟར་བཤད་པའི་སྦུབས་ཡོད་མེད་ཀྱི་ཐུར་མ་ཀུན་ཀྱང་སྲ་ཞིང་ཕྲང་ལ་ཕྲ་འཇམ་ཁོ་ན་ཤེས་སོ། །ལྔ་པ་ཆ་བྱད་ཕྲན་བུའི་སྡེ་ཚན་བཤད་པ་ལའང་གསུམ་སྟེ། སོ་ཅན་བཤད་པ། སོ་མེད་བཤད་པ། རྔབས་རྭ་སོགས་བཤད་པའོ། །དང་པོ་ལ་གཉིས་ཏེ་སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། རྒྱུད་ཆུང་བར། ཆ་དཔྱད་ཕྲན་བུ་སྐྱོད་བུ་ནི། །སྟེ་ཁ་རྩེ་གུག་སོ་ཅན་ལ། །བེ་ལེ་སྐོར་གུག་སོ་ཅན་ནོ། །ཀོ་མཆུ་ལོགས་ནི་རྣོ་བ་ཅན། །སོར་དྲུག་ངར་ལྡན་མགོ་རུས་བྲུད། །སོག་ལེ་ཞེང་སོར་གཉིས་བཞི་པ། སྲིད་སོར་བཅུ་པས་རུས་ལྷག་འབྲེག །ཆན་པ་རྣོ་བས་ཤ་རྩ་རྒྱུས། །ལྷག་འབྲེག་ཤུལ་ནི་མེ་ཡིས་བསྲེགས། །རུས་གཏིང་ཟུག་རྔུ་བཟུང་མེད་ལ། །མེད་སོར་སྦུབས་ཅན་སྲིད་སོར་ལྔ། །རྩེ་མོ་སོག་ལེ་འཁོར་ལོས་བསྐོར། །མདེའུ་སྦུབས་སུ་བཅུག་ལ་དབུག །ཉ་མགོ་འདྲ་སྲིད་སོར་བཅུ་གཉིས། །བེ་ལེ་འདྲ་པས་རྩེ་གུག་པས། །རྣ་བ་རྣ་བྲས་འབྲུམ་པ་བཞར། །ཞེས་བཤད་དོ། །གཉིས་པ་ཚིག་གི་དོན་ནི། གཞན་ཡང་ཞེས་པ་ནས་འབྲུམ་པ་གཅད་ཅེས་པའི་བར་གྱིས་བསྟན་ཏེ། གོང་དུ་བཤད་པའི་ཆ་བྱད་དེ་རྣམས་སུ་མ་ཟད་ཆ་དཔྱད་ཕྲན་བུ་སྣ་ཚོགས་པའི་སྡེ་ཚན་བསྟན་པ་ལ་རིགས་མི་འདྲ་བ་དུ་མ་ཞིག་ཡོད་པ་ལས། དེའི་ནང་ནས་སྟེའུ་ལྟ་བུའི་ཁ་ཇི་འདྲ་བ་དང༌། སྟེ་ཁ་ལྟ་བུའི་གདོང་ལ་སོ་མེད་ཅིང༌། འགྲམ་གཡས་གཡོན་གཉིས་ལ་སོ་ཡོད་པ་དང༌། བེ་ལེའི་ཁ་ལྟ་བུ་སོ་སྒོར་ཐབས་སུ་ཡོད་པ་དང༌། ཀོ་མའི་མཆུ་འདྲ་ལྟ་བུ་རྩེ་དང་གུག་པའི་གཡས་གཡོན་ཀུན་ལ་སོ་ཡོད་པ་སྟེ་བཞི་ག་ཡང་སྲིད་སོར་དྲུག་གི་ཁར་ལག་པ་བཟུང་ཤིང་གི་ཡུ་བ་ཅན་ལྕགས་བཟང་པོ་ངར་དང་ལྡན་པས་མགོ་ཆག་གི་རུས་པ་འབྲུད་པ་ལ་སྦྱར་བར་བྱའོ། །དེ་བཞིན་དུ་སོག་ལེ་ཞེང་དུ་སོར་གཉིས་པ་སོ་ཤིན་ཏུ་ཞིབ་ཅིང་སྲིད་སོར་བཅུ་དང་ལྡན། རུས་ཆག་གི་ལྷག་པ་འདོན་མི་རུང་བ་རྣམས་འབྲེག་པ་དང༌། ཆན་པ་དེ་ཆམ་རྩེའི་དབྱིབས་ཅན་ཤིན་ཏུ་རྣོ་བས་རྨའི་རྩའི་རྒྱུས་སོགས་གཅད་པར་བྱ་བ་དང༌། སྦུབས་ཅན་སྲིད་སོར་ལྔ་པ་སོག་ལེའི་ཁ་དང་འདྲ་བ་ལ་འཁོར་ལོ་དང་ལྡན་པ་སྟེ་ཐོད་སོར་གྱི་སྙིང་པོ་མེད་པ་ཇི་ལྟ་བ་དེས་ནི་མདེའུ་དང་བཅས་པའི་རུས་པའམ་ཐོད་པ་ཀོར་ལེར་འབུགས་པའི་སོར་དང་རྐང་ལ་སྲིད་སོར་བཅུ་པ་རྩེ་མོ་བེ་ལེའི་ཁ་འདྲ་བའི་རྩེ་ཅུང་ཟད་གུག་པ་ནི་རྣ་བ་དང་སྣ་དང་གྲེ་བའི་འབྲུམ་པ་གཅད་པ་ལ་སྦྱར་བར་བྱའོ།།

གཉིས་པ་སོ་མེད་རྣམས་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། རྒྱུད་ཆུང་བར། མངལ་ཕུར་མཐོ་གང་རྩེ་གུག་པས། མངལ་དུ་བུ་ཤི་རོ་དབྱུང་བྱ། །སྦྲུལ་མགོ་གུག་སྐྱོག་རྡེའུ་འབྱིན། །འཕྲུལ་ཐུར་གྲོ་སོགས་འབྲིང་ཙམ་ལ། །སོར་བཅུ་གཉིས་པས་ཆུ་འགགས་གཙགས། །སོ་ཏེལ་སྐྱོག་པོ་སོར་བཅུ་པ། །མེར་བསྲེགས་སོ་ཡི་སྲིན་བུ་བསྲེག །ཁ་གཉིས་སྲིད་སོར་བཅུ་པ་ལ། །རྩེ་གཅིག་འཁོར་ནི་སོར་ལྔ་བྱ། །རྩེ་གཅིག་སྦུབས་གཉིས་བ་ནུ་འདྲ། །རྩེ་མོ་གཉིས་ལ་ཁ་དབྲག་ཅན། །ཆུང་གཉིས་སྣར་བཅུག་ཆེ་མེར་བསྟན། །ཁ་སྣ་གཉིས་སུ་དུ་བ་རྔུབ། །འོད་ཁང་སྦུབས་ཅན་སོར་བཅུ་པ། །རྩེ་མོ་ཐེམ་བུར་བྱས་པ་ཡིས། །གྲེ་བར་སྨན་བཏང་ལྕེ་ཆུང་བསྲེག །གཅེའུ་སོར་བཅུ་སྦུབས་ཅན་ནི། །རྩ་མཐེབ་རྩེ་གུག་སྲན་ཤོང་ཙམ། །རྩ་བར་རྐྱལ་བུ་དམ་བཅིངས་པ། །རྨ་ཡིས་བུག་བཅས་རྨ་བཀྲུ་དང༌། །འཇམ་རྩི་ནི་རུ་ཧ་ལ་སྦྱར། །འཁྲུས་སྟེ་དེ་འདྲ་རྨ་བཀྲུར་བསྔགས། །ཞེས་བཤད་ཅིང་གཞུང་འགའ་ཞིག་ཏུ་མངལ་ཐུར་ཞེས་པ་སྣང་ཡང༌། གཞུང་འགྲེལ་རྙིང་པ་རྣམས་སུ་མངལ་ཕུར་ཞེས་བྱ་བ་འབྱུང་བ་ལེགས་ཏེ།

ཟླ་ཟེར་ལས། ཐུར་མ་རྩེ་མོ་གུག་པ་ནི། །མངལ་གྱི་ཐུར་མ་ཞེས་བྱ་སྟེ། །སྲིད་དུ་སོར་བརྒྱད་བྱས་པ་ནི། །བུད་མེད་མངལ་དུ་བུ་ཤི་དབྱུང༌། །ཞེས་བྱ་བ་ལ་ཐུར་མ་ཕུར་པ་ལྟ་བུ་རྩེ་མོ་སྒུར་པོར་གུག་པ་ནི་མིང་མངལ་གྱི་ཕུར་པ་ཞེས་བྱ་སྟེ། དེའང་ཚད་སྲིད་དུ་སོར་བརྒྱད་པ་བྱས་པ་དེས་བུད་མེད་ཀྱི་མངལ་དུ་བུ་ཤི་བའི་རོ་རྡོ་དང་བོང་བ་ལྟ་བུ་དེ་སྦྲུམ་མའི་ལུས་ལས་དབྱུང་ཞིང་གདོན་པར་བྱའོ། །ཞེས་གསུངས་པ་ཡིན་པའི་ཕྱིར་རོ། །གཉིས་པ་ཚིག་གི་དོན་ནི། མངལ་ཕུར་ཞེས་པ་ནས་བ་ལ་སྦྱར་ཞེས་པའི་བར་གྱིས་བསྟན་ཏེ། མངལ་ཕུར་ཞེས་པ་སྲིད་དུ་མཐོ་གང་གི་རྩེ་མོ་གུག་པ་ལྕགས་ཀྱུའི་རྣམ་པ་ཅན་ཧ་ཅང་རྣོ་བ་མ་ཡིན་པས་མངལ་དུ་བུ་ཤི་བའི་རོ་དབྱུང་བ་དང༌། དེ་བཞིན་དུ་ཆ་བྱད་སྲིད་དུ་མཐོ་གང་གི་རྩེ་མོ་སྦྲུལ་མགོ་གདེངས་པ་ལྟར་གུག་སྐྱོག་དང་བཅས་པས་ཆུ་སོ་ན་གནས་པའི་རྡེའུ་དབྱུང་བར་བྱ་བ་དང༌། སྦོམ་ཕྲ་གྲོ་སོག་འབྲིང་ཚད་ཙམ་མཁྲང་གསང་འཇམ་པ་ལ་སྦུབས་ཅན་སྲིད་སོར་བཅུ་གཉིས་པའི་འཕྲུལ་ཐུར་གྱིས་ཆུ་འགགས་གཙག་པར་བྱ་བ་དང༌། རྩེ་སྐྱོག་སྲིད་སོར་བཅུ་པ་རང་འདྲ་བའི་ཤུབས་དང་བཅས་པས་སོ་སྲིན་བསྲེག་པ་དང༌། སྦུབས་ཅན་སྲིད་སོར་བཅུ་པ་རྩ་བའི་བུ་ག་ལ་སོར་མོ་ལྔ་གཞིབས་ཏེ་ཤོང་ཞིང་ཕྱེད་མཚམས་ནས་རྩེ་མོ་ཁ་བྲག་རིམ་པས་ཕྲ་རུ་སོང་བའི་རྩེ་མོ་བ་ནུའི་དབྱིབས་ལྟ་བུ་སྲན་མ་ཤོང་ཙམ་བྱ་བ་ནི་ཁ་དང་སྣ་བུག་གཉིས་སུ་དུ་བ་རྔུབ་པ་དང༌། སྦུབས་ཅན་མཐེ་བོང་ཤོང་ཙམ་སྲིད་སོར་བཅུ་པ་ཐེམ་བུ་ལྟ་བུའི་ཁ་དང་ལྡན་པས་གྲེ་བར་སྨན་གདབ་ཅིང༌། ནང་ནས་སོ་སྲིན་བསྲེག་པའི་ཆ་བྱད་ལྟ་བུ་བཅུག་པས་ལྕེ་ཆུང་བསྲེག་པ་ལ་སྦྱར་བར་བྱ་བ་དང༌། རྩ་བའི་སྦུབས་ལ་མཐེ་བོང་ཤོང་བ་ལ། རྩེའི་བུག་པར་སྲན་མ་ཤོང་ཙམ་སོར་བརྒྱད་དམ་བཅུ་ནི་སྐེད་པ་ལས་རྩ་བ་ངོས་སུ་ཉེ་ཙམ་ན་འཁོར་ལེའི་རིམ་པ་གཉིས་དཀྲིས་པ་དེ་ནི་གཅེའུ་ཞེས་བྱ་སྟེ། འཇམ་རྩི་དང་ནི་རུ་ཧ་གཏོང་བ་ལ་བསྔགས་ཤིང༌། དེ་དང་འདྲ་བའི་ཕྲ་མོ་ནི་རྨ་བཀྲུ་བ་ལ་སྦྱར་བར་བྱའོ། །དེ་བཞིན་དུ་སློབ་དཔོན་གྱིས་ཀྱང་འདི་ལྟར་བཤད་དེ། དེ་ཡི་གཅེའུ་ནད་པ་ཡི། །སོར་ཚད་བཅུ་གཉིས་ཚད་དུ་བྱ། །ཟླུམ་ཞིང་བ་ལང་མཇུག་མ་འདྲ། །རྩ་བ་དབུས་སུ་གག་པ་གདགས། །རྩེ་མོ་ཡུངས་ཀར་ཤོང་བ་ཙམ། །འཇམ་པ་གསེར་ལ་སོགས་པས་བྱ། །ཀུན་ད་སྲིད་ཤིང་སོ་མ་ན། །མེ་ཏོག་རྩེ་མོ་ལྟར་ཟླུམ་ཕྲ། །དེ་ཡི་རྐྱལ་བུ་འཇམ་ཞིང་ཡང༌། །ཚད་སྲང་ཕྱེད་དང་གང་རིགས་བྱ། །ཞེས་སྐྱེས་པའི་འཕྲུལ་ཐུར་དང༌། །གཅེའུ་སོར་བཅུ་རྩེ་མོ་ཡི། །བུ་ག་མུད་ག་ཞེང་སོར་བཞི། །མངལ་གྱི་གནས་སུ་གཏང་བར་བྱ། །སོར་གཉིས་གཅིན་འབབ་ལམ་དུ་བཞག །གཅིན་འགགས་པ་ཡི་ནད་རྣམས་ལ། །བུ་མོ་རྣམས་ལ་སོར་གཅིག་བཏང༌། །ཞེས་བུད་མེད་ཀྱི་མངལ་ཐུར་དང༌། མས་བཏང་གཅེའུ་འདིར་བྱས་པ་ཡིས། །དུད་གཅེའུ་སྦུབས་གསུམ་དྲང་པོ་བྱ། །རྩ་བ་མཐེབ་ཤོང་རྩེ་མོ་ནི། །རྒྱ་ཤུག་ཤོང་བའི་ཚད་དུ་བྱ། །དེ་ཡི་ཚད་ནི་རྔུབ་བྱེད་པའི། །སོར་ནི་ཉི་ཤུ་སུམ་ཅུ་གཉིས། །བཞི་བཅུ་རྣོ་དང་བར་མ་དང༌། །འཇམ་པོ་ལ་ནི་རིམ་བཞིན་བྱ། །ཞེས་དུད་སྨན་གྱི་གཅེའུ་དང༌། །སྦུ་གུ་སོར་དྲུག་ཁ་གཉིས་པ། །ནང་ན་སྨན་དང་བཅས་པ་དག །ཁ་ཡི་དབུགས་ཀྱིས་བུས་ཏེ་བཏང༌། །དེས་ནི་མགོ་ནད་མང་པོ་ཡང༌། །ཕྱེ་མ་ཡིན་པས་འབྱིན་པར་བྱེད། །ཅེས་སྣ་སྨན་གྱི་གཅེའུ་དང༌། དེ་གཉིས་སྦུ་གུ་གསེར་སོགས་དང༌། །ཤིང་རུས་འོད་མ་ལས་བྱས་པ། བ་ལང་མཇུག་འདྲ་བུག་རྡོལ་མེད། །འཇམ་ཞིང་དྲང་ལ་ཁ་ཟླུམཔའོ། །ལོ་གཅིག་མ་ལོན་ལ་སོར་ལྔ།  །ལོ་ཚད་ལོ་བདུན་པ་ཡི་བར། །ཚད་ནི་སོར་དྲུག་ཡིན་པར་བཤད། །ལོ་བདུན་པ་ཡི་བདུན་ཉིད་དེ། །བཅུ་གཉིས་པ་ལ་སོར་བརྒྱད་བྱ། །བཅུ་དྲུག་ཡན་ཆད་སོར་དགུ་སྟེ། །ཉི་ཤུ་ཕན་ཆད་སོར་བཅུ་གཉིས། །ལོ་གཞན་དག་ལ་ན་ཚོད་དང༌། །སྟོབས་དང་ལུས་ཚད་བརྟགས་ནས་ནི། །ཚད་ནི་མངོན་པར་བསྐྱེད་པར་བྱ། །རྩ་བ་རང་གི་མཐེ་མོ་མཉམ། །རྩེ་མོ་མཐེའུ་ཆུང་ཚད་དུ་བྱ། །ལོ་གཅིག་ལན་སོར་ནས་བཟུང་སྟེ། །དེ་ཡི་ཕྱེད་བྱེད་ཀྱིས་བསྐྱེད་བྱ། །གང་ཞིག་རྩ་བའི་བུ་གའི་ཚད། །སོར་མོ་གཉིས་རྩེ་ཤོང་བ་མཆོག །རྩེ་མོའི་བུ་གའི་ཚད་དག་ནི། །མུད་ག་མ་ཤ་སྲན་མ་བཙོས། །རྒྱ་ཤུག་འབྲས་ཤོང་རིམ་བཞིན་བྱ། །མཐར་ནི་གག་པ་གདགས་པ་སྟེ། །ལྕེ་རྩར་རང་གི་སོར་གཉིས་གྱིས། །ཆོད་པར་གག་པ་གཉིས་པ་བྱ། །དེར་ནི་རྐྱལ་བུ་གདགས་པ་སྟེ། །ར་ལུག་མ་ཧེ་ལ་སོགས་པའི། །ལྒང་པ་ལེགས་མཉེས་སྲ་བ་དང༌། །མར་བཙོས་བུ་ག་ཐག་ཐུག་མེད། །དྲི་ང་རྩ་རིས་མར་སྲབ་པར། །སྨན་ནི་ལེགས་པར་བླུག་བྱས་ལ། །སྲད་བུས་དམ་པོར་བཅིང་བར་བྱ། །ལྒང་མེ་རྐྱལ་བའི་དཔུང་པའམ། །བྱིན་པའི་པགས་པའམ་རས་མཐུག་བཟང༌། །ཞེས་ཀྱང་བཤད་དོ།།

གསུམ་པ་རྔབས་རྭ་སོགས་བཤད་པ་ལའང་གཉིས་ཏེ་སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། རྔབས་རྭ་ཁ་ཞེང་སོར་གསུམ་པ། །དཔངས་སུ་སོར་བརྒྱད་པའམ་བཅུ། །རྩེ་མོའི་བུ་ག་ཡུངས་ཀར་ཤོང༌། །ལེགས་བཀག་ནུ་སོའི་དབྱིབས་འདྲ་བྱ། །ཀུ་བ་སྲིད་དུ་སོར་བཅུ་གཉིས། །འཁྱུད་འཁོར་སོར་ནི་བཅོ་བརྒྱད་པ། །ཁ་ཟླུམ་སོར་ནི་གསུམ་མམ་བཞི། །ནང་འབར་བད་ཀན་ཁྲག་འདྲེན་བྱེད། །དེ་བཞིན་བུམ་པ་དེ་འདྲ་བ། །བསླན་པས་སླར་ཡང་འཇུ་བར་བྱེད། ཅེས་དང༌། རྒྱུད་ཆུང་བར་ཡང༌། རྔབས་རྭ་དཔངས་སོར་ལྔ་བརྒྱད་བཅུ། །ཞེང་སོར་གསུམ་པ་རྩེ་གུག་ནི། །ཡུངས་ཀར་ཤོང་ཙམ་ནུ་ཟོར་འདྲ། །བཙུགས་ལ་ཆུ་སེར་དྲང་བར་བྱ། །བུམ་པ་ཀུ་བ་སོར་བཅུ་གཉིས། །མཐའ་སྐོར་སོར་ནི་བཅོ་བརྒྱད་པ། །ཁ་ཟླུམ་སོར་གསུམ་སོར་བཞི་ཅན། བསླན་པས་ནང་གི་བད་ཀན་ཁྲག །ཕྱི་ཡི་སྐྲན་ཡང་འཇུ་ཞིང་འདྲེན། །སྦུ་གྲི་མེ་ལོང་ཟླ་ཚེས་འདྲ། །སྐྲ་སོགས་སྤུ་གཞར་བ་ཡི་ཆས། །ཏེལ་པ་ཡོག་ཏོད་མགོ་ལྟ་བུ། །སྲིད་སོར་བཅུ་གཉིས་ལྷག་པ་འབྲས། །སྐྲངས་སོགས་བསྲེག་པ་ཀུན་ལ་སྦྱར། །ཤ་ཁབ་དབལ་ལྡན་ཕྲ་འཇམ་གུག །ཤ་པགས་རལ་བ་ཚེམ་ལ་སྦྱར། །བུ་གའི་ནང་ཚུད་སྦུབས་བུག་ཅན། །བུ་ག་རང་རང་ནད་བརྟག་བྱ། །སྲིད་དུ་སོར་བཅུ་ཞེང་སོར་ལྔས། །གྲེ་བའི་ཟུག་རྔུ་རྟོགས་བྱེད་ཡིན། །མཚན་པར་རྡོལ་པར་གྱུར་པ་ལ། །བུ་ག་ཆུན་ཆད་གསལ་བར་བྱ། །སྲིད་སོར་གཉིས་པ་ཞེང་མཛུབ་ཙམ། །སྦུབས་མས་སྣ་ཡི་འབྲུམ་པ་བཅད། །ཐུར་མ་རྩེ་ཟླུམ་མགོ་འཇམ་ཞིང༌། །སྲིད་སོར་བཅུ་དྲུག་མོ་མཚན་བརྟག །མདའ་ལྟོང་འདྲ་བ་སོར་བཞི་པ། །སོ་དབྱུང་བ་ལ་སྦྱར་བར་བྱ། །ཞེས་གསུངས་ཤིང༌། འདི་སྐབས་ཀྱི་ཏེལ་པ་ཞེས་པ་ལས་འཕྲོས་ནས་ཅུང་ཟད་ཅིག་བརྟག་པར་བྱའོ། །དེ་ལ་སྨན་པ་ཕལ་ཆེར་གྱིས་མེ་ལ་བསྲེག་དགོས་ཀུན་ལ་ལྕགས་ཀྱི་ཏེལ་པས་བསྲེག་པ་དང༌། ཁྱད་པར་དུ་ཉི་མ་གཙང་ཕྱོགས་ཀྱི་སྨན་པར་ཁས་འཆེ་བ་ཀུན་གྱིས་དོན་སྣོད་ཀྱི་གསང་ལ་སོགས་པ་མཐའ་དག་ལ་རྡོ་ཁོག་གི་དུམ་བུ་མེས་བསྲེགས་པ་འདི་ཁོ་ན་བརྡེག་པ་མངོན་སུམ་དུ་མཐོང་སྟེ། དེ་ལ་དང་པོ་ལྕགས་ཀྱི་ཏེལ་པ་དེ་ནི་དངོས་སུ་འབྲས་དང་ལྷོག་པ་ལ་སོགས་སྐྲངས་པའི་རིགས་ཅན་རྣམས་བསྲེག་པ་དང༌། ཤུགས་ལས་མགོ་ཆག་ལ་སོགས་པའི་སྐབས་ཕལ་ཆེར་དུ་རུང་ཡང་སྐྲ་སྐྱེ་བའི་གནས་རྣམས་སུ་བརྡེག་པར་མི་རུང་མོད། གཞན་རྣམས་སུ་རུང་བར་གཞུང་འགྲེལ་ཁུངས་མ་གང་དུའང་མ་བཤད་ཅིང་འདི་གཉིས་ཀའང་དོན་སྣོད་ཀྱི་གསང་སོགས་ལུས་ཀྱི་ཆ་ཤས་གང་ལ་བཏབ་ཀྱང་ནན་ཆེས་ན་ལག་དགྲས་ཕུང་བར་བྱེད་ཅིང༌། ཆུང་ན་པགས་པ་ཙམ་བ་སྲེག་པར་མི་ནུས་ཀྱི་དགོས་དོན་མི་འཚོས་པ་སོགས་ཉེས་པ་མང་དུ་མཐོང་ལ། ཧ་ཅང་རྩུབ་དྲགས་ཤིང༌། རང་གི་ཆོས་ཉིད་ཀྱི་འཚོས་ལ་མ་མཐའ་བའི་མཚམས་ཀྱང་ཟིན་པར་མི་འགྱུར་བ་ཡིན་ནོ། །ཁྱད་པར་དུ་རྡོ་མེར་གྲགས་པ་འདི་ལ་མཁས་པར་རློམ་པ་དག་ན་རེ། རྡོ་མེ་ནི་ཧོར་གྱི་མེ་བཙའ་སྟེ་སྙིང་པོ་བསྡུས་པ་ལས་བཤད་དོ། །ཞེས་ཟེར་རོ། །འདི་ནི་མ་རིག་པ་ཚན་ཆེན་པོས་བསླད་པའི་ལོང་གཏམ་སྟེ་རྒྱུས་མེད་ཀྱི་རྒྱུས་གཏམ་རང་གཞན་བསླུ་བར་བྱེད་པ་དང་འདྲའོ། །དེ་ཅིའི་ཕྱིར་ཞེ་ན།

སྙིང་པོ་བསྡུས་པར། ཐལ་སྨན་བཟོ་ཚུལ་རྒྱས་པར་བཤད་པའི་རྗེས་སུ། ཤིན་ཏུ་རྣོ་མིན་འཇམ་དང་མཉེན། །འབྱར་བག་སྣ་རྣོ་དཀར་བ་དང༌། །རྩེ་ཅན་བདེ་བར་འཇིལ་བ་དང༌། །མི་འཇག་བྱུགས་ན་ནད་མི་ཆེས། །ཐལ་སྨན་ཡོན་ཏན་བཅུ་དང་ལྡན། །གཙུགས་བུ་མེ་བཙའི་ལས་ཀྱང་བྱེད། ཅེས་ཐལ་སྨན་བསྐུ་ཚུལ་དང་བཅས་པ་དང༌། མེ་བཙའ་ཐལ་སྨན་ལས་མཆོག་སྟེ། །དེས་བསྲེགས་པ་ནི་སླར་མི་འབྱུང༌། །སྨན་དང་ཐལ་སྨན་མཚོན་དཔྱད་ཀྱིས། །མ་གྲུབ་པར་ཡང་འགྲུབ་བྱེད་ཡིན། །པགས་པ་ཤ་དང་རྩ་རྒྱུས་དང༌། །ཚིགས་དང་རུས་སོགས་དེ་ལ་གདབ། །རྨེ་བ་འཛེར་ནད་ཀླད་ནད་དང༌། །འགོ་བོའི་གཞོགས་ཕྱེད་ན་བ་སོགས། །པགས་བསྲེགས་རས་བལ་བ་ལང་སོ། །མེ་ཤེལ་མདའ་སྨྱུག་སོགས་མེ་གདབ། །གཞང་འབྲུམ་རྨེན་བུ་མཚན་བར་རྡོལ། །བུ་ག་རྨ་ལོང་ལ་སོགས་ལ། །ཤ་བསྲེགས་སྤྲ་ཚིལ་མར་བསྲེགས་དང༌། །བུ་རམ་ཛམྦུའི་ཆུ་ཡིས་བསྲེགས། །ཞེས་བཤད་ཀྱི་རྡོ་མེ་ཞེས་པ་ཚིག་ཟུར་ཙམ་གྱིས་ཀྱང་མ་བསྟན་པས་རྡོ་ཐལ་གྱི་མེ་ལ་རྡོ་མེར་མ་འཁྲུལ་ཞིག གལ་ཏེ་ཁོ་ན་རེ། སྙིང་པོ་བསྡུས་པའི་མེ་བཙའི་སྐབས་མ་ཡིན་པའི་ལེའུ་གཞན་ཞིག་ཏུ་བཤད་དོ་ཞེ་ན་བདེན་ཏེ། ཁྱོད་ཀྱི་གཏམ་ནི་ལོང་བའི་འཁར་བ་ལས་ཀྱང་གཏད་སོ་ཆུང་བར་མཐོང་བས་སོ། །དེས་ན་བདུད་རྩིའི་ཁ་དོག་དྲི་རོ་ལ་སོགས་པ་ལྷ་རྣམས་ཀྱིས་ཤེས་ཀྱི། ལྷ་མིན་རྣམས་ཀྱིས་མཐོང་ཞིང་སྤྱོད་སྐལ་བ་མེད་པའི་ཕྱིར། དེས་ན་འདིར་དཔྱད་བྱ་བའི་ཆ་བྱད་རྣམས་གཙོ་བོར་གསུངས་ཀྱི། དཔྱད་བྱེད་ཚུལ་ནི་ཞིབ་པར་དུམ་བུ་འོག་མ་རྣམས་སུ་ཤེས་པར་བྱའོ། །རྒྱུ་མཚན་དེ་བས་ན་རྡོ་མེ་དེ་འདྲ་བས་ནད་པ་མང་པོ་ཞིག་ཕ་རོལ་ཏུ་སོང་བ་ཡིད་ལ་ངེས་བཞིན་དུ་ཉམ་ང་བ་སྤུ་ཙམ་ཡང་མི་སྐྱེ་བ་གཤིན་རྗེའམ་དུད་འགྲོ་ལྟ་བུའི་བློ་དོར་ལ། རྒྱུད་ཕྱི་མ་ལས་ཇི་སྐད་བཤད་པའི་སྤྲ་མེའི་ལག་ལེན་ཉིད་ཉམས་སུ་ལོངས་ཤིག་ཅེས་འབད་པས་དོན་དུ་གཉེར་བའོ། །གཉིས་པ་ཚིག་གི་དོན་ནི། རྔབས་རྭ་ཞེས་པ་ནས་བཙེམ་ལ་སྦྱར་ཞེས་པའི་བར་གྱིས་བསྟན་ཏེ། རབ་ཏུ་གླང་འོག་ཅན་གྱི་རྭ་ལས་བྱས་པའི་རྔབས་རྭ་དཔངས་སུ་སོར་ལྔ་དང༌། ཁ་ཞེང་ལ་སོར་གསུམ་ཡང་བ་སོགས་ནད་དམིགས་དང་བསྟུན་པའི་རྩེ་མོ་ནུ་སོར་རམ་པདྨའི་སྙིང་པོ་ལྟ་བུའི་དབུས་སུ་བུག་པ་ཡུངས་ཀར་ཤོང་བའི་རྣམ་པས་ཆུ་སེར་དྲང་བ་དང༌། དེ་བཞིན་དུ་ཟངས་སོགས་ལས་བྱས་པའི་བུམ་པ་ལྟོ་བའི་འཁྱུད་འཁོར་ལ་སོར་ནི་བཅོ་བརྒྱད་པ་སྲང་དུ་སོར་བཅུ་གཉིས་ཀྱི་ཁ་ཟླུམ་པོ་སོར་མོ་བཞི་གཤིབས་ནས་ཤོང་བ་དེ་ལྟ་བུའི་ནང་དུ་གྲོ་ག་སོགས་མེ་སྦར་བ་བཅུགས་པ་རླུང་ཁྲག་འཐབ་པས་གཟེར་བ་སོགས་དང་ཕྱི་སྐྲན་མཐའ་དག་འཇུ་ཞིང་འདྲེན་པར་བྱ་བ་ལ་སྦྱར་བར་བྱ་བ་དང༌། མེ་ལོང་བཀད་པ་སོགས་ལས་བྱས་པའི་སྤུ་གྲི་ཟླ་བ་ཚེས་པ་སྟེ་ཡར་ངོའི་ཚེས་གཉིས་གསུམ་གྱི་ཟླ་བའི་དབྱིབས་ལྟ་བུའི་རྣོ་ངར་དང་ལྡན་པས་མགོ་བོའི་སྐྲ་གཞར་བར་བྱ་བ་དང༌། ལྕགས་ལས་ཡོག་གི་ཐོད་དེ་ཡོས་དཀྲུག་པའི་མགོ་ལྟ་བུ་ཕྱོགས་གཉིས་ཀའམ་སྦྲུལ་མགོ་གདེངས་པ་བཞིན་དུ་ཕྱོགས་གཅིག་ལས་མེད་ཀྱང་རུང་སྟེ་རྩེ་མོ་སོར་གཉིས་གུག་པའི་ཁ་ངོས་མཉམ་པ་སྲིད་སོར་བཅུ་དང་ལྡན་པ་ནི་ཏེལ་བ་ཞེས་བྱ་སྟེ་འབྲས་དང་ལྷོག་པ་སོགས་གློ་བུར་སྐྲངས་པ་འགའ་ཞིག་བསྲེག་པར་བྱ་བ་དང༌། མདུང་རྩེ་ལྟ་བུའི་དཔལ་དང་ལྡན་ཞིང་ཕྲ་ལ་འཇམ་པའི་རྩེ་མོ་ནས་གང་གུག་པོར་བྱས་པ་ནི་ཤ་ཡི་ཁབ་ཅེས་བྱ་སྟེ་ཤ་དང་པགས་པ་རལ་བ་བཙེམ་པ་ལ་སྦྱར་བར་བྱ་བ་ཡིན་ནོ།།

གསུམ་པ་མཇུག་བསྡུ་བ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། གཏར་དཔྱད་སྣ་ཚོགས་དག་གི་སྣོད། །གསོ་རས་བལ་སྣམ་མེན་ཏྲིའམ། །པགས་འཇམ་དུ་ཀུ་ལ་ལས་བྱས། །རབ་ཏུ་སྟུག་པ་ཞེང་སོར་དགུ། །སྲིད་དུ་སོར་ནི་བཅུ་གཉིས་པ། །བལ་གྱི་བར་བཅད་དཔྱད་བཅུག་ལ། །ལེགས་པར་བཞག་སྟེ་གྲུབ་པ་དང༌། །ཐུར་མས་ཁ་ནི་བརྒྱུ་བར་བྱ། །ཞེས་བྱ་ཆ་བྱད་ཀྱི་སྣོད་དང༌། །ཉེ་བའི་ཆ་བྱད་ཁབ་ལོང་དང༌། །ཐག་པ་རས་དང་ཐོ་བ་དང༌། །འབྲེང་བུ་རྒྱུད་མ་ལྕེ་རྟ་རྔ། །ཡལ་ག་སེན་མེ་ཁ་སོ་དང༌། །དུས་དང་སྨིན་དང་ལག་རྐང་པ། །འཇིགས་དང་དགའ་བ་དེ་བྱ་བའི། །བྱེ་བྲག་ཐབས་ནི་ཤེས་པ་ཡི། །མཁས་པའི་བློ་ཡིས་གཅད་བར་བྱ། །ཆ་བྱད་བརྡུང་བསྲུབ་དགང་དང་རྒྱུན་སྲང་དག་པར་བྱ། །ཐལ་སྨན་གདབ་དང་མཚོན་དབྱུང་བཅིངས་དང་བཙིར་བ་དང༌། གཞིབས་དང་སྨད་དང་སྟོད་དང་སྐྱོད་དང་བཅག་པ་དང༌། །བཟློག་དང་དྲང་པོར་བྱ་བ་ཆ་དཔྱད་ལས་རྣམས་ཡིན། །ཞེས་དང༌། བསྡུས་པ་ལས་ཀྱང༌། འདི་དག་ལུས་ནི་ཐམས་ཅད་དམ། ལུས་ཀྱི་ཡན་ལག་གྱུར་པའམ། །ཚིགས་དང་ནང་གྲོལ་རྩ་བོ་ཆེར། །ཅི་རིགས་པར་ནི་སྦྱར་བར་བྱ། །ཞེས་བཤད་དོ། །གཉིས་པ་ཚིག་གི་དོན་ནི། དེ་ལྟར་ཞེས་པ་ནས་ཅེས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ཟུག་རྔུ་བརྟག་པ་ལ་སོགས་པའི་ཆ་བྱད་ཀྱི་རྣམ་པ་ཇི་སྐད་བཤད་པ་རྣམས་དང༌། གཞན་ཡང་དཔྱད་ཀྱི་ཚུལ་ནད་རིགས་གང་ལ་གང་མཁོའི་དབྱིབས་སོགས་བློ་དང་ལྡན་པས་ལེགས་པར་དཔྱད་ནས་བཟོས་ཏེ་སྦྱར་བར་བྱའོ། །ཞེས་གསུངས་སོ་ཞེས་པའི་དོན་ཏོ། །དེས་ན་འདིར་དཔྱད་ཆ་བྱད་རྣམས་གཙོ་བོར་གསུངས་ཀྱི་དཔྱད་བྱེད་ཚུལ་ཞིབ་པ་དུམ་བུ་འོག་མ་གཉིས་སུ་ཤེས་པར་བྱའོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་གཉེན་པོ་ཆ་དཔྱད་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ། །ཞེས་གསུངས་སོ་ཞེས་པ་སྟེ། གནས་བདུན་པ་དཔྱད་ཀྱི་གནས་ལེགས་པར་བཤད་ལ། དེས་ནི་གསོ་བྱེད་གཉེན་པོའི་རྩ་བ་སྟེ། རྩ་བ་གཉིས་པ་ཡང་རྫོགས་པར་བསྟན་ཟིན་ཏོ། །

འདིར་སྨྲས་པ། ནད་དངོས་འབྱིན་བྱེད་དཔྱད་ཀྱི་ཆ་བྱད་མ་ལུས་པ། །མིག་གི་སྤྱོད་ཡུལ་གྱུར་པ་དག་ཀྱང་འགའ་མེད་ན། །ནད་དང་དཔྱད་གཉིས་སོ་སོར་སྤྲོད་ཤེས་སྨོས་ཅི་དགོས། །དེ་ཕྱིར་འདི་ན་ཕྲག་དོག་སྤངས་ལས་རིངས་པར་ཤོག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

 

མཐའ་མའི་འདོན་ཐེངས་།: 22.08.2011 ཉིན། 12:19 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།