སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ཉེར་གཅིག་པ། སྨན་གྱི་སྡེ་ཚན་དང་སྦྱོར་ཐབས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.09.2023
བཤད་རྒྱུད། >> ལེའུ་ཉེར་གཅིག་པ། སྨན་གྱི་སྡེ་ཚན་དང་སྦྱོར་ཐབས་བསྟན་པ།



ལེའུ་ཉེར་གཅིག་པ། སྨན་གྱི་སྡེ་ཚན་དང་སྦྱོར་ཐབས་བསྟན་པ། 

ལེའུ་ཉི་ཤུ་པ་བཤད་ཟིན་པའི་རྗེས་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེའང་ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་སོ། །གོང་དུ་བཤད་པའི་རོ་ནུས་གཉིས་པོ་དེ་ལ་སྦྱར་བའི་ཐབས་ནི་སྡེ་ཚན་གྱི་རིགས་མཐུན་སོ་སོར་བཤད་པ་དང༌། རོ་སྦྱོར་དང་ནུས་པར་སྦྱར་བ་གཉིས་ལས།  

དང་པོ་ནད་གང་སེལ་བ་ལ་སྨན་གྱི་སྡེ་ཚན་སོ་སོར་བསྟན་པ་ནི། དེ་ཡང་ཡན་ལག་བརྒྱད་པ་རང་འགྲེལ་དང་འགྲེལ་པ་ཟླ་ཟེར་གཉིས་ཀར་སྨན་མིང་བཀྲོལ་ནས་བཤད་ཅིང༌། ཁ་ཆེ་ཟླ་དགས་འདིའི་སྐོར་ཟུར་དུ་བཀོད་ནས་མིང་སོ་སོའི་རྣམ་གྲངས་རྒྱས་པར་བཤད་པ་ལ་སྨན་མིང་སྒྲ་སྦྱོར་ངེས་པ་ཞེས་འདི་ཉིད་འཐད་པ་ལོ་ཙཱ་བའི་འགྱུར་ཡིན་འདུག་པས་རྒྱ་སྐད་སོར་བཞག་གི་རྣམ་པས་གོ་དཀའ་ཙམ་འདུག་པ་ལ་ཁོ་བོས་མཆན་བུ་རགས་པ་བཀོད་པ་ཡོད་ཅིང༌། སྨན་མིང་འདི་རྣམས་གལ་ཆེ་བར་འདུག་པས་བློ་ལྡན་རྣམས་ཀྱིས་ཅི་ནས་ཀྱང་དོན་དུ་གཉེར་བར་གྱིས་ཤིག

ག་བུར་རིགས་གསུམ་དང་ཙནྡན་དཀར་པོ་དང༌། གི་ཝཾ་དང༌། ས་ཅུ་གང་དང༌། ཁ་ཆེ་གུར་ཀུམ་དང༌། ཨུཏྤལ་སྔོན་པོ་རྣམས་ཚ་བའི་རིགས་ཐུན་མོང་དུ་སྤྱིར་འཇོམས་པའི་སྨན་སྡེ་ཡིན་ནོ། །ཏིག་ཏའི་རིགས་རྣམས་དང་གསེར་གྱི་མེ་ཏོག་དང་དུག་མོ་ཉུང་དང་བོང་ང་དཀར་པོ་དང་རྩ་མཁྲིས་དང་གཡའ་ཀྱི་མ་དང་ཀྱི་ལྕེ་དཀར་པོ་དང་སྐྱེར་པ་རྣམས་ནི་མཁྲིས་པ་སེལ་བར་བྱེད་པའི་སྡེ་ཚན་ཡིན་ནོ། །ཙནྡན་དམར་པོ་དང༌། མཛོ་མོ་ཤིང་དང༌། སེང་ལྡེང་གི་རིགས་དང་ཧོང་ལེན་དང༌། བ་ཤ་ཀའི་རིགས་དང༌། སྐྱུ་རུ་ར་དང༌། རེ་སྐོན་པ་དང༌། སྤང་རྩི་དོ་བོ་དང༌། བཙོད་དང༌། རྒྱ་ཚོས་རྣམས་ནི་ཁྲག་གི་ནད་སེལ་བར་བྱེད་པའི་སྨན་གྱི་སྡེ་ཚན་ཡིན་ནོ། །གི་ཝཾ་དང༌། གསེར་གྱི་མེ་ཏོག་དང༌། བོང་ང་དཀར་པོ་དང༌། ལི་ག་དུར་དང༌། བྱི་ཚེར་བ་དང༌། དེ་བ་སྟེ་ཤིང་འདེལ་པ་དང༌། པར་པ་ཏ་དང༌། སེར་པོ་ཁྲག་རྐང་ཞེས་མྱང་རྩི་སྤྲས་ཏེ་དེ་རྣམས་ནི་རིམས་ནད་སེལ་བར་བྱེད་པའི་སྨན་གྱི་སྡེ་ཚན་ཡིན་ནོ། །གླ་རྩི་དང༌། བོང་ང་དཀར་སེར་དམར་པོ་གསུམ་དང༌། ཁྱུང་སྡེར་དཀར་སྨུག་དང༌། དཔའ་བོ་དཀར་སེར་དང༌། རྩད་དང༌། རྣམ་པར་ཏེ་ཡུ་གུ་ཤིང་དང༌། དགུ་ཐུབ་དང༌། སྟག་ཤ་དང༌། ཧ་བོ་དང༌། ཡུང་བ་དང༌། གངྒ་ཆུང་དང༌། རེ་རལ་གསུམ་དང༌། འོམ་བུ་དང༌། སྤང་རྒྱན་དང༌། སྤང་རྩི་དོ་བོ་དང༌། སེ་རྒོད་དང༌། སྐྱེར་པའི་བར་ཤུན་རྣམས་ནི་དུག་ནད་སེལ་བར་བྱེད་པའི་སྨན་གྱི་སྡེ་ཚན་ཡིན་ནོ། །ཅུ་གང་དང་ཤིང་མངར་དང་རྒུན་འབྲུམ་དང་སྟར་བུ་དང་རུ་རྟ་དང་ལི་ག་དུར་དང་ཨ་ཀྲོང་དང་སྲོ་ལོ་དཀར་པོ་དང་སྲོ་ལོ་སུག་འདྲ་ལ་སོགས་པ་རྣམས་ནི་གློ་སྨན་གྱི་སྡེ་ཚན་ཡིན་ནོ། །སླེ་ཏྲེས་དང་ཀཎྚ་ཀ་རི་དང་ཨ་ག་རུའི་རིགས་དང་གོ་སྙོད་དང་ཤ་པོ་རུ་རྟ་དང་གུ་གུལ་དཀར་ནག་དང་སྒོག་སྐྱ་རྣམས་ནི་རླུང་དང་ཚད་པར་ལྡན་པ་ཞི་བར་བྱེད་པའི་སྨན་གྱི་སྡེ་ཚན་ཡིན་ནོ། །བསེ་ཡབ་དང་མ་ནུ་པ་ཏྲ་དང་འུ་སུ་དང་སྟར་བུ་དང་ཨུཏྤལ་གྱི་རིགས་དང་སེ་འབྲུ་དང་སྒ་སྐྱ་དང་སྐྱུ་རུ་ར་རྣམས་ནི་བད་ཀན་དང་ཚ་བར་ལྡན་པ་སེལ་བར་བྱེད་པའི་སྨན་གྱི་སྡེ་ཚན་ཡིན་ནོ། །སྨན་སྒ་དང༌། སྒ་སྐྱ་དང༌། ཤིང་ཀུན་དང༌། ཁ་རུ་ཚ་དང༌། བཙོང་དང༌། སྒོག་སྐྱ་རྣམས་ནི་བད་རླུང་ལྡན་པ་སེལ་བར་བྱེད་པའི་སྨན་གྱི་སྡེ་ཚན་ཡིན་ནོ། སེ་འབྲུ་དང་ཕོ་བ་རིས་དང་པི་པི་ལིང་དང་སྨན་སྒ་དང་ཙི་ཏྲ་ཀ་དང་ཀ་ཀོ་ལ་དང་སུག་སྨེལ་དང་ཤིང་ཚ་དང་འཇམ་འབྲས་དང་བྱི་ཏང་ག་དང་ད་ལིས་ཏེ་བ་ལུ་དང་ཟི་ར་ནག་པོ་དང་ལ་ལ་ཕུད་དང༌། དབྱི་མོང་ནག་པོ་དང༌། སྲུབ་ཀ་དང༌། ལྕེ་ཚ་དང༌། ཙབས་རུ་ཚ་དང༌། རྒྱ་ཚ་རྒྱམ་ཚ་རྭ་ཚ་ཐལ་ཚ་རྣམས་ནི་བད་ཀན་གྲང་བ་སེལ་པའི་སྨན་གྱི་སྡེ་ཚན་ཡིན་ནོ། །ཛཱ་ཏི་དང་བུ་རམ་དང་རུས་བཅུད་གསུམ་ལ་སོགས་པའི་རུས་སྣ་རྣམས་ནི་རླུང་སྨན་གྱི་སྡེ་ཚན་ཡིན་ནོ། །སྤོས་དཀར་རྟ་སོ་མ་དང་ཐལ་ཀ་རྡོ་རྗེ་དང་སོ་མ་ར་ཛ་དང་སེང་ལྡེང་གི་ཁཎྜ་སྟེ་ཁྱི་ལ་ཝ་རི་དང་སྐྱེར་པའི་རྩ་བ་རྣམས་ནི་ཆུ་སེར་སེལ་བར་བྱེད་པའི་སྨན་གྱི་སྡེ་ཚན་ཡིན་ནོ། །གླ་རྩི་དང་ཤིང་ཀུན་དང་སྒོག་སྐྱ་དང་མ་རུ་ཙེ་དང་ཐང་ཕྲོམ་པ་དང་ལང་ཐང་ཙེ་དང་བྱི་ཏང་ག་དང་དྲེས་མའི་འབྲུ་དང་འབུ་སྐྱོགས་དང་ཕུར་མོའི་ཐལ་བ་དང་སྲིན་ཤིང་སྣ་མའི་འབྲུ་དང་དྭ་བ་དང་གཡེར་མ་དང་སྤྲུ་མ་རྣམས་ནི་སྲིན་སྨན་གྱི་སྡེ་ཚན་ཡིན་ནོ། །ཀ་པེད་དང་བིལ་བ་དང་ད་ཏྲིག་དང་མོན་ཆ་ར་དང་སྨག་དང་ཐ་རམ་དང་ན་རམ་དང་རྒྱ་སྐྱེགས་ཀྱི་ཤིང་དང་གཙོད་ཁྲག་དང་མེ་ཏོག་བྱ་རྐང་རྣམས་ནི་འཁྲུ་བ་གཅོད་པའི་སྨན་གྱི་སྡེ་ཚན་ཡིན་ནོ། །རྒྱ་ཚ་རྒྱམ་ཚ་དང་གསེར་གྱི་བྱེ་མ་དང་སྡིག་སྲིན་དང་སུག་སྨེལ་དང་ཉི་དགའ་སྟེ་ལྕམ་པ་ལོ་མ་རྣམས་ནི་ཆུ་སྨན་གྱི་སྡེ་ཚན་ཡིན་ནོ། །པོ་སོ་ཆ་དང་རི་ཤོ་བ་དང་སྤྱང་ཚེར་དང་ཤུ་དག་ནག་པོ་དང་གསེར་གྱི་ཕུད་བུ་དང་འབྲི་ཏ་ས་འཛིན་དང་སྐྱི་འབྲུ་དང་གཡའ་ཀྱི་མ་དང་ཡུངས་ཀར་ལ་སོགས་པ་རྣམས་ནི་སྐྱུག་སྨན་གྱི་སྡེ་ཚན་ཡིན་ནོ། །ཨ་རུ་ར་མཆུ་རིང་དང་དན་དའི་རིགས་དང་དོང་ག་དང་ཤྲྰི་ཁཎྜ་དུར་བྱིད་དང་ཐར་ནུ་དང་ལྕུམ་རྩ་དང་སྔོན་བུ་དང་ཁྲོན་བུ་དང་རྩི་སྟག་མོ་ཞེས་པ་ཆུ་མ་རྩི་དང་རེ་ལྕག་དང་ཆུ་རྩ་རྣམས་ནི་འཁྲུ་བར་བྱེད་པའི་སྨན་གྱི་སྡེ་ཚན་ཡིན་ནོ།།

སྐབས་འདིར་སྨན་དེ་དག་སྦྱར་བའི་ཐབས་ལ་རོ་སྦྱོར་དང་ནུས་པར་སྦྱོར་བ་གཉིས་སུ་ཡོད་པ་ལས། དེའང་རོ་གཉིས་བསྡེབས་པ་སོགས་ཀྱི་སྦྱོར་བ་ལྔ་བཅུ་རྩ་བདུན་ཏེ། དང་པོ་གཉིས་པར་སྦྱར་བ་ལ། མངར་བའི་སྐྱུར་བ། མངར་བའི་ལན་ཚྭ་བ། མངར་བའི་ཁ་བ། མངར་བའི་ཚ་བ། མངར་བའི་བསྐ་བ་སྟེ་མངར་བ་ལ་ལྔ། སྐྱུར་བའི་ལན་ཚྭ་བ། སྐྱུར་བའི་ཁ་བ། སྐྱུར་བའི་ཚ་བ། སྐྱུར་བའི་བསྐ་བ་སྟེ་བཞི། ལན་ཚྭ་བའི་ཁ་བ། ལན་ཚྭ་བའི་ཚ་བ། ལན་ཚྭ་བའི་བསྐ་བ་སྟེ་གསུམ། ཁ་བའི་ཚ་བ། ཁ་བའི་བསྐ་བ་སྟེ་གཉིས། ཚ་བའི་བསྐ་བ་སྟེ་གཅིག་པུ་ཡིན་པས་བསྡོམས་ན་གཉིས་པར་ཕྱེ་བ་ལ་བཅོ་ལྔའོ། །རོ་གསུམ་དུ་སྦྱོར་བ་ལ། མངར་བའི་སྐྱུར་བ་ལན་ཚྭ་བ། མངར་བའི་སྐྱུར་བ་ཁ་བ། མངར་བའི་སྐྱུར་བ་ཚ་བ། མངར་བའི་སྐྱུར་བ་བསྐ་བ་སྟེ་བཞི། མངར་བའི་ལན་ཚྭ་བ་ཁ་བ། མངར་བའི་ལན་ཚྭ་བ་ཚ་བ། མངར་བའི་ལན་ཚྭ་བ་བསྐ་བ་སྟེ་བདུན། མངར་བའི་ཁ་བ་ཚ་བ། མངར་བའི་ཁ་བ་བསྐ་བ་སྟེ་དགུ། མངར་བའི་ཚ་བ་བསྐ་བ་སྟེ་མངར་བའི་སུམ་སྦྱོར་བཅུ། སྐྱུར་བའི་ལན་ཚྭ་བ་ཁ་བ། སྐྱུར་བའི་ལན་ཚྭ་བ་ཚ་བ། སྐྱུར་བའི་ལན་ཚྭ་བ་བསྐ་བ་སྟེ་གསུམ། སྐྱུར་བའི་ཁ་བ་ཚ་བ། སྐྱུར་བའི་ཁ་བ་བསྐ་བ་སྟེ་ལྔ། སྐྱུར་བའི་ཚ་བ་བསྐ་བ་སྟེ་དྲུག་ཡིན་ནོ། །ལན་ཚྭ་བའི་ཁ་བ་ཚ་བ། ལན་ཚྭ་བའི་ཁ་བ་བསྐ་བ། ལན་ཚྭ་བའི་ཚ་བ་བསྐ་བ་སྟེ་གསུམ་ཡིན་ལ། ཁ་བའི་ཚ་བ་བསྐ་བ་སྟེ་ཁ་བ་གཅིག་པུ་ཉིད་དོ། །བཞི་སྦྱར་ནི། མངར་བའི་སྐྱུར་བ་ལན་ཚྭ་བ་ཁ་བ། མངར་བའི་སྐྱུར་བ་ལན་ཚྭ་བ་ཚ་བ། མངར་བའི་སྐྱུར་བ་ལན་ཚྭ་བ་བསྐ་བ་སྟེ་གསུམ། མངར་བའི་སྐྱུར་བ་ཁ་བ་ཚ་བ། མངར་བའི་སྐྱུར་བ་ཚ་བ་བསྐ་བ། མངར་བའི་སྐྱུར་བ་ཁ་བ་བསྐ་བ། མངར་བའི་ལན་ཚྭ་བ་ཁ་བ་ཚ་བ། མངར་བའི་ལན་ཚྭ་བ་ཁ་བ་བསྐ་བ། མངར་བའི་ལན་ཚྭ་བ་ཚ་བ་བསྐ་བ། མངར་བའི་ཁ་བ་ཚ་བ་བསྐ་བ་སྟེ། མངར་བའི་བཞི་སྦྱར་བཅུ་དང༌། སྐྱུར་བའི་ལན་ཚྭ་བ་ཁ་བ་ཚ་བ། སྐྱུར་བའི་ལན་ཚྭ་བ་ཁ་བ་བསྐ་བ། སྐྱུར་བའི་ལན་ཚྭ་བ་ཚ་བ་བསྐ་བ། སྐྱུར་བའི་ཁ་བ་ཚ་བ་བསྐ་བ་སྟེ་སྐྱུར་སྦྱར་ལ་བཞི། ལན་ཚྭ་ཁ་བ་ཚ་བ་བསྐ་བ་སྟེ་ལན་ཚྭ་བའི་བཞི་སྦྱོར་གཅིག་ཡིན་ནོ། །ལྔ་སྦྱོར་ལ། མངར་བའི་སྐྱུར་བ་ལན་ཚྭ་བ་ཁ་བ་ཚ་བ། མངར་བའི་སྐྱུར་བ་ལན་ཚྭ་བ་ཁ་བ་བསྐ་བ། མངར་བའི་སྐྱུར་བ་ཁ་བ་ཚ་བ་བསྐ་བ། མངར་བའི་སྐྱུར་བ་ལན་ཚྭ་བ་ཚ་བ་བསྐ་བ། མངར་བའི་ལན་ཚྭ་བ་ཁ་བ་ཚ་བ་བསྐ་བ་སྟེ་མངར་བའི་ལྔ་སྦྱོར་ལྔ་ཡིན་ལ། སྐྱུར་བའི་ལན་ཚྭ་བ་ཁ་བ་ཚ་བ་བསྐ་བ་སྟེ་སྐྱུར་བའི་ལྔ་སྦྱོར་གཅིག་པུ་ཉིད་དོ། །དེ་ལྟར་བཞི་པ་སྦྱར་བ་དང༌། གཉིས་པ་སྦྱར་བ་གཉིས་ལ་བཅོ་ལྔ་བཅོ་ལྔ་རེ་ཡོད་དེ། བཞི་སྦྱར་ལ་མངར་བ་བཅུ་དང་སྐྱུར་བ་བཞི་ལན་ཚྭ་བ་གཅིག་སྟེ་བཅོ་ལྔ་དང༌། གཉིས་པར་སྦྱར་བ་ལ་མངར་བ་ལྔ། སྐྱུར་བ་བཞི། །ལན་ཚྭ་བ་གསུམ། ཁ་བ་གཉིས། ཚ་བ་གཅིག་སྟེ་བཅོ་ལྔའོ། །ལྔ་སྦྱར་ལ་མངར་བ་ལྔ་དང་སྐྱུར་བ་གཅིག་སྟེ་དྲུག་ཡིན་ནོ། གསུམ་སྦྱར་ལ་ཉི་ཤུ་ཡོད་དོ། །མངར་བ་ལ་བཅུ་སྐྱུར་བ་ལ་དྲུག ལན་ཚྭ་བ་ལ་གསུམ། ཁ་བ་ལ་གཅིག་དང་བཅས་པས་ཉི་ཤུ་དང༌། དྲུག་ཏུ་སྦྱར་བ་ལ་གཅིག་རང་ཡིན་ནོ། །དེ་ལྟར་ན་རོ་སྡེབས་སྦྱོར་བ་ལྔ་བཅུ་རྩ་བདུན་དང་རྐྱང་པའི་རོ་དྲུག་སྟེ་བསྡོམས་པའི་རོ་སྦྱོར་དྲུག་ཅུ་རྩ་གསུམ་མོ། །འཕེལ་ཟད་བདུན་ཅུ་རྩ་བཞིའི་གཉེན་པོར་སྦྱོར་བར་བྱེད་དགོས་སོ། །དེས་ན་འཕེལ་ཟད་ནི་ལེའུ་བཅུ་གཉིས་པར་བཤད་ཟིན་པ་ལྟར་དེ་རྣམས་ཀྱི་གཉེན་པོར་གང་འཚམ་གྱི་སྦྱོར་ལུགས་བྱ་དགོས་པ་ཡིན་ལ། སྔ་ཕྱིའི་སྨན་པ་རྣམས་ཀྱིས་རེ་རེ་བཞིན་དུ་གྲངས་སྤྲོས་སྦྱར་བ་ཡོད་ཀྱང་གཞུང་གི་དགོངས་དོན་མ་ཡིན་པས་བཏང་སྙོམས་སུ་བྱའོ།།

སྨན་ནུས་པ་མཐུན་པར་སྦྱར་བ་ལ་ཞི་བྱེད་དང་སྦྱོང་བྱེད་ཀྱིས་སྦྱང་བའི་ཆོ་ག་གཉིས་སུ་ཡོད་དོ། །སྨན་གྱི་རོ་སྡེབས་བཤད་ཟིན་པའི་རྗེས་ནས་ཞི་བྱེད་ཀྱི་སྨན་སྦྱོར་སྡེ་ཚན་ལྔའམ་བདུན་ཐང་ཕྱེ་རིལ་བུ་ལྡེ་གུ་སྨན་མར་ལྔ་དང༌། དེའི་སྟེང་དུ་སྨན་ཆང་དང་འབྲི་ཏ་སྟེ་ཁཎྜ་དང་བཅས་པས་གཉིས་ཏེ་བདུན་དུ་བཤད་དོ། །སྦྱོང་བྱེད་ལ་འཇམ་རྩི་བཤལ་སྐྱུགས་ནི་རུ་ཧ་སྣ་སྦྱོངས་ཏེ་ཉེས་པ་གསུམ་ག་སེལ་ཞིང་ཁྱད་པར་དུ་འདུས་པའི་མགོ་ནད་རྩ་བ་ནས་འབྱིན་པར་བྱེད་པའི་སྨན་སྡེ་ཚན་དུ་སྦྱར་བ་དང༌། རོ་སྡེབས་སུ་སྦྱར་བ་དང༌། ནུས་སྡེབས་སུ་སྦྱར་བ་རྣམས་ཀྱིས་བཞི་བརྒྱ་རྩ་བཞིའི་ནད་དྲུང་ནས་འབྱིན་པར་བྱེད་པས་དེ་རྣམས་ཀྱི་གཉེན་པོར་གང་ལ་གང་འཚམ་པའི་སྒོ་ནས་སྦྱོར་བར་གྱིས་ཤིག་ཅེས་གསུངས་པ་ཡིན་ནོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་སྨན་གྱི་སྡེ་ཚན་དང་སྦྱོར་ཐབས་ཞིབ་ཏུ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།



མཐའ་མའི་འདོན་ཐེངས་།: 05.09.2023 ཉིན། 11:15 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།