སྨན་རྩིས་དྲ་བ། - དཔྱད་འབུམ་ཁྲ་བོ།

ལེའུ་ཉེར་གཅིག་པ། སྨན་གྱི་སྡེ་ཚན་དང་སྦྱར་ཐབས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.05.2023
དཔྱད་འབུམ་ཁྲ་བོ། >>



ལེའུ་ཉེར་གཅིག་པ། སྨན་གྱི་སྡེ་ཚན་དང་སྦྱར་ཐབས་བསྟན་པ།

དེ་ནས་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་བསྩལ་པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །སྦྱར་ཐབས་སྡེ་ཚན་རོ་སྦྱོར་ནུས་པ་སྦྱོར། །ནད་གང་སེལ་བ་སྨན་གྱི་སྡེ་བསྟན་པ། །ག་བུར་ཙན་དན་དཀར་པོ་གི་ཝཾ་དང༌། །ཅུ་གང་གུར་གུམ་ཨུད་དཔལ་(ཨུཏྤལ་)སྔོན་པོ་རྣམས། །ཚ་བ་ཐུན་མོངས་(མོང་)སྤྱི་འཇོམས་སྨན་སྡེ་ཡིན། །ཏིག་ཏ་གསེར་གྱི་མེ་ཏོག་དུག་མོ་ཉུང༌། །བོང་བ་(ང་)དཀར་པོ་རྩ་མཁྲིས་གཡའ་ཁྱི་(ཀྱི་)མོ། །ཁྱི་ལྕེ་སྐྱེར་པ་མཁྲིས་ཚད་སེལ་བའི་སྡེ། །ཙན་དན་དམར་པོ་མཛོ་མོ་སེང་ལྡིང་(ལྡེང་)དང༌། །ཧུང་(ཧོང་)ལེན་བ་ཤ་ཁ་(ཀ་)དང་སྐྱུ་རུ་ར། །རེ་སྐོན་སྤང་རྩི་དོ་བོ་རྩོད་(བཙོད་)དང་ཚོས། །ཁྲག་ནད་སེལ་བར་བྱེད་པའི་སྨན་སྡེ་ཡིན། །གི་ཝཾ་གསེར་གྱི་མེ་ཏོག་བོང་ང་དཀར། །ག་དུར་བྱི་ཚེར་དྷེ་(དེ་)བ་པར་པ་ཏ། །ཁྲག་རྐང་རིམས་ནད་སེལ་བའི་སྨན་སྡེ་ཡིན། །གླ་རྩི་བོང་ང་དམར་སེར་དཀར་པོ་གསུམ། །ཁྱུང་སྡེར་དཀར་སྨུག་དཔའ་བོ་དཀར་སེར་གཉིས(རྩད)། །རྩོད་ཐོད་རྒྱུད་པ་ཐུབ་སྟག་(རྣམ་པར་རྒུ་ཐུབ་སྟག་ཤ་)ཨ་བོ་དང༌། །ཡུང་བ་གང་ག་(གཱ་)ཆུང་དང་རེ་རལ་དང༌། །འོམ་བུ་སྤང་རྒྱན་སྤང་རྩི་དོ་བོ་དང༌། །སེ་རྒོད་སྐྱེར་པའི་བར་ཤུན་དུག་སྨན་སྡེ། །ཅུ་གང་ཤིང་མངར་སྟར་བུ་རྒུན་འབྲུམ་དང༌། །རུ་སྟ་(རྟ་)ག་དུར་ཨ་ཀྲོན་(ཀྲོང་)སྲོ་ལི་(ལོ་)དཀར། །སུག་འདྲ་ལ་སོགས་གློ་སྨན་སྡེ་ཚན་ཡིན། །སླེ་ཁྲེས་(ཏྲེས་)ཀནྡ་(ཀཎྜ་)ཀ་རི་ཨ་ཀ་རུ། །གོ་སྙོད་རུ་རྟ་གུ་གུལ་སྒོག་སྐྱ་རྣམས། །རླུང་དང་ཚད་པར་ལྡན་པའི་སྨན་སྡེ་ཡིན། །བསེ་ཡབ་མ་ནུ་འུ་སུ་སྟར་བུ་དང༌། །ཨུད་དཔལ་(ཨུཏྤལ་)སེ་འབྲུ་སྒ་སྐྱ་སྐྱུ་རུ་ར། །བད་ཀན་ཚ་བ་སེལ་བའི་སྨན་སྡེ་ཡིན། །སླེ་སྨན་(སྨན་སྒ་)སྒ་སྐྱ་ཤིང་ཀུན་ཁ་རུ་ཚྭ། །ཙོང་སྒོག་བད་རླུང་སེལ་བའི་སྨན་སྡེ་ཡིན། །སེ་འབྲུ་ཕོ་བ་རིལ་(རིས་)དང་པི་པི་ལིང༌། །སྨན་སྒ་ཙི་ཏྲ་ཀ་དང་ཀ་ཀོ་ལ། །སུག་སྨེ་(སྨེལ་)ཤིང་ཚ་འཇམ་འབྲས་བྱི་ཏང་ཀ །ད་(ལི་)ལིས་ཟི་ར་ནག་པོ་ལ་ལ་ཕུད། །དབྱི་མོང་སྲུབ་ཀ་ལྕེ་ཚ་རྒྱམ་ཚ་དང་། །རྒྱ་ཚྭ་དང་(རྒྱམ་)ཚྭ་ཐལ་ཚྭ་ལྕམ་མྱང་(ལྕེ་)ཚ། །བད་ཀན་གྲང་བ་སེལ་བའི་སྨན་སྡེ་ཡིན། །འཛའ་(ཛཱ་)ཏི་བུ་རམ་རུས་སྣ་རླུང་སྨན་ཡིན། །སྤོས་དཀར་ཐལ་དཀར་(ཀ་)རྡོ་རྗེ་སྲོ་(སོ་)མ་ར། །སེང་ལྡེང་སྐྱེར་པ་ཆུ་སེར་སྨན་སྡེ་ཡིན། །གླ་རྩི་ཤིང་ཀུན་སྒོག་སྐྱ་མེ་(མ་)རུ་ཙེ། །ཐང་ཕྲོམ་ལང་ཐང་རྕེ་དང་བྱི་ཐང་ཀ།གྲེས་འབྲུ་འབུ་སྐྱོགས་ཕུར་ཐལ་སྲིན་འབྲུ་དུང་(ཤིང་འབྲུ)། །དྭོ་(དྭ་)བ་གཡེར་མ་སྤྲུ་མ་སྲིན་སྨན་སྡེ། །ཀ་པད་(པེད་)བིལ་བ་ད་ཏྲིག་མོན་ཆ་ར། །སྨག་དང་ཐ་རམ་ན་རམ་རྒྱ་སྐབ་(སྐག་)ཤིང༌། །གཙོས་(གཙོད་)ཁྲག་བྱ་རྐང་འཁྲུག་(འཁྲུ་)བ་གཅོད་པའི་སྨན་སྡེ་ཡིན། །རྒྱ་ཚྭ་རྒྱམ་ཚྭ་གསེར་གྱི་བྱ་(བྱེ་)མ་དང༌། །སྡིག་སྲིན་སུག་སྨེ་(སྨེལ་)ཉི་དགའ་ཆུ་སྨན་ནོ། །སོ་ཆ་རི་ཤོ་སྤྱང་ཚེར་ཤུ་དག་དང༌། །གསེར་ཕུད་འབྲི་ཏ་ས་འཛིན་སྐྱི་འབྲུམ་དང༌། །གཡའ་ཁྱི་(ཀྱི་)ཉུངས་ཀར་ལ་སོགས་སྐྱུགས་སྨན་སྡེ། །ཨ་རུ་དནྡ་དོང་ཁ་ཤི་རི་ཁན(ཤྲཱི་ཁཎ)། །དུར་བྱིད་ཐར་(ནུ་)ལྕིམ་(ལྕུམ་)རྩ་སྔོན་བུ་དང༌། །ཁྲོན་བུ་རྩ་(རྩི་)སྟག་རེ་ལྕག་ཆུ་རྩ་རྣམས། །འཁྲུ་བར་བྱེད་པའི་སྨན་གྱི་སྡེ་ཚན་ཡིན། །

སྦྱར་ཐབས་རོ་སྦྱོར་ནུས་པ་སྦྱར་་གཉིས། །རོ་སྡེབས་སྦྱོར་བ་ལྔ་བཅུ་བདུན་ཏེ། །གཉིས་པ་སྦྱར་དང་(བ་)མངར་ལྔ་སྐྱུར་བ་བཞིན(བཞི)། །ལན་ཚྭ་གསུམ་ལ་ཁ་གཉིས་ཚ་བ་ཅིག །གསུམ་དུ་སྦྱར་ལ་མངར་བཅུ་སྐྱུར་དྲུག་སྟེ། །ལན་ཚྭ་གསུམ་ལ་ཁ་གཉིས་ཚ་བ་ཅིག །བཞི་སྦྱར་མངར་བཅུ་སྐྱུར་བཞི་ལན་ཚྭ་གཅིག །ལྔ་སྦྱོར་མངར་བ་ལྔ་ལ་སྐྱུར་བ་གཅིག །བཞི་པ་གཉིས་པ་བཅོ་ལྔ་ལྔ་པ་དྲུག །གསུམ་པ་ཉི་ཤུ་དྲུག་དང་སྦྱར་བ་ཅིག །རྐྱང་པ་དྲུག་སྟེ་(དྲུག་)བཅུ་(ཅུ་)རྩ་གསུམ་མོ། །འཕེལ་ཟད་བདུན་ཅུ་རྩ་བཞིའི་གཉེན་པོར་སྦྱོང་(སྦྱོར)། །ནུས་པ་སྦྱོར་ལ་ཞི་དར་སྦྱོང་བ་གཉིས། །ཞི་སྨན་སྦྱོར་བ་སྡེ་ཚན་ལྔ་འམ་བདུན། །ཐོན་(ཐང་)ཕྱེ་རིལ་བུ་ལྡེ་གུ་སྨན་མར་ལྔ། །སྨན་ཆང་འབྲི་ཏ་གཉིས་ཏེ་བདུན་དུ་བཤད། །སྦྱོང་བྱེད་འཇོམས་(འཇམ་)རྩི་བཤལ་སྐྱུགས་ནི་རུ་ཧ། །སྣ་སྦྱོངས་ཉེས་གསུམ་འདུས་པའི་མགོ་ནད་འབྱིན། །བཞི་བརྒྱ་རྩ་བཞི་ནད་ཀྱི་གཉེན་པོར་སྤྱོད་(སྦྱོར་)། །ཞེས་གསུངས་སོ། །

གསོ་བྱེད་དཔྱད་འབུམ་ཁྲ་བོ་ལ་(ལས་)སྨན་གྱི་སྡེ་ཚན་དང་སྦྱར་ཐབས་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།





མཐའ་མའི་འདོན་ཐེངས་།: 30.05.2023 ཉིན། 10:43 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།

བོད་ཀྱི་གསོ་རིག་རྒྱ་མཚོའི་ཡང་སྙིང་།