སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ཉེར་གཅིག་པ། སྨན་གྱི་རོ་ནུས་གཉིས་ཀའི་སྦྱར་ཐབས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.08.2011
བཤད་རྒྱུད། >> ལེའུ་ཉེར་གཅིག་པ། སྨན་གྱི་རོ་ནུས་གཉིས་ཀའི་སྦྱར་ཐབས་བསྟན་པ།

གསུམ་པ་སྨན་གྱི་རོ་ནུས་གཉིས་ཀའི་སྦྱར་ཐབས་བསྟན་པ་ལ་གསུམ་སྟེ། ཉན་པར་གདམས་དང༌། ལན་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ། ལེའུ་ཉི་ཤུ་པ་བཤད་ཟིན་པའི་རྗེས་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེའང་ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་སོ། །གཉིས་པ་ལན་དངོས་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། སྦྱར་ཐབས་ཞེས་པ་ནས་དེ་བསྟན་པ་ཞེས་པའི་བར་གྱིས་བསྟན་ཏེ། གོང་དུ་བཤད་པའི་རོ་ནུས་གཉིས་པོ་དེ་ལ་སྦྱར་བའི་ཐབས་ནི་སྡེ་ཚན་གྱི་རིགས་མཐུན་སོ་སོར་བཤད་པ་དང༌། རོ་སྦྱོར་དང་ནུས་པ་སྦྱར་བ་གཉིས་ལས་དང་པོ་ནད་གང་སེལ་བ་ལ་སྨན་གྱི་སྡེ་ཚན་སོ་སོར་བསྟན་པ་ནི་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། སྡེ་ཚན་དུ་སྦྱར་བ་དང་རོ་ནུས་སུ་སྦྱར་བའོ། །དང་པོ་ལ་སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི།

སློབ་དཔོན་གྱིས། པོ་སོན་ཆ་དང་ཤིང་མངར་དང༌། །ཀུ་བ་ཁ་བོ་ནིམ་པ་དང༌། །བིམ་པ་ག་གོན་བི་ཤ་ལ། །དུགས་མོ་ཉུངས་དང་མུར་བ་དང༌། །དེ་བ་ད་ལི་བི་དང་ཀ༌།ལྕང་མ་ཙི་ཏྲ་ཀྲུ་ཏྲུ་ཏྲེས། །ཀོ་ཤ་བ་ཏི་ཀ་རཉྫ། །པི་པི་ལིང་དང་རྒྱམ་ཚ་དང༌། །ཤུ་དག་སུག་སྨེལ་ཡུངས་ཀར་ཏེ། །འདི་དག་སྐྱུག་པའི་སྨན་གྱི་སྡེ། །དན་ཏི་དང་ནི་ཏྲི་བིད་ཏི། །འབྲས་བུ་གསུམ་དང་བི་ཤ་ལ། །ཤ་ཀི་ནི་དང་སྣུ་ཧ་དང༌། །སེང་ཕྲོམ་དོང་ག་ནི་ལི་ནི། །ཁྲོན་བུ་དང་ནི་ཀམ་པི་ལྱ། །འོ་མ་བ་གཅིན་འཁྲུ་བར་བྱེད། །པོ་སོན་ཆ་དང་དུག་མོ་ཉུངས། །རུ་རྟ་དེ་བ་ད་ལི་དང༌། །ཤིང་མངར་ཤུ་དག་རྩ་བ་བཅུ། །ཐང་ཤིང་ར་སྣ་ལ་ལ་ཕུད། །ཤ་ཏ་པུཏ་པ་པ་ཏོ་ལ། །རྒྱ་སྲན་ནག་པོ་སྦྲང་རྩི་དང༌། །རྒྱམ་ཚ་ལྕེ་ཚ་ཤ་ཤི་ཉེར། །འདི་དག་མས་བཏང་བཀྲུ་སྨན་སྡེ། །ཨ་བ་མརྒ་བྱི་ཏང་ཀ །ཚ་བ་གསུམ་དང་སྐྱེར་པའི་རྩ། །སུ་ར་ལ་དང་ཤི་རི་ཤ །བྲི་ཧད་ཤི་བཀྲུ་ས་བོན་དང༌། །སེང་ལྡེང་མ་དུ་ཀའི་སྙིང་པོ། །རྒྱམ་ཚ་དངུལ་རྡོ་ཕ་བོང་དྲེག །སུག་སྨེལ་གཉིས་དང་གོ་སྙོད་སྦོམ། །མགོ་བོའི་ནད་སྦྱོང་བྱེད་པ་ཡིན། །ཐང་ཤིང་རྒྱ་སྤོས་རུ་རྟ་དང༌། །རྩ་བ་བཅུ་དང་བ་ལ་གཉིས། །བི་ར་ཏ་ཏིའི་སྨན་སྡེར་གཏོགས། །བི་ཏ་རི་སོགས་རླུང་ནད་སེལ། །དཱུར་བ་དང་ནི་བི་ཚེར་བ། །ནིམ་པ་བ་ཤ་ཀཱའི་ལོ་མ། །ཁ་སྲལ་ཁྲེའུ་འོལ་མོ་སེ། །ཉེའུ་ཤིང་པ་ཞེས་བྱ་བ་དང༌། །ཤི་ཏ་པ་ཀི་པྲི་ཡང་ཀུ།  །ནྱེ་གྲོ་ད་སོགས་ཤུག་པ་སོགས། །སྠི་ར་རྣམས་པདྨའི་ཟེ། །བན་ནྱ་ཐལ་ཏྲེས་སོགས་མཁྲིས་སེལ། །དོང་ག་སོགས་དང་ཨར་ག་སོགས། །མུསྐཀ་སོགས་ཨོ་སན་སོགས། །བྱེའུ་རུག་པ་སོགས་གླ་སྒང་སོགས། །དུག་མོ་ཉུང་སོགས་བད་ཀན་སེལ། །ཛི་བན་ཏི་དང་ར་མཉེ་བ། །མེ་ད་མཧཱ་མེ་ད་དང༌། །མུང་ག་མ་ཤ་པར་ནི་དང༌། །ལྡུམ་བུ་ཟངས་རྩི་བ་དང་ནི། །ཛི་བ་ཀ་དང་ཤིང་མངར་ཏེ། །སྡེ་འདི་འཚོ་བྱེད་ཅེས་བྱ་ཡིན། །བྱི་དང་རི་དང་ཨེ་རན་དང༌། །བྲི་ཤྩིཀ་ལི་པུརྣ་ན། །དེ་བ་ཧ་ས་དེ་བ་དང༌། །པ་རྣ་གཉིས་དང་ཁ་སྲལ་དང༌། །འཚོ་བྱེད་ལྔ་དང་རྩ་ཆུང་ལྔ། །ཐལ་ཏྲེས་དང་ནི་ལྕང་མ་དང༌། ཧན་ས་པ་རི་ཞེས་བྱ་རྣམས། །བི་ད་རི་སོགས་འདི་སྙིང་ཕན། །ཉམ་ཆུང་རླངུ་དང་མཁྲིས་པ་སེལ། །ལུས་སྐེམ་སྐྲན་ཚིགས་ཡན་ལག་ན། །དབུགས་མི་བདེ་དང་ལུད་པ་ལུ། །སེལ་བར་བྱེད་པའི་སྡེ་ཚན་ཡིན། །ཐལ་ཏྲེས་དང་ནི་སྤུ་ཤེལ་རྩེ། ཏང་པལ་དང་ནི་མ་དུ་ཀ །ཙན་དན་དཀར་དང་དམར་བ་དང༌། །ཤིང་མངར་པ་རུ་ཤ་ཀ་རྣམས། །ཚད་པ་མཁྲིས་པ་ཁྲག་རྒྱས་དང༌། །སྐོམ་དད་རིམས་ཀྱིས་བཏབ་པ་སེལ། །ཤུག་པ་པུནྔྷ་རི་ཀ་དང༌། །འབྲིད་དེ་རིང་ཏེ་ཙུ་ཝང་དང༌། །སྲིང་གི་སླེ་ཏྲེས་འཚོ་བྱེད་ཅུ། །ནུ་ཞོ་སྐྱེད་བྱེད་རླུང་མཁྲིས་སེལ། །ཉམ་ཆུང་ཚིམ་བྱེད་བརྟ་བྱེད་པ། །འཚོ་བྱེད་རོ་ཙ་ཉིད་དུ་བྱེད། །པ་རུ་ཤ་དང་འབྲས་བུ་གསུམ། །རྒུན་འབྲུམ་དང་ནི་ཀ་པ་ལ། །ཀ་ཏ་ཀ་འབྲས་ར་ཛ་ཏན། །སེའུ་འབྲུ་བ་ར་ད་དུ་རྣམས། །སྐོམ་དད་ཆེ་དང་གཅིན་སྲི་དང༌། །རླུང་གི་ནད་རྣམས་སེལ་བྱེད་ཡིན། །ཨན་ཛ་ན་དང་ཕ་ལི་ནི། །སྤོང་སྤོས་པདྨ་ཨུཏ྄པལ། །སྐྱེར་ཁནྜ་དང་སུག་སྨེལ་དང༌། །ཤིང་མངར་ན་ག་གེ་སར་བཅས། །དུག་དང་ནང་གི་ཚ་བ་དང༌། །མཁྲིས་པ་རྒྱས་པ་སེལ་བར་བྱེད། །པ་ཏོ་ལ་དང་པུ་ཤེལ་རྩེ། །ཙན་དན་དཀར་པོ་མུད་ས་དང༌། །སླེ་ཏྲེས་སྲོ་ལོར་བཅས་པ་དག །བད་ཀན་མཁྲིས་པ་མཛེ་དང་རིམས། །དུག་དང་སྐྱུག་བྲོ་ཡི་ག་འཆུས། །མིག་སེར་གྱི་ནི་ནད་རྣམས་འཇོམས། །སླེ་ཏྲེས་དང་ནི་ཤུག་པ་དང༌། །ནིམ་པ་འུ་སུའི་འབྲས་བུ་དང༌། །ཙན་དན་དམར་པོ་ཞེས་བྱ་རྣམས། །མཁྲིས་པ་དང་ནི་བད་ཀན་དང༌། །རིམས་དང༌། སྐྱུག་བྲོ་ལུས་ཚ་དང༌། སྐོམ་དད་ཆེ་སེལ་མེ་དྲོད་སྐྱེད། །དོང་ག་དང་ནི་དུགས་མོ་ཉུང༌། །ཀ་ཀ་ཏིག་ཏ་པ་ཏ་ལི། །ནིམ་པ་སླེ་ཏྲེས་དཱུ་ར་བ་དང༌། །མུར་པ་བེ་དང་ཀ་ཏ་དང༌། །བཱ་ཐཱ་གཅིག་སྒྲིམ་ཤེས་རྒྱ་ཀ་ །ཀ་རན་ཛ་གཉིས་པ་ཏོ་ལ། །ལོ་མ་བདུན་པ་ཀྲུག་ཀྲུག་ཏྲེས། །སུ་ཤ་བི་དང་པོ་སོན་ཆ། །ཧ་ས་ར་ཙ་ཞེས་བྱ་དང༌། །རྒྱ་ཤུག་གི་ནི་འབྲས་བུ་རྣམས། །དེ་ནི་རློན་བྲོ་མཛེ་ནད་དང༌། །དུག་དང་རིམས་དང་བད་ཀན་དང༌། །གཡན་པ་དང་ནི་གཅིན་སྙི་དང༌། །རྨ་རེད་པ་རྣམས་སྦྱོང་བར་བྱེད། །ཨ་བ་ན་དང་ཏི་ནི་ཤ་ །སྟག་པ་ཤ་ཏ་བ་ཧ་དང༌། །ཀ་ཧ་ར་དང་སེང་ལྡེང་དང༌། །བན་ཏྲ་དང་ནི་ཤིན་ཤ་པ། །ཨ་ཅ་སྲིང་ག་ཙན་དན་གསུམ། །ཏ་ལ་ཨ་ཀར་པཱ་ལ་ཤ་ །སཱ་ལ་ཁ་ར་པ་ཏྲ་དང༌། །དྷ་བ་ཀ་ལིང་ག་སྤྲ་རྡོག །ཚ་བ་དཀར་ན་པཎ་ཙ་ཀཱ །ཐ་རམ་ཞེས་ནི་བྱ་བ་ཡིན། །ཨ་ས་ན་སོགས་དེ་རྣམས་ཀྱིས། །ཤ་བཀྲ་མཛེ་ནད་བད་ཀན་དང༌། །སྲིན་ནད་སྐྱ་རྦབ་གཅིན་སྙི་དང༌། །འཚོ་ཆེས་ནད་ནི་སེལ་བར་བྱེད། །བ་ར་ན་ཤེརྱ་ཀེ་ཤ་གཉིས། །ཉེའུ་ཤིང་ཙིཏ྄ཏ་མོ་ར་ཏྲ། །བིལ་པ་ཨ་ཙ་སྲིང་གི་དང༌། །བི་ཧ་ཏི་ནི་རྣམས་གཉིས་དང༌། །ཀ་རན་ཛ་གཉིས་ཛ་ཡ་གཉིས། །ཤི་ཀྲུ་ཀྲུ་ཤ་རུ་རྟའོ། །བ་ར་ན་སོགས་བད་ཀན་ཚིལ། །མེ་དྲོད་ཆུང་དང་རླུང་ནད་འཁྱིམས། །ཀླད་པ་ན་བའི་ནད་སེལ་ཅིང༌།  །སྐྲན་དང་ཁོང་འབྲས་འཇོམས་པ་ཡིན། །ཤིང་ཀུན་སྤང་མ་རུ་ཤ་ཀ་ །རྒྱམ་ཚ་བྲག་ཞུན་ནག་ཚུར་གཉིས། །གཅིན་སྲི་རྡེའུས་འགགས་པ་དང༌། །སྐྲན་དང་ཚིལ་ཆེས་བད་ཀན་སེལ། །བེ་ལན་ཏ་ར་ཨ་ར་ནི། །སྦྲ་ཏོག་འབྲི་ཤ་སྲུ་སྲུའི་རྩ། །ཨི་ཀ་ཏ་དང་གཟེ་མ་དང༌། །ས་ཧ་ཙ་ར་བཱ་ན་དང༌། །ཀ་ཤ་བྲི་ཀྵ་ད་ནི་དང༌། །འདམ་བུ་ཀུ་ཤ་རྣམ་གཉིས་དང༌། །གུན་ཐ་དང་ནི་ཁ་སྲལ་དང༌། །བ་ལུ་ཀ་དང་མོ་ར་ཧ། །ཀུ་རུ་ར་དང་ཀ་རམ་པ། །ལྕམ་པ་ཞེས་བྱའི་སྨན་སྡེ་འདི། །བེ་ལན་ཏ་ར་ལ་སོགས་པ། །རླུང་ལ་སོགས་པའི་ནད་འཇོམས་ཤིང༌། །རྡེའུ་རྡེའུ་ཕྲིའུ་ཡོད་དང༌། །གཅིན་སྲི་བ་ཡི་ནད་རྣམས་སེལ། །སེང་ཕྲོམ་ཤ་བ་ར་ར་འདྲ། །བ་ལ་ཤ་དང་ཛན་ཛི་ནི། །ཐང་ཤིང་ཀ་ཕལ་ཕལ་ར་སྣ། །ཀ་ཏང་པ་དང་ཆུ་ཤིང་དང༌། །སེ་ལ་བ་ལ་ཨ་ཤོ་ཀ་ །པ་རི་བེ་ལམ་མོ་ཙ་ཀ་ །འདི་ནི་སེང་ཕྲོམ་སོགས་ཞེས་བྱ། །ཚིལ་ཆེས་བད་ཀན་སེལ་བའི་སྡེ། མངལ་ནད་འཇོམས་ཤིང་འཁྲུ་བ་གཅོད། །མདོག་བཟང་དུག་ནད་སེལ་བྱེད་ཡིན། །ཨརྒ་དང་ནི་ཨ་ལར་ཀ་ །ནག་དན་དི་བྱི་ཤ་ཤལ་ལྱེ། །ག་བྲ་ར་སྣ་བྲི་ཤི་ཀལ། །ཨ་པ་མརྒ་ཀ་རན་ཛ། །ཀ་ཀ་ད་ནི་ཀ་རན་ཛ། །གི་རི་གར་གཉིས་ཨིང་གུ་དང༌། །ཨརྒ་ལ་སོགས་སྡེ་ཚན་འདི། །བད་ཀན་ཚིལ་ཆེས་དུག་རྣམས་སེལ། །སྲིན་ནད་དང་ནི་མཛེ་ནད་འཇོམས། །ཁྱད་པར་དུ་ནི་རྨ་ལ་ཕན། །བྱིའུ་རུག་རྣམ་གཉིས་ཀུ་ཐེ་ར། །ཀ་ལ་མ་ལ་བི་དང་ཀ །ཁ་ར་བྲ་ཏ་ཀད་པ་ལ། །བྲི་ཤ་ཀང་ན་ཀ་ཤུན་ཏེ། །སྐྱེ་ཚེ་ཀ་པི་ཐའི་ལོ་མ། །ག་བྲ་མེན་སྙེའུ་ཀ་མུ་ཀ །རྒ་མར་བ་ཤ་མུཥྚིདང༌། །བུ་སྲིན་ན་དང་འབམ་པའོ། །བྱིའུ་རུག་པ་ལ་སོགས་པའི་སྡེ། །བད་ཀན་ཚིལ་ཆེས་སྲིན་ནད་སེལ། །ཆམ་པ་ཡི་ག་འཆུས་ལུད་པ། །དབུགས་མི་བདེ་འཇོམས་རྨ་རེད་སྦྱོང༌། །མུ་སྒང་དང་ནི་སྒུ་ཧ་དང༌། །འབྲས་བུ་གསུམ་དང་ཙི་ཏྲ་ཀ །བ་ལ་ཤ་དང་འདའ་བ་དང༌། །ཤིན་ཤ་བ་ཞེས་བྱ་བ་རྣམས། །སྐྲན་དང་གཅིན་ནད་རྡེའུ་ཆགས། །སྐྱ་རྦབ་དང་ནི་ཆིལ་ཆེས་ནད། །བད་ཀན་རྒྱས་དང་ཁུ་བ་ཡིས། །ནད་རྣམས་སེལ་བར་བྱེད་པ་ཡིན། །དུགས་མོ་ཉུངས་དང་མུར་བ་དང༌། །བར་གྱི་དང་ནི་སྤུ་ཤེལ་རྩེ། །ན་ལེ་ཤམ་དང་བོང་ང་དཀར། །ཆུ་སྒོག་སུག་སྨེལ་བ་ཐ་དང༌། །ཡུངས་ཀར་ཟི་ར་ཨ་རུ་ལུ། །ཨ་ཟ་མོ་དང་པོ་སོན་ཆ། །ཤུ་དག་ཟི་ར་ནག་པོ་དང༌། །ཤིང་ཀུན་དང་ནི་བྱི་དང་ཀ །པ་ཤུ་གན་ད་ཚ་བ་ལྔ། །རླུང་དང་བད་ཀན་ཚིལ་ཆེས་དང༌། །ཆམ་པ་སྐྲན་དང་རིམས་དང་གཟེར།  །གཞང་འབྲུམ་གྱི་ནི་ནད་རྣམས་སེལ། །ཤུ་དག་གླ་སྒང་ཐང་ཤིང་དང༌། །དང་ཀ་བོང་ང་ཨ་རུ་ར། །སེར་པོ་གཉིས་དང་ཤིང་མངར་དང༌། །བྲི་རྣ་བར་ནི་དུག་མོ་ཉུང༌། །ཤུ་དག་ཡུང་བ་ལ་སོགས་ཏེ། །བེའུ་སྣབས་ཚད་པར་འཁྲུ་སྨན་གཅོད། །ཚིལ་ཆེས་བད་ཀན་རྒྱས་རླུང་འཁྱིལ། །ནུ་མའི་ནད་རྣམས་སེལ་བར་བྱེད། །པྲི་ཡང་ཀུ་དང་ར་གན་དུད། །ལིག་བུ་མིག་དང་སྟང་ཟིལ་དང༌། །ལྕུམ་ཚ་པདྨའི་གེ་སར་དང༌། །བཙོད་དང་ཡ་བ་ཤ་ཀ་དང༌། །ཤལ་མ་ལི་དང་དེའི་ཁ་ལུ་བ། །པ་མང་ག་དང་པུ་ན་མ། །ཙན་དན་ད་ཏ་ཀའི་མེ་ཏོག །ཨང་ས་ཤ་དང་ཤིང་མངར་དང༌། །ན་མ་སྐ་ར་ཅུ་ཤི་ཤིང༌། །རྒྱ་སྐྱེགས་ཤིང་དང་ཁ་རུ་ཚ། །སེང་ཕྲོམ་བིལ་རྐང་ད་ཏ་ཀི༌།པདྨའི་གེ་སར་ཀ་དང་ཀ་ །པྲི་ཡང་ཨང་བ་ཤ་སྟེ་གཉིས། །ཞུ་བའི་ཚད་པར་འཁྲུ་བ་སེལ། །འབྱོར་བྱེད་མཁྲིས་པ་དག་ལ་ཕན། །རྨ་ཡང་འཚོ་བར་བྱེད་པ་ཡིན། །གླ་སྒ་ཤུ་དག་ཀྲུག་ཀྲུག་ཏྲེས། །སེར་པོར་གཉིས་དང་ཁ་བ་གཉིས། །གོ་བྱེ་པ་ཋ་འབྲས་བུ་གསུམ། །བོང་ང་དཀར་ནག་རུ་རྟ་དང༌། །སུག་སྨེལ་དང་ནི་ཤུ་དག་རྣམས། །ནུ་ཞོ་མངལ་ནད་དྲི་མ་སེལ། །ན་གྲོ་ད་དང་ཨ་ཤྭ་ཐ། །ཨུ་དུམ་པ་ར་སེང་ཕྲོམ་གཉིས། །འཛམ་བུ་གཉིས་དང་ཨ་ཛུ་ན། །ཀ་པི་ཏ་དང་ཀང་ཕ་ལ། །བླག་ཤ་ཨ་མ་ལྕང་མ་དང༌། །པ་ལི་ཡ་དང་པ་ལ་ཤ །ནན་ཏི་རྒྱ་ཤུག་ཐ་རམ་པ། །པི་ར་ཤིང་མངར་མ་དུ་ཀ །ནེགྲོ་ཏ་སོགས་སྡེ་ཚན་ནི། །རྨ་འཚོ་འཁྲུ་གཅོད་ཆག་གྲུགས་སྦྱོར། །ཚིལ་ཆེས་ཁྲག་མཁྲིས་སྐོམ་དད་ཆེ། །མངལ་གྱི་ནད་རྣམས་སེལ་བ་ཡིན། །ཨེ་ལ་གཉིས་དང་དུ་ཀ་ཀ །རུ་རྟ་གན་ད་བྲི་ཡང་ཀུ། །སྤང་སྤོས་བ་ལ་བྱ་མ་ཀ །སྤྲི་ཀ་ཙོ་ར་ཙོ་ཚ་དང༌། །ཤིང་ཚྭ་གན་ད་པ་ཏྲ་དང༌། །རྒྱ་སྤོས་པོ་ལ་སྠོ་ནེ་ཡང༌། །རྒྱ་མཚོའི་དབུ་བ་ཆུ་སྲིན་སེན། །ཐང་ཤིང་དང་ནི་ཨ་ག་རུ། །གུར་གུམ་ཤི་རི་པ་ས་ཀ །ཙན་དན་གུ་གུལ་རྩེ་བོག་དཀར། །པུ་ན་མ་དང་ཀུན་དུ་རུ། །ན་ག་གེ་སར་ཞེས་བྱའོ། །ཨེ་ལ་སོགས་ཏེ་རླུང་བད་ཀན། །དུག་རྣམས་སེལ་ཅིང་མདོག་གསལ་བྱེད། །གཡན་པ་ཐོར་བུའི་ནད་རྣམས་དང༌། །ཤ་བཀྲ་བས་ལྡགས་སེལ་བར་བྱེད། །ཤ་མ་དན་ཏི་ཀྲ་བན་རི། །ཀྲུ་ཏ་ར་དང་གྲ་མུ་ཀ །ཤང་ཀི་ནི་དང་པ་ཏོ་ལ། །ཁྲོན་བུ་དང་ནི་ག་པ་ཀྵི། །པུ་ཏ་ཤི་ར་ཀ་པི་ལ། །སླེ་ཏྲེས་དོང་ག་ཀ་རན་ཛ། །བ་ཤ་ཨན་ཏྲ་ཤི་ཀྲུ་དང༌། ཨང་འབྲས་ཤིང་རོ་ཚྭའི་འབྲས་བུ། །དུར་བྱིད་ལ་སོགས་སྡེ་ཚན་ནི། །སྐྲན་དང་དུག་དང་ཡི་ག་འཆུས། །བད་ཀན་དང་ནི་སྙིང་ནད་དང༌། །གཅིན་སྲི་བ་ཡི་ནད་རྣམས་འཇོམས། །དེ་ལྟར་སུམ་ཅུ་རྩ་གསུམ་བཤད། །སྡེ་ཚན་དེ་ལས་མ་རྙེད་ན། །དེ་ཡང་མཚུངས་པ་གཞན་དང་སྦྱར། །མི་འདྲའི་སྦྱོར་བ་སྤང་བར་བྱ། །ཞེས་རང་འགྲེལ་དང༌། འགྲེལ་པ་ཟླ་ཟེར་གཉིས་ཀར་བཀྲོལ་ནས་བཤད་ཅིང༌།

ཁ་ཆེ་ཟླ་དགས། འདིའི་སྐོར་ཟུར་དུ་བཀོད་ནས་མིང་སོ་སོའི་རྣམ་གྲངས་རྒྱས་པར་བཤད་པ་ལ་སྨན་མིང་སྒྲ་སྦྱོར་ངེས་པ་ཞེས་བཀོད་པ་ཡོད་ཅིང༌། འདི་ཉིད་འཐད་པ་ལོ་ཙཱ་བའི་འགྱུར་ཡིན་འདུག་པས་རྒྱ་སྐད་སོར་གཞག་གི་རྣམ་པས་གོ་དཀའ་ཙམ་འདུག་པ་ལ་ཁོ་བོས་མཆན་བུ་རགས་པ་བཀོད་པ་ཡོད་ཅིང༌། སྨན་མིང་འདི་རྣམས་གལ་ཆེ་ས་རང་འདུག་པས་བློ་ལྡན་རྣམས་ཀྱིས་ཅི་ནས་ཀྱང་དོན་དུ་གཉེར་བར་གྱིས་ཤིག གཉིས་པ་ཚིག་གི་དོན་ལ་སྡེ་ཚན་བཅུ་བདུན་ཡོད་པ་ལས། དང་པོ་ནི། ག་བུར་ཞེས་སོགས་རྐང་པ་གསུམ་སྟེ། ག་བུར་རིགས་གསུམ་དང་ཙན་དན་དཀར་པོ་དང་གི་ཝང་དང་ས་ཅུ་གང་དང་ཁ་ཆེ་གུར་གུམ་དང་ཨུཏྤལ་སྔོན་པོ་རྣམས་ཚ་བའི་རིགས་ཐུན་མོང་དུ་སྤྱི་འཇོམས་པའི་སྨན་སྡེ་ཡིན་ནོ། །གཉིས་པ་ནི། ཏི་ག་ཏ་ཞེས་སོགས་རྐང་པ་གསུམ་སྟེ། ཏིག་ཏའི་རིགས་རྣམས་དང་གསེར་གྱི་མེ་ཏོག་དང་དུགས་མོ་ཉུང་དང་བོང་ང་དཀར་པོ་དང་རྩ་མཁྲིས་དང་གཡའ་ཀྱི་མ་དང་ཀྱི་ལྕེ་དཀར་པོ་དང་སྐྱེར་པ་རྣམས་ནི་མཁྲིས་པ་སེལ་བར་བྱེད་པའི་སྡེ་ཚན་ཡིན་ནོ། །གསུམ་པ་ནི། ཙན་དན་ཞེས་སོགས་རྐང་པ་བཞི་སྟེ། ཙན་དན་དམར་པོ་དང་མཛོ་མོ་ཤིང་དང་སེང་ལྡེང་གི་རིགས་དང་ཧོང་ལེན་དང་བ་ཤ་ཀའི་རིགས་དང་སྐྱུ་རུ་ར་དང་རེ་ཀོན་པ་དང་སྤང་རྩི་དོ་བོ་དང་བཙོད་དང་རྒྱ་ཚོས་རྣམས་ནི་ཁྲག་གི་ནད་སེལ་བར་བྱེད་པའི་སྨན་གྱི་སྡེ་ཚན་ཡིན་ནོ། །བཞི་པ་ནི། གི་ཝང་ཞེས་སོགས་རྐང་པ་གསུམ་སྟེ། གི་ཝང་གསེར་གྱི་མེ་ཏོག་དང་བོང་ང་དཀར་པོ་དང་ལི་ག་དུར་དང་བྱི་ཚེར་བ་དང་དེ་བ་སྟེ་ཤིང་འདེལ་པ་དང་པརྤ་ཏ་དང་སེར་པོ་ཁྲག་རྐང་རྣམས་ནི་རིམས་ནད་སེལ་བར་བྱེད་པའི་སྨན་གྱི་སྡེ་ཚན་ཡིན་ནོ། །ལྔ་པ་ནི། གླ་རྩི་ཞེས་སོགས་རྐང་བ་དྲུག་སྟེ། གླ་རྩི་དང་བོང་ང་དཀར་སེར་དམར་པོ་གསུམ་དང་ཁྱུང་སྡེར་དཀར་སྨུག་དང་དཔའ་བོ་དཀར་སེར་དང་རྩད་དང་རྣམ་པར་ཏེ་ཡུ་གུ་ཤིང་དང་རྒུ་ཐུབ་དང་སྟག་ཤ་དང་ཧའོ་དང་ཡུང་བ་དང་གངྒཱ་ཆུང་དང་རེ་རལ་གསུམ་བ་འོམ་བུ་དང་སྤང་རྒྱན་དང་སྤང་རྩི་དོ་བོ་དང་སེ་རྒོད་དང་སྐྱེར་བའི་བར་ཤུན་རྣམས་ནི་དུག་ནད་སེལ་བར་བྱེད་པའི་སྨན་གྱི་སྡེ་ཚན་ཡིན་ནོ། །དྲུག་པ་ནི། ཅུ་གང་སོགས་རྐང་པ་གསུམ་སྟེ། ཅུ་གང་དང་ཤིང་མངར་དང་རྒུན་འབྲུམ་དང་སྟར་བུ་དང་རུ་རྟ་དང་ལི་ག་དུར་དང་ཨ་ཀྲོང་དང་སྲོ་ལོ་དཀར་པོ་དང་སྲོ་ལོ་སུག་འདྲ་ལ་སོགས་པ་རྣམས་ནི་གློ་སྨན་གྱི་སྡེ་ཚན་ཡིན་ནོ། །

བདུན་པ་ནི། སླེ་ཏྲེས་སོགས་རྐང་པ་གསུམ་སྟེ། སླེ་ཏྲེས་དང་ཀནྜ་ཀ་རི་དང་ཨ་ག་རུའི་རིགས་དང་གོ་སྙོད་དང་ཤ་ཕོ་རུ་རྟ་དང་གུ་གུལ་དཀར་ནག་དང་སྒོག་སྐྱ་རྣམས་ནི་བད་རླུང་ལྡན་པ་སེལ་བར་བྱེད་པའི་སྨན་གྱི་སྡེ་ཚན་ཡིན་ནོ། །བཅུ་པ་ནི། སེ་འབྲུ་སོགས་རྐང་པ་བདུན་ཏེ། སེ་འབྲུ་དང་ཕོ་བ་རིལ་དང་པི་པི་ལིང་དང་སྨན་སྒ་དང་ཙི་ཏྲ་ཀ་དང་ཀ་ཀོ་ལ་དང་སུག་སྨེལ་དང་ཤིང་ཚ་དང་འཇམ་འབྲས་དང་བྱི་དང་ཀ་དང་ད་ལི་སྟེ་བ་ལུ་དང་ཟི་ར་ནག་པོ་དང་ལ་ལ་ཕུད་དང་དབྱི་མོང་ནག་པོ་དང་སྲུབ་ཀ་དང་ལྕེ་ཚ་དང་རྩབས་རུ་ཚ་དང་རྒྱ་ཚ་རྒྱམ་ཚ་ར་ཚ་ཐལ་ཚ་རྣམས་ནི་བད་ཀན་གྲང་བ་སེལ་བའི་སྨན་གྱི་སྡེ་ཚན་ཡིན་ནོ། །བཅུ་གཅིག་པ། ཛཱ་ཏི་སོགས་རྐང་པ་གཅིག་སྟེ། ཛཱ་ཏི་དང་བུ་རམ་དང་རུས་བཅུད་གསུམ་ལ་སོགས་པའི་རུས་སྣ་རྣམས་ནི་རླུང་སྨན་ཡིན་ནོ། །བཅུ་གཉིས་པ་ནི། སྤོས་དཀར་སོགས་རྐང་པ་གཉིས་ཏེ། སྤོས་དཀར་རྟ་སོ་མ་དང་ཐལ་ཀ་རྡོ་རྗེ་དང་སོ་མ་རཱ་ཛ་དང་སེང་ལྡེང་གི་ཁཎྜ་སྟེ་ཁྱི་ལ་ཝ་རི་དང་སྐྱེར་བའི་རྩ་བ་རྣམས་ནི་ཆུ་སེར་སེལ་བར་བྱེད་པའི་སྨན་གྱི་སྡེ་ཚན་ཡིན་ནོ། །བཅུ་གསུམ་པ་ནི། གླ་རྩི་སོགས་ཤླཽ་ཀ་གཅིག་སྟེ། གླ་རྩི་དང་ཤིང་ཀུན་དང་སྒོག་སྐྱ་དང་མ་རུ་རྩེ་དང་ཐང་ཕྲོམ་པ་དང་ལང་ཐང་རྩེ་དང་བྱི་ཏང་ཀ་དང་དྲེས་མའི་འབྲས་བུ་དང་འབུ་སྐྱོགས་དང་ཕུར་མོའི་ཐལ་བ་དང་སྲིན་ཤིང་སྣ་མའི་འབྲས་བུ་དང་དྭ་བ་དང་གཡེར་མ་དང་སྤུ་མ་རྣམས་ནི་སྲིན་སྨན་གྱི་སྡེ་ཚན་ཡིན་ནོ། །བཅུ་བཞི་པ་ནི། ཀ་པེད་སོགས་རྐང་པ་གསུམ་སྟེ། ཀ་པེད་དང་བིལ་བ་དང་ད་ཏྲིག་དང་མོན་ཆ་ར་དང་སྨག་དང་ཐ་རམ་དང་ན་རམ་དང་རྒྱ་སྐྱེགས་ཀྱི་ཤིང་དང་བཙོད་དང་མེ་ཏོག་བྱ་རྐང་རྣམས་ནི་འཁྲུ་བ་གཅོད་པའི་སྨན་གྱི་སྡེ་ཚན་ཡིན་ནོ། །བཅོ་ལྔ་པ་ནི། རྒྱ་ཚ་སོགས་རྐང་པ་གཉིས་ཏེ། རྒྱ་ཚ་རྒྱམ་ཚ་དང་གསེར་གྱི་བྱེ་མ་དང་སྡིག་སྲིན་དང་སུག་སྨེལ་དང་ཉི་དགའ་སྟེ་ལྕམ་པ་ལོ་མ་རྣམས་ནི་ཆུ་སྨན་གྱི་སྡེ་ཚན་ཡིན་ནོ། །བཅུ་དྲུག་པ་ནི། སོན་ཆ་ཞེས་སོགས་རྐང་པ་གསུམ་སྟེ། པོ་སོན་ཆ་དང་རི་ཤོ་མ་དང་སྤྱང་ཚེར་དང་ཤུ་དག་ནག་པོ་དང་གསེར་གྱི་ཕུད་བུ་དང་འབྲི་ཏ་ས་འཛིན་དང་སྐྱི་འབྲུ་དང་གཡའ་ཀྱི་མ་དང་ཡུངས་ཀར་ལ་སོགས་པ་རྣམས་ནི་སྐྱུག་སྨན་གྱི་སྡེ་ཚན་ཡིན་ནོ། །བཅུ་བདུན་པ་ནི། ཨ་རུ་སོགས་ཤླཽཀ་གཅིག་སྟེ། ཨ་ར་ར་མཆུ་རིང་དང་ད་དའི་རིགས་དང་དོང་ག་དང་ཤྲཱི་ཁཎྜ་དང་དུར་བྱིད་དང་ཐར་ནུ་དང་ལྕུམ་རྩ་དང་སྔོན་བུ་དང་ཁྲོན་བུ་དང་རྩི་སྟག་ཆུ་མ་རྩི། མོ་དང་རེ་ལྕག་དང་ཆུ་རྩ་རྣམས་ནི་འཁྲུ་བར་བྱེད་པའི་སྨན་གྱི་སྡེ་ཚན་ཡིན་ནོ།།

གཉིས་པ་སྦྱར་ཐབས་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། དང་པོ་ནི། སྦྱར་ཐབས་སོགས་རྐང་པ་གཅིག་སྟེ། སྐབས་འདིར་སྨན་དེ་དག་སྦྱར་བའི་ཐབས་ལ་རོ་སྦྱོར་དང་ནུས་པར་སྦྱོར་བ་གཉིས་སུ་ཡོད་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། རོ་སྦྱོར་བཤད་པ་དང༌། ནུས་པ་སྦྱར་བ་བཤད་པའོ། །དང་པོ་ནི། རོ་བསྡེབས་སོགས་ཚིག་རྐང་བཅུ་གཅིག་ཡོད་པ་ལས། དེའང་རོ་གཉིས་གཉིས་བསྡེབས་པ་སོགས་ཀྱི་སྦྱོར་བ་ལྔ་བཅུ་རྩ་བདུན་ཏེ། དང་པོ་གཉིས་པར་སྦྱར་བ་ལ། མངར་བའི་སྐྱུར་བ། མངར་བའི་ལན་ཚྭ་བ། མངར་བའི་ཁ་བ། མངར་བའི་ཚ་བ། མངར་བའི་བསྐ བ་སྟེ་མངར་བ་ལ་ལྔ། སྐྱུར་བའི་ལན་ཚྭ་བ། སྐྱུར་བའི་ཁ་བ། སྐྱུར་བའི་ཚ་བ། སྐྱུར་བའི་བསྐ བ་སྟེ་བཞི། ལན་ཚྭ་བའི་ཁ་བ། ལན་ཚྭ་བའི་ཚ་བ། ལན་ཚྭ་བའི་བསྐ་བ་སྟེ་གསུམ། ཁ་བའི་ཚ་བ། ཁ་བའི་བསྐ་བ་སྟེ་གཉིས། ཚ་བའི་བསྐ་བ་སྟེ་གཅིག་པུ་ཡིན་པས་བསྡོམས་ན་གཉིས་བར་ཕྱེ་བ་ལ་བཅོ་ལྔའོ། །རོ་གསུམ་དུ་སྦྱར་བ་ལ། མངར་བའི་སྐྱུར་བ་ལན་ཚྭ་བ། མངར་བའི་སྐྱུར་བ་ཁ་བ། མངར་བའི་སྐྱུར་བ་ཚ་བ། མངར་བའི་སྐྱུར་བ་བསྐ་བ་སྟེ་བཞི། མངར་བའི་ལན་ཚ་བ་ཁ་བ། མངར་བའི་ལན་ཚྭ་བ་ཚ་བ། མངར་བའི་སྐྱུར་བ་བསྐ་བ་སྟེ་བཞི། མངར་བའི་ལན་ཚ་བ་ཁ་བ། མངར་བའི་ལན་ཚྭ་བ་ཚ་བ། མངར་བའི་ལན་ཚྭ་བ་བསྐ་བ་སྟེ་བདུན། མངར་བའི་ཁ་བ་ཚ་བ། མངར་བའི་ཁ་བ་བསྐ་བ་སྟེ་དགུ། མངར་བའི་ཚ་བ་བསྐ་བ་སྟེ་མངར་བའི་སུམ་སྦྱོར་བཅུ། སྐྱུར་བའི་ལན་ཚྭ་ཁ་བ། སྐྱུར་བའི་ལན་ཚྭ་བ་ཚ་བ། སྐྱུར་བའི་ལན་ཚྭ་བ་བསྐ་བ་སྟེ་གསུམ། སྐྱུར་བའི་ཁ་བ་ཚ་བ། སྐྱུར་བའི་ཁ་བ་སྐ་བ་སྟེ་ལྔ། སྐྱུར་བའི་ཚ་བ་བསྐ་བ་སྟེ་དྲུག་ཡིན་ནོ། །ལན་ཚྭ་བའི་ཁ་བ་ཚ་བ། ལན་ཚྭ་བའི་ཁ་བ་བསྐ་བ། ལན་ཚྭ་བའི་བསྐ་བ་སྟེ་གསུམ་ཡིན་ལ། ཁ་བའི་ཚ་བ་བསྐ་བ་སྟེ་ཁ་བ་ལ་གཅིག་པུ་ཉིད་དོ། །བཞི་སྦྱར་ནི། མངར་བའི་སྐྱུར་བ་ལན་ཚྭ་བ་ཁ་བ། མངར་བའི་སྐྱུར་བ་ལན་ཚྭ་བ་ཚ་བ། མངར་བའི་སྐྱུར་བ་ལན་ཚྭ་བ་བསྐ་བ་སྟེ་གསུམ། མངར་བའི་སྐྱུར་བ་ཁ་བ་ཚ་བ། མངར་བའི་སྐྱུར་བ་ཚ་བ་བསྐ་བ། མངར་བའི་སྐྱུར་བ་ཁ་བ་བསྐ་བ། མངར་བའི་ལན་ཚྭ་ཁ་བ་ཚ་བ། མངར་བའི་ལན་ཚྭ་ཁ་བསྐ་བ། མངར་བའི་ལན་ཚྭ་ཚ་བ་བསྐ་བ། མངར་བའི་ཁ་བ་ཚ་བ་བསྐ་བ་སྟེ། མངར་བའི་བཞི་སྦྱར་བཅུ་དང༌། སྐྱུར་བའི་ལན་ཚ་བ་ཁ་བ་ཚ་བ། སྐྱུར་བའི་ལན་ཚྭ་ཁ་བ་བསྐ་བ། སྐྱུར་བའི་ལན་ཚྭ་ཚ་བ་བསྐ་བ། སྐྱུར་བའི་ཁ་བ་ཚ་བ་བསྐ་བ་སྟེ་སྐྱུར་སྦྱར་ལ་བཞི། ལན་ཚྭ་ཁ་བ་ཚ་བ་བསྐ་བ་སྟེ་ལན་ཚའི་བཞི་སྦྱོར་གཅིག་ཡིན་ནོ། །ལྔ་སྦྱོར་ལ། མངར་བའི་སྐྱུར་བ་ལན་ཚྭ་ཁ་བ་ཚ་བ། མངར་བའི་སྐྱུར་བ་ལན་ཚྭ་ཁ་བ་བསྐ་བ། མངར་བའི་སྐྱུར་བ་ཁ་བ་ཚ་བ་བསྐ་བ། མངར་བའི་སྐྱུར་བ་ལན་ཚྭ་ཚ་བ་བསྐ་བ། ངམར་བའི་ལན་ཚྭ་བ་ཁ་བ་ཚ་བ་བསྐ་བ་སྟེ། མངར་བའི་ལྔ་སྦྱོར་ལྔ་ཡིན་ལ། སྐྱུར་བའི་ལན་ཚྭ་ཁ་བ་ཚ་བ་བསྐ་བ་སྟེ་སྐྱུར་བའི་ལྔ་སྦྱོར་གཅིག་པུ་ཉིད་དོ། །དེ་ལྟར་བཞི་པར་སྦྱར་བ་དང༌། གཉིས་པར་སྦྱར་བ་གཉིས་ལ་བཅོ་ལྔ་བཅོ་ལྔ་ཡོད་དེ། གཉིས་པར་སྦྱར་བ་ལ་མངར་བ་ལྔ། སྐྱུར་བ་བཞི། ལན་ཚྭ་གསུམ། ཁ་བ་གཉིས། ཚ་བ་གཅིག་སྟེ་བཅོ་ལྔ། བཞི་སྦྱོར་ལ་མངར་བ་བཅུ་དང༌། སྐྱུར་བ་བཞི། ལན་ཚྭ་གཅིག་སྟེ་བཅོ་ལྔའོ། །ལྔ་སྦྱོར་ལ་མངར་བ་ལྔ་དང་སྐྱུར་བ་གཅིག་སྟེ་དྲུག་ཡིན་ནོ། །གསུམ་སྦྱོར་ལ་ཉི་ཤུ་ཡོད་དེ། མངར་བ་ལ་བཅུ། སྐྱུར་བ་ལ་དྲུག ལན་ཚྭ་བ་ལ་གསུམ། ཁ་བ་ལ་གཅིག་དང་བཅས་པས་ཉི་ཤུ་དང༌། དྲུག་ཏུ་སྦྱར་བ་ལ་གཅིག་རང་ཡིན་ནོ། །དེ་ལྟར་ན་རོ་བསྡེབས་སྦྱོར་བ་ལྔ་བཅུ་རྩ་བདུན་དང༌། རྐྱང་བའི་རོ་དྲུག་སྟེ་བསྡོམས་པའི་རོ་སྦྱོར་དྲུག་ཅུ་རྩ་གསུམ་ཡིན་ལ། འཕེལ་ཟད་བདུན་ཅུ་རྩ་བཞིའི་གཉེན་པོར་སྦྱོར་བར་བྱེད་དགོས་སོ། །དེས་ན་འཕེལ་ཟད་ནི་ལེའུ་བཅུ་གཉིས་པར་བཤད་ཟིན་པ་ལྟར་དེ་རྣམས་ཀྱི་གཉེན་པོར་གང་ལ་གང་འཚམ་གྱི་སྦྱོར་ལུགས་བྱ་དགོས་པ་ཡིན་ལ། སྔ་ཕྱིའི་སྨན་པ་རྣམས་ཀྱིས་རེ་རེ་བཞིན་དུ་བྲང་སྤྲོད་སྦྱར་བ་ཡོད་ཀྱང་གཞུང་གི་དགོངས་དོན་མ་ཡིན་པས་བཏང་སྙོམས་སུ་བྱའོ། །

གཉིས་པ་ནུས་སྦྱོར་ལ་གཉིས། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི། ནུས་པར་སོགས་རྐང་པ་གཅིག་སྟེ། སྨན་ནུས་པ་མཐུན་པར་སྦྱོར་བ་ལ་ཞི་བྱེད་དང་སྦྱོང་བྱེད་ཀྱིས་སྦྱར་བའི་ཆོ་ག་གཉིས་སུ་ཡོད་དོ་ཞེས་པའོ། །གཉིས་པ་ལ་ཞི་སྦྱང་གཉིས་ཡོད་པ་ལས། དང་པོ་ཞི་བྱེད་ནི། ཞི་བྱེད་སོགས་རྐང་པ་གསུམ་སྟེ། སྨན་གྱི་རོ་བསྡེབས་བཤད་ཟིན་པའི་རྗེས་ནས་ཞི་བྱེད་ཀྱི་སྨན་སྦྱོར་སྡེ་ཚན་ཐང་ཕྱེ་རིལ་བུ་ལྡེ་གུ་སྨན་མར་ལྔ་དང༌། དེའི་སྟེང་དུ་སྨན་ཆང་དང་འབྲི་ཏ་སྟེ་ཁཎྜ་དང་བཅས་པས་གཉིས་ཏེ་བདུན་དུ་བཤད་དོ། །གཉིས་པ་སྦྱོང་བྱེད་པ། རྐང་པ་གསུམ་ཡོད་པ་ལས་འཇམ་རྩི་བཤལ་སྐྱུག་ནི་རུ་ཧ་སྣ་སྦྱོང་དེ་ཉེས་པ་གསུམ་ག་སེལ་ཞིང་ཁྱད་པར་དུ་འདུས་པའི་མགོ་ནད་རྩ་བ་ནས་འབྱིན་པར་བྱེད་པའི་སྨན་སྡེ་ཚན་དུ་སྦྱར་བ་དང༌། རོ་བསྡེབས་སྦྱར་བ་དང༌། ནུས་བསྡེབས་སུ་སྦྱར་བ་རྣམས་ཀྱིས་བཞི་བརྒྱ་རྩ་བཞིའི་ནད་དྲུངས་ནས་འབྱིན་པར་བྱེད་པའི་དེ་རྣམས་ཀྱི་གཉེན་པོར་གང་ལ་གང་འཚམ་པའི་སྒོ་ནས་སྦྱོར་བར་གྱིས་ཤིག ཅེས་གསུངས་པ་ཡིན་ནོ། །

གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་སྨན་གྱི་སྡེ་ཚན་དང་སྦྱར་ཐབས་ཞིབ་ཏུ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ་ཞེས་པའོ། །དེ་ལྟར་བཤད་པའི་སྦྱོར་བ་སྨན་གནས་ཀྱི་ལེའུ་ཉི་ཤུ་པ་སོགས་སྨན་མིང་རྒྱས་པ་ཟུར་དུ་བཀོད་པའམ། ཡང་ན་འདི་ཉིད་ལ་རྒྱས་པར་བཤད་པ་གཅིག་བྱེད་བསམས་ཀྱང་ད་ལྟའི་བར་དུ་འཕྲོ་ལ་ལུས་པ་འདི་ཉིད་དེ་གར་བཞག་ན་མི་ལེགས་པར་མཐོང་ནས་རང་ལོ་དྲུག་ཅུ་རེ་གསུམ་པ་ལ་སྟེང་གྲིབ་ཀྱིས་ཤིན་ཏུ་ཁམས་མ་བདེ་ཡང་སྤང་སའི་དབོན་པོ་རིན་ཅེན་ཆོས་དབང་གིས་ཡི་གེ་བ་བྱས་ཏེ་ཅི་ནུས་ཀྱིས་བྲིས་པ་ཡིན་ཞིང༌། བར་སྐབས་སུ་དབུས་སུ་སྡོད་རིང་བརྩམས་པའི་སྨན་མིང་ཤིན་ཏུ་རྒྱས་པ་ཞིག་ཕྱེད་ཙམ་གྲུབ་ཡོད་པས་དེ་ཙམ་གྱིས་ཀྱང་ཕན་ཐོགས་ཆེ་བར་ཡོང་བ་ཡོད་པས་ལེགས་པར་རྟོགས་ཤིག །

འདིར་སྨྲས་པ། སྨན་ཞེས་བྱ་བ་འགྲོ་བ་སེམས་ཅན་སྤྱིའི། །ལས་དང་བསོད་ནམས་མཐུ་ལས་གྲུབ་པ་སྟེ། །དེ་ཡང་ས་ཆུ་མེ་རླུང་འབྱུང་བཞི་ཡི། །མཐུ་ནུས་ཡོན་ཏན་སྟོབས་ལས་བྱུང་བ་ཡིན། །དཔེར་ན་མངར་བ་ས་ཆུས་བསྐྱེད་མོད་ཀྱི། །དེར་ཡང་མེ་རླུང་ཆ་ཙམ་མེད་པ་མིན། །དེས་ན་རྡུལ་ཕྲན་གཅིག་གི་གོ་སར་ཡང༌། །རགས་པ་རྡུལ་རྫས་བརྒྱད་ཀྱི་རྩོམ་ཚུལ་ནི། །འབྱུང་བ་བཞི་དང་གཟུགས་དྲི་རེག་བྱ་རོ། །ཕན་ཚུན་རེག་པ་མ་ཡིན་མ་རེག་མིན། །དེ་ལྟས་རི་རབ་ལ་སོགས་འཇིག་རྟེན་རྩོམ། །སེམས་དཔའ་རྣམས་ལ་སིལ་བུ་སིལ་བུར་སྣང༌། །རང་ཅག་རྣམས་ལ་གཅིག་ཏུ་སྣང་བ་ཡི། །རོ་དྲུག་ལ་སོགས་ཆ་ཤས་ཇི་སྙེད་ཀུན། །ཚུ་རོལ་མཐོང་བ་རྣམས་ཀྱིས་མི་ཤེས་པས། །དམ་པའི་གཞུང་ལས་ནམ་ཡང་མ་འདའ་ཞིག །དེ་ཕྱིར་བློ་དང་བརྩོན་འགྲུས་ལྡན་ཡོད་ན། །ཐོས་བསམ་འདི་ལ་རབ་ཏུ་མ་འབད་ན། །སྨན་པའི་གཟུགས་ཀྱི་སྨན་དཔྱད་རྩོམ་ལུགས་འདིས། །སྙིང་ནས་འཇིག་པར་གདའ་འོ་གྲོགས་དག་ཀྭ། །ཞེས་པ་ཡང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

 

མཐའ་མའི་འདོན་ཐེངས་།: 22.08.2011 ཉིན། 12:22 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།