སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་གཅིག་པ། འགྲམས་ཀྱི་ཚ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་ཉེར་གཅིག་པ། འགྲམས་ཀྱི་ཚ་བ་བཅོས་པ།



ལེའུ་ཉེར་གཅིག་པ། འགྲམས་ཀྱི་ཚ་བ་བཅོས་པ། 

དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ལ། །དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཞུས། །འགྲམས་ཀྱི་ཚ་བའི་རྒྱུ་རྐྱེན་ངོ་བོ་གང༌། །འགྲམས་ཀྱི་ཚ་བའི་མིང་དུ་ཅིའི་ཕྱིར་བཏགས། །དབྱེ་བ་རྟགས་དང་བཅོས་ཐབས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་ལ་ལན་གསུངས་པ།།

འགྲམས་ཚད་རྒྱུ་ནི་ནད་དང་ལུས་ཟུངས་ལ། །དེ་རྐྱེན་ལུས་ཀྱི་བྱ་བ་དྲག་ཤུལ་གྱིས། །བང་མཆོངས་རྩལ་དང་ཕ་བོང་འདེགས་པ་དང༌། །མི་ཐེག་ཁུར་དང་གཞུ་སྲན་བཀང་བ་དང༌། །ས་སྲན་བརྐོས་དང་གཡང་ལྷུང་རྟ་ཡིས་བརྡབས། །ཐིབས་འོག་ཚུད་དང་རྡོ་དབྱུག་བརྡུངས་པ་ཡིས།།

ལུས་ཟུངས་འགྲམས་པས་ཁྲག་འཁྲུགས་མཁྲིས་ཚད་བསླང་། །དེ་ཕྱིར་འགྲམས་ཀྱི་ཚ་བ་ཞེས་སུ་བརྗོད།།

དབྱེ་བ་ནང་གི་དོན་སྣོད་འགྲམས་པ་དང་། །ཕྱི་ཡི་ཡུལ་བཞི་འགྲམས་པ་རྣམ་པ་གཉིས། །དང་པོ་དོན་ལྔ་སྣོད་དྲུག་འགྲམས་པ་དང༌། །ཡུལ་ནི་ཤ་རུས་རྩ་དང་ཆུ་རྒྱུས་བཞི།།

འགྲམས་པའི་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱིར་རྟགས་གང་འགྲམས་ན་ཞིང་གཟེར་ཟུག་ལྡང༌། །རྩ་ནི་ཕྲ་ལ་གྲིམས་ཏེ་ཆུ་དམར་དུགས། །གདོང་སྣུམ་རྔམ་འདེགས་ལུས་ཀྱི་བྱ་བ་དཀའ། །བྱེ་བྲག་སྙིང་འགྲམས་ཁ་ལྐུགས་འགུལ་ན་འབོག །དྲན་པ་མི་གསལ་གཉིད་ལོག་སད་ཚེ་དངངས། །ནུ་མཆན་སོག་དབྲག་གཟེར་ལ་མིག་རྩ་ཧར། །སྲོག་རྩར་འགྲམས་ན་མིག་ཧར་ཕུ་ཡིས་འདེབས། །དྲན་པ་མི་གསལ་ཟུག་ཆེ་ས་ལ་འབྲད། །གློ་འགྲམས་རོ་རྒྱབ་ལྕི་ཞིང་ཉལ་མི་ཤེས། །སྣ་འབུད་དབུགས་མི་བདེ་ལ་གྲེ་བ་ཤུ། །གློ་ལུ་མི་ཤེས་ཐལ་གོང་མནན་སྙམ་བྱེད། །བྲང་དང་རྒྱབ་ཏུ་གཟེར་ལ་དགྱེ་དགུ་དཀའ། །ལུད་པ་འགོགས་དཀའ་ཁྲག་དང་རྣག་ཏུ་ལུ། །མཆིན་འགྲམས་རྩིབ་སྒང་མཆིན་སྣར་གཟེར་ཞིང་ན། །ལུད་པ་ཁྲག་ཏུ་ལུ་ཞིང་སྣ་ཁྲག་འཛག །གློ་སྙིང་མི་བདེ་སྟོད་རྒྱངས་དབུགས་ཀྱིས་འདེགས། །མིག་སྤྲིན་དམར་ལ་མི་གསལ་ཕོ་བ་སྒང༌། །མཆིན་དྲིར་འགྲམས་ན་ཤ་སྔོ་རོ་སྟོད་རྒྱངས། །གློ་སོར་འགུལ་ན་སྙིང་རྡུང་འགྲོ་མི་ནུས། །ལུས་པོ་གྱོང་ལ་ཉུང་བསྲེགས་གཅུས་པ་འདྲ། །མིག་དམར་མཆིན་དྲི་འཁོར་ལ་རྩེ་ཆུང་རྒྱངས། །མཆེར་འགྲམས་ཕོ་སྟོད་སྦོ་ཞིང་གཡོན་ངོས་གཟེར། །གདོང་པ་གྲོ་བོ་སྦོ་འཁྲོག་སྐབས་སུ་འཁྲུ། །གཡོན་ངོས་རྩིབ་སྒང་རྩིབ་སྣར་གཟེར་ཞིང་འཕྲིག །མཁལ་འགྲམས་ཚང་ར་མི་ཐེག་དགྱེ་དགུ་དཀའ། །མཁལ་ཁུང་སྣེ་ས་དཔྱི་མིག་བརླ་སྒང་ཟུག །འབྲས་བུ་སྐྲངས་ཤིང་དྲི་ཆུ་ཁྲག་ཏུ་འཛག །ཕོ་བར་འགྲམས་ན་སྒྲེག་པ་དྲག་པོ་འོང༌། །ཕོ་སྟོད་སྦོ་འཁྲུག་ཟས་སྐོམ་ཅི་ཟོས་སྐྱུག །གླང་ཐབས་ཕོ་བ་བསྒངས་ནས་ཉལ་མི་ཤེས། །ལོང་འགྲམས་ལོང་ཕུགས་གཟེར་སྒང་སྦོ་འཁྲོག་མང༌། །གློ་འདེག་རོ་སྟོད་གང་ཞིང་གྲང་སྙམ་བྱེད། །དབུགས་ངན་རྗེས་ལ་ཕྱི་ས་མི་ཐུབ་འཆོར། །རྒྱུ་མར་འགྲམས་ན་ཚ་འབྲབ་འཁྲིལ་སྙམ་བྱེད། །སྣེ་སར་ལྷུང་སྙམ་ཆུ་སྡོམ་རྒྱུ་གླང་ལྡང་། །མཁྲིས་འགྲམས་མིག་སེར་ཤ་སྔོ་མགོ་བོ་ལྕི། །མཆིན་པ་སྐྲངས་སྙམ་མཁལ་མ་མཆིན་དྲི་ན། །རོ་སྟོད་གང་སྙམ་ཆུ་དམར་གླང་ཐབས་འོང༌། །ལྒང་པར་འགྲམས་ན་རྒྱུ་ཞབས་མཁལ་ཁུང་ན། །ཆུ་ཁ་སྙི་ཞིང་སྣེ་ས་ཚ་འབྲབ་བྱེད། །བསམ་སེར་འགྲམས་ན་དཔྱི་མིག་བརླ་སུལ་ན། །སྟ་ཤ་ཆད་སྙམ་བྱེད་ཅིང་ལང་མི་ཤེས། །རྐང་པ་བཤལ་སྦྲིད་ཚང་ར་འབྲེལ་མཚམས་ན། །སྐབས་སུ་དྲི་ཆུ་སྡོམ་པ་སྙམ་དུ་བྱེད། །ཕྱི་ཡི་ཤ་འགྲམས་ཉྭ་དང་ཤ་གཞན་གཉིས། །ཉྭ་འགྲམས་ཉྭ་སྣ་སྐྲངས་ཤིང་བྱ་བ་ཉམས། །ཤ་གཞན་རྡུངས་སྙམ་བྱེད་ཅིང་ན་དམར་སྐྲངས། །རུས་ལ་ཚིགས་རྐང་མགོ་སྲུབས་རྩིབ་མ་བཞི། །ཚིགས་འགྲམས་འགུལ་དཀའ་ཟུག་ཆེ་གོང་འོག་སྐྲངས། །རྐང་འགྲམས་འགུལ་དཀའ་གཏིང་ནས་ལྷང་ལྷང་བྱེད། །སྲུབས་འགྲམས་དྲན་པ་མི་གསལ་སྐྱུག་ཅིང་འཁྱོམ། །རྩིབ་མར་འགྲམས་ན་ཟུག་ཆེ་མནན་མི་བཟོད། །རྩ་ལ་མགོ་དང་བྱང་ཁོག་ཡན་ལག་གསུམ། །མགོ་ཡི་རྩ་འགྲམས་རྩ་རྒྱུད་ཁྲིད་ཅིང་ན། །རྩ་སྟེང་སྐྲངས་ཤིང་རྩ་འབྲུམ་འབྱུང་བ་ཡིན། །བྱང་ཁོག་རྩ་འགྲམས་གློ་ལུ་གང་འགྲམས་གཟེར། །ཚ་བ་སྐྱེ་ཞིང་སྐྲངས་རྗེས་རྣག་ཏུ་འགྱུར། །ཡན་ལག་རྩ་འགྲམས་རྩ་ཡི་རྒྱུད་ཀུན་སྐྲངས། །དམར་ཞིང་ཚ་འཁྱུག་བརྐྱང་བསྐུམ་བྱ་བ་དཀའ། །ཆུ་རྒྱུས་འགྲམས་པ་དགྱེ་དགུ་མི་ཤེས་སྐྲངས། །ཆུ་བ་རྒྱབ་ཡིན་རྒྱུས་པ་མདུན་ན་གནས།།

བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་བཅོས་ཐབས་སྨན་དཔྱད་ཟས་སྤྱོད་བཞི། །དང་པོ་ཐང་སྦྱོར་ཧོང་ལེན་བ་ཤ་ཀ །སྤང་རྩི་ཀྱི་ལྕེ་རྣམ་པར་བཙོད་དང་དྲུག །ཚ་བའི་སྟོབས་སྦྱར་གཉིས་བཞི་དྲུག་བསྡེབས་ལ། །བསྡུས་གྲང་ཁུ་བས་འགྲམས་ཚད་འཇོམས་པར་བྱེད། །ཡང་ན་སྐྱེར་པ་མཚེ་ལྡུམ་སེང་ལྡེང་བཙོད། །བསྡུས་གྲང་འགྲམས་ཚད་ཀུན་ལ་བདུད་རྩི་འདྲ། །ཕྱེ་མ་ཚ་བ་རབ་འབྲིང་བྱེ་བྲག་གིས། །ག་བུར་ཙན་དན་གུར་ཀུམ་གཙོ་བོ་ལ། །དོམ་མཁྲིས་ག་དུར་རྣམ་པར་ཨ་རུ་ར། །ཨ་བྱག་སྟབ་སེང་ཀ་ར་དྲུག་འགྱུར་སྦྱར། །རྗེས་ལ་འབྲས་བུ་གསུམ་དང་དམར་པོ་གསུམ། །སེང་ལྡེང་རྩ་བ་ལྔ་ལ་སོགས་པ་ཡི། །གང་འཕྲོད་སྨན་མར་སྦྱར་བས་ཕྱི་རྗེས་བཅད། །དཔྱད་དུ་གཏར་བཤལ་དུགས་ལུམས་མས་བཏང་དང༌། །ཆུ་ལྕག་ཕྱི་ནང་འགྲམས་ལ་མཁས་པས་སྦྱར། །ཁ་ཟས་སྤྱོད་ལམ་བསིལ་ཞིང་དལ་བར་བྱ། །རྟས་བརྡབས་གཡང་དུ་ལྷུང་དང་ཐིབས་འོག་ཚུད། །བྱང་ཁོག་འགྲམས་ནས་ཚ་བ་རྒྱས་པ་ལ། །ག་བུར་བདུན་དང་དགུ་པ་སྦྱར་བར་བྱ། །རྔུལ་དབྱུང་གང་རྒྱས་རྩ་གཏར་བཤལ་གྱིས་སྦྱང་། །བྱེ་བྲག་བཅོས་པ་སྙིང་འགྲམས་གཙོ་བོ་བཞི། །ཨ་གར་དགུ་དང་ཛཱ་ཏི་ཅུར་ནིས་སྦྱར། །སྙིང་རྩ་ཀུན་གཏར་དབེན་གནས་མི་བསྒུལ་བསྙལ། །བསིལ་བསྟེན་ཆང་སྤང་རྗེས་ལ་དྲུག་བདུན་བསྲེག །སྲོག་རྩ་འགྲམས་པའི་བཅོས་ཐབས་སྙིང་དང་འདྲ། །ཁྱད་པར་སྤྱི་གཙུག་རྐང་མཐིལ་གཏར་ལ་བསྲེག །གློ་འགྲམས་ག་དུར་གསུམ་པའི་ཐང་བཏང་ལ། །ག་བུར་གསུམ་དགུ་ཅུ་གང་ལྔ་པ་སྦྱར། །ཚ་བའི་ཤུགས་སྦྱར་གཏར་གྱིས་ཟུག་གཟེར་བཅག །རྣག་ཏུ་ལུ་ན་སྲིན་བྱའི་ཀླད་པ་བཏང༌། །བ་རའི་འོ་མ་དྲོན་མོ་ལྟོ་སྟོང་བླུད། །ཚ་བ་བྲི་ནས་སྲོ་ལོའི་བསིངས་ཆང་དང༌། །ཅུ་གང་ལྡེ་གུ་སྦྱར་ལ་ཚད་རོ་བཅག །རྗེས་ལ་བཞི་ལྔ་བྲང་སྐས་ཆེ་ཆུང་བསྲེག །མཆིན་འགྲམས་ཐོག་མར་ག་བུར་དགུ་པ་སྦྱར། །རྗེས་ལ་གུར་ཀུམ་གཡུ་རྙིང་ཏིང་སག་ཀྱུར། །ར་མར་སྦྱར་བསྐོལ་རླངས་ཡལ་ཁོང་དུ་བཏང༌། །རྩེ་ཆུང་རུ་ཐུང་མཁྲིས་རྩ་རིམ་པས་གཏར། །དེ་རྗེས་དགུ་པ་མཆིན་པའི་ཟུར་གསང་བསྲེག །མཆིན་དྲི་དེ་བཞིན་རྗེས་ལ་རྩ་ལྟོས་སྦྱངས། །རྩིབ་བཞིའི་སྟེང་དང་བརྒྱད་པ་ཁ་གསུམ་བསྲེག །འབྲས་བུའི་སྨན་མར་སྦྲང་རྩི་བུར་ལྡན་བསྟེན། །མཆེར་འགྲམས་བཟང་དྲུག་ཤིང་ཚ་མོན་ཆ་ར། །ག་དུར་དོང་ག་པི་པི་ལིང་དང་ནི། །ཀ་ར་སུམ་འགྱུར་ཆུ་སྐོལ་འཕུལ་ལ་བཏང༌། །སྲིན་ལག་རྒྱབ་རྩ་རྟ་མཐུར་གཉིས་ལ་གཏར། །དེ་ནས་རྒྱམ་ཚྭ་ཚ་ལ་ལྕེ་མྱང་ཚྭ། །ཀ་ར་མར་སྦྱར་ཕོ་མཆེར་གསང་ལ་བསྲེག །མཁལ་འགྲམས་དང་པོ་ཙན་དན་(གུར་ཀུམ་སུག་སྨེལ་གླ་རྩི་འཇམ་འབྲས་རུ་རྟ་ཨ་རུ་)བདུན་པ་སྦྱར། །བར་དུ་ཞོ་ཤའི་ཕྱེ་མ་བྱིན་ལོང་གཏར། །ཐ་མ་ཤུག་(སྐྱེར་པ་སྤ་འབྲུ་གཟེ་མ་ལྕམ་པ་བ་སྤྲུ་བ་རའི་མར་ལ་སྡིག་སྲིན་གུར་ཀུམ་བུ་རམ་)པའི་མར་སྦྱར་དུགས་ལུམས་བྱ། །རྗེས་ལ་ཟས་སྐོམ་དྲོད་བསྟེན་མཁལ་གསང་བསྲེག  །ཕོ་བར་འགྲམས་ན་སྤྱང་ཚེར་ཆིག་སྐྱུགས་བྱ། །མཆེར་འགྲམས་འོལ་སེ་སོ་ཆ་འོ་སྦྱར་བཏང༌། །རྒྱམ་ཚྭ་ཚ་ལ་ལ་ཕུག་ས་བོན་དང༌། །ཅོང་ཞི་ཚ་གསུམ་སྦྲང་ལ་རིལ་བུ་སྦྱར། །རུ་ཐུང་སྣོད་ཀ་གུང་སྲིན་བར་རྩ་གཏར། །རྗེས་ལ་ཕོ་གསང་མདུན་རྒྱབ་རིམ་པས་བསྲོ། །ལོང་འགྲམས་ཤིང་ཀུན་ཁ་རུ་ཚྭ་དང་ནི། །པི་པི་ལིང་གི་བསྐོལ་གྲང་ཐང་དུ་བཏང༌། །ཡང་ན་ལ་ཕུག་ས་བོན་ཁ་རུ་ཚྭ། །ཤིང་ཚ་བུ་རམ་ཆང་ངམ་ཕྱེ་མ་(ཤིང་ཀུན་ཅུར་ནིས་)སྦྱར། །ལོང་རྩ་གཏར་ཞིང་གུར་ཀུམ་(ཨ་རུ་དབྱི་མོང་བསྡུས་ཁུར་དུར་བྱིད་བཏབ་པའི་)བཤལ་གྱིས་སྦྱང་། །སྐབས་སུ་འདྲེན་བྱ་རྗེས་ལ་ལོང་གསང་བསྲེག །རྒྱུ་མར་འགྲམས་ན་གུར་ཀུམ་(པི་ལིང་དུར་བྱིད་མར་བུ་རམ་སྦྱར་བའི་)བཤལ་གྱིས་སྦྱང༌། །ལོང་རྩ་རྒྱུ་མའི་རྩ་གཏར་(ལྕུམ་རྩ་ལྕེ་མྱང་ཚྭ་མར་གྱི་)རེང་བུ་བྱ། །ཚ་དུགས་བྱ་ཞིང་རྗེས་ལ་བཅུ་བདུན་བསྲོ། །མཁྲིས་འགྲམས་ཏིག་ཏའི་ཐང་བཏང་(ག་དུར་བཟང་དྲུག་གསེར་མེ་མི་དོམ་སྦྲུལ་གྱི་)མཁྲིས་ཕྱེ་སྦྱར། །མཁྲིས་རྩ་ཀུན་གཏར་པ་ཏོ་ལ་ཡིས་སྦྱང༌། །རྗེས་ལ་ཚིགས་པ་བཅུ་པ་བསྲེག་པར་བྱ། །ལྒང་པར་འགྲམས་ན་མཁལ་མའི་བཅོས་དང་འདྲ། །སྐབས་སུ་ཆུ་སྨན་བསྟེན་ཞིང་བཅོ་བརྒྱད་བསྲེག །དཀུར་འགྲམས་མཁལ་མའི་བཅོས་འདྲ་བྱིན་ཀྱོག་གཏར། །བཀྲུ་འཇམ་བཏང་ཞིང་བཅུ་གསུམ་དཔྱི་སྟེང་བསྲེག །དེ་ནས་ཕྱི་ཡུལ་འགྲམས་པ་བཅོས་པ་ནི། །ཉྭ་འགྲམས་ཉྭ་སྣ་ཨ་ས་འབའ་ཆས་བདུག །གང་ཉེའི་རྩ་གཏར་རྣག་ཤོར་སྤྱི་དང་འདྲ། །ཤ་འགྲམས་ལུམས་གཏར་དེ་བཞིན་དེབ་ཏུ་བཙལ། །ཚིགས་འགྲམས་དྲོད་བཅས་སྐྲངས་དམར་ཆུ་ལྕག་བརྡེག །མཚན་མོ་བྱེ་རློན་བ་ལྕིའི་ལུམས་སུ་གཞུག །སྐབས་སུ་ཕྱིང་པ་ཆུར་བཅུག་ཚིགས་ཁ་བསྡམ། །གང་རྒྱས་རྩ་གཏར་རྗེས་ལ་ཕྱིང་དེབ་བཏང༌། །དྲོད་མེད་ན་ཚ་ཆུང་ཞིང་སྐྲངས་པ་གསོབ། །ཕྱིང་པ་སྣུམ་ལྡན་གླན་ལ་ཆུ་རྡོས་བདུག །ཨ་ས་འབའ་དུགས་རྗེས་ལ་དེབ་ཏུ་བཙལ། །དང་པོ་དལ་ལ་ཕྱི་དུས་བཅགས་པ་ཕན། །རྐང་འགྲམས་སྐྱ་སྦྱོར་བྱས་ལ་ཕྱིང་དེབ་བཅིང་། །སྲུབས་འགྲམས་རྒྱ་ཆིངས་ཚན་རྡོ་མེ་བཙའ་དང༌། །རྩིབ་མ་སྒྲོག་རུས་ཆག་འགྲམས་སྣུམ་ནན་བྱ། །ཆག་ཚབས་ཆེ་ན་བསྲེགས་རྗེས་ཆས་སུ་གཞུག །མགོ་བོའི་རྩ་འགྲམས་སྤང་རྩི་བ་ཤ་ཀ །སྟབ་སེང་སྐྱུ་རུའི་ཐང་རྗེས་གར་འགྲམས་གཏར། །འབྲུ་སྣ་བདུད་རྩི་ལྔ་ཡིས་རྒྱ་ཆེར་བདུག །སྡུད་སྒོ་རྩ་སྒོ་གར་འཁྱུག་མེ་ཡིས་མནན། །བྱང་ཁོག་རྩ་འགྲམས་ག་དུར་བ་ཤ་ཀ །ཏིག་ཏ་སྐྱུ་རུའི་ཐང་རྗེས་གོང་བཞིན་གཏར། །གང་གཟེར་དུགས་དང་བདུད་རྩིའི་རླངས་ལུམས་བྱ། །ཡན་ལག་རྩ་འགྲམས་དུགས་དང་མེ་ཡིས་མནན། །སྟབ་སེང་སྐྱུ་རུ་ཧོང་ལེན་བ་ཤ་ཀ །ཀྱི་ལྕེ་དཀར་པོའི་ཐང་བཏང་གང་ཉེ་གཏར། །མདོར་བསྡུས་ཁྲག་རྩ་གཏར་ལ་འཕར་རྩ་བསྲེག །ཧོང་ལེན་ཏིག་ཏ་ཀྱི་ལྕེ་ཞོ་སྦྱར་མནན། །ཆུ་རྒྱུས་འགྲམས་ན་སུག་པ་ཉེ་ཤིང་པ། །མཁན་པ་བུལ་ཏོག་ཕབས་སྦྱར་ཆུ་འཇམ་བསྲོ། །བཟོད་ཚད་ཆུར་སྦང་བདུད་རྩིའི་རླངས་ལུམས་བྱ། །ཆང་དང་ལོ་མར་བསྐུ་མཉེ་མེ་ཉིས་བསྲོ། །གླ་སྒང་ཐལ་བ་དོམ་མཁྲིས་རྡོ་རྒྱུས་དང༌། །མཐིང་ཤུན་བག་ཕྱེ་སྦང་གར་རྒྱུས་པའི་ཤ །ཚྭ་ཁུ་སྦྱར་བྱུགས་ཕྱིང་དེབ་བཏང་ལ་བཅོས། །མདོག་དམར་སྐྲངས་དང་དྲོད་ཆེ་གང་ཉེ་གཏར། །སྦོས་ན་ཆུ་སྒོ་དབྱེ་ཞིང་རྔབས་རྭས་དྲང་། །ཙོག་གེ་མི་བཞག་དལ་བུས་བརྐྱང་བསྐུམ་བསླབ། །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་འགྲམས་ཀྱི་ཚ་བ་བཅོས་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།


 

མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 3:43 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།