སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ཉེར་གཅིག་པ། དཔྱད་གཉིས་པ་མེ་བཙའ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.09.2011
ཕྱི་མ་རྒྱུད། >> ལེའུ་ཉེར་གཅིག་པ། དཔྱད་གཉིས་པ་མེ་བཙའ་བསྟན་པ།

བཅུ་དགུ་པ་དཔྱད་གཉིས་པ་མེ་བཙའི་ལེའུ་བཤད་པ་ལ་གསུམ། ཉོན་ཅིག་པར་གདམས་པ་གཞུང་དོན་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ། དཔྱད་ལྔའི་མཆོག་གྱུར་གཏར་ཁའི་ལེའུ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་སོ། །གཉིས་པ་གཞུང་དོན་དངོས་ལ། སྤྱིའི་དོན་དང་ཚིག་གི་དོན་གཉིས་ཀྱི་དང་པོ་ནི། བརྒྱད་པ་ལས། མེ་བཙའ་ཐལ་སྨན་ལས་མཆོག་སྟེ། །དེས་བསྲེགས་པ་ནི་སླར་མི་འབྱུང༌། །སྨན་དང་ཐལ་སྨན་མཚོན་དཔྱད་ཀྱིས། །མ་གྲུབ་པ་ཡང་གྲུབ་བྱེད་ཡིན། །པགས་པ་ཤ་དང་རྩ་རྒྱུས་དང༌། །ཚིགས་དང་རུས་སོགས་དེ་ལ་གདབ། །སྨེ་བ་མཛེར་ནད་ཀླད་ནད་དང༌། །མགོ་བོའི་གཞོགས་ཕྱེད་ན་སོགས་ལ། །པགས་བསྲེག་རས་བལ་བ་ལང་སོ། །མེ་ཤེལ་མངའ་སྨྱུག་སོགས་མེ་གདབ། །གཞང་འབྲུམ་རྨེན་བུ་མཚན་བར་རྡོལ། །བུ་ག་རྨ་ལོང་ལ་སོགས་ལ། །ཤ་བསྲེག་སྤྲ་ཚིལ་མར་བསྲེགས་དང༌། །བུ་རམ་འཛམ་བུའི་ཆུ་ཡིས་བསྲེག །པགས་པ་འབྱར་དང་ཁྲག་མ་ཆོད། །ཐིག་ལེ་རྣག་སོགས་པགས་ནད་ན། །དེ་དག་ཉིད་ཀྱི་རྩ་བསྲེག་གོ །བསྲེག་མིན་ཐལ་སྨན་བཀག་པ་དང༌། །ནང་ན་མཚོན་ལུས་རྨ་ཆེན་འབྱུང༌། །ཁྲག་ཟགས་པ་དང་ལྟོ་སྲལ་བའོ། །ལེགས་བསྲེགས་མར་དང་སྦྲང་རྩིས་བསྐུ། །སྣུམ་དང་བསིལ་བས་བྱུག་པར་བྱ། །ལེགས་པའི་མཚན་མ་ཁྲག་མི་འབྱུང༌། །སྒྲ་ཅན་ཆུ་བུར་ཕྲ་འུ་འབྱུང༌། །ཏ་ལ་འབྲས་སྨིན་ཟི་བ་འདྲ། །ན་བ་ཆུང་ཞིང་འཚོབ་པར་སླ། །བག་མེད་པས་བསྲེགས་ཐམས་ཅད་དང༌། །བསྲེགས་ཉེས་བསྲེགས་ནི་དྲགས་པ་དག །མ་ཚོས་མཚན་ཉིད་བཅས་དང་བཞི། །མ་ཚོས་པགས་མདོག་མི་སྡུག་ཆ། །ཆུ་བུར་འབྱུང་བར་མི་འགྱུར་བའོ། །བསྲེགས་ཉེས་ཆུ་བུར་ཆེ་རབ་ཚ། །མི་བཟད་རབ་ཏུ་ཚ་བ་ཡིན། །བསྲེགས་དྲགས་པས་ནི་ཤ་འཕྱང་དང༌། །པགས་པ་འཁུམས་ཤིང་རབ་ཏུ་ཚ། །དུད་པ་འཁྱིམས་པ་ལྟ་བུ་དང༌། །རྩ་སོགས་འཁུམས་ཤིང་སྐོམ་དད་བརྒྱལ། །རྨ་ཡི་གཏིང་ཟབ་འཆི་བར་འགྱུར། །མ་ཚོས་བར་ནི་མེར་བསྲེག་ཅིང༌། །ཚ་བའི་སྨན་ནི་བཏང་བར་བྱ། །དྲག་དཀའ་ཤིན་ཏུ་ན་བར་འགྱུར། །ཟགས་པར་གྱུར་ན་ནད་ཚབས་ཆུང༌། །བསྲེག་ཉེས་བསིལ་དང་དྲོ་བའི་སྨན། །དང་པོར་བཏང་ན་དེ་འོག་བསིལ། །བསྲེགས་ལེགས་ན་ནི་ཅུ་གང་དང༌། །བླག་ཤ་ཙན་དན་བཙག་ཡུག་སྣམ། །སླེ་ཏྲེས་བཏགས་པ་མར་བཅས་བསྐུ། །དེ་འོག་མཁྲིས་མེ་དབལ་ལྟར་སྤྱད། །བསྲེགས་དྲགས་མཁྲིས་པ་མེ་དབལ་གྱི། །ཆོ་ག་ཐམས་ཅད་མྱུར་དུ་སྤྱད། །ཅེས་སོ།།

        གཉིས་པ་ཚིག་གི་དོན་ལ་གཉིས། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི། དཔྱད་ལྔའི་སོགས་རྐང་པ་གཉིས་ཏེ། དཔྱད་ལྔའི་ནང་ནས་མེ་བཙའི་ལས་ལ་སྤྲ་བ། རུང་བ། མི་རུང་བ། མེ་དམིགས། གདབ་ཐབས། ཕྱི་རྗེས། ཕན་ཡོན་བཤད་པ་དང་བདུན་དུ་ཡོད་དོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་བདུན་གྱི་དང་པོ་ལ། སྤྲ་བ་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། མེ་བཙའ་དེ་ཉིད་གདབ་པའི་ཐབས་ལ། དང་པོར་སྤྲ་བ་ནི། སྟོན་ཟླ་གསུམ་གྱི་དུས་བཟང་པོ་ལ་བཏུས་པ། དེ་ཡང་སྣ་མ་ཆད་པ་སྤྲ་ཤིག་མེད་པར་བརྡུངས་ལ་མཁྲེགས་པར་དྲིལ། དབྱིབས་རྩ་བ་བརྟན་ཞིང་ཟླུམ་པོ། རྩེ་མོ་ཕྲ་ལ་རྣོ་བས་མེ་ལེན་པ་མྱུར་བའི་དགོས་པ་ཡོད་ཅིང༌། ཆེ་ཆུང་གི་ཚད་ནི་ལུས་རྒྱབ་ཀྱི་ཚིགས་པའི་མཁར་ལ་མཛུབ་མོའི་རྩེ་མོ་ཙམ་དང༌། མགོ་དང༌། ཡན་ལག་ལུས་ཀྱི་མདུན་རྣམས་ལ་ནི་མཐེའུ་ཆུང་གི་རྩེ་ཙམ་དང༌། རྩ་སྒོ་འགེགས་པ་ལ་ཟླུམ་པོ་མི་བྱེད་པར་ལེབ་མོ་རིལ་མ་ཙམ་དང༌། འབྲས་དང༌། སྐྲན་ནད་ལ་ཨ་རུ་ར་ཙམ་བྱ་ཞིང༌། བྱིས་པའི་ལྷེན་སྣར་ནི་སྲན་མ་འཕོས་པ་ཙམ་བྱའོ། །ཞེས་པའོ། ། བསྲེགས་པ་ཐམས་ཅད་ཀྱི་ནང་ནས་གསེར་གྱི་ཏེལ་པའམ། མ་གྲུབ་ཀྱང་གསེར་ཞོ་རེ་ཙམ་ཏེལ་པའི་ཁར་གླན་པའི་གསེར་བསྲེགས་ཀྱི་མེ་བཙས་གང་དུ་བསྲེགས་ཀྱང་སྐྱོན་མི་འབྱུང་ཞིང༌། རྩ་ནད་ལ་སོགས་པ་རྣམས་ཀྱང་མཐུད་པ་དང༌། གདོན་བགེགས་ཀྱི་གནོད་པ་ཞི་བར་ནུས་པ་སོགས་གསེར་གྱི་མེ་བཙའ་ཁོ་ན་ཕན་ཡོན་མཆོག་ཏུ་ཆེ་བ་ཡིན་ནོ། །གཉིས་པ་གདབ་ཏུ་རུང་བའི་རྟགས་ནི། མེ་བཙའ་སོགས་ཚིགས་བཅད་གཉིས་ཏེ། མེ་བཙའ་གདབ་ཏུ་རུང་བའི་ནད་གཞི་ནི། མ་ཞུ་བ་དང༌། ཕོ་བའི་མེ་དྲོད་ཉམས་པ། སྐྱ་རྦབ། དམུ་ཆུ། སྐྲན། གྲང་མཁྲིས། མགོ་དང་ཡན་ལག་གི་ཆུ་སེར། འབྲས། ལྷོག་པ། སྟོངས་པའི་ཚ་བ། སྨྱོ་བྱེད། བརྗེད་བྱེད་ཀྱི་གདོན། རྩ་ནད་ཐམས་ཅད་དང༌། ཚ་བའི་རྗེས་ཕལ་ཆེར་ལ་མེ་ཡིས་བཅད་པ་སྟེ། མདོར་ན་བད་ཀན་དང༌། རླུང་ལས་གྱུར་པའི་གྲང་བའི་ནད་རིགས་ཀུན་དང༌། ཁྱད་པར་རྩ་ནད་ཆུ་སེར་ཐམས་ཅད་མེས་བསྲེག་པར་བསྔགས་སོ། །ཞེས་པའོ། །གསུམ་པ་མི་རུང་བའི་མཚན་ཉིད་ནི། མི་རུང་སོགས་རྐང་པ་གཉིས་ཀྱིས་བསྟན་ཏེ། མེ་བཙའ་མི་རུང་བ་ནི། མཁྲིས་ཚད་ཁྲག་ནད་ཐམས་ཅད་དང༌། དབང་པོའི་སྒོ་རྣམས་དང༌། ཕོ་མོའི་སྲིད་རྩར་སྤང་བར་བྱའོ་ཞེས་པའི།

        ཕོ་མོའི་སྲིད་རྩ་ནི། དངོས་འོག་ནས་བཤད་པ་དེ་དང༌། གཞན་ཡང་ཟིན་ཏིག་ལས། སྤུ་ནག་གུའི་གསེབ་གོང་དེའི་སྟེང་ན་རྩ་མགུལ་བ་ཞིག་མཆིས་ཏེ། དེར་བསྲེགས་ན་ཕོ་མཚན་ལྡང་མི་ནུས་ཏེ། མི་བསྲེག་གོ །ན་སོ་རྒན་རྒོན་དུ་སོང་བའམ། མ་ནིང་ངམ། བུ་མེད་པར་འདོད་ན་དེར་བཏབ་པས་ཆོག །ཅེས་གསུངས་ཤིང༌། འདི་དང་རིན་ཅེན་གྲང་སྦྱོར་གྱི་ཁ་བསྒྱུར་སྲིད་རྒྱུན་གཅོད་པའི་སྨན་སོགས་བསྟན་པའི་དུས་ཟླ་མཚན་འབབ་པའི་ཞག་གསུམ་པོ་ཁོ་ནའི་དུས་སུ་དགོས་ལ། དེ་ལས་སྔ་ཕྱིར་གྱུར་ན་ནུས་པ་འབྱིན་མི་ནུས་ཤིང༌། འདིས་མཚོན་སྲིད་སྤེལ་བའི་རྟེན་འབྲེལ་སོགས་སྲུང་བའི་རིགས་དང༌། སྨན་སྦྱོར་མན་ངག་སོགས་ཀྱང་སྐབས་འདི་ཉིད་དུ་བགྱིད་དགོས་སོ། །བཞི་པ་མེ་དམིགས་ལ་མདོར་བསྟན་དང་རྒྱས་བཤད་གཉིས་ཀྱི། དང་པོ་ནི། མེ་དམིགས་སོགས་རྐང་པ་གཅིག་སྟེ། མེ་དམིགས་ནི་ནད་ཀྱིས་ཚུར་བསྟན་པ་དང༌། སྨན་པས་ཕར་བཙལ་བ་ཚན་པ་གཉིས་སུ་ཡོད་དོ། །ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཀྱི། དང་པོ་ནི། ནད་ཀྱི་སོགས་རྐང་པ་གསུམ། མེ་བཙའ་རྒྱག་པའི་དམིགས་ནད་ཀྱིས་ཚུར་བསྟན་པ་ནི། ན་བའི་གཟེར་དམིགས་ཡོད་ལ། དེར་མཛུབ་མོ་སོགས་ཀྱིས་མནན་ན་ཕན་པ་སྙམ་བྱེད་ལ། མཐེབ་མེའི་རྗེས་འོང་ཞིང༌། རྩ་འཁྱུག་པ་དང༌། ནད་གར་ལངས་པ་དེ་དང༌། དེའི་དམིགས་སུ་གདབ་པར་བྱའོ། །གཉིས་པ་ལ་སྤྱིའི་དོན་དང༌། ཚིག་གི་དོན་གཉིས་ཀྱི་དང་པོ་ནི། སྤྱིར་གཏར་ག་དང༌། མེ་བཙའ་གདབ་པའི་ཚེ་བླ་གནས་བརྩི་བ་གལ་ཆེ་ཞིང༌། དེ་ཡང་གཙོ་བོར་ནི་དཔལ་དུས་ཀྱི་འཁོར་ལོ་ནས་འབྱུང་བ་དང་མཐུན་པར་རྒྱས་པར་བཤད་རྒྱུད་ཀྱི་འགྲེལ་པར་བསྟན་པ་བཞིན་ཡིན་ལ། ལུགས་འགའ་ཞིག་ཏུ། དུས་ཚོད་སོགས་ཀྱི་སྒོ་ནས་བརྩི་བའང་འདུག་པ་ལེགས་པར་མཐོང་ནས་བཀོད་པ་ནི། ནམ་ལངས་མཆུ། ཉི་ཤར་ཁ་ནང༌། ཉི་དྲོས་ལྕེ། ཉི་ཕྱེད་མིག ཕྱེད་ཡོལ་རྩེའུ་ཆུང༌། དགོང་ཇ་ཁར་གློ་རྩ། ཉི་མྱུར་སྦོ་བྲང༌། ཉི་ནུབ་བྲང་ཞོལ། ས་སྲོས་ལྟོ་བ། སྲོད་འཁོར་མཚན་མ། ནམ་ཕྱེད་ཕོ་བ། ཕྱེད་ཡོལ་བྲང་དཀྱིལ། ཐོ་རེངས་རྒྱུ་མ་རྣམས་སུ་གནས་པས། དེའི་དུས་གནས་དེར་གཏར་བསྲེག་མི་རུང་ཞིང༌། གལ་ཏེ་གཏར་བསྲེག་དགོས་བྱུང་ན། ཨོཾཙཀྵུ་དེ་ཝི་ཧྲི་མ་གི་སྭཱཧཱ། ཞེས་པའི་སྔགས་བགྲངས་ཏེ་བཏབ་པས་ཉེས་པ་སེལ་བར་གྲགས།

        གཉིས་པ་ཚིག་གི་དོན་ནི། སྨན་པས་ཞེས་པ་ནས། མེ་བཙའ་གདབ་ཅེས་པའི་བར་ཚིགས་བཅད་བཅུ་བདུན་དང༌། རྐང་པ་གཉིས་ཀྱིས་བསྟན་ཏེ། སྨན་པས་བཙལ་བ་ནི་དོན་སྣོད་ཀྱི་གསང་རྣམས་ཏེ། དེ་ཡང་རྒྱབ་གསང་དངོས་བསྟན་ཉི་ཤུ་ལས། མཇིང་པ་སྒུར་བྱས་དུས་རྒྱབ་ཏུ་རུས་པ་འབུར་རེ་འོང་བ་དེ་ཨན་སྟོང་ཡིན། དེ་ལ་ནད་ཚ་གྲང་གང་ཡིན་ཀྱང་ནུབ་མོ་གཉིད་མི་ཡོང་ཞིང་ཉིན་པར་གཉིད་ཆེ་བ། རྣ་བ་འོན་པ། ལྕེ་སྐྱ་བ། སྐེ་འགྱུར་མི་ཤེས་པ་སོགས་དང༌། རླུང་གི་ནད་ཅན་ལ་གདབ་བོ། །དེའི་འོག་ཚིགས་པ་དང་པོ་ནི་རླུང་གི་གསང་སྟེ། སྨྱོ་འདར་འཕྱོ་ལྐུགས་ཀྱི་ནད་ལ་གདབ་པར་བྱའོ། །གཉིས་པ་ནི་མཁྲིས་པའི་གསང་སྟེ་གྲང་མཁྲིས་ཀྱི་ནད་ལ་གདབ་པར་བྱའོ། །གསུམ་པ་ནི་བད་ཀན་གྱི་གསང་སྟེ་གྲང་རླུང་གློ་སྙིང་མགོ་སྟོད་བད་མཁྲིས་ཀྱི་ནད་ལ་གདབ་པར་བྱའོ། །གསུམ་པ་ནི་བད་ཀན་གྱི་གསང་སྟེ་གྲང་རླུང་གློ་སྙིང་མགོ་སྟོད་བད་མཁྲིས་རྒྱས་པ་སོགས་ལ་གདབ་པར་བྱའོ། །བཞི་པ་གློ་བ་མའི་གསང༌། ལྔ་པ་གློ་བ་བུའི་གསང་སྟེ་མིག་ལ་མཆི་མ་འཛག་པ་སོགས་མིག་ནད། གློ་བ་ལ་རླུང་དང་བད་ཀན་གྱི་ནད་ཞུགས་པ་ལ་གདབ་བོ། །དྲུག་པ་ནི་སྲོག་རྩ་དང༌། བདུན་པ་སྙིང་གི་གསང་སྟེ་འཕྱོ་འདར་སྨྱོ་འབོག་བད་རླུང་གི་ནད་དང༌། སྙིང་ནད། བརྗེད་ངས། གཉིད་ཡེར་བ། སྤྲོ་ཐུང་བ། སྙིང་འཁྲུགས་པ། སྲོག་རྩར་ཆུ་སེར་དང༌། རླུང་ཞུགས་པས་བྲང་གས་སྙམ་བྱེད་པ། ཁོང་དུ་ཆུ་འཐུངས་པས་ན་བ་རྣམས་ལ་ཕན་ནོ། །བརྒྱད་པ་མཆིན་དྲི་དང༌། དགུ་པ་མཆིན་གསང་སྟེ། སྒྲེག་སྐྱུག་མཆིན་དྲི་འཁོར་ཞིང་ན་བ། མཆིན་སྐྲན་དང༌། མཆིན་པར་བད་རླུང་ཞུགས་པ། ཁྲག་གཟེར་དང༌། མཆིན་པ་ཁ་ལུད། མཆིན་རྒུད། མཆིན་ནད་ཉི་ཤུ་རྩ་བཞི་རྣམས་ལ་ཕན་ནོ། །བཅུ་པ་མཁྲིས་གསང་སྟེ་མ་ཞུ། མིག་སེར། མཁྲིས་སྐྲན། མཁྲིས་པ་སྐྱུག་པ། ཟས་ཡི་གར་མི་འོང་བ། རྟག་ཏུ་མགོ་ན་བ། མེ་དྲོད་ཉམས་པ་རྣམས་ལ་གདབ་བོ། །བཅུ་གཅིག་པ་མཆེར་གསང་སྦོ་འཁྲོག་འུར་བ། ལུས་ལྕི་བ། གཉིད་ཆེ་བ་རྣམས་ལ་ཕན་ནོ། །བཅུ་གཉིས་པ་ཕོ་བའི་གསང་སྟེ་མེ་དྲོད་ཉམས་པ། ལྷེན། ལྕགས་དྲེག སྐྲན། བད་སྨུག བཤུལ་ཤ་རེངས་པ། མིག་རུས་ཟུག་པ། ལྟག་ཁུང་དང༌། རྟག་ཏུ་འཁྲུ་བ་རྣམས་ཀྱི་ནད་ལ་གདབ་བོ། བཅུ་གསུམ་པ་བསམ་སེའི་གསང་སྟེ་ཁུ་ཁྲག་བླུགས་པ་མངལ་སྐྲན། སེམས་འཕྱོ་བ། གྲང་རླུང་རྒྱས་པ། རྒྱུ་ལོང་སྦོས་པ། རྟུག་སྐམ། ཁ་བུབ་གན་རྐྱལ་ཉལ་མི་ཤེས་པ། ལྟེ་བ་གཡས་གཡོན་དུ་འཁྲོག་པ་རྣམས་ལ་གདབ་བོ། བཅུ་བཞི་པ་མཁལ་གསང་སྟེ། མཁལ་མ་གྲང་བའི་ནད་དང༌། གླང་ཐབས་ལོག་ག་རྒྱུ་སྨད་ན་བ། སྐྱེས་པའི་ས་བོན་གྲང་བར་འོང་བ་དང༌། འདྲེན་མི་བཟོད་པ་དང༌། བུ་མོ་ཁོ་ན་འོང་བ་རྣམས་ལ་གདབ་བོ། །བཅོ་ལྔ་པ་དོན་སྣོད་སྤྱི་གསང་སྟེ། གྲང་རླུང་དང༌། མཁྲིས་པ་ཀྵ་ཡ། བུ་ཚིགས་མི་ཆགས་པ། ལྟེ་བ་མན་ཆད་ཀྱི་ནད་རྨྱ་རྣམས་ལ་གདབ་བོ། །བཅུ་དྲུག་པ་ནི་ལོང་གི་གསང་སྟེ་འུར་འཁྲོག སྐྲན། དུས་མིན་དུ་དབུགས་ངན་འབྱུང་བ། མཚན་ཁ་ཚ་བ། དྲི་ཆུ་སྲི་བ། གཞང་འབྲུམ་རྣམས་ལ་གདབ་བོ། །བཅུ་བདུན་པ་རྒྱུ་མའི་གསང་སྟེ། རྒྱུ་སྐྲན། གྲང་རླུང༌། །ལྦུ་བ་འཁྲུ་བ་སོགས་རྒྱུ་མའི་ནད་ཀུན་ལ་གདབ་བོ། །བཅོ་བརྒྱད་པ་ལྒང་གསང་སྟེ། ལྒང་པའི་རྡེ་ནད། ཆུ་ཁ་སྲ་སྙི། པུས་མོ་གྲང་བ་རྣམས་ལ་གདབ་བོ། །བཅུ་དགུ་པ་ཁུ་བའི་གསང་སྟེ། ཁུ་བ་འབྱམས་ཤིང་བླུགས་པ། ལུས་དགྱེ་སྒུ་མི་ཤེས་པ། བཤུལ་ཤ་སྨད་ཤ་རེངས་པ། སྨད་བཤལ་ཞིང་ལྡང་མི་ནུས་པ་རྣམས་ལ་གདབ་བོ། །ཉི་ཤུ་པ་ཐུར་སེལ་རླུང་སྒོའི་གསང་སྟེ། ཕྱེན་མི་ཐུབ་པ་བེ་སྣབས་སྔོན་པོ་འཁྲུ་བ་དྲི་མ་འགགས་པ་རྣམས་ལ་གདབ་བོ། །ཉེར་གཅིག ཉེར་གཉིས། ཉེར་གསུམ་རྣམས་ལའང་ཁ་ཅིག་བེ་སྣབས་དཀར་སྨུག་འཁྲུ་བ་དང༌། དཔྱི་མིག་ཟུག་པ་སོགས་གྲང་བའི་ནད་དང༌། གཞང་གས་པ་སྙམ་བྱེད་པ་སོགས་གཞང་ནད་རྣམས་ལ་རིམ་བཞིན་ཕན་ཟེར། ཚིགས་པ་དྲུག་པ་མན་མཐའ་དག་དབུས་དང༌། གཡས་གཡོན་གྱི་མཚོན་རེའམ། ཕུན་གསུམ་རེ་གཞལ་བའི་ཁ་གསུམ་དུ་གདབ་པ་ནུས་པ་འདྲ་བར་འདོད། མདུན་གྱི་མེ་དམིགས་བཅུ་ནི། སྐེ་སྟོང་ཅ་ར་ཁུང་སྙིང་འདོམ་གསང་སྟེ། སྙིང་འཆུས་པ། སྐྱིགས་བུ། གྲེ་བ་འགགས་པ་ལ་གདབ་པ་དང༌། ནུ་མའི་དཀྱིལ་བྲང་ཐད་ཀྱི་བྲང་གཞུང་དཀར་ནག་མཚམས་གསང་འཕྱོ་འདར་སྙིང་མི་དགའ་བ་ལ་གདབ་པ་དང༌། ལྷེན་སྣའི་རྩེ་ནས་ཐུར་དུ་མཚོན་གང་ལྷེན་གསང༌། དེ་འོག་མཚོན་གང་དང་གཡས་གཡོན་མཚོན་རེ་གཞལ་བའི་ཁ་གསུམ་པོ་སྐྲན་གསང༌། དེ་འོག་མཚོན་གང་ནས་གོང་བཞིན་གཞལ་བ་གསུམ་པོ་མེ་མཉམ་གྱི་གསང༌། རིམ་བཞིན་ལྷེན་སྐྲན། མེ་མཉམ། གྲང་རླུང་རྒྱས་པ་རྣམས་ལ་གདབ་བོ། །ལྟེ་བའི་གཡས་གཡོན་མཚོན་རེ་ལོང་གི་ཐེར་གསང༌། དེ་ནས་གཡས་གཡོན་རེ་མཚོན་རེ་ལོང་ཕུགས་ཀྱི་གསང༌། ལོང་སྐྲན་སྦོ་འཁྲོག་འཁྲུ་བ་འབྱམས་པ་རྣམས་ལ་གདབ། དེ་ནས་ལྟེ་འོག་གི་མཚོན་གང་ཁ་གསུམ་རྒྱུ་སྟོད། དེ་འོག་མཚོན་གང་ཁ་གསུམ་རྒྱུ་སྨད་གསང་ཡིན་པས་རྒྱུ་མར་གྲང་རླུང་ཞུགས་པ་དང་འཁྲུ་བ་ལ་གདབ། དེ་འོག་མཚོན་གང་ཁ་གསུམ་ལྒང་གསང་གྲང་བས་ཆུ་ཁ་སྲ་སྙི་ལ་གདབ།

        གཞན་ཡང་མགོ་དང༌། ཡན་ལག་མཛུབ་ཚུགས་སུ་བསྟན་པའི་གསང་དམིགས་བཅོ་ལྔ་ནི། སྡུད་སྒོ། སྤྱི་གཙུག་སྤུ་འཁྱིལ། མཚོག་མའི་འདུས་སོ་གསུམ་ནི་རླུང་གིས་མགོ་འཁོར་ཞིང་འགྱེལ་བུབ་བྱེད་པ་ལ་གདབ། སྨྱོ་ཞིང་ལབ་མང་པོ་དང༌། བརྒྱལ་ཞིང་འབོག་ན་ལྟག་པའི་སྤུ་འཁྱིལ་བསྲེག རླུང་རིམས་ཀྱིས་ཁ་ལྐུགས་ཤིང་སྨྲ་མི་ཤེས་པ་ལ་མ་མཆུའི་འོག་ཏུ་གདབ། ལྐོག་མའི་ནད་ཀྱིས་སྨྲ་མི་ཤེས་པ་ལ་རྐང་པའི་ཕྱི་ལོང་སྟེང་ནས་གྱེན་དུ་སོར་བཞི་གཞལ་བའི་ཆུ་བའི་བར་དུ་གདབ། རིམས་ནད་ངུ་ལབ་འདྲེ་མཐོང་སོགས་ལ་ལག་པའི་མཁྲིག་མའི་ཕྱི་ནས་ནང་དུ་སོར་བཞི་གཞལ་བའི་ཆུ་བའི་བར་དུ་གདབ། ཕོ་མཚན་མི་ལྡང་ཞིང་ས་བོན་ལུག་པ་ལ་རྐང་པའི་ནང་ངོས་ལོང་བུའི་ཐད་དྲང་ངར་གདོང་གི་ཆུ་བར་བསྲེག རྐང་པ་བཤལ་ཞིང་འགྲོ་དཀའ་ན་ལག་པ་གཡས་པས་རྐང་པ་གཡས་དང་གཡོན་པས་རྐང་གཡོན་དུ་གཞལ་བའི་གུང་མོས་གར་སླེབས་ཀྱི་རྐང་པའི་བརླའི་ཕྱི་ངོས་ཀྱི་སུལ་བསྲེག བུད་མེད་བུ་བཙས་ནས་སྐྲངས་པ་ལ་ཨོལ་གོང་གི་འཛུམ་བསྲེག །ལྟག་པ་རེངས་སམ། རླིག་པ་སྐྲངས་པ། སྨྱོ་ལྐུགས་ལ་རྐང་པ་གཉིས་ཀྱི་མཐེ་བོང་རྒྱབ་ངོས་ཀྱི་སྤུ་སྐྱེས་བསྲེག མིག་ཚག་ཅིང་འབོག་པ་ལ་རྐང་པའི་རྟིང་པའི་དྲེག་པ་ཆགས་མི་ཆགས་ཀྱི་མཚམས་བསྲེག རྒྱུ་ལོང་ཕོ་བ་གླང་ཐབས་སུ་ན་བ་ལ་རྐང་པའི་ནང་ངོས་ཀྱི་ལོང་བུའི་འཕར་རྩ་བསྲེག དངངས་དང་སྐྱིགས་བུ་སྐྱུག་པ་རྣམས་ལ་སྐེ་སྟོང་བསྲེག མཆུ་ནད་ལ་སྲིན་ལག་གཡས་གཡོན་གྱི་རྒྱབ་ངོས་ཚིགས་མགོ་གསུམ་གཉིས་གཅིག་ནད་ཚབས་དང་བསྟུན་པ་བསྲེག སོ་ནད་ལ་གང་ན་ངོས་ཀྱི་རྣ་བའི་དྲུང་དང༌། སྲིན་ལག་གི་རྩེ་མོ་བསྲེག སྣ་ཁྲག་མ་ཆོད་ན་དབུགས་ཀྱིས་གར་སླེབས་ཀྱི་དཔུང་པ་གཡས་གཡོན་སྣ་ཁྲག་གང་ཡོང་གི་ངོས་གང་ཡིན་དེའི་མགོ་ལ་མེ་བཙའ་གདབ་པར་བྱའོ། །ཞེས་བསྲེག་དཔྱད་ཞེ་ལྔ་བསྟན་པའོ།།

        དེ་དང་མཐུན་པར་སྨན་དཔྱད་ཟླ་བའི་རྒྱལ་པོ་ལས་ཀྱང༌། དེ་ནས་མེ་བཙའི་དཔྱད་དག་ནི། །རྟེན་ནི་རྒས་དང་བུས་པ་ཡི། །གཞི་ནི་གྲང་བ་བབས་དང་ནི། །གདབ་པ་ཡི་ནི་གནས་དག་གོ །ཡན་ལག་དང་པོ་མགོ་ལ་དམིགས། །བསྡུ་ན་ཉི་ཤུ་རྩ་གསུམ་སྟེ། །རྩ་བ་གཉིས་སུ་གསུམ་གསུམ་བསྡུ། །སྤྱི་བོར་ལྔ་དང་ལྟག་པར་ལྔ། །མཚོག་མར་ལྔ་དང་ལྟག་ཁུང་དུ། །ཁྱད་པར་དུ་ནི་གཙུག་ཏུ་བཅལ། །རླུང་དང་སྙིང་མི་དྲན་པ་དང༌། །བད་ཀན་མིག་མི་གསལ་བ་དང༌། །སྣ་ཁྲག་མི་ཆོད་པ་ལ་ཕན། །མཚོག་མ་ཡི་ནི་སྐྲ་མཚམས་ནས། །སོར་བཞི་ན་ནི་ཀླད་པ་ནི། །ཀླད་ན་བརྗེད་ངས་མགོ་བོ་འཁོར། །སོར་བདུན་ནས་ནི་འདུས་སོ་དང༌། །སྣ་འགགས་སྣབས་མང་དག་ལ་ཕན། །སྐྲ་དག་ཡོད་མེད་དུ་བཏབ་ན། །མིག་ནི་རབ་རིབ་དག་ལ་ཡང༌། །རིམས་ཀྱིས་མྱོས་པ་དག་ལ་ཕན། །མིག་གི་འབྲས་བུའི་ཐད་ཀ་ནས། །སྐྲ་མཚམས་ནས་ནི་ཐུར་མཚོན་གང༌། །བཏབ་ན་མིག་ཚག་དག་ལ་ཕན། །སྨིན་མའི་བར་དུ་བཏབ་པ་ན། །མིག་སེར་དང་ནི་ཤ་སེར་དང༌། །སྣ་ཁྲག་མི་ཆོད་པ་ལ་ཕན། །དེ་ལྟར་ཤོང་མོར་བཏབ་ན་ཕན། །མིག་ཟུར་མཚོན་གང་ཕྱིར་བཅལ་བ། །མགུལ་བ་དག་ལ་བཏབ་བ་ན། །མིག་ཚག་པ་དང་སྙིང་མི་དྲན། །རྣ་བའི་བུག་པའི་ཐད་ཀ་ནས། །སོ་ན་རྣ་བ་འུར་ལ་ཕན། །རྣ་བའི་རྩེ་མོའི་ཐད་ཀར་བཏབ། །གཉའ་རེངས་རྩེ་ཆུང་རེངས་ལ་ཕན། །རྣ་བ་དག་གི་བུག་པ་ནས། །མཚོན་ཕྱེད་དག་ཏུ་བཏབ་པ་ན། །ཁ་ཡོ་འབྱེད་མི་ཤེས་པ་དང༌། །རྨེན་བུ་ཡོད་པ་དག་ལ་ཕན། །རྣ་བ་གཡས་གཡོན་སྐྲ་མཚམས་སུ། །བཏབ་ན་རྣ་བ་ན་བ་དང༌། །ཀླད་པ་ན་དང་རང་འགྱེལ་འགྲོ། །རྣ་མདུན་ཟ་འགྲམ་རུས་ལ་བཏབ། །འོན་དང་ཁ་འབྱེད་མི་ཤེས་དང༌། །ཁ་མིག་ཡོན་པོ་དག་ལ་ཕན། །རྣ་བའི་ཙོག་ཙོག་པོར་བཏབ་ན། །སྙིང་མི་དྲན་དང་སྨྲ་མི་ཤེས། །ཁ་འགྲམ་མཚོན་རེའི་སར་བཏབ་ན། །ཁ་མིག་ཡོན་པོ་དག་ལ་ཕན། །དེ་ནས་ཅུང་ཙམ་མས་བཏབ་ན། །ཁའམ་ལྕེ་རྩ་སྐྲངས་ལ་ཕན། །མཆུ་ཡི་འོག་ཏུ་བཏབ་པ་ན། །དྲན་པ་མི་གསལ་གླ་བ་དང༌། །ལྐུགས་པ་དག་ལ་ཕན་པའོ། །ཡ་མཆུའི་གཤོང་བུར་བཏབ་ཀྱང་རུང༌། །ཀོས་ཀོའི་གཤོང་བུར་བཏབ་པ་ན། །ལྕེ་སྐྲངས་སྨྲ་མི་ཤེས་ལ་ཕན། །ལྟག་པའི་རུས་འབུར་འབུར་བ་ནས། །གྱེན་ལ་མཚོན་གང་བཅལ་བར་བཏབ། །སྣ་འགགས་མིག་མི་གསལ་བ་དང༌། །དེ་ཡི་གཡས་གཡོན་མཚོན་དོར་གདབ། །ཀླད་པའི་ནད་དང་མིག་ནད་སེལ། །ལྟག་པའི་སྡུད་སྒོར་བཏབ་པ་ན། །རིམས་དང་ཚ་བས་ཟིན་ལ་ཕན། །སྙིང་མི་དྲན་དང་ལུས་སྦྲིད་དང༌། །མིག་སེར་མགོ་བོ་འཁོར་བ་དང༌། །གླལ་བ་དག་ལ་མཆོག་ཏུའོ། །མཆུ་ཡི་ཕན་ཚུན་གཉིས་དག་གི། །ཕན་ཚུན་གཤོང་བུར་བཏབ་པ་ན། །གཉའ་བ་སྒུར་མི་ཤེས་པ་དང༌། །བཤུལ་ཤ་རེངས་པ་དག་ལ་འོ། །རྣ་བའི་ཕྱི་མཆན་རྩ་འགུལ་བར། །བཏབ་ན་མགོ་བོའི་ནད་སེལ་ལོ། །ཚིགས་པ་གསུམ་པ་ཁ་གསུམ་དུ། །བཏབ་ན་རྒས་ལ་མཆོག་ཏུ་སྟེ། །ཚད་སྙིང་རུས་པ་ལ་ཞེན་དང༌། །ཁྲག་རྒྱས་དག་ལ་ཤིན་ཏུ་ཕན། །ལྦ་བ་བྱུང་དང་སྟོད་ལྕི་དང༌། །ནད་གསུམ་དག་ལ་ཕན་པ་འོ། །ཚིགས་པ་ཁ་ནི་གསུམ་དུ་བཏབ། །ཁོང་དུ་ཚད་པ་ལྷུང་བ་དང༌། །དབུགས་ཐུང་ཉལ་ཁ་སྙི་བ་དང༌། །རོ་རྒྱབ་ན་དང་སྙིང་མི་བདེ། །དང་ག་མི་བདེ་རིམས་དག་དང༌། །རླུང་ནད་ཞི་བར་བྱེད་པ་འོ། །ཚིགས་པ་བཞི་པའི་ཁ་གསུམ་དུ། །བཏབ་ན་བད་ཀན་རྒྱས་པ་དང༌། །སྣ་སུབ་ལྕེ་དག་སྐམ་པ་དང༌། །བད་ཀན་རྒྱས་པ་ཞི་བར་བྱེད། །ཚིགས་པ་ཁ་ནི་གསུམ་ཉིད་དུ། །བཏབ་ན་ཟས་ཀྱི་མི་ཚོར་བ། །གློ་ནད་སྟོད་གཟེར་ཚད་སྙིང་དང༌། །ལྡང་དུབ་ཚ་བ་ཆེ་ལ་ཕན། །ཚིགས་པ་ལྔ་པ་གློ་བ་ཡི། །གསང་དུ་མེ་བཙའ་ཁ་གསུམ་གདབ། །གློ་ངར་ཁྲག་དག་འོང་བ་དང༌། །རིམས་ནད་འཐིབས་པོས་ཐེབས་པ་དང༌། །སྨྱོ་དང་རྒྱབ་གཟེར་རྐང་ལག་འདར། །སྐྱུག་དང་སྐྱུག་བྲོ་སེལ་བར་བྱེད། །དྲུག་པ་སྙིང་གསང་ཁ་གསུམ་གདབ། །སྙིང་འདར་དྲན་པ་མི་གསལ་དང༌། །སྙིང་འཛག་བརྡུང་བའི་ནད་དག་སེལ། །སྟོད་རྒྱས་ཟས་མི་ཞིམ་པ་སེལ། །བདུནཔ་སྲོག་རྩའི་གསང་ལ་ནི། །ཁ་གསུམ་དག་ཏུ་བཏབ་པ་ན། །འབོག་དང་ཁོང་ལྕི་བརྗེད་ངས་དང༌། །ཁོག་ལྕི་ལུས་ལ་འབྲུམ་པ་འོང༌། །སྙིང་དུ་ཆུ་སེར་མགོ་ལྕི་དང༌། །སྲོག་པ་རྩ་ཡི་ནད་ལ་ཕན། །བརྒྱད་པ་མཆིན་དྲི་དག་གི་གསང༌། །ཁ་གསུམ་དག་ཏུ་བཏབ་པ་ན། །རྩིབ་ཐུང་ཟུག་དང་ཁོང་བསྡམས་དང༌། །མཆིན་དྲིར་བད་ཀན་ཞུགས་པ་དང༌། །མཆིན་དྲིར་འཁོར་བ་སེལ་བའོ། །དགུ་པ་མཆིན་གསང་དག་ལ་ནི། །ཁ་གསུམ་དག་ཏུ་བཏབ་པ་ན། །མཆིན་པ་སྟོང་པ་ཞུ་བ་དང༌། །ཆུ་ཚན་སྐྱུག་དང་རླུང་གཟེར་དང༌། །ཕྱི་འཕྲེད་སྦོ་དང་ཁོང་སྐྲངས་དང༌། །ལར་ན་ཁྲག་ཏུ་འཛག་ལ་ཕན། །བཅུ་པ་མཁྲིས་པའི་གསང་ཁ་ནི། །གདབ་པར་བྱ་བ་མ་ཡིན་ཏེ། །མཁྲིས་པ་རྒྱས་ན་གདབ་པར་བྱ། །ལུས་ལྕི་ཁ་ཟས་མི་འཇུ་དང༌། །འུར་འུར་ཕྱི་ས་འགགས་པ་དང༌། །ཤ་ནག་པ་དང་སེར་བ་དང༌། །ཁ་སྣ་ཆུ་སེར་འཛག་པ་ལ། །ཀླད་ནད་མིག་མི་མཐོང་ལ་ཕན། །བཅུ་གཅིག་མཁྲིས་རྩ་ཁ་གསུམ་དུ། །བཏབ་ན་འཁྲོག་ཅིང་སྐྲག་པ་དང༌། །ངོ་གདོང་སྐམ་ལ་ཟས་མི་འཇུ། །སྦོ་བ་དག་ལ་ཕན་པ་འོ། །བཅུ་གཉིས་ཕོ་བའི་གསང་དག་ལ། །ཁ་གསུམ་དག་ཏུ་བསྲེགས་པ་ན། །སྐྱུག་དང་ཕོ་བ་རྙིང་པ་དང༌། །ཕོ་བའི་ནད་རྣམས་ཞི་བར་འགྱུར། །བཅུ་གསུམ་བསམ་སེའི་གསང་ལ་ནི། །ཁ་གསུམ་དག་ཏུ་བཏབ་པ་ན། །ནད་ཀུན་ཞི་བར་བྱེད་པ་སྟེ། །ནད་མེད་བཏབ་ན་ཤ་ཞུ་འོ། །བཅུ་བཞི་དག་ལ་ཁ་གསུམ་དུ། །བཏབ་ན་མཁལ་ཚིགས་འཁྱགས་པ་དང༌། །སྐེད་པ་ན་ཞིང་ཆུ་སྲི་དང༌། །ཕོ་མོའི་མཚན་མ་སྐྲངས་པ་དང༌། །ཁོང་ལྕི་འདྲེན་མི་ནུས་པ་དང༌། །ཕོ་མོའི་འཕྲད་པ་ལྡང་མི་ནུས། །ཕྱི་ས་བླུགས་པ་དག་ལ་ཕན། །བཅོ་ལྔ་ཁ་གསུམ་དག་ལ་ནི། །མཁལ་མའི་འབྲས་བུ་དག་ཡོད་དེ། །སྐྱེས་པ་དག་ལ་གདབ་པ་དཀའ། །བཅུ་དྲུག་པ་ནི་ལོང་གི་གསང༌། །ཁ་གསུམ་དག་ཏུ་བཏབ་པ་ན། །དྲི་མ་སྡོམ་དང་སྦོ་བ་ན། །གཞང་ཁ་ལུག་དང་འཁྲུ་བ་དང༌། །ལངས་ན་རྐེད་པ་ན་བ་དང༌། །རྐེད་པ་ན་དང་ཟས་མི་འཇུ། །སྦོ་དང་ལོང་འཁྲོག་དག་ལ་ཕན། །བཅུ་བདུན་པ་ནི་རྒྱུ་མའི་གསང༌། །ཁ་གསུམ་བཏབ་ན་ཚད་རྙིང་དང༌། །བེ་སྣབས་འཁྲུ་དང་ཁོང་སྐྲན་དང༌། །ཀར་ཀར་ན་དང་དབུགས་ཐུང་དང༌། །རེས་འགའ་ཆུ་ནི་སྲི་བ་དང༌། །འཁྲུ་ནད་ཅན་ལ་མཆོག་ཏུ་སྟེ། །བཅོ་བརྒྱད་སྒང་པའི་གསང་དག་ལ། །ཁ་གསུམ་དག་ཏུ་བཏབ་པ་ན། ཆུ་ཁ་སྙི་དང་ཆུ་ཚན་འོང༌། །ཕོ་མཚན་འགྲེང་ཞིང་སྐྲངས་པ་ལ། །འདོད་ཆགས་དྲགས་ལས་རུ་ཤིང་སྐྱུར། །ཟླ་མཚན་འཛག་པས་ལྟེ་བའི་འོག །འཁྱིལ་ནས་མཁྲང་ཞིང་ན་བ་དང༌། །བུ་བཙས་རླུང་ཞུགས་དག་ལ་ཕན། །བཅུ་དགུ་པ་ལ་བཏབ་ན་ནི། །ཆུ་སོ་རྐེད་པ་ན་བ་དང༌། །ཕྱི་ས་སྐམ་དང་རྐང་ལག་རེངས། །འགྲོ་མི་ནུས་དང་དབུགས་ཐུང་དང༌། །ཡ་མཆུ་མ་མཆུ་འཕྱང་བ་དང༌། །ཉམ་ཆུང་ཁྲག་ཏུ་འཁྲུ་ལ་ཕན། །ཉི་ཤུ་པ་ལ་བཏབ་པ་ན། །ཚད་པ་རྙིངས་ཤིང་གཅིན་ཚ་དང༌། །སྨད་མི་ཐེགས་དང་ཁྲག་འོང་དང༌། །ཚིལ་ནག་བྱུང་བ་དག་ལ་ཕན། །ཉི་ཤུ་རྐེད་པ་ན་བ་དང༌། །རྟག་ཏུ་ཟླ་མཚན་འཛག་པ་ལ། །ཉི་ཤུ་རྩ་གཅིག་ལ་བཏབ་ན། །སྐེད་པ་ན་དང་དཔྱི་མིག་ཟུག །འཁྲུ་དང་དབུགས་ཐུང་རླུང་ནད་ཀྱིས། །སྐད་མི་འབྱིན་པ་དག་ལ་འོ། །ཉི་ཤུ་གཉིས་ལ་བཏབ་པ་ན། །ཚད་པ་རྙིང་དང་མཆིན་ཚད་དང༌། །རླུང་ནད་དྲག་པོ་དག་ལ་འོ། །དྲི་མའི་བུ་ག་དག་ལ་ནི། །རྐེད་པ་འཕྱེས་དང་འཁྲུ་བ་དང༌། །བླ་ཅོལ་སྨྲ་བ་དག་ལ་འོ། །ནང་དུ་གདབ་པ་འདི་དག་གོ །སྒྲོག་རུས་དག་ནས་སོར་བཞི་བཅལ། །སྐེ་ལ་བཏབ་ན་གློ་ཁྲག་དང༌། །ལུད་པ་མི་ཆོད་པ་ལ་ཕན། །སྙིང་ཁུང་དག་ལ་བཏབ་པ་ན། །སྐྱིགས་བུ་མི་ཆོད་པ་ལ་ཕན། །སྒྲོག་མདོ་ཡི་ནི་རུས་པ་ལ། །ཙོག་ཙོག་པོ་རུ་བཏབ་པ་ན། །ལུས་ཀྱི་རྨ་དག་འབྲས་ཐབས་ཏེ། །རྨ་དག་གསོས་སུ་མི་བཏུབ་དང༌། །རླུང་གིས་རུས་པ་ན་ལ་ཕན། །སྒྲོག་རུས་དག་གི་གོང་དག་གི །གཤོང་བུ་དག་ཏུ་བཏབ་པ་ན། །གློ་ལུ་བྲང་དུ་ཟུག་པ་དང༌། །གློ་སྐམ་ལུ་བ་དག་ལ་ཕན། །སྐེ་ཡི་སྟོང་སྟོང་པོར་བཏབ་ན། །སྐེ་འགགས་རླུང་ལྦ་བད་ཀན་སྐྱེས། །བད་ཀན་སྐྱེ་འདར་དག་ལ་ཕན། །དེ་ནས་ཐུར་མཚོན་ཕྱེད་དང་དོ། །བཅལ་བར་བྱ་རོག་མིག་དག་གོ །དེ་ལ་ཁ་གསུམ་བཏབ་པ་ན། །ཁྲག་གི་ཚད་པ་སྐྱེས་ལ་ཕན། །དབུགས་ཐུང་བ་ལ་མཆོག་ཏུ་འོ། །དེ་ནས་ཕྱེད་དང་དོ་བཅལ་བ། །གློ་གསང་བར་པ་ཁ་གསུམ་དུ། །བཏབ་ན་ཁ་རྣག་མནམ་པ་དང༌། །ཚད་པ་སྐྱེས་དང་ཟིན་པ་དང༌། །བུས་པ་འབྲས་ནད་གློ་འཕར་དང༌། །འབུད་ཅིང་ལུ་བ་དག་ལ་ཕན། །དེ་ནས་ཡང་ནི་དེ་བཞིན་དུ། །བཅལ་བར་ཁ་གསུམ་བཏབ་པ་ན། །གློ་གསང་ཆུ་ཀུན་ཞེས་བྱ་སྟེ། །གློ་ནད་ཚ་གྲང་ཀུན་ལ་ཕན། །ནུ་མའི་བར་ནས་ཁ་གསུམ་དུ། །བཏབ་ན་སྙིང་གསང་ཆེན་པོ་སྟེ། །སྙིང་འདར་ཟས་དང་བཏུང་བ་ལ། །མི་དགའ་ལྟོ་རུ་ལྡང་བ་དང༌། །སྙིང་གི་འདར་ནད་ཞི་བར་བྱེད། །དེ་ནས་ཐུར་མཚོན་གང་བཅལ་བར། །བཏབ་པས་གཡས་གཡོན་གཟེར་ཟུག་དང༌། །འཇོམས་པ་ཉིད་ཀྱང་དེ་བཞིན་ནོ། །ལྷེན་སྣའི་ལྟག་ཏུ་བཏབ་པ་ན། །གཡས་དང་གཡོན་དུ་མཆོན་ཕྱེད་དང༌། །དོ་རུ་བཏབ་ན་བད་ཀན་གྱི། །གསང་དུ་བཏབ་ན་བད་ཀན་ཞི། །བྲང་ཚ་བ་དང་ཁ་མངལ་ཏེ། །ཆུ་སྐྱུར་སྐྱུག་དང་སྒྲེག་པ་དང༌། །སྟོད་བརྒྱངས་དབུགས་ཀྱིས་གང་ལ་ཕན། །ལྷེན་སྣ་ཁ་གསུམ་བཏབ་པ་ན། །བད་ཀན་དག་གི་མཚོ་ཡིན་ཏེ། །སྟོད་བརྒྱངས་ཟས་མི་འཇུ་བ་དང༌། །སྣབས་ལུད་མང་དང་ཆམ་པ་དང༌། །མཚོག་མ་ལྕི་བ་དག་ལ་ཕན། །ལྷེན་སྣའི་མཚོན་གང་ཁ་གསུམ་དུ། །བཏབ་པས་ཕོ་བ་དག་གི་གསང༌། །འཁྲུ་དང་སྐྱུག་དང་སྒྲེག་པ་དང༌། །ཟས་མི་འཇུ་བ་དག་ལ་ཕན། །དེ་ནས་མཚོན་གང་ཁ་གསུམ་དུ། །བཏབ་ན་མཆིན་པ་དག་གི་གསང༌། །ཟས་ཟོས་མ་ཟིན་ཆུ་སྐྱུག་དང༌། །ཕྱི་འཕྲེད་སྦོ་དང་ཁ་གདོང་སྐྲངས། །མཆིན་པའི་འོར་དང་རྩིབས་ལོགས་ན། །གསུས་སྒྲེག་འོང་དང་དབུགས་ནད་སེལ། །དེ་ནས་གཡོན་དུ་ཐུར་གང་བཅལ། །མཚོན་གསུམ་བཏབ་པར་བཅལ་བ་ན། །ཁོང་ལྕི་སྐྱུགས་པ་དག་དང་ནི། །སྦོ་ཞིང་སྒྲེག་པ་དག་ལ་ཕན། །ལྷེན་སྣ་ནས་ནི་སོར་བཞི་དག །བཅལ་བར་མཚོན་ཁ་གསུམ་བཏབ་པ། །སྦོ་དང་གཟེར་བ་དག་དང་ནི། །ལྷེན་སྣ་མཚོན་གང་དག་ཏུ་ནི། །ཁ་གསུམ་གདབ་པར་བྱ་བ་སྟེ། །མཁལ་རྐེད་ན་བ་དག་དང་ནི། །བཤལ་བ་དག་ལ་ཕན་པར་འགྱུར། །ལྟེ་བའི་ཁོང་དུ་བཏབ་པ་ན། །བུད་མེད་བུ་མེད་ཟླ་མཚན་འཛག །མངལ་དུ་རླུང་ཞུགས་སྦོ་ལ་སྐྲངས། །དེ་ཡི་གཡས་གཡོན་མཚོན་རེ་ལ། །སྦོ་དང་འཁྲོག་པའི་ནད་དག་ལ། །ལྟེ་བ་དག་ནས་མཚོན་དོར་གདབ། །སྦོ་དང་འཁྲུ་དང་འགྲོ་མི་ཤེས། །ལྟེ་བ་ནས་ནི་ཐུར་དོ་དང༌། །མཚོན་གང་དག་ནི་བཏབ་པ་ན། །གློ་ནད་ལོང་ནད་སྐད་ངན་དང༌། །ཕོ་བ་ཆུ་ཚན་སྐྱུག་པ་དང༌། །ལོང་ནད་འཁྲོག་པ་དག་ལ་ཕན། །ལྟེ་ནས་མཚོན་དོར་ཁ་གསུམ་དུ། །བཏབ་པས་ཆུ་སོ་དག་དང་ནི། །རླིག་པ་སྐྲངས་དང་ཟླ་མཚན་འཛག །འཁྲུ་བ་དག་ལ་ཕན་པར་རོ། །ལྟེ་བ་ནས་མཚོན་གསུམ་བཅལ་བར། །ཁ་གསུམ་དག་ཏུ་བཏབ་པ་ན། །ཆུ་སྲི་བ་དང་རྟག་ཏུ་ནི། །ཟླ་མཚན་འཛག་པ་དང་ལ་ཕན། །བུ་མི་ཆགས་དང་འཆོར་བ་དང༌། །ལྟེ་ནས་མཚོན་བཞི་དག་ཏུ་གདབ། །བུ་སྣོད་ན་དང་མཁལ་རྐེད་ནད། །ཆུ་ཡི་ནད་དུ་གྱུར་པ་དང༌། །རྐང་ནད་དག་ལ་ཕན་པར་འགྱུར། །ཡང་ན་གཉེར་མ་རིང་པོ་ནས། །ཁ་གསུམ་དག་ཏུ་བཏབ་པ་ན། །ཁྲག་གི་ནད་དང་ཆུ་སེར་དང༌། །མཁྲིས་པའི་ནད་དུ་གྱུར་པ་དང༌། །འདུས་པའི་ཚད་པ་དག་ལ་ཕན། །རྨོང་མཚམས་ཁ་གསུམ་བཏབ་པ་ན། །བེ་སྣབས་ལྦུ་བ་ཅན་དུ་འཁྲུ། །གཅིན་སྲི་ཆུ་ཆེན་དག་དང་ནི། །སྨད་རྐྱལ་འགྲོ་བ་དག་ལ་ཕན། །མཚན་རྐུབ་བར་དུ་བཏབ་པ་ན། །འདར་དང་དྲན་པ་མྱོས་པ་དང༌། །སྟོད་ལྕི་དབུགས་དག་ལྕི་བ་དང༌། །ཕོ་མཚན་སྐྲངས་དང་ས་བོན་ལུག །ཟླ་མཚན་འཛག་པ་ཞི་བར་བྱེད། །ཡན་ལག་རྣམས་ལ་དམིགས་དང་ནི། །དཔུང་པའི་མགོ་བོའི་གཤོང་བུར་གདབ། །ཚིགས་པ་ན་བ་དག་ལ་ཕན། །ཕྱི་ལྟོ་ནང་ལྟོ་བཏབ་པ་ན། །ཚིགས་པ་འཁྲུལ་དང་འབོག་སྙམ་པ། །དེ་ནས་གང་གི་སྒྲོག་རུས་འོག །ཕྱི་ཡི་མཆན་ཁུང་འོག་ཏུ་ནི། །གཉེར་མ་རིང་པོར་བཏབ་པ་ན། །སྟོད་ལྕི་ལག་པ་བཤལ་ལ་ཕན། །ཕྲག་པ་ཐལ་གོང་དག་ཏུ་བཏབ། །གག་པ་དག་དང་འགོག་པའི་ནད། །ལྐོག་མ་སྐྲངས་དང་གློ་ཅན་ལ། །ལག་པ་མི་ཐེག་རོ་སྟོད་གཟེར། །སོག་པའི་དཀྱིལ་ནས་གཡས་གཡོན་དུ། །བཏབ་ན་གློ་འབྱར་སྔོ་བ་དང༌། །བྲང་ན་གློ་ཡི་ནད་ལ་ཕན། །དཔུང་པའི་སྟེང་དུ་བཏབ་པ་ན། །སྣ་ཁྲག་མི་ཆོད་ལ་ཕན། །དཔུང་པ་ལག་ངར་རྩ་འགུལ་ལ། །བཏབ་ན་ལག་པ་ན་ལ་ཕན། །བུད་མེད་རྩིབས་ནི་ན་བ་དང༌། །སྐྱེས་པའི་གློ་ནད་སེལ་བ་འོ། །གྲུ་མོ་ཁུ་ཏུ་བཏབ་པ་ན། །ཆུ་སེར་ཞུགས་པ་དག་ལ་ཕན། །གྲུ་མོ་གཞུ་མཆོག་རུས་པ་རུ། །བཏབ་པས་རུས་ནད་དག་ལ་ཕན། །མཁྲིག་མའི་བར་དང་ཆུ་བའི་བར། །དག་ཏུ་བཏབ་པར་གྱུར་པ་ན། །མཐོང་ཉམས་རུས་པ་དག་ལ་ཕན། །རིམས་ནི་ལྐུགས་པ་དག་ལ་ཕན། །དེ་ནི་གཉེར་མ་རིང་པོ་སྟེ། །ཁ་གསུམ་དག་ཏུ་བཏབ་པ་ན། །མཁྲིག་ཟུར་རྩ་ཡི་སྟེང་བཏབ་ན། །མ་མཆུ་སྐེམ་དང་ཆུ་རྒྱུས་རེངས། །མཁྲིག་མའི་རུས་པ་ཙོག་ཙོག་ཏུ། །བཏབ་ན་མཛེར་པ་ཞི་བར་བྱེད། །མཐེ་བོང་མཛུབ་མོའི་བར་དག་ཏུ། །མཚོན་གང་བཅལ་བར་བཏབ་པ་ན། །རིམས་ཀྱི་ཚད་པ་ཞེན་པ་དང༌། །མིག་ནད་ཚད་པ་དག་ལ་འོ། །མཐེ་བོང་འཁྲིག་མའི་གཤོང་བུར་གདབ། །ཀླད་པ་ན་དང་མིག་ནད་སེལ། །མཐེ་ཆུང་སྲིན་ལག་བར་དུ་ནི། །མཚོན་ནི་ཕྱེད་དང་དོར་བཏབ་ན། །མིག་འབྲས་ན་དང་ཚག་པ་དང༌། །མིག་ནད་དག་ལ་ཕན་པ་འོ། །ལག་པ་མཉམ་གཞག་སྐྱིལ་ཀྲུང་བཅས། །ལུས་པོ་དྲང་དུ་བསྲང་པ་ལས། །དཔྱི་མིག་མཇུག་ཐུང་ཆག་གང་བཅལ། །དེ་ནས་ཐད་ཀར་གཡས་གཡོན་དུ། །ཆག་གང་བཅལ་བར་བཏབ་པ་ན། །རྐང་འབོལ་རྐེད་པ་ན་བ་སེལ། །རུས་པའི་འབུར་དང་བརླ་ཡི་ལྡེབས། །གཤོང་གཤོང་པོ་རུ་བཏབ་པ་ནི། །ཁོང་དུ་ཆུ་སེར་ལྷུང་བ་དང༌། །གྲང་བ་སྐྲན་དང་འོར་ལྷུང་དང༌། །རྟུག་སྐམ་དག་ལ་ཕན་པར་འགྱུར། །རུས་པ་འབུར་པོ་དག་ནས་མར། །མཚོན་གསུམ་བཅལ་བར་བཏབ་ན་ནི། །བྱིན་པའི་སྐྲན་དང་རྐང་པ་སྦྲིད། །དེ་ལ་སོགས་པའི་རྐང་པའི་ནད། །རྐང་ནད་ཐམས་ཅད་ཞི་བར་བྱེད། །སྒྱིད་ཁུང་གཉེར་མ་རིང་པོ་ནས། །མར་ལ་ཐུར་གང་བཙལ་བར་བཏབ། །ཆུ་བ་འཁུམས་དང་བརྐྱང་མི་ཤེས། །གཞང་ནད་ཤུ་བ་འོང་བ་དང༌། །ཁྲག་འོང་བ་ལ་ཕན་པ་འོ། །ལོང་ནས་ཡར་ལ་ཐུར་གང་བཅལ། །དེ་རུ་བཏབ་ན་པུས་མོ་དག །མན་ཆད་སྦྲིད་དང་སྐྲངས་འཁོལ་སེལ། །ཕྱིར་ལོག་གྱེན་ལ་ཐུར་གང་དུ། །བཏབ་ན་ཆུ་སེར་སྨད་དུ་ལྷུང༌། །རྐང་པ་ལྕི་དང་ལྐོག་མ་སྐྲངས། །རྐང་པ་བསྐུམ་པའི་ཆུ་རྒྱུས་བར། །མེ་བཙའ་དག་ཀྱང་གདབ་པར་བྱ། །དམིགས་གཅིག་ལོང་མོ་འབུར་བ་ནས། །ཐུར་དུ་ཐུར་གང་བཅའ་བར་བྱ། །རུས་པ་རྗེ་ངར་རྐང་ལ་གདབ། །ཟླ་མཚན་དག་ནི་འཛག་པ་དང༌། །ཇི་རིད་ཇེ་རིད་འགྲོ་བ་འོ། །དེ་ནས་གཏིང་ཆུ་ཐུར་གང་ན། །རྩ་འགུལ་པ་ལ་བཏབ་པ་ན། །ཟླ་མཚན་འཛག་དང་འཁྲུ་བ་དང༌། །སྐྱུག་བྲོ་ལྐོག་མ་སྐྲངས་པ་སེལ། །ལངས་ཏེ་དྲང་པོར་བསྲངས་པ་ན། །ལག་པའི་གུང་མོས་བརླ་ཡི་ལྡེབས། །སོར་མོའི་རྩེ་མོས་གང་སླེབས་ཀྱི། །སུལ་དུ་རྨེན་བུ་དག་ལ་ནི། །མ་སོང་བར་བཏབ་རྐེད་པ་ཡི། །ནད་དང་རྐང་འཁོལ་དག་ལ་ཕན། །རྣག་པོ་ཆེའི་གཤོང་བུར་བཏབ། །རྐང་ན་རུས་པ་འཁོལ་བ་དང༌། །རོ་སྨད་དག་ནི་མི་ཐེག་དང༌། །སྨད་ཀྱི་ནད་དག་ཞི་བར་བྱེད། །རྐང་བརྐྱང་ལྷ་ང་སོར་བཞི་ནས། །དེ་རུ་བཏབ་པ་རྐང་པའི་ཤ། །སྐམ་དང་རྐེད་པ་ན་བ་དང༌། །བུད་མེད་རྐེད་པ་ན་བ་དང༌། །ཆུ་ཚན་དག་ལ་ཕན་པ་འོ། །སྒྱིད་ཁུང་བསྐུམ་སྟེ་གཉེར་མ་ནི། །རིང་ནས་མཚོན་ནི་ཕྱེད་དང་དོ། །བཏབ་ན་ཚིགས་ན་འགྲོ་མི་ཤེས། །ལྷང་འོག་བྱ་རོག་མིག་གཉིས་སུ། །བཏབ་པས་ཕོ་གྲང་ཟས་མི་འཇུ། །མིག་རྡུལ་བྱིན་སྙིང་ན་བ་སེལ། །ངར་གདོང་ཐུར་འོག་རུས་པ་འབུར། །གཉིས་འོག་ཆུ་སེར་གཤོང་བུར་བཏབ། །རུས་པ་འཁོལ་དང་བྱིན་ཤ་འགྱུར། །པུས་མོ་མན་ཆད་ན་ལ་ཕན། །ངར་གདོང་ཆུ་བ་ཁ་བྲག་ནི། །སྙིང་རྩ་ཆེན་པོའི་སྟེང་བཏབ་ན། །རྒྱུ་ནད་ཤ་སེར་མིག་སེར་དང༌། །ཕོ་མཆིན་སྐྲངས་ཏེ་རླིག་པ་སྐྲངས། །འབྲས་བུ་ནང་དུ་བྲོས་ལ་ཕན། །རྟིང་པའི་རུས་པ་འབུར་འབུར་ནས། །ལྐོག་གི་གཤོང་བུར་བཏབ་པ་ན། །རྐང་དང་བྱིན་པ་གབ་ཁུང་ནད། །མཐེ་བོང་མཛུབ་མོ་ནས་ནི་ཡར། །མཚོན་གང་བཅལ་བར་བཏབ་པ་ན། །ཆུ་སེར་འོར་དང་རྐང་པ་སྦྲིད། །གསུས་པ་ཆེ་དང་གཅིན་སྲི་ལ། །དེ་ནས་མཚོན་ཕྱེད་བཅལ་བ་ན། །མཐིལ་གྲུམ་རྩུབ་དང་རླིག་སྐྲངས་ལ། །མཚོན་གསུམ་གྱེན་ལ་བཅལ་བ་ནི། །བཏབ་ན་ཁོང་ལྕི་རླིག་སྐྲངས་དང༌། །སོར་མོ་བཀུག་པའི་མཐེབ་གཤོང་དུ། །བཏབ་ན་ཀླད་ནད་གཅིན་སྲི་ལ། །མཐེ་བོང་ཚིགས་ལ་བཏབ་པ་ན། །དྲེག་བྱུང་བ་ལ་ཕན་པར་རོ། །རྐང་བོལ་རྒྱ་ཆིངས་ལ་བཏབ་ན། །འདུག་མི་ཚུགས་དང་སྐྲངས་ལ་ཕན། །རྐང་མཐིལ་བཙགས་བུས་ཁྲག་ཕྱུང་ན། །བསྲེགས་པས་ཐུབ་སྟེ་ཆུ་སེར་ལ། །རྟིང་པའི་དྲེག་ནི་དཀར་ནག་གི །མཚམས་སུ་བསྲེགས་ན་ཁ་འཐམས་ན། །མིག་ཚ་ལྦ་བ་བྱུང་བ་ན། །ལྕེ་ནི་གཞོག་བུས་འབྱིན་ལ་ཕན། །མྱོས་པ་ཡེ་འབྲོག་མཆེ་བ་དང༌། །གདོན་གྱིས་ཟིན་པ་དག་ལ་ཕན། །གྲང་བ་དག་ལ་མི་ཕན་ནོ། །གཏར་དང་བསྲེག་པ་དེ་བཞིན་ཏེ། །བསྙལ་མ་ཐོག་ཏུ་གཏར་མི་བྱ། །གཏར་མ་ཐོག་ཏུ་མི་གློད་དོ། །སྔ་མི་བསྲེག་དང་ཕྱི་མི་གཏར། །ཞེས་ཀྱང་གསུངས་སོ།།

        ལྔ་པ་མེ་བཙའ་གདབ་ཐབས་ནི། གདབ་ཐབས་ཞེས་པ་ནས་ཕལ་ཆེར་འདོད་ཅེས་པའི་བར་ཚིགས་བཅད་བཞི་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། ད་ནི་མེ་བཙའ་གདབ་པའི་ཐབས་ལ། བཙོ་བ་དང༌། བསྲེག་པ་དང༌། བསྲོ་བ་དང༌། བསྡིགས་པ་དང་རྣམ་པ་བཞི་རུ་ཡོད་པ་ལས། བཙོ་བོ་ནི་འབྲས་དང་སྐྲན་ལ་མེ་ཐེངས་ཉི་ཤུ་ཡན་ཆད་དུ་གཅིག་ཐོག་ཏུ་གཅིག་བསྐྱར་ལ་ཚོས་པར་བཙོ་བ་དང༌། བསྲེག་པ་ནི། བད་ཀན་སྐྱ་བོ་དང་ཆུ་སེར་སྙིང་རླུང་ལ་མེ་ཐེངས་བཅོ་ལྔ་ཙམ་གྱི་རིམ་པས་བསྲེག་པ་དང༌། རླུང་སྲིན་དང༌། རྩ་ཆུ་འགགས་ན་སྤྲ་བ་ཐེངས་ལྔའམ་བདུན་གྱིས་བསྲོ་བ་དང༌། བསྡིགས་པ་ནི། བྱིས་པའི་མེ་བཙའ་ལ་སྤྲ་ཚུགས་རེས་ཚོས་པར་མི་བསྲེག་པར་བསྡིག་པས་སྟེ་དངངས་པ་བསྐྱེད་པ་ཙམ་བསྲེག་པ་དང༌། བུ་བཙས་རྗེས་དང༌། བཤལ་གྱི་རྗེས་དང༌། རྩ་ཆད་མཐུད་པ་གསུམ་ལ་ནི་ཧ་ཅང་བསྲེགས་དྲགས་པ་ཉེས་པ་ཆེ་བ་ཡིན་ལ། དེ་ཡང་སྤྲ་བ་དམིགས་སུ་བཞག་ལ་མེ་སྤར་ཏེ་སྐྱབས་འགྲོ་བྱ། མེ་ནད་སྟེང་དུ་ཐེབས་ནས་ཐལ་བ་མི་འགུལ་བར་མཆིལ་མས་ཐུད་ཀྱིས་གདབ་ཅིང༌། དུ་བ་ཆད་ནས་སྤྲ་བའི་ལྷག་མ་དེ་ཁབ་འགོས་གསེང༌། བསྐྱར་ན་སྤྲ་བ་གསུམ་གཉིས་ཙམ་མཆེད་ནས་ཡང་སྤྲ་བ་གཅིག་ལ་སྤར། ཚ་བ་རྒྱུན་མི་ཆད་ན་ཚོས་པ་སྐྱེན། བསྲེག་ལེགས་ན་མེ་ཁོད་སྙོམས་ཤིང་ཡ་ཡོ་མེད་པ་དང༌། ཆུ་བུར་ཕྲ་མོས་མེ་བཙའི་མཐའ་བསྐོར་བ་དང༌། མེ་ཤུལ་ན་ཚ་མེད་པ་འབྱུང༌། ཚོས་པའི་ཚད་ནི་མེ་བཙའ་མདུན་དུ་བཏབ་པས་རྒྱབ་ཏུ་ཀར་རྩེ་ན་བ་དང༌། རྒྱབ་ཏུ་བཏབ་ན་མདུན་དུ་ན་ཞིང་སྐྱུག་པ་སྙམ་བྱེད་ན་ཚོས་པའི་རྟགས་ཡིན་པས་སྤྲ་བ་བསྲེག་འཕྲོ་བཅད་དགོས་ལ། དེ་ཡང་ཏོག་ཅེས་པའི་སྒྲ་ཐོན་ཞིང་སྤྲ་བ་ཡར་ན་ཕན་ཆེ་བར་འདོད་པ་ཡིན་ནོ་ཞེས་པའོ། །དྲུག་པ་ཕྱི་རྗེས་ནི། ཕྱི་རྗེས་སོགས་ཚིགས་བཅད་གཅིག་སྟེ། མེ་བཙའི་ཕྱི་རྗེས་ནི། མེ་ཤི་ནས་སྤྲ་བ་གྲང་བ་དང་མཐེ་བོང་གིས་རྒྱས་གདབ། དེ་མ་ཐག་ནད་པ་དེ་ལངས་ནས་གོམ་པ་འགའ་བཅགས། དེ་ནུབ་ཆུ་མི་བཏུང་ཞིང༌། གོམ་པ་འགའ་བཅགས་པས་ལུས་བརྟས་པར་བྱེད་པ་དང༌། དེ་ནུབ་ཆུ་བཏུངས་ན་མེ་དབལ་ཆུས་གསོད་པ་ཡིན་ཅིང༌། གཞན་ཡང་སྣོད་དྲུག་པོ་ལ། ཟས་ཟོས་པའི་རྗེས་ལ་མེ་བཙའ་མི་གདབ་བོ་ཞེས་པའོ། །བདུན་པ་ཕན་ཡོན་བསྟན་པ་ནི། ཕན་ཡོན་སོགས་ཚིགས་བཅད་གཅིག་དང་རྐང་པ་གསུམ་གྱིས་བསྟན་ཏེ། མེ་བཙའི་ཕན་ཡོན་ནི། རྩ་ཡིས་འབྲོས་འཕྲང་འགགས་པར་བྱེད་པ་དང༌། ན་བའི་ཟུག་འཕྲལ་དུ་གཅོག་པ་དང༌། རླུང་ནད་ཁ་ཡན་རྣམས་གནོན་ལ། མ་ཞུ་བ་འཇུ་ཞིང་ལྷེན་སྐྲན་གཤིག་པར་བྱེད་པ་དང༌། འབྲས་དང་རྨ་རྒན་ཤ་རོ་ངན་པ་རྣམས་གཅོད་ཅིང༌། སྐྲངས་པའི་འགོ་གནོན་ཆུ་སེར་འདྲེན་ཞིང་སྐེམ་པ་དང་སྡོམ་པར་བྱེད། དོན་སྣོད་ཀྱི་སྒོ་བསྲུང༌། ཕོ་བའི་མེ་དྲོད་བསྐྱེད། དྲན་པ་གསལ་བར་འགྱུར་ལ། ཁྱད་པར་གསོ་དཔྱད་གཞན་རྡུགས་པ་ཕལ་ཆེར་མེ་བཙས་གསོ་བར་བྱེད་དོ་ཞེས་གསུངས་སོ། །ཞེས་པའོ།།

        གསུམ་པ་ལེའུའི་མཚན་བསྟན་པ་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་དཔྱད་ལྔའི་གཉིས་པ་མེ་བཙའ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ། །ཞེས་བྱ་བའི་དོན་ཏོ།།

 

 

མཐའ་མའི་འདོན་ཐེངས་།: 03.09.2011 ཉིན། 2:33 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།