ལེའུ་ཉི་ཤུ་པ། སྨན་གྱི་ནུས་པ་བསྟན་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 06.02.2011 |
བཤད་རྒྱུད། >> ལེའུ་ཉི་ཤུ་པ། སྨན་གྱི་ནུས་པ་བསྟན་པ། |
ལེའུ་ཉི་ཤུ་པ། སྨན་གྱི་ནུས་པ་བསྟན་པ།
དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །སྨན་གྱི་ནུས་པ་རོ་ནུས་ངོ་བོ་གཉིས། །སྤྱི་དང་བྱེ་བྲག་ཅེས་སུ་གསུངས་པ་ཡིན།།
དང་པོ་ནུས་སྟོབས་ཡོན་ཏན་གསུམ་དུ་བཤད། །ནུས་པ་ལྕི་སྣུམ་བསིལ་དང་རྟུལ་བ་དང༌། །ཡང་རྩུབ་ཚ་དང་རྣོ་བ་རྣམ་པ་བརྒྱད། །དང་པོ་བཞི་པོས་རླུང་དང་མཁྲིས་པ་སེལ། །འོག་མ་བཞི་ཡིས་བད་ཀན་སེལ་བར་བྱེད། །ཡང་རྩུབ་བསིལ་བ་གསུམ་གྱིས་རླུང་སྐྱེད་ཅིང༌། །ཚ་རྣོ་སྣུམ་པ་གསུམ་གྱིས་མཁྲིས་པ་སྐྱེད། །ལྕི་སྣུམ་བསིལ་རྟུལ་བཞི་ཡིས་བད་ཀན་སྐྱེད། །ཡོན་ཏན་མ་ལུས་སྙིང་པོར་གྱུར་པ་དང༌། །ནུས་པའི་ཁྱད་པར་ལྡན་པས་མཐུ་ཞེས་བརྗོད། །གངས་ཅན་འབིགས་བྱེད་ཟླ་ཉིའི་སྟོབས་ཅན་ལས། །བསིལ་དྲོད་ཕུལ་དུ་བྱུང་བས་སྟོབས་ཞེས་བྱ། །དེ་ལ་ཚ་བས་གྲང་བའི་ནད་རྣམས་སེལ། །བསིལ་བས་ཚ་བའི་ནད་རྣམས་སེལ་བར་བྱེད། །ཡོན་ཏན་འཇམ་དང་ལྕི་དྲོ་སྣུམ་དང་བརྟན། །གྲང་དང་རྟུལ་བ་བསིལ་མཉེན་སླ་དང་སྐམ། །སྐྱ་དང་ཚ་བ་ཡང་དང་རྣོ་རྩུབ་གཡོ། །བཅུ་དང་བདུན་གྱིས་མཚན་ཉིད་ཉི་ཤུ་འཇོམས། །དེ་ཕྱིར་ཡོན་ཏན་ཞེས་སུ་བཤད་པ་ཡིན། །དེ་དག་ཕལ་ཆེར་རོ་ལས་རྗེས་འབྱུང་སྟེ། །རོ་ནི་ས་སོགས་རྣམས་ལ་བརྟེན་པའི་ཕྱིར། །ལྕི་སྣུམ་ལ་སོགས་དེ་ལས་འབྱུང་བ་ཡིན། །ལན་ཚྭ་བསྐ་མངར་རྣམ་གསུམ་རིམ་བཞིན་ལྕི། །དེ་བཞིན་ལན་ཚྭ་སྐྱུར་མངར་སྣུམ་པ་ཡིན། །བསྐ་ཁ་མངར་བསིལ་ཁ་བསྐ་མངར་བ་རྟུལ། །སྐྱུར་ཚ་ཁ་བ་རྣམ་གསུམ་ཡང་ལ་རྩུབ། །ཚ་སྐྱུར་ལན་ཚྭ་རྣམ་གསུམ་ཚ་ལ་རྣོ། །རོ་སོགས་མ་བཅོས་གང་ཡང་སྟོབས་ཅན་ཡིན། །རོ་མཉམ་ནུས་པ་སོ་སོ་རྟེན་སྟོབས་དང༌། །གྱུར་པ་སྦྱར་བའི་དབང་ལས་འབྱུང་འགྱུར་ཏེ། །མི་མཐུན་འོག་མས་གོང་མ་ཟིལ་གྱིས་གནོན། །ཐམས་ཅད་མཐུན་ན་རོ་ཡིས་ལས་བྱེད་ལ། །རོ་བཞིན་མི་གནོད་ཞུ་རྗེས་ལས་བྱེད་དེ། །རོ་ལས་གོ་ལྡོག་ནུས་པས་ལས་བྱེད་པས། །རོ་བསྡེབས་ནུས་བསྡེབས་ཞུ་རྗེས་སྡེབས་ཏེ་སྦྱར།།
ངོ་བོ་རྫས་རེའི་ནུས་པ་བསྟན་པ་ནི། །རིན་པོ་ཆེ་ཡི་སྨན་དང་ས་རྡོའི་སྨན། །ཤིང་སྨན་རྩི་སྨན་ཐང་སྨན་སྔོ་སྨན་དང༌། །སྲོག་ཆགས་སྨན་དང་དབྱེ་བ་བརྒྱད་དུ་བཤད། །དང་པོ་རིན་པོ་ཆེ་ཡི་ནུས་པ་ནི། །གསེར་གྱིས་ཚེ་རིང་རྒས་སྲ་དབྱིག་དུག་སེལ། །དངུལ་གྱིས་ཆུ་སེར་ནད་དང་རྣག་ཁྲག་སྐེམ། །ཟངས་ཀྱིས་རྣག་སྐེམ་གློ་མཆིན་ཚ་བ་སེལ། །ལྕགས་ཀྱིས་མཆིན་དུག་མིག་ནད་སྐྱ་རྦབ་སེལ། །གཡུ་ཡིས་དུག་དང་མཆིན་པའི་ཚ་བ་སེལ། །མུ་ཏིག་ཀླད་པ་འཛག་གཅོད་དུག་ནད་སེལ། །ཉ་ཕྱིས་ནུས་པ་མུ་ཏིག་ཁྱད་པར་མེད། །དུང་གིས་རྣག་སྐེམ་འགྱིངས་འབིགས་རུས་ཚད་སེལ། །བྱུ་རུས་མཆིན་ཚད་རྩ་ཚད་དུག་ཚད་སེལ། །མུ་མེན་དུག་དང་ཆུ་སེར་མཛེ་ནད་སེལ། །རྡོ་ཡི་སྨན་གྱི་ནུས་པ་བསྟན་པ་ནི། །སྨུག་པོ་སྦལ་རྒྱབ་ཕོ་སྦལ་མོ་སྦལ་གཉིས། །ཆུ་སེར་འཕུལ་འདྲེན་སྐེམ་ཞིང་ལྷ་བ་འཛིན། །རུས་པ་ཆག་པ་སྦྱོར་ཞིང་ཀླད་པ་སྡོམ། །དཀར་པོ་སྦལ་རྒྱབ་དཀར་པོ་ཆིག་ཐུབ་དང༌། །སྨུག་པོ་ཆིག་ཐུབ་ལ་སོགས་དེ་དང་འདྲ། །གངས་ཐིགས་དེ་བཞིན་མཆིན་པའི་ཚ་བ་སེལ། །ཁབ་ལེན་མདེའུ་འབྱིན་ཀླད་རུས་རྩ་ནད་སེལ། །བེ་སྣབས་རུས་སྦྱོར་རྨེན་གཅོད་ཤའུ་སྐྱེད། ། མཉྫི་ར་ཡིས་རུས་པའི་ཚད་པ་སེལ། །ཕག་མགོས་རུས་པ་གསོ་ཞིང་ཆུ་སེར་འདྲེན། །བྱེ་མགོ་དེ་བཞིན་ཤ་འུ་སྐྱེད་པ་དང་། །གསེར་རྡོ་དངུལ་རྡོ་ཆུ་སེར་འདྲེན་པར་བྱེད། །སྟང་ཟིལ་གསེར་ཟིལ་དངུལ་ཟིལ་རུས་མདོག་འབྱིན། །གྲུ་བཞི་ཀླད་པ་གསོ་ཞིང་ཆུ་སེར་འདྲེན། །ཅོག་ལ་མ་ཡིས་རྩ་དང་ལྷ་བ་འཛིན། །རྡོ་ཀླད་ཀླད་པ་སྡོམ་ཞིང་ཤ་འུ་གསོ། །ལི་གྲིས་རུལ་གཅོད་རྡོ་ཆུས་རུས་པ་སྦྱོར། །རྡོ་མཁྲིས་རྩ་སྡོམ་གཤའ་དཀར་ཤ་འུ་སྐྱེད། །ལྡོང་རོས་བ་བླ་རྨེན་ངན་རུལ་བ་གཅོད། །རྡོ་སོལ་རྡོ་རྣམས་འཇུ་ཞིང་རྩ་ཁ་སྡོམ། །བ་ནུ་རྡོ་རྒྱུས་མཐིང་རྒྱུས་ཆུ་བ་གསོ། །ཏི་ཚ་སེར་པོ་རྨ་འདྲུབ་མིག་ལ་ཕན། །མཚལ་གྱིས་རྨ་འདྲུབ་གློ་མཆིན་རྩ་ཚད་སེལ། །ལིག་བུ་མིག་དང་བཙག་ཡུག་རྣམ་ལ་སོགས། །མིག་ནད་རུས་ཚད་སེལ་ཞིང་ཆུ་སེར་སྐེམ། །ཅོང་ཞིས་འཁྲུ་གཅོད་བད་ཀན་ཚ་བ་སེལ། །རྡོ་ཐལ་ཕོ་བའི་བད་ཀན་འདྲིལ་བ་གཅོད། །ཧ་ཤིག་རྩ་སྦྱོང་མོ་རྡེ་རྡེ་ནད་སེལ། །ས་ཡི་སྨན་གྱི་ནུས་པ་བསྟན་པ་ནི། །གསེར་གྱི་བྱེ་མས་མཁལ་ནད་ཆུ་འགགས་སེལ། །སིནྡྷུ་ར་ཡིས་རྩ་ཚད་དོན་རྨ་གསོ། །རྣག་ཁྲག་སྐེམ་ཞིང་མེས་འཚིག་རྨ་ལ་ཕན། །ཟེ་ཚྭས་རྡོ་འཇུ་རྡེ་འུ་རྡོ་སྐྲན་བཤིག །ཡ་བཀྵ་ར་དྲོད་སྐྱེད་སྐྲན་ནད་སྦྱོང་། །བུལ་ཏོག་རུལ་གཅོད་རྩམ་པ་མྱགས་པར་བྱེད། །མུ་ཟི་སེར་པོ་གདོན་འཇོམས་རྣག་ཁྲག་སྐེམ། །ནག་མཚུར་སེར་མཚུར་རུལ་གཅོད་སྐྲན་ལ་བརྐོ། །བིག་པན་འབྲས་གཅོད་སྐྲན་བཤིག་ལིང་ཐོག་ལེན། །རྡོ་དྲེག་དུག་དང་ཚད་པ་རྙིང་པ་སེལ། །བྲག་ཞུན་ཚད་པའི་ནད་རྣམས་ཀུན་ལ་ཕན། །ཁྱད་པར་ཕོ་མཆིན་མཁལ་ཚད་སེལ་བའི་མཆོག །ཤིང་སྨན་རྩ་བ་ལྡུམ་བུ་སྡོང་པོ་དང་། །ཡལ་ག་རྐང་དང་ཤུན་པ་ཐང་ཆུ་དང་། །ལོ་མ་མེ་ཏོག་འབྲས་བུ་བཅུ་རུ་འགྱུར། །རྩི་སྨན་རྩ་ཤིང་སྲོག་ཆགས་ལས་བྱུང་བ། །ཐང་སྨན་རྩ་བ་ངར་པ་ལོ་མ་དང་། །མེ་ཏོག་འབྲས་བུ་ལྔ་རུ་འགྱུར་བ་ཡིན། །དེ་དག་གང་ལ་གང་ཕན་ནུས་པ་ནི། །ག་བུར་ཚ་བ་རྒྱས་པ་ཐོག་བབས་གསོད། །རྙིངས་ཤིང་ཞེན་པའི་ཚ་བ་རྩད་ནས་འབྱིན། །ཙན་དན་དཀར་པོས་གློ་སྙིང་འཁྲུགས་ཚད་སེལ། །ཙན་དན་དམར་པོས་ཁྲག་གི་ཚད་པ་སེལ། །ཨ་ག་རུ་ཡིས་སྙིང་སྲོག་ཚ་བ་སེལ། །གི་ཝཾ་རིམས་དུག་མཆིན་ཚད་སྣོད་ཚད་སེལ། །ཅུ་གང་གློ་ནད་ཀུན་སེལ་རྨ་ཚད་གཅོག །གུར་ཀུམ་མཆིན་ནད་ཀུན་སེལ་རྩ་ཁ་སྡོམ། །སུག་སྨེལ་མཁལ་ནད་གྲང་བ་མ་ལུས་སེལ། །ཛཱ་ཏིས་རླུང་འཇོམས་སྙིང་གི་ནད་རྣམས་སེལ། །ལི་ཤིས་སྲོག་རྩའི་ནད་དང་གྲང་རླུང་སེལ། །ཀ་ཀོ་ལ་ཡིས་ཕོ་མཆེར་གྲང་བ་སེལ། །གླ་རྩིས་དུག་སྲིན་མཁལ་མཆིན་གཉན་ནད་སེལ། །དོམ་མཁྲིས་རྩ་སྡོམ་རུལ་གཅོད་ཤ་འུ་སྐྱེད། །ཨུཏྤལ་གློ་མཆིན་ཚད་པ་མ་ལུས་སེལ། །ནཱ་ག་པུཥྤ་ན་ག་གེ་སར་དང་། །པདྨ་གེ་སར་གློ་མཆིན་སྙིང་ཚད་སེལ། །ཟི་ར་དཀར་པོས་གློ་ཡི་ཚད་པ་སེལ། །ཟི་ར་ནག་པོས་མཆིན་པའི་གྲང་བ་སེལ། །ལ་ལ་ཕུད་ཀྱིས་ཕོ་ནད་གྲང་བ་སེལ། །སོ་མ་ར་ཛས་ལྤགས་ནད་ཆུ་སེར་སེལ། །ཐལ་ཀ་རྡོ་རྗེ་དག་ཀྱང་དེ་བཞིན་ནོ། །གསེར་གྱི་མེ་ཏོག་སྣོད་ཚད་མཁྲིས་ཚད་སེལ། །གསེར་གྱི་ཕུད་བུས་མཁྲིས་པ་གྱེན་དུ་འདྲེན། །དུག་མོ་ཉུང་གིས་མཁྲིས་སེལ་ཚ་འཁྲུ་གཅོད། །རྒུན་འབྲུམ་གློ་ནད་སེལ་ཞིང་ཚད་པ་སྦྱོང་། །འུ་སུས་ཕོ་བའི་བད་ཀན་ཚ་བ་སེལ། །སྟར་བུས་གློ་བརྐོ་ཁྲག་འཇུ་བད་ཀན་གཅོད། །བསེ་ཡབ་བད་ཀན་ཚ་བ་སེལ་བར་བྱེད། །སེ་འབྲུས་ཕོ་བའི་ནད་རྣམས་མ་ལུས་སེལ། །མེ་དྲོད་སྐྱེད་ཅིང་བད་ཀན་གྲང་ནད་འཇོམས། །ན་ལེ་ཤམ་གྱིས་བད་ཀན་གྲང་བ་སེལ། །པི་པི་ལིང་གིས་གྲང་ནད་མ་ལུས་སེལ། །སྨན་སྒས་དྲོད་སྐྱེད་ཟས་ལེན་བད་རླུང་འཇོམས། །སྒ་སྐྱས་བད་རླུང་སེལ་ཞིང་ཁྲག་འཁྱགས་འཇུ། །ཙི་ཏྲ་ཀ་སྟོབས་མེ་འདྲ་མེ་དྲོད་སྐྱེད། །འོར་ནད་གཞང་འབྲུམ་སྲིན་ནད་མཛེ་ནད་སེལ། །ཤིང་ཚས་ཕོ་མཆིན་གྲང་རླུང་སེལ་བར་བྱེད། །ཀ་རཉྫ་ཡིས་ཕོ་བའི་མེ་དྲོད་སྐྱེད། །ཤིང་ཀུན་སྲིན་འཇོམས་གྲང་ནད་སྙིང་རླུང་སེལ། །བྱི་ཏང་ག་ཡིས་སྲིན་སེལ་མེ་དྲོད་སྐྱེད། །མ་རུ་ཙེ་ཡིས་སྲིན་ནད་སེལ་བར་བྱེད། །གོ་བྱེས་སྲིན་གསོད་རུལ་གཅོད་ཕོ་རིམས་སེལ། །སྤོས་དཀར་ཆུ་སེར་སྦྱོང་ཞིང་སྐེམ་པར་བྱེད། །གུ་གུལ་ས་གདོན་ལྷོག་པ་གཉན་གཟེར་འཇོམས། །ཤེལ་ཏས་ལྷ་རུས་ཆུ་སེར་བཙོན་དུ་འཛིན། །རྒྱ་ཚྭས་དུག་དང་སྲིན་གསོད་རྩ་ནད་སྦྱོང་། །གག་པ་ཤ་རོ་གཅོད་ཅིང་ཆུ་འགགས་འབིགས། །རྒྱམ་ཚྭས་བད་རླུང་མ་ཞུ་གྲང་བ་སེལ། །ལྕེ་མྱང་ཚྭ་ཡང་དེ་བཞིན་མིག་ལ་ཕན། །ཁ་རུ་ཚྭ་དང་ཙབས་རུ་ཚྭ་གཉིས་ཀྱིས། །དྲོད་སྐྱེད་སྦོ་སྒྲེག་འགྱིངས་དང་བད་རླུང་འཇོམས། །རྭ་ཚ་ཐལ་ཚྭས་སྣོད་ཀྱི་གྲང་བ་སེལ། །མཛེ་ཚྭས་ཁྲག་འཇུ་རྨ་ཡི་ཆུ་སེར་འདྲེན། །ཚ་ལས་རྨ་འདྲུབ་ཁྲག་འཇུ་སྦྱོང་བར་བྱེད། །ལྦ་ཚྭས་ལྦ་བ་འཇོམས་པར་བྱེད་པའོ། །ཨ་རུ་ལན་ཚྭ་མ་གཏོགས་རོ་ལྔ་ལྡན། །འཚོ་བྱེད་དྲོད་སྐྱེད་ཟས་འཇུ་འཕྲོད་པར་བྱེད། །རླུང་མཁྲིས་བད་ཀན་ལས་གྱུར་ནད་ཀུན་འཇོམས། །དེ་ལ་རིགས་ལྔ་རྣམ་རྒྱལ་འཇིགས་མེད་དང་། །བདུད་རྩི་འཕེལ་བྱེད་སྐེམ་པོ་ལྔ་ཡིན་ཏེ། །རྣམ་པར་རྒྱལ་བ་ཀུ་བའི་མཇུག་མ་འདྲ། །རླུང་མཁྲིས་བད་ཀན་འདུ་བའི་ནད་རྣམས་སེལ། །ཁྱད་པར་བཀྲ་ཤིས་དོན་ཀུན་འགྲུབ་པས་བཟང་། །འཇིགས་མེད་ཟུར་ལྔ་མིག་ནད་གདོན་ལ་བསྔགས། །བདུད་རྩི་ཤ་མཐུག་སྐེམ་པོ་ཤ་འཕེལ་བྱེད། །འཕེལ་བྱེད་ཟླུམ་པོ་བུམ་འདྲ་རྨ་ལ་བསྔགས། །སྐེམ་པོ་སུལ་མང་བྱིས་པའི་མཁྲིས་ནད་སེལ། །བ་རུ་ར་ཡིས་བད་མཁྲིས་ཆུ་སེར་སེལ། །སྐྱུ་རུ་ར་ཡིས་བད་མཁྲིས་ཁྲག་ནད་སེལ། །སྙིང་དང་མཁལ་མ་གླ་གོར་ཞོ་ཤ་གསུམ། །སྙིང་ཚད་མཁལ་ཚད་མཆེར་ཚད་སེལ་བར་བྱེད། །ཨ་འབྲས་སྲ་འབྲས་འཇམ་འབྲས་མཁལ་ནད་སེལ། །འབྲ་གོས་བད་ཀན་སྨུག་སེར་ཕོ་ནད་སེལ། །མ་ནུ་པ་ཏྲས་རླུང་ཁྲག་ཚ་བ་སེལ། །པུཥྐར་མཱུ་ལས་བད་ཀན་ཚ་བ་སེལ། །རུ་རྟས་རླུང་ཁྲག་ཕོ་བ་སྦོས་པ་སེལ། །གློ་ནད་གག་པ་ཤ་རོ་གཅོད་པར་བྱེད། །ཡུང་བས་དུག་སེལ་རུལ་གཅོད་གཉན་ནད་འཇོམས། །ཤུ་དག་མ་ཞུ་དྲོད་སྐྱེད་གག་ལྷོག་སེལ། །པུ་ཤེལ་སྐྱུགས་གཅོད་བད་ཀན་ཚ་བ་སེལ། །ཁྱུང་སྡེར་དཀར་སྨུག་དུག་ཚད་སེལ་བར་བྱེད། །དཔའ་བོ་དཀར་སེར་དཔའ་རྒོད་དེ་བཞིན་ནོ། །བོང་ང་དཀར་པོས་རིམས་དུག་མཁྲིས་ཚད་སེལ། །བོང་ང་དམར་སེར་ཤ་དུག་བཙན་དུག་སེལ། །ཤིང་མངར་གློ་ནད་རྩ་ནད་སེལ་བར་བྱེད། །སླེ་ཏྲེས་ཀཎྜ་ཀ་རིས་རླུང་ཚད་སེལ། །ག༌བྲ་དག་ཀྱང་དེ་བཞིན་རིམས་ལ་ཕན། །ཏིག་ཏས་མཁྲིས་པའི་ཚད་པ་མ་ལུས་སེལ། །བ་ཤ་ཀ་ཡིས་ཁྲག་ཚད་མ་ལུས་སེལ། །བ་ལེ་ཀ་ཡིས་གློ་མཆིན་སྣོད་ཚད་སེལ། །ག་དུར་རིམས་དང་གློ་ཚད་རྩ་ཚད་སེལ། །སྟབ་སེང་རུས་ཆག་སྦྱོར་ཞིང་རུས་ཚད་སེལ། །སྒྲོན་ཤིང་བད་རླུང་ཆུ་སེར་གྲང་བ་སེལ། །སྐྱེར་པ་སེ་རྒོད་དུག་སྡུད་ཆུ་སེར་སེལ། །སེང་ལྡེང་ཁྲག་དང་ཆུ་སེར་སྐེམ་པར་བྱེད། །སོ་ཆས་ནད་ཀུན་གྱེན་འདྲེན་སྐྱུགས་སྨན་མཆོག །དན་རོག་ཤྲཱི་ཁཎྜས་དྲག་པོར་སྦྱོང་། །དོང་གས་མཆིན་ནད་སེལ་ཞིང་འཇམ་པོར་འཁྲུ། །ཀ་པེད་ད་ཏྲིག་སྨག་དང་མོན་ཆ་རས། །འཁྲུ་བའི་ནད་རྣམས་ཚ་གྲང་མེད་པར་གཅོད། །སྔོ་ཡི་སྨན་གྱི་ནུས་པ་བསྟན་པ་ནི། །ཧོང་ལེན་ཁྲག་སྐེམ་འཁྲུགས་ཚད་དོན་ཚད་སེལ། །སྤང་རྩི་དོ་བོས་རིམས་དུག་རྙིངས་ཚད་སེལ། །རེ་སྐོན་ཁྲག་སྐེམ་སྨུག་པོ་རྩ་ཚད་སེལ། །ཀྱི་ལྕེས་སྣོད་ཚད་མཁྲིས་ཚད་སེལ་བར་བྱེད། །སུམ་ཅུ་ཏིག་གིས་མཆིན་མཁྲིས་ཚ་བ་སེལ། །པྲི་ཡངྐུ་ཡིས་ཕོ་མཆིན་ཚ་བ་སེལ། །ཟངས་ཏིག་ལྕགས་ཏིག་མཁྲིས་པའི་ཚ་བ་སེལ། །སྲོ་ལོ་སུག་འདྲས་གློ་ཡི་ཚད་པ་སེལ། །གཡའ་ཀྱི་མ་ཡིས་མཁྲིས་པ་ཞི་སྦྱོང་བྱེད། །གང་ག་ཆུང་གིས་དུག་དང་ཚད་འཁྲུ་གཅོད། །བྱ་རྒོད་སྤོས་ཀྱིས་གདོན་དུག་རིམས་ཚད་སེལ། །སྲོལ་གོང་པ་ཡིས་མགོ་ཆག་དུག་ཚད་སེལ། །ཡུ་མོ་མདེ་འབྱིན་བུ་རོ་ཟུག་རྔུ་འབྱིན། །དར་ཡ་ཀན་གྱིས་བྱང་ཁོག་ཆུ་སེར་སྐེམ། །མགོ་བོའི་རུས་ཆག་སྦྱོར་ཞིང་ལྷ་བ་འཛིན། །རྟ་ལྤགས་ལྷ་བ་འཛིན་ཞིང་ཆུ་སེར་འདྲེན། །ཨ་བི་ཥ་ཡིས་མགོ་ཆག་དུག་ཚད་སེལ། །སྟག་ཤས་རྨ་འདྲུབ་གཉན་གསོད་དུག་ནད་སེལ། །སྤང་རྒྱན་དཀར་པོས་གྲེ་བའི་དུག་ཚད་སེལ། །ཡུ་གུ་ཤིང་གིས་རྨ་སྦྱོར་དུག་ཚད་སེལ། །རྩད་དང་རྒུ་ཐུབ་ལྡུམ་སྟག་དུག་ནད་སེལ། །ཨ་བྱག་མགོ་ཆག་གསོ་ཞིང་ཆུ་སེར་སྐེམ། །ཚེར་སྔོན་རུས་ཆག་གསོ་ཞིང་ལྷ་བ་འདེགས། །སྨུག་ཆུང་མདན་ཡོན་དག་ཀྱང་དེ་བཞིན་ནོ། །གསེར་སྐུད་གློ་མཆིན་རྩ་ཚད་དུག་ཚད་སེལ། །ལུག་རུ་སྨུག་པོས་དུག་སྡུད་ཤ་དུག་སེལ། །ལུག་རུ་སེར་པོ་ཆུ་རུག་ཆུ་འཐུང་བྱེད། །སེ་བའི་མེ་ཏོག་མཁྲིས་སེལ་རླུང་ཁ་གནོན། །འབུ་སུ་ཧང་གིས་རྨ་འདྲུབ་གློ་ནད་སེལ། །སྒོང་ཐོག་པ་ཡིས་ཤ་དུག་འཁྲུགས་ཚད་སེལ། །ཨ་ཀྲོང་གློ་ཡི་ཚད་པ་སེལ་བར་བྱེད། །ཚར་བོང་གྲེ་བའི་ཚད་པ་གློ་ནད་སེལ། །ཏང་ཀུན་སྙིང་གི་ཚད་པ་དུག་ནད་སེལ། །སེ་རྒོད་འབྲས་བུས་དུག་ཚད་མཆིན་ཚད་སེལ། །ཤུག་པ་ཚེར་ཅན་མཁལ་ཚད་ལྷོག་པ་སེལ། །སྐྱེར་པའི་མེ་ཏོག་འབྲས་བུས་འཁྲུ་བ་གཅོད། །ཐང་ཕྲོམ་ལང་ཐང་ཙེ་ཡིས་སྲིན་ནད་སེལ། །སྲིན་ཤིང་སྣ་མའི་འབྲས་བུ་དེ་བཞིན་ནོ། །དྲེས་མའི་གེ་སར་སྲིན་གསོད་གླང་ཐབས་འཇོམས། །དཀར་པོ་ཆིག་ཐུབ་དུག་སྡུད་གཉན་སྲིན་འཇོམས། །ཨ་ཝ་བྱང་ཁོག་རྨ་དང་མིག་ལ་ཕན།ཞིམ་ཐིག་ལེ་ཡིས་མིག་གི་ལིང་ཐོག་ལེན། །པར་པ་ཏ་ཡིས་རིམས་དང་དུག་ཚད་སེལ། །དྭ་བའི་རྩ་བས་སྲིན་གསོད་རུས་མཛེར་འགོགས། །འདམ་བུ་ཀ་རས་གློ་མཆིན་རྩ་ཚད་སེལ། །འབྲི་ཏ་ས་འཛིན་རྣག་ཁྲག་ཆུ་སེར་འདྲེན། །བྱ་པོ་ཙི་ཙིས་བུད་མེད་ཟླ་མཚན་གཅོད། །ཤུ་མོ་ཟ་ཡིས་གློ་རྣག་འཁྲུ་བ་གཅོད། །སྙི་བ་ལུག་མུར༌བྲང་ཚ་ཆམ་པ་སེལ། །གཡེར་ཤིང་པ་ཡིས་འབྲུམ་པའི་ཚ་བ་སེལ། །མེ་ཏོག་སེར་ཆེན་རྨ་འདྲུབ་རྩ་རུལ་གསོ། །བྲག་སྐྱ་ཧ་བོས་དུག་སེལ་ཚད་འཁྲུ་གཅོད། །བྲག་སྤོས་རྨ་འདྲུབ་རྣག་སྐེམ་ལྷ་བ་འཛིན། །རྒྱ་སྤོས་སྤང་སྤོས་ཚད་རྙིང་དུག་ཚད་སེལ། །མྱང་རྩི་སྤྲས་ཀྱིས་ཆུ་འཐུང་རིམས་ཚད་སེལ། །རྒུ་དྲུས་རྨ་འདྲུབ་རྩ་འཐུད་རྒྱུ་གཟེར་སེལ། །འབམ་པོས་སྐྲངས་འཇོམས་ཁོང་འབྲས་བཤིག་པར་བྱེད། །མེ་ཏོག་ལུག་མིག་དུག་དང་རིམས་ནད་སེལ། །མཁན་པས་ཁྲག་གཅོད་ཡན་ལག་སྐྲངས་པ་འཇོམས། །ཆུ་མ་རྩི་ཡིས་ཆུ་སེར་དམུ་ཆུ་སྦྱོང་། །བྱི་ཚེར་རིམས་དུག་མཁལ་མའི་ཚ་བ་སེལ། །དེ་བས་རིམས་སེལ་རྩ་མཁྲིས་མཁྲིས་ནད་སེལ། །རེ་རལ་འོམ་བུས་ཤ་དུག་སྦྱར་དུག་སེལ། །ཞུ་མཁན་ཚོས་བཙོད་གློ་མཁལ་འགྲམས་ཚད་སེལ། །ལྕམ་པས་ཆུ་འགགས་སྐོམ་དད་འཁྲུ་བ་སེལ། །བྲག་ལྕམ་རྨ་འདྲུབ་རྟ་རྨིག་རྩ་སྒོ་འགེག །གྲ་མའི་རྩ་བས་ཤ་ཚད་རྩ་ཚད་སེལ། །མཛོ་མོས་ཁྲག་འཁྱགས་འཇུ་ཞིང་ཁྲག་ཚད་སེལ། །ཕང་མའི་འབྲས་བུས་སྙིང་ཚད་མོ་ནད་སེལ། །སྲད་དཀར་བ་ཡིས་དམུ་ཆུ་སྐྱ་རྦབ་སྦྱོང་། །བྱི་རུག་རྨ་ཡི་འབུ་སྲུང་སྲིན་ཕོལ་སེལ། །མཚེ་ལྡུམ་རྩ་ཡི་ཁྲག་གཅོད་མཆིན་ཚད་སེལ། །བྲེ་གས་གློ་དང་མཁལ་མའི་ཚ་བ་སེལ། །ལུག་ཆུང་རིམས་དུག་སྨུག་པོ་རྩ་ཚད་སེལ། །ལུག་ངལ་དུག་སེལ་ཡན་ལག་སྐྲངས་པ་འཇོམས། །ཟངས་རྩི་བ་ཡིས་མཁྲིས་ནད་མིག་སེར་སེལ། །རྙ་ལོས་རྒྱུ་ལོང་སྣོད་ཀྱི་ཚ་བ་སེལ། །ཤོ་མང་རྨ་ཡི་ཚ་བ་སེལ་བར་བྱེད། །པ་ཡག་རྩ་བས་གློ་གསོ་གློ་ནག་འདྲེན། །བྱེའུ་ལ་ཕུག་ཤ་དུག་སེལ་བར་བྱེད། །ཨུག་ཆོས་རྣ་བའི་ནད་སེལ་སྦོས་པ་སྦྱོང་། །སྐྱི་བའི་འབྲས་བུས་མཁྲིས་པ་གྱེན་ལ་འདྲེན། །ས་རྫི་ཀ་ཡིས་ཕོ་བའི་མེ་དྲོད་སྐྱེད། །སྲུབ་ཀ་རུལ་གཅོད་དྲོད་སྐྱེད་ཆུ་སེར་འདྲེན། །ལྕེ་ཚ་དབྱི་མོང་གཉིས་ཀྱང་དེ་བཞིན་ནོ། །བ་ལུས་བད་ཀན་ཚ་གྲང་འཐབ་པ་སེལ། །གོ་སྙོད་རླུང་ཚད་དུག་དང་མིག་ནད་སེལ། །ཐ་རམས་ན་རམས་བྱ་རྐང་འཁྲུ་བ་གཅོད། །སོག་ཀ་པ་ཡིས་སྐྱུག་པ་མ་ལུས་གཅོད། །དབང་པོ་ལག་པས་ལུས་སྟོབས་ཁུ་བ་སྐྱེད། །རི་ཤོས་མཁྲིས་པ་སྤྱང་ཚེར་བད་ཀན་འདྲེན། །དུར་བྱིད་ཐར་ནུས་ཚ་གྲང་ནད་ཀུན་སྦྱོང་། །སྔོན་བུས་ཆུ་སེར་ཁྲོན་བུས་མཁྲིས་པ་སྦྱོང་། །ལྕུམ་རྩས་དུག་ཚད་སྣོད་ཚད་བད་ཀན་སྦྱོང་། །ཆུ་རྩས་གཉན་སྦྱོང་རྨ་ཡི་སྐམ་རྩི་བྱེད། །རེ་ལྕག་པ་ཡིས་འབྲས་འདུལ་གཉན་ནད་སྦྱོང་། །ལྕ་བས་ཆུ་སེར་མཁལ་རྐེད་གྲང་བ་སེལ། །ཉེ་ཤིང་ར་མཉེས་ཚེ་བསྲིང་ཆུ་སེར་སེལ། །ཨ་ཤོ་གནྡྷས་སྨད་གྲང་ཆུ་སེར་སེལ། །གཟེ་མས་གཅིན་སྲི་གྲུམ་བུ་མཁལ་ནད་སེལ། །སྲོག་ཆགས་ལས་བྱུང་རྭ་དང་རུས་པ་དང་། །ཤ་ཁྲག་མཁྲིས་ཚིལ་ཀླད་པ་ལྤགས་སེན་སྤུ། །ཆུ༌བྲུན་བུབས་རིལ་ལུས་དང་བཅུ་གསུམ་འབྱུང་། །དེ་དག་གང་ལ་གང་ཕན་ནུས་པ་བསྟན། །བསེ་རུས་བྱང་ཁོག་རྣག་ཁྲག་ཆུ་སེར་སྐེམ། །ཁ་ཤ་ཤ་བའི་རྭ་ཡང་དེ་དང་འདྲ། །གཙོད་དང་དགོ་བའི་རྭ་ཡིས་འཁྲུ་བ་གཅོད། །རྒྱ་རུ་ལུག་ཐུག་རྭ་ཡིས་བུ་འབྱིན་བྱེད། །རྒོད་གཡག་རྭ་ཡིས་དྲོད་སྐྱེད་སྐྲན་ནད་བཤིག །གཉན་གྱི་རྭ་ཡིས་རིམས་ནད་སེལ་བར་བྱེད། །མི་ཡི་དུར་ཐོད་ཆུ་སེར་སྐེམ། །མི་རུས་བཙའ་མ་སོག་ཐལ་གྱིས། །ཚད་རྙིང་ལུས་ལ་ཞེན་པ་འགོགས། །མི་ཡི་དཔྱི་རུས་ལྷོག་པ་གསོད། །འབྲུག་རུས་རུལ་གཅོད་རྨེན་པ་འདྲུབ། །སྟག་གི་རུས་པས་ལྷ་བ་འགུགས། །འགྲོན་བུ་ཁྲག་གཅོད་རྣག་ཆུ་སྐེམ། །ཐོག་གིས་བསད་པའི་རུས་པ་དང་། །རྒྱུ་གཟེར་ཐོད་པས་རྒྱུ་གཟེར་འཇོམས། །ཕག་པའི་རུས་པས་སྨུག་པོ་སེལ། །ལུག་གི་རུས་པས་རླུང་ནད་སེལ། །སེར་བ་རུས་ཀྱིས་ཆུ་འགགས་སེལ། །ཟེར་མོའི་རུས་པས་ཁྲག་ཤོར་གཅོད། །སྤྲེའུའི་རུས་པས་བུ་འབྱིན་བྱེད། །འབུ་སྐྱོགས་སྲིན་སེལ་དམུ་ཆུ་སྦྱོང་། །བཤུལ་ཆགས་རུས་པས་ཆུ་སེར་སེལ། །མི་ཤས་འབྲས་འདུལ་རླུང་དུག་གཉན་ནད་འཇོམས། །སྦྲུལ་ཤས་འདྲིལ་བཤིག་འགགས་འབྱིན་མིག་ལ་ཕན། །བྱ་རྒོད་ཤ་ཡིས་དྲོད་སྐྱེད་ལྦ་བ་འཇིག །རྨ་བྱའི་ཤ་ཡིས་མཁྲིས་པ་དུག་ནད་འཇོམས། །ད་བྱིད་ཤ་ཡིས་མཁལ་རྐེད་གྲང་བ་སེལ། །སྲམ་གྱི་མཆིན་པས་ཆུ་འགགས་སེལ་བར་བྱེད། །འཕྱི་བའི་མཆིན་པས་རུས་པ་གས་པ་སྦྱོར། །ར་ཡི་མཆིན་པས་མིག་ལ་མཆོག་ཏུ་ཕན། །གློ་སྙིང་མཆིན་མཆེར་མཁལ་ཤས་རང་ནད་སེལ། །སྤྱང་ཀིའི་ཕོ་བས་དྲོད་སྐྱེད་མ་ཞུ་འཇུ། །སྤྱང་ཀིའི་ལྕེ་ཡིས་ལྕེ་སྐྲངས་འཇོམས། །ཕག་པའི་ལྕེ་ཡིས་རུས་མཛེར་འགོགས། །ཁྱི་ཡི་ལྕེ་ཡིས་རྨ་རྣམས་འདྲུབ། །བོང་བུའི་ལྕེ་ཡིས་འཁྲུ་བ་གཅོད། །ཐུག་འབྲས་རོ་ཙ་ཁྱི་རླིག་བུ་རོགས་འབྱིན། །ཝ་དང་ཁུག་རྟའི་གློ་བས་གློ་རྡོལ་གཅོད། །བྱ་ཝང་ཤ་ཡིས་སྐྱུག་པ་གཅོད་པར་བྱེད། །མཆིལ་པ་ནས་ཟན་རྩངས་པས་ཁུ་བ་སྐྱེད། །ངུར་པའི་ཤ་ཡིས་ཉྭ་ལོག་སེལ་བར་བྱེད། །ཤ་བའི་ཁྲག་གིས་སྲིན་སེལ་མངལ་ཁྲག་གཅོད། །ར་ཡི་ཁྲག་གིས་རེག་དུག་འབྲུམ་ནག་སེལ། །གཡག་རྒོད་ཁྲག་དང་གཙོད་ཁྲག་འཁྲུ་བ་གཅོད། །ཕག་ཁྲག་དུག་དང་སྨུག་པོ་བྱེར་བ་སྡུད། །བོང་ཁྲག་གྲུམ་བུ་ཚིགས་མིག་ཆུ་སེར་སེལ། །བྱ་ཡི་ཟེ་ཁྲག་ཤ་གསོ་ལྷ་བ་འཛིན། །མངལ་ཁྲག་རྩ་སྡོམ་ཤ་འུ་སྐྱེད་པར་བྱེད། །མཁྲིས་པའི་རིགས་རྣམས་ཐམས་ཅད་རྩ་ཁ་སྡོམ། །རུལ་གཅོད་ཤ་གསོ་དུག་སེལ་མིག་ལ་ཕན། །སྦྲུལ་གྱི་ཚིལ་བུས་མདེའུ་འབྱིན། །ཤ་ཚིལ་སྲིན་སྲེལ་དུག་ནད་སྲུང་། །ཕག་ཚིལ་དུག་སྡུད་ཤུ་ཐོར་སེལ། །མི་ཚིལ་རླུང་འཇོམས་ཤུ་ཐོར་སེལ། །ར་ཀླད་ཆུ་རྒྱུས་ཆད་པ་གསོ། །ལུག་ཀླད་མགོ་འཁོར་འཚོ་འཁྱོམས་གསོ། །རི་དྭགས་ཀླད་པས་འཁྲུ་བ་གཅོད། །རི་བོང་ཀླད་པས་རྒྱུ་གཟེར་སེལ། །མི་ཀླད་སྐྲངས་འཇོམས་ཆུ་སེར་འཇིག །སྦྲུལ་ལྤགས་ཤ་བཀྲ་གླང་ཤུ་སེལ། །བསེ་ཀོ་གླང་ཀོ་འབྲུམ་ནག་སེལ། །བྱི་བའི་པགས་པས་རྣག་སྣ་འདྲེན། །ཆུ་སྲིན་སྡེར་མོས་རུས་ཚད་སེལ། །བོང་བུའི་རྨིག་པས་ཆུ་འགགས་སེལ། །རྟ་ཡི་རྨིག་པས་སྐྲན་ནད་སེལ། །རྟ་བོན་པ་ཡིས་ཉ་ལོག་འཇོམས། །རྨ་བྱའི་མདོངས་དུག་གློ་རྣག་སེལ། །སོ་བྱའི་སྒྲོ་ཡིས་ཆུ་འགགས་འབིགས། །འུག་པའི་སྒྲོ་ཡིས་དམུ་ཆུ་སེལ། །བྱ་མ་བྱིའི་སྒྲོས་མངལ་ནད་འབྱིན། །གནའ་བའི་སྤུ་ཡིས་དུག་ནད་སེལ། །ར་ཐུག་རྨོངས་སྤུས་ལྷོག་པ་འཇོམས། །མི་ཆུས་གཉན་སྲིན་སེལ་རིམས་སྲུང་། །བ་ཆུས་ཆུ་སེར་ཚད་རྙིང་སྦྱོང་། །རྒོད༌བྲུན་དྲོད་སྐྱེད་སྐྲན་བཤིག་སྐྲངས་པ་འགུགས། །ཕག༌བྲུན་མ་ཞུ་གཉན་རིམས་མཁྲིས་སྐྲན་སེལ། །མི༌བྲུན་མཁྲིས་སྐྲན་དུག་སེལ་སྐྲངས་པ་འཇོམས། །རྟ་སྦངས་སྲིན་སེལ་མཁྲིས་རླུང་སྐྱུག་པ་གཅོད། །རི་བོང༌བྲུན་གྱིས་དམུ་ཆུ་སྦྱོང་བར་བྱེད། །ཁྱི་སྤྱང་གོང་མོའི༌བྲུན་གྱིས་སྐྲངས་པ་འཇོམས། །བྱ༌བྲུན་བྱི༌བྲུན་གཉིས་ཀྱིས་རྣག་སྣ་འདྲེན། །ཕུག་རོན༌བྲུན་གྱིས་སྐྲངས་པ་རྣག་ཏུ་འགུགས། །བྱང་པས་རྩ་ཡི་ནད་རྣམས་སྦྱོང་བར་བྱེད། །སྡིག་སྲིན་ཆུ་སྦུར་གཉིས་ཀྱིས་ཆུ་འགགས་སེལ། །བསེ་སྦུར་བྱིང་བྱིང་ཐུ་ལུས་གླང་ཐབས་འཇོམས། །སྤྲུ་མའི་འབུ་ཡིས་རྩ་ཁྲག་ཤོར་བ་སྡོམ། །ན་བུན་བུ་མོས་ཀླད་པ་འཛག་པ་གཅོད། །ཆུ་བྱི་རྦ་བྱིའི་ཤ་ཡིས་ཤ་དུག་སེལ། །རྨིགས་པས་སྲིན་ནད་དུག་ནད་སེལ་བར་བྱེད། །སྨན་རྟ་བུ་རམ་གྲང་རླུང་སེལ་བའི་རྟ། །ཀ་ར་ཁྲག་མཁྲིས་ཚ་བ་སེལ་བའི་རྟ། །སྦྲང་རྩི་ཆུ་སེར་བད་ཀན་སེལ་བའི་རྟ། །དེ་དག་སོ་སོའི་སྨན་གྱི་ནུས་པ་སྟེ། །དྲང་སྲོང་རྣམས་ཀྱིས་འདི་ལ་གཅེས་པར་ཟུངས། །ཞེས་གསུངས་སོ།།
བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྨན་གྱི་ནུས་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།
མཐའ་མའི་འདོན་ཐེངས་།: 14.12.2022 ཉིན། 10:20 AM
<< སྔ་མ།