སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉི་ཤུ་པ། རྙོགས་ཚད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.08.2011
མན་ངག་རྒྱུད། >> ལེའུ་ཉི་ཤུ་པ། རྙོགས་ཚད་བཅོས་པ།

ལེའུ་ཉི་ཤུ་པ་རྙོགས་ཚད་བཅོས་པ་ལ་གསུམ། ཞུས་ཤིང་མདོར་བསྟན་མཚམས་སྦྱོར། དེ་ལན་གཞུང་དོན། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་དྲུག་གིས་བསྟན་ནོ། །གཉིས་པ་དེ་ལན་གཞུང་དོན་བཤད་པ་ལ་བདུན། ཚ་བ་རྙོགས་པའི་རྒྱུ། རྐྱེན། ངོ་བོ། མིང༌། དབྱེ་བ། རྟགས། བཅོས་ཐབས་བཤད་པའོ། །དང་པོ་རྒྱུ་ནི། ཚ་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་ཆུ་སེར་ནི་འོག་ཏུ་འབྱུང་བ་ལྟར་གྱི་ཆུ་སེར་ལ་ཚ་བ་བབས་པའོ། །གཉིས་པ་རྐྱེན་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རྐྱེན་ནི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རང་བཞིན་གྱིས་རྙོགས་པ་དང༌། རྐྱེན་གྱིས་རྙོགས་པ་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་རང་བཞིན་ནི། རང་བཞིན་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་རྐྱེན་རྙོགས་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རྐྱེན་གྱིས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། བཅོས་སྔས་དང༌། ཁ་ཐལ་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་བཅོས་སྔས་བཤད་པ་ནི། བཅོས་སྔས་ཞེས་རྐང་པ་ལྔས་བསྟན་ནོ། །གཉིས་པ་ཁ་ཐལ་ནི། ཁ་ཐལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ངོ་བོ་ནི། ངོ་བོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རྙོགས་པའི་ངོ་བོ་ནི་རླུང་ཁྲག་ཆུ་སེར་གསུམ་འདུས་པའི་ནད་ཡིན་ཏེ། དེ་དག་ཟུངས་དང་འདྲེས་ཚུལ་ནི། དཔེར་ན་ཆུ་མིག་རྙོགས་པའམ་བྱེ་མ་དང་ཆབ་སྟེ་ཆུ་དང་ལྷན་དུ་གཡོས་པ་བཞིན་ནོ། །བཞི་པ་མིང་བཤད་པ་ནི། བཅོས་ཉེས་ཞེས་རྐང་པ་གཉིས་བསྟན་པའོ། །ལྔ་པ་དབྱེ་བ་བཤད་པ་ལ་གཉིས། མདོར་རྒྱས་སོ། དང་པོ་ནི། དེ་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱི་དང་བྱེ་བྲག་གི་དབྱེ་བ་གཉིས་སོ། །གཉིས་པ་རྒྱས་བཤད་ལ་གཉིས་ལས། དང་པོ་སྤྱིར་དབྱེ་ནི། སྤྱི་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཚ་རྙོགས་དང་གྲང་རྙོགས་གཉིས་ལས། རྒྱུ་རྐྱེན་སོགས་བསིལ་དྲོད་ཀྱི་སྟོབས་ཆེ་ཆུང་ངོ༌། །གཉིས་པ་བྱེ་བྲག་དབྱེ་བ་ནི། བྱེ་བྲག་ཅེས་རྐང་པ་གསུམ་གྱིས་བསྟན་ཏེ། པགས་གྲམས་ཤར་རྒྱས་རྩར་འགྲིམས་རུས་ཞེན་དོན་བབས་ལྔ་སྣོད་ལྷུང་དྲུག་སྟེ་དྲིལ་བས་བཅུ་བདུན་ནོ། །དྲུག་པ་བརྟག་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རྟགས་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱི་རྟགས་དང་བྱེ་བྲག་གི་རྟགས་སོ། གཉིས་པ་རྒྱས་བཤད་ལའང་སྤྱི་བྱེ་བྲག་གཉིས་ལས། དང་པོ་སྤྱི་རྟགས་ལ་གཉིས། ཚ་རྙོགས་གྲང་རྙོགས་གཉིས་ལས། དང་པོ་ཚ་རྙོགས་ནི། སྤྱི་རྟགས་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། རྒྱ་བཤལ་ནི་རྒྱ་ཚོས་ཀྱི་ཁུ་བ་ལྟར་རོ། །གཉིས་པ་གྲང་རྙོགས་ཀྱི་རྟགས་ནི། གྲང་རྙོགས་ཞེས་རྐང་པ་དྲུག་གིས་བསྟན་ནོ། །གཉིས་པ་བྱེ་བྲག་གི་རྟགས་ནི། བྱེ་བྲག་ཅེས་རྐང་པ་བཅོ་བརྒྱད་ཀྱིས་བསྟན་ཏེ། མཆེར་བབས་ཀྱི་ལྕེ་བཀྲ་ནི་ལྕེ་སྔོ་ཁྲའོ། །རྙིལ་དཀར་བ་ནི་སོ་རྙིལ་དཀར་བའོ། ལུས་བྱིན་ནི་སེར་པོར་འགྲོའོ། །བདུན་པ་བཅོས་བཤད་པ་ལ་གཉིས། མདོར་རྒྱས་སོ།

དང་པོ་ནི། བཅོས་པའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱི་དང་བྱེ་བྲག་གོ། གཉིས་པ་རྒྱས་བཤད་ལའང་སྤྱི་བྱེ་བྲག་གཉིས་ལས། དང་པོ་སྤྱི་བཅོས་ལའང་གཉིས། མདོར་རྒྱས་སོ། །དང་པོ་ནི། སྤྱི་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། བཅོས་ཚུལ་དང་གཉེན་པོ་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་བཅོས་ཚུལ་དང་གཉེན་པོ་གཉིས་ལས། དང་པོ་བཅོས་ཚུལ་ནི། བཅོས་ཚུལ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དང་པོ་ཆུ་སེར་རང་སར་སྐམ་པ་རླན་ཆེན་གྱི་བྱེ་མ་བསྐམ་པ་ལྟར་བཅོས་པ། བར་དུ་གཏར་སྦྱོངས་ཀྱིས་དྲངས་ཆུ་བོ་གང་རིགས་ཀྱི་རྐ་རུ་སོ་སོར་དྲངས་པ་ལྟར་བཅོས་པ། ཐ་མ་ཆུ་སེར་ཟུངས་སུ་བསྒྱུར་བ་དགྲ་བོ་གཉེན་དུ་སྡུམ་པ་ལྟར་བཅོས་པ་གསུམ་མོ། །གཉིས་པ་གཉེན་པོ་བཤད་པ་ལ་གཉིས། གཉེན་པོ་སྤྱིར་བསྟན་པ་དང༌། བཅོས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། གཉེན་པོ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྨན་དཔྱད་ཟས་སྤྱོད་བཞིའོ། །གཉིས་པ་བཅོས་བྱེ་བྲག་ཏུ་བཤད་པ་ལ་གསུམ། ཚ་རྙོགས། གྲང་རྙོགས། ཐུན་མོང་གི་བཅོས་དང་གསུམ་མོ། །དང་པོ་ཚ་རྙོགས་བཅོས་པ་ལ་གཉིས། སྐེམས་དང༌། སྦྱང་བའོ། །དང་པོ་སྐེམས་བཤད་པ་ནི། དང་པོ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། བསྡུས་ཐང་གསུམ་ནི་ཚ་བ་སྤྱི་བཅོས་སུ་བཤད་པའི་ཐང་རིགས་གསུམ་མོ། །གཉིས་པ་སྦྱང་བ་ནི། དེ་རྗེས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་གྲང་རྙོགས་ཀྱི་བཅོས་ལ་གཉིས། གཞི་འཛིན་དང༌། སྦྱང་སྐེམས་སོ། །དང་པོ་གཞི་འཛིན་ནི། གྲང་རྙོགས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སེ་འབྲུ་ལྔ་པ་དང་བདེ་བྱེད་ཆུང་ངུ་ནི་ཕྱི་རྒྱུད་ལྟར་རོ། །གཉིས་པ་སྦྱང་སྐེམས་ནི། དེ་རྗེས་ཞེས་རྐང་པ་ལྔས་བསྟན་ཏེ། ཚྭ་གསུམ་ནི་ཟེ་ཚྭ་རྒྱམ་ཚྭ་ཁ་རུ་ཚྭ་གསུམ་མོ། །དམུ་ཆུའི་སྦྱོངས་སྐེམས་ནི་དམུ་ཆུའི་ལེའུར་གསུངས་པ་ལྟར་རོ། །གསུམ་པ་ཐུན་མོང་དུ་བཅོས་པ་ནི། ཐ་མར་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། ནད་གཞི་དང་བསྟུན་པ་ནི། ཆུ་སེར་ཚ་བ་ལ་སྦྲང་ཆང་རྐྱང་པ། རླུང་ལྡན་ལ་ཁུག་པ། མཁྲིས་པ་ལ་བཟི་ཆང༌། རླུང་ལ་ལོང་སོགས་རུས་ཆང༌། བད་ཀན་ལ་འབྲས་བུ་གསུམ་གྱི་ཆང་སིངས་པོ། །དངུལ་ལ་གསེར་འགྱུར་རྩི་བཞིན་དངུལ་ཆུ་རང་གསེར་དུ་བསྒྱུར་བའམ་བྱེད་པ་ལྟར་རོ། །གཉིས་པ་བྱེ་བྲག་གི་བཅོས་བཤད་པ་ནི། བྱེ་བྲག་ཅེས་རྐང་པ་སོ་གཉིས་དང་འབྲུ་གསུམ་གྱིས་བསྟན་ཏེ། པགས་ལ་བབས་པའི་བ་སྤུའི་སྐྱི་ཁྲུས་རྔུལ་འདོན་ནི། ལུག་གི་གཞུག་ཆུང་གསུམ་བརྡུངས་ལ་ཆང་བྲེ་གང་ཕུལ་དོར་བསྡུས་པའི་དྭངས་མར། བ་ཞོ་ཕུལ་གང་བླུག་ནས་བསྡུས་ཏེ་ཕུལ་གང་དུ་བསྡུས་པ་ལ་རྒྱམ་ཚྭ་ཁ་རུ་ཚྭ་ཞོ་རེ་རེ་བུ་རམ་ཞོ་ཕྱེད་ཛཱ་ཏི་ཞོ་གཅིག་བཏབ་ལ་ལྟོ་སྟོང་བཏང༌། གོས་ཀྱིས་བྱིབས་རྔུལ་བཏོན་པས་ཚད་པ་རྔུལ་དུ་འཛག་གོ །ཙན་དན་བཅུ་གཅིག་དང་ཤིང་སྣ་བརྒྱད་ནི་རྙིངས་ཚད་དུ་བསྟན་ནོ། །རུས་ཆེན་བདུད་རྩིའི་རླངས་ལུམས་ནི། མི་རུས་བཙའ་མ་དང་བདུད་རྩི་ལྔ་བཙོས་པའི་རླངས་ལུམས་བྱ་ཚུལ་སྣོད་ཆེན་པོའི་ནང་དུ་བཙོས། ཁ་ལ་ཤིང་ཁྲང་བཏང་བའི་སྟེང་དུ། གཟབ་བཏང་དེའི་སྟེང་དུ་གདན་གསེང་ཅན་བཏིང་ནས་ཉལ་གོས་ཀྱིས་བྱིབས་རྔུལ་འདོན་ནོ། །གློ་བབས་ཀྱི་སྟར་བུ་པཉྫ་ནི་སྟར་བུ་ལྔ་པ་སྟེ། འགོགས་དཀའ་སྟར་བུ་རུ་རྟ་པི་པི་ལིང༌། ཤིང་ཚ་སྐྱུ་རུ་ར་དང་སྦྲང་སྦྱར་བཏང༌། ཞེས་སོ། །འདི་མན་གྱི་སྨན་མཆན་བུ་དང་ཕྱི་རྒྱུད་ལྟར་རོ། །བཤུལ་ཤ་ནི་རྟ་བོང་རྐྱང་དྲེའུ་སོགས་སོ། །གླས་ནི་གླ་སྒང་ངོ༌། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ནས་ཉི་ཤུའི་བར་རོ།།

 

 

མཐའ་མའི་འདོན་ཐེངས་།: 29.08.2011 ཉིན། 10:40 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།