སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ཉི་ཤུ་པ། དཔྱད་ལྔའི་དང་པོ་གཏར་ཁ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.09.2011
ཕྱི་མ་རྒྱུད། >> ལེའུ་ཉི་ཤུ་པ། དཔྱད་ལྔའི་དང་པོ་གཏར་ཁ་བསྟན་པ།

བཅོ་བརྒྱད་པ་མདོ་གནས་བཞི་པ་དཔྱད་ལྔའི་དང་པོ་གཏར་ཁའི་ལེའུ་བསྟན་པ་ལ་གསུམ། ཉོན་ཅིག་པར་གདམས་པ། གཞུང་དོན་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ། སྦྱོངས་ཀྱི་ལོག་གནོན་རྩ་སྦྱོངས་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ཞེས་གདམས་པའོ། །གཉིས་པ་ལ་མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ཀྱི་དང་པོ་ནི། དཔྱད་ལྔའི་སོགས་རྐང་པ་གཉིས་ཏེ་དཔྱད་ལྔའི་ནང་གི་མཆོག་ཏུ་གྱུར་བ་གཏར་ཁ་བརྡེག་པའི་ཐབས་དེ་ལ། ཆ་བྱེད། བརྟག་པ། བརྡེག་ཐབས་དངོས། སྐྱོན། ཡོན་ཏན་དང་རྣམ་པ་ལྔ་རུ་ཡོད་དོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལྔ་ལས། དང་པོ་ལ་གཉིས། སྤྱིའི་དོན་དང་ཚིག་གི་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། མགར་བ་མཁས་པས་ཆོ་ག་བཞིན། བརྡུངས་པའི་གཏར་དཔྱད་ཉི་ཤུ་དྲུག །སྤུ་ནི་ཆོད་པར་ནུས་པ་དག། །ཕལ་ཆེར་སོར་ནི་དྲུག་པ་བྱ། །གཟུགས་ལེགས་སོ་ནི་ལེགས་པ་དང༌། །བཟུང་བར་བདེ་བ་ཉིད་དུ་བྱ། །ཤིན་ཏུ་རྣོ་བའི་ལྕགས་ལས་བྱས། །རྩེ་མོ་ཤིན་ཏུ་ལེགས་བརྡུངས་པ། །ཨུཏྤལ་སྔོ་བའི་མདོག་འདྲ་བ། །རང་མིང་རྗེས་མཐུན་གཟུགས་ཅན་ནི། །རྟག་ཏུ་ཉེ་བར་བཞག་པར་བྱ། །རྩེ་མོ་རེ་རེ་དག་ལ་ཡང༌། །རང་ཚད་སོར་ཕྱེད་གཉིས་དང་བཞི། །ཕལ་ཆེར་གཉིས་དང་གསུམ་དུ་བྱ། །དེ་ནས་ཁྱད་པར་དག་ལས་སྦྱར། །ཞེས་བྱ་བ་ལ་བཙགས་བུ་ཉི་ཤུ་རྩ་དྲུག་བྱ་བ་ཡིན་ལ་དེ་ཡང་གང་གིས་བྱ་ཞེ་ན། མགར་བ་མཁས་པས་ཞེས་བྱ་བ་སྟེ། བྱ་བ་ལ་མཁས་ཤིང་བྱང་བར་གྱུར་པའི་ལྕགས་མགར་གྱིས་བརྡུངས་ཤིང་རྫོགས་པར་བྱ་བའོ། །ཅི་ལྟར་བྱ་ཞེ་ན་ཆོ་ག་བཞིན་ཏེ་ཚད་ལ་སོགས་པའི་རྣམ་པ་ཇི་སྐད་བཤད་པ་བཞིན་དུ་བརྡུང་བའོ། །རྣོ་ཁྱད་ཅི་ཙམ་ཞེ་ན་སྤུ་ནི་ཆོད་པར་ནུས་པ་དག་ཅེས་བྱ་བ་སྟེ། གང་གིས་སྤུ་ཆོད་པའི་ལས་བྱེད་པར་ནུས་པ་ཙམ་དུ་བྱ་བའོ། །ཚད་ཇི་ཙམ་དུ་བྱ་ཞེ་ན་ཕལ་ཆེར་ཞེས་པ་མང་དུ་སྲིད་སོར་དྲུག་པར་བྱ་བ་དང༌། གཟུགས་ལེགས་ཤིང་ཇི་སྐད་བཤད་པའི་རྣམ་པའི་དབྱིབས་དང་ལྡན་པ་དང༌། དེ་བཞིན་དུ་སོ་ལེགས་པ་སྟེ་རྣོ་ཞིང་སྙོམས་པ་དང༌། དེ་བཞིན་དུ་བཟུང་བར་བྱ་བ་བདེ་བ་ཉིད་དེ། བཟུང་བའི་ཕྱོགས་བདེ་བླག་ཏུ་བཟུང་དུ་རུང་བར་བྱ་བ་དང༌། དེ་བཞིན་དུ་ཡ་ཡོ་མེད་པ་སྟེ་སོ་སྙོམས་ཤིང་རྔ་རྔོ་མེད་པ་དང༌། དེ་བཞིན་དུ་ཐར་ལེགས་ཤིང་བརྡུང་ཞག་པ་དང༌། ཤིན་ཏུ་རྣོ་བའི་ལྕགས་ལས་བྱས་པ་གང་ཡིན་པ་དེ་ལས་བརྡུངས་པ་དང༌། དེ་བཞིན་དུ་རྩེ་མོ་ཤིན་ཏུ་ལེགས་པར་བརྡུངས་པ་སྟེ། ལྕགས་ལེགས་པར་སྐོལ་བ་ཐོ་བས་མ་གས་པར་བརྡུངས་ཤིང༌། ཁྱད་པར་རྩེ་མོའི་གནས་བརྡུང་ཞག་པར་བྱས་པ་དང༌། དེ་བཞིན་དུ་ཨུཏྤལ་སྔོན་པོའི་མདོག་འདྲ་བར་དངྭས་ཤིང་འཇམ་པ་དང༌། དེ་བཞིན་དུ་རང་གི་མིང་དང་རྗེས་སུ་མཐུན་པའི་གཟུགས་སམ་དབྱིབས་ཡོད་པ་བཙགས་བུ་རྩེ་མོ་འབྲས་འདྲ་བར་བྱས་པ་ལ་ནི་བཙགས་བུ་འབྲས་ཀྱི་ཁ་ཞེའམ་འབྲས་ཀྱི་རྩེ་མོ་ཞེས་བཏགས་པ་ལྟ་བུ་ལ་སོགས་པའོ། །དེ་བཞིན་རྟག་ཏུ་སྟེ་དུས་ཐམས་ཅད་དུ་ཆ་དཔྱད་དང་བཙགས་བུ་དེ་དག་ཉེ་བར་བཞག་པར་བྱ་ཞིང་སྟ་གོན་དུ་བྱ་བ་དང༌། དེ་བཟིན་དུ་རང་གི་ཚད་དེ་བཙགས་བུའི་སྲིད་ཀྱི་ཚད་ལས་རྩེ་མོའམ་ཁ་ཆ་ཕྱེད་ཀྱི་ཚད་དང་ལ་ལ་བཟི་ཆའི་ཚད་དུ་བྱ་བ་དང༌། དེ་དག་ཀྱང་ཕལ་ཆེར་གྲངས་གཉིས་དང་གསུམ་དུ་བྱ་བ་དང༌། ཡང་བཙགས་བུ་དེ་དག་གནས་ཀྱི་ཁྱད་པར་དང་ནད་ཀྱི་ཁྱད་པར་ལས་སྦྱར་བར་བྱའོ། །ཞེས་དང༌། གཏར་དཔྱད་དབྱིབས་མི་འདྲ་བ་ཉི་ཤུ་རྩ་དྲུག་ནད་སོ་སོ་ལ་སྦྱར་ཚུལ་སོགས་རྒྱ་ཆེར་གསུངས་སོ། །གཉིས་པ་ཚིག་གི་དོན་ནི། དང་པོ་ཞེས་པ་ནས་བཅང་བར་བྱ་ཞེས་པའི་བར་ཚིགས་བཅད་གཉིས་དང་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་དཔྱད་མཆོག་ལྔའི་དང་པོ་གཏར་ཁ་ལ། ཆ་དཔྱད་ནི་རྣོ་ཞིང་མཉེན་པ་དང་ལྡན་པའི་ལྕགས། མགར་བ་མཁས་པས་བརྡུངས་པ། བྱེའུ་སྦུ་གུའི་སྒྲོ་དང་འདྲ་བའི་དབྱིབས་ཅན་ཏེ་རྩེ་སྒུར་པོ་ནི་ཟོར་བ་ཁ་སྟེ། ཚེས་གཉིས་ཀྱི་ཟླ་བའི་དབྱིབས་ལྟ་བུའམ། ཡང་ན་ལྟག་ཉལ་སོ་ཐད་དྲང་ལ། བྲང་བ་ཅན། གྲིའི་སྦལ་ལྟ་བུ་དང༌། ཡང་ན་སྟ་རེའི་ཁ་དང་འདྲ་བ་སོགས་ཀུན་ཀྱང་རིང་ཐུང་གི་ཚད་སྲིད་ལ་སོར་དྲུག་པ། དེ་ཡང་ཞུན་ཐར་འབྱོངས་ཤིང༌། ངར་དང་ལྡན་པ། བརྡུང་འཐེམས་ཤིང༌། བདར་བ་ལེགས་པས་རྣོ་བའི་ཚད་གྱེན་དུ་སྤུ་ཤོག་པར་ནུས་པ་དགོས་ཏེ། ཅིའི་ཕྱིར་ཞེ་ན། གཟེ་བ་དང་མི་གཟེ་བ་དེ་ལ་རག་ལས་པས། གཙགས་བུ་ལེགས་པོ་དེ་ནི་རྟག་ཏུ་སྨན་པའི་ལུས་ལ་བཅང་བར་བྱ་ཞིང་གར་ཐོད་ཐོད་དུ་མི་བཞག་པར་གཅེས་པར་བཟུང་ངོ་ཞེས་བྱ་བའི་དོན་ཏོ།།

        གཉིས་པ་བརྟག་པ་ལ་གཉིས། སྤྱིའི་དོན་དང་ཚིག་གི་དོན་ཏོ། །དང་པོ་ནི། བརྒྱད་པར། དེ་ནི་ཕལ་ཆེར་བད་མཁྲིས་ཀྱི། །མེ་དབལ་འབྲས་དང་མཆེར་ནད་དང༌། །སྐྲན་དང་མེ་དྲོད་འབྲི་དང་རིམས། །ཁ་དང་མིག་དང་མགོ་ནད་དང༌། །མྱོས་དང་སྐོམ་དད་ཚ་བྲོ་དང༌། །མཛེ་དང་དྲེག་ནད་མཁྲིས་ཁྲག་དང༌། །སྒྲེགས་པ་སྐྱུར་ཞིང་མགོ་འཁོར་བྱེད། །བསིལ་དྲོ་སྣུམ་དང་རྩུབ་སོགས་ཀྱིས། །ནད་གང་གསོས་པར་གྱུར་བ་ན། །ལེགས་པར་འཚེས་པར་མ་གྱུར་པ། །དེ་ནི་ཁྲག་འཁྲུགས་ལས་གྱུར་ཡིན། །ཁྲག་མོད་གྱུར་པ་དེ་ལས་ནི། །གཏར་ཁ་གདབ་པས་དབྱུང་བར་བྱ། །དེ་ཡང་བཅུ་དྲུག་མ་ལོན་དང༌། །བདུན་ཅུ་འདས་ལ་ཁྲག་མི་དབྱུང༌། །ཉམ་ཆུང་དུགས་དྲགས་དུགས་མ་བྱས། །རླུང་གི་ནད་ཀྱིས་ཉེན་པ་དང༌། །སྦྲུམ་མ་བུ་བཙས་ཟས་མ་ཞུ། །ཁྲག་མཁྲིས་ལུད་པ་དབུགས་མི་བདེ། །ཚད་འཁྲུ་རིམས་དང་སྐྱུགས་པ་དང༌། །སྐྱ་རྦབ་ཡན་ལག་ཀུན་སྐྲངས་དང༌། །སྣུམ་འཐུང་བ་ལ་སྦྱོར་བ་དང༌། །དེ་བཞིན་ལས་ལྔ་བྱས་ལ་མིན། །ཞེས་གསུངས་སོ། །གཉིས་པ་ཚིག་གི་དོན་ནི། བརྟག་པ་ཞེས་པ་ནས་རྣག་ཏུ་འདྲུལ་ཞེས་པའི་བར་ཚིགས་བཅད་དྲུག་དང་རྐང་པ་གསུམ་གྱིས་བསྟན་ཏེ། གཏར་ཁ་འཕྲོད་མི་འཕྲོད་བརྟག་པ་ལ། རུང་བ་དང་མི་རུང་བ་ནད་གཞིའི་སྒོ་ནས་བརྟག་པ་དང༌། གཏར་རན་པ་དང་མི་རན་དུས་ཚོད་ཀྱི་སྒོ་ནས་བརྟག་པ་སོགས་སུ་ཡོད་ལ། དེ་ཡང་གཏར་དུ་རུང་བའི་ནད་གཞི། འགྲམས། འཁྲུགས། རིམས། སྐྲངས་པ། རྨ། དྲེག་ནད། སུར་ཡ། མེ་དབལ། ཆུ་སེར། མཛེ་ནད་ལ་སོགས་པ་ཚ་བ་དང༌། ཁྲག་མཁྲིས་པ་ལས་གྱུར་པ་ཕལ་ཆེ་བ་ནི། གཏར་དུ་རུང་བའི་ནད་ཡིན་ལ། གཏར་མི་རུང་བ་གདོན་ཅན། ཟུངས་ཟད་སྦྲུམ་མ་དང་བུ་བཙས་པའི་རྗེས། སྐྱ་རྦབ། གཅོང་ཆེན། མེ་དྲོད་ཉམས་པ་སོགས་མདོར་ན་བད་ཀན་སྐྱ་བོ་དང༌། རླུང་ལས་གྱུར་པའི་ནད་ཐམས་ཅད་ལ་སྤང་དགོས་ལ། དེ་བཞིན་དུ་ལོ་བཅུ་དྲུག་མ་ལོན་པ་དང༌། བདུན་ཅུ་འདས་པ་དང༌། བཤལ་སྐྱུགས་སོགས་ལས་ལྔ་བྱས་མ་ཐག་པའི་མཐར་ཡང་མི་རུང་བར་གསུངས་ཤིང༌། གོང་དུ་སྨོས་པའི་རུང་བ་རྣམས་ལས་ནད་ཁྲག་ཟུངས་ཁྲག་མ་ཕྱེད་པ། རིམས་ཚད། ཚ་བ་མ་སྨིན་པ། སྟོངས་ཚད། དུག་ནད་མ་གསོད་པ། གཉན་ཚད་ཟུངས་ཟད་པ་སྟེ་བདུན་པོ་རྣམས་ནི་ཚ་བ་ཡིན་ཡང་གཏར་དུ་མི་རུང་ལ། ཡང་བད་ཀན་སྐྱ་བོ། རླུང་ནད་ཚབས་ཆེན་མ་གཏོགས་པ་ཡིན་ཀྱང་དེ་ཉིད་ཁྲག་མཁྲིས་དང་བསྡོངས་ན་གཏར་དུ་རུང་ཞིང༌། གཞན་ཡང་ཤ་རྨེན་རྩའི་གནད་གཉན་ས་དོག་པ་དང༌། རྩ་མདུད་ཀྱི་སྟེང་དང༌། བླ་གནས་ཡོད་པ་སོགས་སུ་མི་གཏར་བ་ཡིན་ཞིང༌།

        གཉིས་པ་དུས་ཚོད་ཀྱི་སྒོ་ནས་ཐོག་མ་བར་ཐ་མ་གསུམ་སྟེ། ཐོག་མར་གཏར་བ་ནི། བྱང་ཁོག་ཏུ་ཁྲག་བབས་པ་དང༌། མཚོན་རྨས་དོན་ལ་ཟིན་པ་དང༌། རྨ་ཁྲག་སྣ་ཁྲག་མངལ་ཁྲག་སོགས་མ་ཆོད་པ། ཁྲག་རྒྱས་པ། ཁྲག་འཁྲུགས་པ། ཚ་བ་སྨིན་ལོང་མེད་པ་རྣམས་ནི་གཏར་བའི་དུས་ལ་མ་བབ་ཅེས་མི་བསྡད་པར་འབད་པ་དང་བརྩོན་པས་ཐུག་ཕྲད་དེ་མ་ཐག་ཏུ་ཐོག་མར་གཏར་བར་གཅེས་སོ། །བར་དུ་གཏར་བའི་དུས་ནི་གཟེར་དུས་གྲང་ཤུམ་ཆད་ཅིང༌། རྩ་རྒྱུད་ལྕི་ལ་རྩ་སྦྲིད་པ་དང་རྩ་རྒྱས་པའི་དུས་ན་གཏར། ནད་ཁྲག་ཟུངས་ཁྲག་ཕྱེད་པའི་རྟགས་ནི། ཁ་སྣ་འཕོངས་གསུམ་ནས་འབབ་པའི་ཁྲག་ལ་བལྟས་པས། ཟུངས་ཁྲག་དམར་ཟལ་ལེ་བ་དང༌། ནད་ཁྲག་མདོག་གཞན་དུ་སྣང་བ་འདྲེས་པའི་རི་མོ་མེད་ན་དུས་ལ་ཕེབས་པ་སྟེ་གཏར་རན་པ་ཡིན་ནོ། །དེ་ལྟར་མིན་ན་འབྲས་བུ་གསུམ་ཐང་གིས་ནད་ཁྲག་ཟུངས་ཁྲག་ཕྱེ་ལ་གཟོད་གཏར་དགོས་པ་ཡིན་ཞིང༌། ཁྲག་བྱེར་བ་དང༌། མཁྲིས་པ་བྱེར་བ་དང༌། ཁྲག་ངན་རྩ་མིག་ཏུ་བྱེར་བ་དང༌། མི་འཕྲོད་པའི་ཟས་ཀྱིས་ཚ་བ་ལ་སོགས་པའི་ནད་རོ་བསྐྱེད་པ་ལ་ཐ་མར་གཏར་དགོས་ཏེ། གཏར་བ་སྔས་ན་ནི་རླུང་སྐྱེ་ཞིང༌། ཚ་བ་སླར་འབྱེར་བར་བྱེད་ལ། ཕྱིས་ན་ནི་ཁྲག་ངན་དེ་རྩར་འགྲམས་ཏེ་ནད་རོ་མི་ཐོན་ལ། ལྷག་པར་ཚ་སྟོབས་ཆེ་ལ་གཏར་བ་ཕྱིས་ན་ཚ་བ་དེའི་སྟོབས་ཀྱིས་རྩ་དང༌། དོན་ལྔ་པོ་རྣག་ཏུ་འགྱུར་བའི་སྐྱོན་གྱིས་འདྲུལ་བ་ལ་སོགས་པ་འབྱུང་བ་ཡིན་ཞིང༌། དབྱེ་ཐང་འདི་ཡང་ཁ་ཅིག་སང་ཉིན་གཏར་རྒྱུའི་དོ་ནུབ་ལྟ་བུ་གཏོང་བའི་སྲོལ་འདུག་ཀྱང༌། དེས་ནི་ཆོག་པ་མ་ཡིན་ཏེ་ནད་ཁྲག་ཟུངས་ཁྲག་ཞག་གཅིག་ལ་འབྱེད་པའི་ནུས་པ་སྨིན་མི་ནུས་པའི་ཕྱིར། ཞག་གསུམ་གྱི་སྔོན་ནས་ངེས་པར་གཏོང་དགོས་སོ་ཞེས་པའོ། །གསུམ་པ་གཏར་ཐབས་དངོས་ལ། སྤྱིའི་དོན་དང་ཚིག་གི་དོན་གཉིས་ཀྱི་དང་པོ་ནི། རྒྱ་གར་སོགས་སུ་གཏར་ཁ་དང་ཕན་ཡོན་མཉམ་པ། ཡན་ལག་བརྒྱད་པ་ལས། སྲིན་བུ་པདྨ་བདེར་གནས་པ། །ཁྲག་དབྱུང་ཕྱིར་ནི་སྦྱར་བར་བྱ། །ཞེས་ལུས་ཀྱི་ཁྲག་འཐུང་བར་ནུས་པའི་སྲིན་བུ་པདྨ་ཞེས་པ་ཞིག་ཡོད་པར་བཤད་པ་དང༌། དེ་ཡང་ཆུ་མདོག་རྣམ་པར་གསལ་བ་དང༌། དུག་མེད་ཉ་ལྕིབས་མེད་ལས་བྱུང༌། །རྩ་སྣར་རོ་སྟོད་སྔོ་ཁྲ་ལྡུམ། །རྒྱབ་ནི་ངུར་སྨྲིག་འདྲ་ལུས་ཕྲ། །ལྟོ་ནི་ཅུང་ཟད་སེར་བ་བཟང༌། །རི་མོའི་དྲི་མ་རྣག་ལས་བྱུང༌། །དཀར་དང་དམར་དང་ཤིན་ཏུ་གནག །མི་སྲུན་སྦོམ་དང་འབྱིལ་བ་དང༌། །འཇའ་ཚོན་དང་འདྲ་རོ་སྟོད་བཀྲ། །སྦུ་ཡོད་དེ་རྣམས་དུག་ཅན་ཡིན། །སྤང་བྱ་དེས་ནི་ཁྲག་གཞིལ་ན། །གཡའ་ནག་འཛག་རིམས་མགོ་འཁོར་བསྐྱེད། །དེ་ལ་དུག་ཁྲག་མཁྲིས་གསོ་བྱ། །ཞེས་ངན་པའི་རིགས་སོགས་ཀྱང་གསུངས་ཤིང་དེ་ལྟ་བུའི་སྲིན་བུ་པདྨ་དེ་འཇིབ་ཏུ་བཅུག་ན་བཟང་ཁྲག་ངན་ཁྲག་དབྱེ་ཐང་ལ་སོགས་པ་གཏོང་མི་དགོས་ཏེ། ཁྲག་ནི་བཟང་ངན་འདྲེས་པ་ལས། །པདྨས་དང་པོར་ནད་ཁྲག་ནི། །འཐུངས་ཏེ་དང་པོ་འོ་མ་དང༌། །འདྲེས་ཆུའི་འོ་མ་ལེན་དང་མཚུངས། །ཞེས་སོགས་རྒྱ་ཆེར་གསུངས་མོད་ཀྱང༌། བོད་འདིར་སྲིན་བུ་དེ་མི་འབྱུང་བས་དགོས་པ་མེད་པའི་དབང་དུ་བྱས་ནས་མ་བསྟན་ལ།

        གཏར་དཔྱད་དངོས་ནི་བརྒྱད་པ་ལས། །གཞན་དག་ལ་ཡང་གདབ་བྱ་བ། །ཐབས་ཤེས་བཙགས་དཔྱད་དེ་དང་དེས། །ཕྱོགས་ནི་དེ་དང་དེ་རུ་གདབ། །འབྲས་འདྲ་འབྲས་ཀྱི་སྲིད་ཙམ་གདབ། །རུས་པའི་ས་སྟེང་རྩ་སྟ་རེ་འདྲས། །ནས་ཀྱི་ཕྱེད་ཙམ་གདབ་པར་བྱ། །བཏབ་མ་ལེགས་པ་དུས་ཅུང་ཟད། །ཉུང་ཟད་འབྱུང་ལ་ཏིལ་ཕྱེ་གདབ། །གདབ་དྲགས་སྒྲ་དང་བཅས་པར་ནི། །འབྱུང་ཞིང་བཅད་ཀྱང་དཀའ་བར་འགྱུར། །དངངས་དང་འབོག་པར་འགྱུར་བ་དང༌། །ཆིངས་ལྷོད་མཚོན་རྟུལ་འབྲངས་གྲགས་དང༌། །ཉམ་ཆུང་ཤུགས་ཉེན་དུགས་མ་བྱས། །ཁྲག་མི་འབྱུང་བའི་རྒྱུ་ཡིན་ནོ། །ཁྲག་ནི་ལེགས་པར་མ་བྱུང་ན། །ཁྱི་དང་ཚ་གསུམ་སྐྱེར་པ་དང༌། །རྒྱ་སྤོས་རྒྱམ་ཚྭ་ཁྱིམ་དུད་བཅས། །ཏིལ་མར་བཏགས་པ་རྨ་ལ་བསྐུ། །ཁྲག་ནི་ལེགས་བྱུང་ཏིལ་མར་དང༌། །རྒྱམ་ཚྭ་སྦྱར་བ་དྲོ་འཇམ་བསྐུ། །ལེ་བརྒན་རྩི་ལས་མཚོན་སེར་ལྟར། །དང་པོར་ནད་ཁྲག་འབྱུང་བར་འགྱུར། །ལེགས་པར་འབྱུང་ན་རང་ཉིད་འཆད། །ཁྲག་བཟང་བྱུང་ནའང་དབྱུང་མི་བྱ། །ཁྲག་ནི་སྲོག་གི་རྟེན་ཡིན་ཕྱིར། །བརྒྱལ་གྱུར་ན་ནི་ཆིངས་མ་བཀྲོལ། །རླུང་གཡབ་ཀྱིས་གཡབ་སླར་ཁྲག་དབྱུང༌། །སླར་འབོག་གྱུར་ན་ཉི་མ་ནི། །གཉིས་པའམ་གསུམ་པ་དག་ལ་གདབ། །རླུང་ཁྲག་གནག་ཅིང་དམར་ལ་རྩུབ། །ཤུགས་དྲག་གསལ་ཞིང་ལྦུ་བ་ཅན། །མཁྲིས་ཁྲག་སེར་ལ་རྩ་ནག་མནམ། །སྤྱི་བག་དྲོ་ཞིང་མཚོན་ཅན་ཡིན། །བད་ཀན་ཁྲག་ནི་འཇམ་ལ་སྐྱ། །རྒྱུན་ཅན་འབྱར་ཞིང་བསྐ་བ་ཡིན། །འདྲེས་པའི་མཚན་མ་འདྲེན་མ་ཡིན། །ཉེས་གསུམ་དྲི་མ་རྙོག་མ་ཅན། །ཁྲག་ངན་པ་ནི་ཉམ་ཆེ་ལའང༌། །ཚད་ལས་ལྷག་པར་དབྱུང་མི་བྱ། །ཁྲག་ཕྱུང་དྲགས་ན་འཆི་བའམ། །རླུང་ནད་མི་བཟད་འབྱུང་བར་འགྱུར། །དེ་ལ་བཀུ་བྱུག་འོ་མ་ཁུ། །ཁྲག་བཅུད་བླུད་པ་སྨན་ཡིན་ནོ། །ཁྲག་ཕྱུང་ནས་ནི་ཆིངས་མ་དག །དལ་གྱིས་བཀྲོལ་ལ་ཆུ་བསིལ་གྱིས། །བཀྲུས་ལ་ཏིལ་མར་གྱིས་བྱུག་པའི། །གོས་འཇམ་གྱིས་ནི་རྨ་ཁ་དཀྲི། །ནད་ཁྲག་ཡོད་ན་ཕྱེ་འབྲེད་དམ། །ཕྱི་དེ་ཉེན་པར་སླར་ཡང་དབྱུང༌། །ཤིན་ཏུ་གནོན་པའི་ཁྲག་བླ་བྱེད། །སྣུམ་གྱིས་བརྟས་པའི་ལུས་པས་འབྱུང༌། །ཁྲག་ངན་ཅུང་ཟད་ལུས་ཀྱང་ནི། །ནད་ནི་ལྷག་པར་མི་བསྐྱེད་པས། །དེ་ཕྱིར་ལྷག་མ་ཡོད་གྱུར་ཀྱང༌། །བཞག་གི་ཤས་ཆེར་མི་དབྱུང་ངོ༌། །དེ་ཡང་དྲང་སྲོང་ལེགས་ཐོས་ཀྱི། །མཁས་པས་ནད་བཅས་ཁྲག་ཀྱང་ནི། །ལྷག་མ་ཅུང་ཟད་ཡོད་བྱ་ཡི། །ལྷག་པར་དབྱུང་བར་མི་བྱ་སྟེ། །ལྷག་མ་ཞི་བས་བསལ་བར་བྱ། །ནད་ཁྲག་ལྷག་མ་ཅུང་ཟད་ལུས། །ནད་ནི་ཤས་ཆེར་མི་བསྐྱེད་དེ། །དེ་བས་ལྷག་མར་བཅས་བཞག་གི། །སྦྱོར་བ་དྲག་པར་མི་བྱའོ། །ལྷག་མ་རྔབས་རུ་སོགས་གདབ་པའམ། །ཡང་ན་བཅུད་བསིལ་ཁྲག་མཁྲིས་བསལ། །སྦྱང་དང་བསྐམ་པའི་བྱེ་བྲག་ནི། །གསོ་བས་དེ་ནི་དང་བར་བྱ། །ནད་ཁྲག་རབ་རྒྱས་མ་གྱུར་བའམ། །དེ་འདྲའི་ཐབས་ཀྱིས་གསོ་བར་བྱ། །ཁྲག་གི་རྒྱུ་ནི་མ་ཆོད་ན། །བཅད་པའི་སྦྱོར་བ་མྱུར་བར་བྱ། །སེང་ཕྲོམ་རྨ་ཤིང་པྲི་ཡང་ཀུ། །མ་ཤ་ཤིང་མངར་ཡུག་སྣམ་བཙག །གྱོ་དུམ་ཟར་མ་སྣག་ཚ་དང༌། །འོ་མ་ཅན་ཤིང་ཤུན་ལོ་མ། །བཏགས་པའི་ཕྱེ་མ་རྨ་ཁར་གདབ། །ཤུག་སོགས་ཆུ་གྲང་སྦྱར་བར་བླུད། །ཡང་ན་རྩ་བཏབ་དེའི་གོང་གི། །རྩ་དེ་ཉིད་ལས་གཏར་ག་གདབ། །ཡང་ན་ཐུར་མ་བསྲེགས་པ་ཡིས། །རྨ་ཁ་མྱུར་དུ་བསྲེག་པར་བྱ། །བཅིང་བ་ཉེས་པས་ལམ་ལོག་ལ་གནས་ཏེ། །ནད་ནི་རྒྱས་པས་ཁྲག་ནི་འཁྲུགས་གྱུར་པ། །རང་གི་གནས་སུ་སླར་ཕྱིན་མ་གྱུར་པ། །དེ་སྲིད་ཟས་དང་སྤྱོད་ལམ་ཕན་པ་བསྟེན། །ཤིན་ཏུ་ཚ་གྲང་མ་ཡིན་ཡང་དྲོད་བསྐྱེད། །ཁྲག་སེལ་བྱེད་པའི་བཟའ་དང་བཏུང་བ་ཕན། །དེ་ཚེ་ལུས་དང་ཁྲག་བདེར་མི་གནས་པས། །ཁྱད་པར་དུ་ནི་མེ་ལས་བསྲུང་བར་བྱ། །ཞེས་དང༌།

        གདབ་དམིགས་ཀྱང་དེ་ཉིད་ལས། །མགོ་དང་མིག་གི་ནད་རྣམས་ལ། །དཔྲལ་བའི་རྩ་ལས་གཏར་བའམ། །མིག་འགྲམ་སྣ་དྲུང་རྩ་ལ་གདབ། །རྣ་བའི་ནད་ལ་རྣ་བའི་རྩ། །སྣ་ཡི་ནད་ལ་སྣ་རྩེར་རོ། །ཆམ་པ་སྣ་དང་དཔྲལ་རྩ་གདབ། །ཁ་ནད་རྣམས་ལ་ལྕེ་དང་ནི། །མཆུ་དང་རྐན་གྱི་རྩ་གདབ་བོ། །ནམ་ཚོང་ཡན་ཆད་རྩ་མདུད་མགུལ། །རྣ་བ་མུར་འགྲམ་སྤྱིར་གནས་གདབ། །སྨྱོ་བྱེད་མིག་འགྲམ་བྲང་དཔྲལ་རྩ། །བརྗེད་བྱེད་འགྲམ་པའི་མཚམས་སུ་གདབ། །ཡང་ན་ཀུན་ལ་སྨིན་མཚམས་གདབ། །འབྲས་དང་རྩིབ་ལོགས་ཟུག་པ་ལ། །རྩིབ་ལོགས་ནུ་མའི་བར་རྩ་གདབ། །ཉིན་གསུམ་པ་ལ་ཕྲག་མཚམས་གདབ། །ཉིན་བཞི་པ་ལ་ལྟག་པའི་འོག །འཁྲུ་བ་གཟེར་དང་ལྡན་པ་ལ། །མཇུག་ཏོའི་གོང་མ་སོར་གཉིས་པར། །ཁུ་བ་མཚན་ནད་ཕོ་མཚན་རྩ། །ལྐོག་མའི་ཝ་བར་བླ་རྩ་གདབ། །གཟུགས་འཁུམས་བུམ་མཐིང་འོག་གམ་ནི། །གོང་གི་སོར་བཞི་པ་ལ་གདབ། །འབྲས་ཀྱི་འཕྲེང་བར་བྱིན་པའི་ཉྭ། །འོག་ཏུ་སོར་གཉིས་པར་གདབ་བོ། །རྐུབ་ཚོས་པུས་མོའི་ལྷ་ངའི་སྟེང༌། །ནད་ལ་ལོང་མོའི་ལྟག་སོར་བཞིར། །རྐང་རྩ་འཐེང་དང་སྦྲིད་པ་དང༌། །རྟིང་རྡོལ་རླུང་ནད་མཛེར་པ་དང༌། །རྐང་སོར་སྣགས་བུ་ཆད་པ་ལ། །རྒྱ་ཚིགས་ལས་གོང་སོར་གཉིས་གདབ། །འཁུམས་ལ་རྐང་འཁུམས་ལྟ་བུར་གདབ། །ཇི་སྐད་བཤད་པ་མ་མངོན་ན། །གནད་མ་གཏོགས་པར་གར་ཉེ་བའི། །ཕྱོགས་གཞན་དག་ཏུ་གཏར་ག་གདབ། །དེ་ནས་ལུས་སྣུམ་གཏར་ག་ཡི། །ཡོ་བྱད་ཀུན་བསགས་སྟོབས་དང་ལྡན། །བཀྲ་ཤིས་བྱས་ཤིང་ཁ་ཟས་ནི། །སྣུམ་ཟོས་ཁུ་བ་འཐུངས་པ་དང༌། །མེ་དང་ཉིན་མཚན་གྱིས་དུགས་བྱས། །པུས་མཉམ་མཐོ་བའི་སྟན་ལའདུག །སྐྲ་རྩ་རས་ནི་འཇམ་པོས་བཅིངས། །པུས་མོའི་ལྷ་ངར་གྲུ་མོ་གཟུགས། །ཁུ་ཚུར་ནང་དུ་རློང་བཅུག་པའི། །མགུལ་པ་དམ་དུ་བཙིར་བར་བྱ། །སོ་བསྡམས་ལུད་པ་ལུ་བ་དང༌། །ཁུ་བ་གཉིས་ནི་བུད་པར་བྱ། །དེ་ལ་རྒྱབ་ནས་བཙིར་བ་དང༌། །གོས་ཀྱིས་དཀྲིས་ཤིང་མཛུབ་མོ་ནི། །གཡོན་པ་ལྐོག་མར་བཅུག་ནས་སུ། །ནང་དུ་ལེགས་པར་གཞུག་པར་བྱ། །འདི་ནི་ནང་དུ་ཁ་ལྟས་རྩ། །མ་གཏོགས་བསྡམ་པའི་ཆོ་ག་ཡིན། །དེ་འོག་སྨན་པའི་མཐེ་པོ་ལས། །གུང་མོ་བཏང་བར་གྱུར་པ་ཡིས། །རྩ་བྱུང་སྔོན་ལ་གདབ་བྱས་ནས། །རེག་པའི་མཐེ་བོས་མནན་བྱས་ལ། །ལག་པ་གཡོན་པས་བཟུང་བ་ཡི། །གཙགས་བུ་སྟ་རེས་དབུས་སུ་གདབ། །གཙགས་བུའི་ཁ་ཕྱོགས་མི་གཡོ་བཏང༌། །དེ་བཞིན་གདབ་པའང་བཙིར་བ་ཡི། །བེམ་རྟོལ་གདབ་ལ་ཁྲག་དབྱུང་ངོ༌། །སྣ་དྲུང་གི་ནི་རྩ་གདབ་པ། །རྩེ་མོ་མཐེ་བོས་བཏེག་ནས་ནི། །གཙགས་རྩེ་འབྲས་འདྲ་གདབ་པར་བྱ། །ལྕེ་བཏེག་བཟློག་སྟེ་སོས་མནན་ལ། །ལྕེ་འོག་རྩ་ནི་གདབ་པར་བྱ། །ནུ་མ་ཡན་ཆད་བསྡམས་ནས་ནི། །མགུལ་པར་གནས་པའི་རྩ་གདབ་བོ། །ལག་པ་གཉིས་སུ་རྡོ་བཅངས་ཏེ། །ལག་པ་པུས་མོར་བསྟན་ཏེ་བརྐྱང༌། །མཆན་ཁུང་མན་ཆད་མཉེས་ནས་ནི། །གོང་དུ་བཅིངས་ལ་ལྟོ་རྩ་གདབ། །ལག་ངར་རྩ་ནི་བདེར་འདུག་སྟེ། །གདབ་པའི་སོར་བཞིའི་གོང་གི་ནི། །ཕྱོགས་སུ་རས་ཀྱིས་དམ་བཅིངས་ལ། །མཐེ་བོ་ཆང་པར་བཅག་ནས་ནི། །ལག་ངར་བརྐྱང་ལ་གདབ་པར་བྱ། །རྩིབ་ལོགས་རྩ་ནི་དཔུང་པ་གཉིས། །ཐུར་དུ་དཔྱངས་ཏེ་གདབ་པར་བྱ། །ཕོ་མཚན་རྩ་ནི་བཏེག་སྟེ་གདབ། །བྱིན་རྩ་པུས་མོ་མ་བཀུག་པར། །རྐང་པ་ལེགས་བཞག་པུས་མོ་ལ། །འོག་ཏུ་ལག་པ་གཉིས་ཀྱིས་ནི། །ལོང་མོའི་བར་དུ་དམ་བཙིར་ལ། །རྐང་པ་དེ་སྟེང་གཉིས་པ་ནི། །ཅུང་ཟད་བཀུག་སྟེ་བཞག་པ་ཡིས། །མནན་ལ་དེ་ནས་ལག་པ་ལྟར། །རྩ་གདབ་དེ་ལྟར་མ་སྨོས་པའི། །ཞེས་གསུངས་སོ།།

        གཉིས་པ་ཚིག་གི་དོན་ལ། མདོར་བསྟན། རྒྱས་བཤད་གཉིས་ཀྱི་དང་པོ་ནི། གཏར་ཐབས་སོགས་རྐང་པ་གཅིག་སྟེ། གཏར་བའི་ཐབས་ལ་སྔོན་འགྲོ།  །དངོས་གཞི། ཕྱི་རྗེས་དང་གསུམ་དུ་ཡོད་དོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་གྱི་དང་པོ་ནི། གཏར་བའི་སོགས་ཚིགས་བཅད་གཅིག་དང་རྐང་པ་གསུམ་གྱིས་བསྟན་ཏེ། དཔྱད་མཆོག་གཏར་བའི་ཐབས་ཀྱི་དང་པོ་སྔོན་འགྲོ་ལ་རིང་བ་དང༌། ཉེ་བ་གཉིས། རིང་བ་དེ་ལ་ཡང༌། མ་སྨིན་པ་སྨིན་པར་བྱ་བ་དང༌། ནད་ཁྲག་ཟུངས་ཁྲག་ཐང་གིས་དབྱེ་བར་བྱ་བ་གཉིས་སུ་ཡོད་པའི་ཐང་ནི་ཐང་གི་སྐབས་སུ་ནད་ཁྲག་ཟུངས་ཁྲག་འབྱེད་པ་ལ་འབྲས་བུ་གསུམ་ཐང༌། །རླུང་ཚད་འབྱེད་པ་ལ་སླེ་ཏྲེས། བད་ཁྲག་འབྱེད་པ་ལ་མ་ནུ་དང་སླེ་ཏྲེས། འཐབ་པ་དང་འདུས་ནད་འབྱེད་ན་སྐྱུ་རུ་ར། ཁྲ་མཁྲིས་འབྱེད་ན་བ་ལེ་ཀ་དང༌། སླེ་ཏྲེས། ནད་ཁྲག་རྩར་དྲང་བ་ལ་པི་པི་ལིང༌། སྨིན་བྱེད་མྱུར་དུ་དགོས་ཚེ་སླེ་ཏྲེས་ཀྱི་ཐང་གཅེས་ཤིང༌། ཐང་མ་བཏང་བར་གཏར་ན་ཟུངས་ཁྲག་འཆོ་ལ། ནད་ཁྲག་མི་ཐོན་ཞིང་རླུང་བསྐྱེད། ཚད་རོ་འདས་པ་སྟེ་ལུས་པའི་སྐྱོན་ཡོད་ལ། ཉེ་པའི་སྔོན་འགྲོ་ནི། མེ་དང་ཉི་མས་ལུས་དྲོས་པར་བསྲོ། འདྲེ་ཅན་གྱི་འགྲུལ་བསྲུང་བ་དང༌། བསྙལ་ཞེས་པ་རྩ་མལ་དུ་གཟུད་པའི་དོན་ཏེ། དེའི་ཆེད་དུ་ཐིག་ལེབ་ཆགས་རིང་ཐུང་ཇི་ལྟར་འོས་པ་བལ་དང་ཆུ་སོགས་ཡབ་ཆ་གང་དགོས་སྟ་གོན་བྱའོ། །ཞེས་པའི་དོན་ཏོ། །གཉིས་པ་དངོས་གཞི་ལ་གཉིས། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི། དངོས་གཞི་སོགས་རྐང་པ་གཉིས་ཏེ། གཏར་བའི་ཆོ་ག་དངོས་གཞི་ལ། བསྙལ་ཐབས། གདབ་ཐབས། གདབ་དམིགས། ཁྲག་པྲ། དབྱུང་ཚད། ལོག་གནོན་བསྟན་པ་དང་དྲུག་ཏུ་ཡོད་དོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་དྲུག་གི་དང་པོ་ནི། བསྙལ་ཐབས་ཞེས་པ་ནས། ཐེབས་པར་དཀའ་ཞེས་པའི་བར་ཚིགས་བཅད་ལྔ་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། བསྙལ་བའི་ཐབས་ནི། དཔྲལ་རྩ། ལྟག་རྩ། མཚོགས་གསང་རྣམས་གཏར་ན་སྨིན་མའི་སྟེང་དུ་ཐི་གུས་སྐོར་ལ་ཤིང་བུས་གཅུ་བ་དང༌། རྩེ་ཆུང་གཉིས་གཏར་བ་ལ་མཆན་ཁུང་ནས་ག་ཤར་སེ་རལ་ཁ་ལྟར་བསྡམས། ཐོང་རྩ་གཏར་བ་ལ་ཐི་གུས་རྐེ་སྐོར་རྒྱབ་ནས་འཐེན། །ལྕེ་རྩ་གཏར་བ་ལ་མྱུག་མའི་སྐམ་པ་དར་གྱིས་དྲིལ་བའི་བར་དུ་ལྕེ་ལྟེམ། དཔུད་རྩ་གཏར་ན་ལུག་གཞུག་གི་འོག་ཏུ་ཐི་གུས་བསྡམ། ཨ་སོ། དྲུག་མགོ །སྒང་རྩ། རུ་ཐུང༌། གཤའ་རིང་སོགས་གཏར་ན་གྲེ་མོ་ཁུང་ནས་སོར་གསུམ་གྱི་གོང་དུ་བསྡམ་པ་དང༌། སྐྱོར་གོང༌། ཕྲན་བུ། རྒྱབ་རྩ་དྲུག་འདུས། ཕྲན་རྩའི་བར་རྩ་སོགས་གཏར་ན་མཁྲིག་མའི་གོང་དུ་བསྡམ་པ་དང༌། རྩ་བོ་ཆེ་ལ་པུས་མོའི་ནང་མཛུབ་གང་སར་བསྡམ་པ་དང༌། སྒབ་རྩ། རྟ་འཐུར། བྱིན་མཇུག་རྣམས་གཏར་ན་ལྷམ་སྒྲོག་འཆིང་སའི་སྟེང་བསྡམ་པ་དང༌། ལོང་རྩ། གདོང་རྩ། ཡོབ་གོང༌། བྱིན་སྐྱོག །རྒྱུ་རྩ་སོགས་གཏར་ན་ལོང་བུའི་སྟེང་དུ་བསྡམ་པ་དང༌། འོག་སྦུབས་ཀྱི་རྩ་རྣམས་གཏར་ན་རྩ་རྒྱུད་ཤིང་བུས་གཅུབ་དང༌། མདོར་ན་གནས་གང་དུ་གཏར་ཡང་བསྙལ་སྟན་དར་རས་བལ་སོགས་ཀྱི་སྟེང་དུ་བསྙལ་ཐག་གིས། པགས་པ་མ་འཆུས་པར་རྩ་བཙལ་བ་ཐི་གུའི་སྣེས་ཕན་ཚུན་མཉམ་པར་འཐེན་ལ་བསྡམ་ཞིང༌། སྦྲིད་ཆིལ་བྱུང་བ་དང་རྩ་རྒྱུད་དེ་ལྟང་གིས་བྱུང་ན་སྡོམས་པ་ཡིན་ལ། མ་སྡོམས་ན་མི་ཐེབས་ཤིང་ཤ་ལྤགས་རྩ་རྣམས་འཆུས་ན་ཁྲག་མི་ཐོན་ལ། བསྙལ་རྗེས་སུ་རྩ་རྣམས་ལག་པས་བསྙེ་ཞིང་བསྲུབ་པ་དང༌། ཤ་སྦྲིད་ཅིང་རྩ་རྣམས་རྒྱས་པས་ཐེབས་པར་སླ་ལ། འོན་ཀྱང་བསྙལ་མ་ཐག་ཏུ་མི་གཏར་ཏེ་ཐེབས་པས་དཀའ་བའི་ཕྱིར།

        གཉིས་པ་གདབ་ཐབས་ནི། གདབ་ཐབས་ཞེས་པ་ནས། ཆ་ཡིས་སློད་ཅེས་པའི་བར་ཚིགས་བཅད་ལྔ་དང་རྐང་པ་གསུམ་གྱིས་བསྟན་ཏེ། གཏར་ཁ་གདབ་པའི་ཐབས་ནི། རྩ་མ་འཆུས་པར་ལག་གཡོན་པའི་མཐེ་བོས་མནན་ནས། མཐེ་བོ་དེ་ཅུང་ཟད་ཐུར་དུ་འཐེན་པས་རྩ་མི་འགྱུར་བ་ཡིན་ལ། ཕལ་ཆེར་བསྙལ་བའི་འོག་སོར་གསུམ་ཙམ་གྱི་འོག་ཏུ་གཏར་བ་དང༌། གཏར་ཐབས་རྣམ་གྲངས་གློ་ཕུག་དང༌། སྒང་གཤགས་དང༌། དོལ་ཆོད་དང༌། ཉིས་ལེན་དང༌། སྨྱུག་ཁ་སོགས་ཡོད་པས་གདབ་གང་བདེ་རང་ཉིད་གང་གོམས་ལྟར་གདབ་པའམ། དེ་ཡང་སྐབས་སུ་བབ་པ་རྩ་ཆེན་རྣམས་ལ་སྒང་བཤགས་དང༌། རྩ་ཕྲན་རྣམས་ལ་སྨྱུག་ཁ། རྩ་ཤིན་ཏུ་ཕྲ་བ་རྣམས་དོལ་ཆོད་དུ་བཅད་ལ། སྣོད་ཀ་སོགས་ནད་སྟེང་གི་རྩ་ལ་ཉིས་ལེན་ཁོ་ན་བསྔགས་པ་ཡིན་ཞིང༌། གཞན་གང་འོས་དང་མདོར་ན་ཁྲག་པས་རླངས་ཕན་པ་ལྟ་བུར་འབྱུང་བས་རྨ་ཁ་ཆེ་བར་བྱ་ཞིང་རྨ་ཆུང་ན་སྐྲངས་པ་དང་ཁྲག་གི་རླངས་མི་ཐོན་པའི་སྐྱོན་འབྱུང་ལ། རྩ་ཁ་དང་པགས་ཁ་མཉམ་ན་ལེགས་པ་ཡིན་ཞིང༌། རུས་སྟེང་གི་རྩ་ལ་སྟ་རེ་སོ་ཡིས་གཏར་བ་དང༌། དེ་ཡང་རྩའི་སྟེང་དུ་མི་འགྱུར་བར་འཕྲེད་ལ་བཙུགས་ལ་སྟེང་དུ་བེམ་བརྡོལ་བརྡེག་གོ །གཏར་བའི་རྩ་རགས་པ་ནི། ལྟག་རྩ་སྡུད་སྒོ་གཡས་གཡོན་ནས་གྱེན་དུ་སོར་གསུམ་གཞལ་བའི་རྩ་སྟེང་དུ་ཐིག་གདབ། གཏར་རྗེས་མེ་བཙས་བསྲུང༌། མཚོགས་གསང་ནི་སྐྲ་མཚམས་ནས་སོར་བཞིའི་མཚམས་སུ་གྱེན་དུ་བཤགས་ལ། མུར་གོང་འཕར་རྩ་སྐྲའི་གསེབ་ཏུ་གཏར་ཞིང༌། རྩེ་ཆུང་མས་ཀྱི་སོར་བཞི་བཅལ་བར་གཏར་ལ། རུ་ཐུང་ནི་གཞུང་མཆོག་གི་སྣ་ནས་སོར་བཞིར་གཏར་བ་དང༌། བྱིན་གཞུག་རྟིང་པའི་གྱེན་ནས་མཛུབ་གང་གི་སར་གཏར་བ་དང༌། དེ་དག་ཀྱང་གཏར་མ་ཐག་ཏུ་མི་གློད་ཅིང་གློད་ན་ཁྲག་མི་ཐོན་ལ། མགོ་སྐེ་ལོང་རྩ་གསུམ་ལ་ཁྲག་མི་གཅོད་བར་དུ་གློད་པར་མི་བྱ་ཞིང༌། གཞན་དག་ཁྲག་ཆད་དུས་ན་ཆ་ཡིས་གློད་པར་བྱ་སོགས་ལག་ལེན་ཕྲ་ཞིབ་མཐོང་བ་བརྒྱུད་པ་ལས་ཤེས་པར་བྱའོ།།

        གསུམ་པ་གདབ་དམིགས་ནི། གདབ་དམིགས་ཞེས་པ་ནས། མེ་དྲོད་འཆི་ཞེས་པའི་བར་ཚིགས་བཅད་བཅུ་བདུན་དང་རྐང་པ་གསུམ་གྱིས་བསྟན་ཏེ། གཏར་ཁ་གདབ་པའི་དམིགས་གཉའ་བ་རེངས་ཤིང་སྐེ་འགྱུར་དཀའ་ལ་ལྟག་རྩ། བད་མཁྲིས་ཀྱི་མགོ་ནད་དང་ཆང་འཐུངས་པ་དང་དྲོས་པའི་ཚེ་མགོ་ན་བ་དཔྲལ་བ་གཟེར་བ་མཚོགས་ཁ་ལྕི་ཞིང༌། མིག་གི་ཐེག་པ་རྣམས་ལ་མཚོགས་གསང་དབྱེ་ཞིང་དཔྲལ་བའི་གསེར་མདུང་དངུལ་མདུང་གཏར་བ་དང༌། མིག་དམར་ཞིང་ལིང་ཐོག་མོད་པ་སྟེ་ཡང་ཡང་བྱུང་ན་མིག་རྩ། སྣ་བུག་གི་ནད་ལ་སྣ་རྩེ། རྣ་བའི་ནད་རྣ་རྩ། སྙིང་ནད། སྐོམ་དད། སྨྲ་དཀའ་བ་རྣམས་ལ་ལྕེ་རྩ། སོ། མིག རྣ་བ་འགྲམས་པའི་ནད་རྣམས་ལ་ལྟག་རལ། སོ་ནད་ལ་སོ་རྩ་དང༌། རྩེ་ཆུང༌། དཔུང་རྩ་གསུམ་པོ་གང་རིག་པ། གློ་ལུ་བ་དང༌། སྙིང་ཚད་ཀྱིས་མྱོས་ཤིང༌། དབུགས་མི་བདེ་བ། སྐད་འགགས་པ་རྣམས་ལ་ཨོལ་གོང་བར་གྱི་ཐོང་རྩ། ཀླད་སྲིན། བྱང་ཁོག་བབས་དོན་ལ་ཟིན་པ། རྒྱས་འཁྲུགས། གློ་འགྲམས། སོ་ལ་ཁྲག་ཚད་རྒྱས་པ། སྐྲངས་ལོང་འབྲས་ནད་ཀུན་ལ་རྩེ་ཆུང༌། སྟོད་གཟེར། གློ་ཚད། མགོ་བོ་ན་བ་རྣམས་ལ་དཔུང་རྩ། གློ་ཚད། སྟོད་ལྕི། དབུགས་ཐུང་ཞིང་གཟེར་ཆེ་བ་རྣམས་ལ་དྲུག་མགོ་སྒང་རྩ། གློ་སྙིང༌། མཆིན་དྲི་བྲང་རྒྱབ་སྦྲགས་ཤིང་ན་བ་སོགས་དོན་སྣོད་ཐུན་མོང་གི་ནད་ལ་དྲུག་མགོ་སྒང་རྩ། གློ་སྙིང༌། མཆིན་དྲི་བྲང་རྒྱབ་སྦྲགས་ཤིང་ན་བ་སོགས་དོན་སྣོད་ཐུན་མོང་གི་ནད་ལ་སྣོད་ཀ། གློ་སྙིང༌། ཁྲག་རྒྱས་ལ་གློ་སྙིང་འདོམ་རྩ་སྟེ་སྣོད་ཀ་དང་དྲུག་མགོ་འདྲིལ་བའི་རྩ། མིག་སེར་ཞིང་ལུས་ལྕི་བ་དང་ག་འགགས་པ་ལ་མཁྲིས་རྩ་གཤའ་རིངས། ཞེས་པ་རུ་ཐུང་དང་ཉེ་བའི་ལག་ངར་ཕྱི་ནང་གཉིས་ན་རྩ་རིང་པོ་ཡོད་པ་དེ་དང་ཕྲན་བུ། མཆིན་པ། མཆེར་པ། མཆིན་དྲི་རྣམས་འགྲམས་ཤིང་འཁྲུགས་ནས་གཟེར་བ་དང༌། སྨུག་པོ་ཚ་བའི་སྐྲན་ལ་རུ་ཐུང༌། སྐད་འགགས་ཤིང་བཅོས་ཐབས་སུ་ལུ་བ་ལ་སྒང་རྩ། རོ་སྟོད་ཕོ་མཆེར་མཆིན་དྲི་འཁོར་ཞིང་ན་བ་དང༌། མཆན་འོག་གཟེར་བ་ལ་གློ་མཆིན་འདོམ་རྩ། ཁྲག་མཁྲིས་རྐྱང་པའི་ནད་ལ་མཆིན་མཁྲིས་འདོམ་རྩ། ཕོ་མཆིན་ལོང་ཁྲག་རྒྱས་པ་ལ་རྒྱབ་རྩ་དྲུག་འདུས། རྒྱུ་ལོང་ལ་མཚོན་ཕོག་པ། འགྲམས་པ། རླིག་པ་སྐྲངས་པ་ལུས་ཀྱི་སྨད་ལྕི་བ། གཞང་འབྲུམ། མངལ་གྱི་ནད་རྣམས་ལ་བརླ་ནང་རྩ་ཆེན། གཞུང་པ་རེངས་པ། ལྟག་པ་སྒྱེད་པོར་སོང་བ། དཔྱི་སྐེད་འཁོར་ཞིང་ན་བ། མངལ་ཁྲག་འཛག་པ་རྣམས་ལ་སྒྱིད་ཁུང་སྒབ་རྩ། མཆེར་པ་གནད་དུ་འགྲམས་པ། ཤུ་བ་ཟ་ཀོང༌། མཁྲིས་ནད་ཆུ་སེར། འོར་སོགས་ལ་རྟ་མཐུར། མཁལ་འགྲམས་མཚོན་ཕོག སྐེད་པ་སྨད་མི་ཐེག་པ། རྐང་པ་བཤལ་བ། བྱིན་པ་འགས་སྙམ་བྱེད་པ། དཔྱི་མིག་གཟེར་བ། སུར་ཡ། མངལ་ཁྲག་འབྱམས་པ་རྣམས་ལ་བྱིན་གཞུག སྨད་དུ་མཚོན་ཕོག་པ། གླང་ཐབས། མངལ་ཁྲག་འཛག་པ། དྲི་ཆུ་འགགས་པ་རྣམས་ལ་ལོང་རྩ། རྒྱུ་མར་ཁྲག་རྒྱས་པ་མགོ་བོའི་ཐིགས་ཀྱི་སྐྱོན་སྙིང་ལ་བབས་པ། སྙིང་ནད་ཅིས་ཀྱང་མ་ཕན་པ་རྣམས་ལ་རྒྱུ་རྩ་ཞེས་པ་རྐང་པའི་རྒྱུ་ཁུག་ན་ཡོད་པའི་རྩ་གང་སྦོམ། རྐང་པའི་མཐིལ་དང་བོལ་སྐྲངས་པ། ཚ་བྲབ་བྱེད་པ་ཆུ་སེར་གྱི་ནད་རྣམས་ལ་གདོང་རྩ་དང་ཡོབ་གོང༌། མདོར་ན་སྟོད་ནད་ཕལ་ཆེར་ལ་རྩེའུ་ཆུང་དང་སྒང་རྩ། སྨད་ཀྱི་ནད་ལ་ལོང་རྩ་བྱིན་གཞུག བར་གྱི་ནད་ཕལ་ཆེར་ལ་སྣོད་ཀ་དང་རུ་ཐུང༌། རོ་སྟོད་ཀྱི་ནད་ལ་སྒང་རྩ་དྲུག་མགོ

        ནུ་མཆིན་བྲང་ནད་ལ་སྣོད་ཀ་རུ་ཐུང༌། ཁྱད་པར་སྙིང་ཚད་ལ་སྣོད་ཀ། ལྕེ་རྩ། ཐོང་རྩ་དང༌། གློ་ཚད་ལ་དྲུག་མགོ་སྒང་རྩ་སྐྱོར་གོང༌། གློ་སྙིང་གཉིས་འདོམ་གྱི་ནད་ལ་རྩེ་ཆུང༌། གློ་སྙིང་འདོམ་རྩ། མཆིན་པའི་ཚ་བ་ལ་རུ་ཐུང་དང་སྒང་རྩ། མཆེར་ཚད་ད་ལ་རྟ་མཐུར་དང༌། སྲིན་ལག་རྒྱབ་རྩ། ཕོ་ཚད་ལ་ཕོ་བའི་རྭ་དང་དྲུག་འདུས། མཁྲིས་ཚད་ལ་མཁྲིས་པ་བཤའ་རིངས་དང་ཕྲན་བུ། གསེར་མདུང༌། མཁལ་ཚད་ལ་བྱིན་གཞུག་དང་ཕོ་མཚན་འགྲམ་རྩ། རྒྱུ་ལོང་ལ་ལོང་རྩ། དཀུ་སྟེ་མངལ་དང་སྟ་ཟུར་འགྲམས་པ་ལ་བྱིན་སྐྱོག ཤའི་ཚད་པ་ལ་གློ་མཆིན་འདོམ་རྩ། རུས་ཚད་ལ་མཁལ་མའི་རྩ། པགས་ཚད་ཆུ་སེར་ལ་མཆིན་མཁྲིས་རྩ། ཟུག་ཆེ་ན་གློ་རྩ། བྱིང་ཐིབས་ལ་རུ་ཐུང༌། དང་ག་འགགས་ན་བད་མཁྲིས་གྱི་རྩ་སོགས་ལ་གཏར་ཞིང༌། འོན་ཀྱང་ནད་དམིགས་གང་དང་ཉེ་ཞིང་རྩ་གང་རྒྱས་དང་ལུས་ཀྱི་གནས་ལུགས་ཀྱི་ཁྱད་པར་འགའ་ཞིག་ལ་རྩ་འདྲིལ་བ་དང༌། འཐོར་བ་དང༌། མི་གསལ་བ་སོགས་འབྱུང་བ་ལ་ཞིབ་མོར་བརྟགས་ཏེ་གཏར་བ་ཤིས་ལ་ཚ་བ་སྟོབས་ལྡན་གྱི་ནད་ལ་ཐོག་མར་རྩེ་ཆུང་སོགས་དང༌། དེ་ནས་རིམ་གྱིས་རྩ་ཕྲན་རྣམས་མར་ཡས་བབས་སུ་གཏར་བ་དང༌། སྟོབས་ཆུང་གི་ནད་ལ་རྩ་ཕྲན་རྣམས་གཏར་ནས་རིམས་ཀྱི་གཏར་སྒང་རྩ་དྲུག་མགོ་སོགས་མས་ནས་ཡར་འཛེག་ཏུ་གཏར་བ་དང༌། ཚབས་ཆེའི་ནད་ལ་རྩ་ཕྲན་མང་པོ་གཏར་བ་བས་རྩེ་ཆུང་ལ་སོགས་པ་རྩ་ཆེན་གཅིག་ཙམ་གཏར་བ་བསྔགས་ཤིང༌། དེ་ལྟར་མ་ཡིན་བ་གཏར་དམིགས་མ་ཤེས་ན་སྨད་ཁྲག་སྟོད་དུ་དྲངས་པས་ལུས་ཟུངས་འཆོར་ཞིང༌། སྟོད་ཁྲག་སྨད་དུ་དྲངས་པས་ཕོ་བའི་མེ་དྲོད་འཆི་བ་སོགས་འབྱུང་ལ། འགའ་ཞིག་སྐྱོར་གོང་ནི། མཁྲིག་མའི་ཡར་ཟུར་ནས་མཐེབ་ཆེན་ལ་འགྲོ་བའི་རྩ་ལ་མཐེབ་སྐྱོར་རམ་སྐྱོར་གོང་ཞེས་བྱ་སྟེ་རུས་པའི་ཐེར་དུ་གདབ། གཤོང་གཤོང་པོ་ན་ལྟ་རྩའི་གནད་ཡོད་པས་མ་ཐུག་པར་བྱའོ། །སྲིན་ལག་རྒྱབ་རྩ་ནི་མཁྲིག་མ་ནས་སྲིན་ལག་གི་ཟུར་ལ་སོང་བ་སྲིན་སྐྱོར་ཞེས་བྱ་སྟེ་ཕོ་མཆེར་བསྡོངས་པའི་རྩ་ཡིན་ཏེ་གཡོན་པ་ལ་གདབ་པར་བསྔགས་སོ། །ལར་ལག་པའི་བོལ་གོང་གོང་མོའི་སྟེང་ན། ཕོ་མདུང་ཞེས་པ་མཆིན་པ་ཕོ་མདུང་གི་རྩ་ཡོད་པ་མཆིན་པ་ལ་ཕན། མཁྲིག་མ་ནས་མཐེབ་ཆེན་ལ་སོང་བ་མཐེབ་སྐྱོར་རམ་སྐྱོར་གོང་གློ་རྩ་ཡིན། སྐད་འགགས་སེལ། མཛུབ་མོ་ལ་སོང་བ་ནི་མཛུབ་སྐྱོར་ཏེ་གློ་བུའི་རྩ་ཡིན་སྐད་ལ་ཕན། གུང་མོ་ལ་ཕོ་མདུང་དང་བསྡོངས་ནས་སོང་བ་ནི་གོང་སྦྱོར་ཏེ་མིག་དང་མཆིན་པ་ལ་ཕན། སྲིན་ལག་ཏུ་སོང་བ་ནི་སྲིན་སྐྱོར་ཏེ་ཕོ་མཆེར་སྡོངས་པའི་རྩ་ཡིན་ཆུ་བར་ཕན། མཐེའུ་ཆུང་དུ་སོང་བ་ནི་མཐེའུ་ཆུང་སྐྱོར་ཞེས་བྱ་སྟེ་མཁལ་མའི་རྩ་ཡིན་ནོ། །ཞེས་སྐྱོར་གོང་གི་རྣམ་གྲངས་མང་དུ་བཤད་པ་དང༌། ཁ་ཅིག་སྐྱེས་པ་ལ་གཡོན་གྱི་མཐེབ་མཛུབ་རྣམས་ཀྱི་རྒྱབ་རྩ་རྣམས་གཏར་བས་སྙིང་མཆེར་མཁལ་གཡོན་གྱི་ནད་དང༌། གཡས་ཀྱི་དེ་རྣམས་གཏར་བས་གློ་མཆིན་མཁལ། གཡས་ཀྱི་ནད་རྣམས་ལ་ཕན་ཞིང་བུད་མེད་ལ་དེ་ལས་གོ་ལྡོག་པ་ཡིན་ཞེས་གསུངས། བརྒྱུད་འདི་ནས་དངོས་བསྟན་གྱི་གཏར་རྩ་བདུན་ཅུ་དོན་བདུན་གྱི་གྲས་མ་ཡིན་ཀྱང་ཕན་ཡོན་དེ་ལྟར་འབྱུང་བ་ཁོ་བོས་ཀྱང་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར།

        བཞི་པ་ཁྲག་པྲ་ནི། ཁྲག་པྲ་ཞེས་པ་ནས། གཏར་མི་རུང་ཞེས་པའི་བར་ཚིགས་བཅད་གསུམ་གྱིས་བསྟན་ཏེ། ཁྲག་པྲ་བརྟག་པ་ནི། གཏར་བའི་ཚེ། རྩའི་རྨ་ནས་ཁྲག་ཤུགས་དྲག་ཅིང་སླ་ལ་སེར་བ་དང་དྲི་དུགས་ཆེ་ལ་སྦོ་བ། བྱ་ཝང་གི་རྒྱབ་འདྲ་བ་དཀར་ཁྲ་ཤིག་སེ་བ་དང༌། ལྦུ་བ་དཀར་བ་དང་བེ་སྣབས། རྣག མཁྲིས་པ་སོགས་ཆགས་ན་ནད་ཁྲག་ཡིན་ལ། དེས་ནི་ཟུག་ཆོགས་ཤིང་སྐྱེད་ཆེ་ལ་ནད་འབྱང་སླ་བ་ཡིན་ཞིང༌། ཁྲག་ཆགས་པའི་སྟེང་དུ་དམར་ནག་གི་རི་མོ་བྱུང་ན་ཨ་བར་སྐྱུར་གསུམ་གྱི་ཐང་བཏང་རྗེས། སླར་ཡང་གཏར་བ་དང༌། དེ་བཞིན་དུ་ཁྲག་གི་སྟེང་དུ་རྣག་དང་མཁྲིས་པ་ཆགས་ན་ཡང་ལུས་ཟུངས་གསོ་ཞིང་སླར་གཏར་བ་དང༌། ཁྲག་མདོག་དམར་ལ་བསྐ་ན་ཕན་པ་མེད་པས་གཏར་བའི་བསྐྱེད་དང་སྦྱར། སླར་གཏར་དུ་མི་རུང་བའི་ཁྲག་ནི། རླུང་གི་ཁྲག་ནག་ཅིང་རྩུབ་ལ་ལྦུ་བ་དམར་བ། མཁྲིས་པའི་ཁྲག་སེར་ཞིང་སླ་ལ་རྣག་གི་དྲི་མནམ་པ། བད་ཀན་གྱི་ཁྲག་དམར་སྐྱ་བསྐ་ལ་འཇམ་པ་རྣམས་དང༌། མདོར་ན་མཚལ་གྱི་ཁུ་བ་དང༌། རྒྱ་ཚོས་ཀྱི་ཁུ་བའི་མདོག་འདྲ་བ་ནི་ཟུངས་ཁྲག་ཡིན་པས་དེ་རྣམས་ཅུང་ཟད་ཙམ་ཡང་གཏར་དུ་མི་རུང་ངོ༌། །ཞེས་པའོ། །ལྔ་པ་དབྱུང་ཚད་ནི། དབྱུང་ཚད་ཅེས་པ་ནས། འགྱུར་བ་ཡོད་ཅེས་པའི་བར་ཚིགས་བཅད་གསུམ་དང་རྐང་པ་གཅིག་གིས་བསྟན་ཏེ། དབྱུང་བའི་ཚད་ནི། ནད་ཁྲག་ཐོན་ནས་ཟུངས་ཁྲག་དམར་ཟལ་བྱུང་ན་འཕྲོ་བཅད་དགོས་ལ། ཟུངས་ངན་ནི་ནད་ཁྲག་གི་ཞབས་ཐོན་པ་མེད་ཀྱང་རན་ཚོད་བཟུང་བ་གཅེས་ཤིང༌། དོན་ལྔའི་གཟེར་ཟུར་བཅོག་པ་དང༌། ཁྲག་ནད་ཀྱི་གཟེར་དབྱུང་བ་དང༌། ཁྲག་འོལ་ཁ་བསྒྱུར་བ་གསུམ་ལ་ནི་བཟང་ཁྲག་ཡིན་ཡང་མི་བཅད་པར་ཅི་མང་དུ་འདོན་དགོས་ཤིང༌། ཟུངས་ཟད་པ་དང་རླུང་དང་ལྡན་ན་ནི་ངན་ཁྲག་འབབ་པའི་མུ་ཡིན་ཡང་འཕྲོ་བཅད་ལ་བཞག་གོ །ཁྲག་རྒྱས་པ་དང༌། འཁྲུགས་གཟེར་དང༌། བྱང་ཁོག་ནང་དུ་ཁྲག་རྒྱས་པ་ཡན་ལག་སྐྲངས་ཤོར་བ་སོགས་ལ་ནི། ཁྲག་བུངས་བསྐྱེད་ལ་བཏང་བས་ཁྲག་ཤེད་སྨད་པར་བྱ་ཞིང༌། དེ་མ་ཡིན་པ་ཕལ་ཆེ་བ་ལ་ནི་ཁྲག་ཐེངས་མང་དུ་གཏར་ཞིང༌། གདོན་ཚད་ཉུང་དུ་དབྱུང་བ་དང༌། ཁྲག་གི་ལྦུ་བ་ལ་ཁྲག་དམར་པོའི་སྤྲིས་མ་གཡོགས་པ་བྱུང་ན་གཏར་འཕྲོ་བཅད་དགོས་ཏེ། ཟུངས་ངན་པའི་ཁྲག་གཏར་ཚད་རྣག་ཏུ་འོང་བའམ། གཏར་བའི་ཁྲག་ཆུ་དང་འདྲ་ན་གཏར་ཚོད་བཟུང་དགོས་པ་མ་ཤེས་པའི་བླུན་པོ་རྣམས་རྣག་ལ་བལྟས་ནས་མང་དུ་གཏར་བས་ཟུངས་འཛད་ཅིང༌། མཐར་ནད་གསོ་དཀའ་བའི་དམུ་ཆུར་འགྱུར་བའི་ཕྱིར་རོ།།

        དྲུག་པ་ལོག་གནོན་བསྟན་པ་ནི། ལོག་གནོན་ཞེས་པ་ནས། རླུང་སྣ་གླན་ཞེས་པའི་བར་ཚིགས་བཅད་ལྔས་བསྟན་ཏེ། གཏར་ཁའི་ལོག་གནོན་ལ། ཁྲག་མ་ཐོན་པ་དང༌། དན་ཁྲག་མེད་པ། ཁྲག་མ་ཆོད་པ། སྐྲངས་པ། འབོག་པ། རླུང་སྐྱེས་པ། དྲུག་ཡོད་པ་ལས། དང་པོ་ནི། ཁྲག་མི་ཐོན་པའི་སྐྱོན་ནི། ལུས་གྲང་པ་མཚོན་བརྟུལ་བ་སྟེ་གཙགས་བུ་རྣོ་མེད་པ། ཟས་ཀྱིས་འགྲངས་དྲགས་པ། གཏར་ཁ་ལ་སྐྲག་ཅིང་བྲེད་པ། གདོན་གནོད་པ། འགྲུལ་སྣ་བྱུང་བ། རྨ་ཁ་ཆུང་བ། བསྡོམ་པའི་དུས་པགས་པ་འཆུས་པ། བསྙལ་མ་ཐོག་ཏུ་གཏར་བ། གཏར་མ་ཐོག་ཏུ་གློད་པ། དེ་དག་བཅུ་པོ་ཁྲག་མི་འབྱུང་བའི་རྒྱུ་ཡིན་པས། རྒྱུ་བཅུ་པོ་དེ་སྤང་ཞིང་སོ་སོའི་གཉེན་པོ་བསྟེན་ན་གཏར་ཁ་རྡུགས་དོགས་མེད་ལ། རྩ་ཆེན་གཏར་ཀྱང༌། ངན་ཁྲག་མེད་ན་སྔ་མ་གཏར་བའི་རྗེས་ཤུལ་དེ་བོར་ལ། རྩ་གཞན་གང་འཐད་ནས་གཡར་བ་ལྟར་བྱས་ཏེ། ནང་པར་གཏར་བས་ནད་ཁྲག་འབྱུང་བ་ཡིན་ཞིང༌། ཚ་བ་ལམ་དུ་ཆད་པ་ཞེས་རྩ་ནང་སྟོངས་ནས་ཁྲག་འབབ་རྒྱུ་མེད་ན་ཁོང་ཁྲག་ཕྱི་ལ་འཕུལ་བའི་མན་ངག་ཨ་བར་སྐྱུར་གསུམ་བ་ལེ་ཀ། ཨུཏྤལ། སླེ་ཏྲེས། ཏིག་ཏ། བོང་དཀར། ག་དུར། བ་ཤ་ཀ་རྣམས་ཀྱི་བསྡུས་ཐང་གྲང་མོ་བཏང་བའམ། ཡང་ན། ག་པུར་ཆུ་མ་རྩི་གཉིས་ཆ་མཉམ་ཕྱེ། །ཁྱི་ཡི་འོ་མ་མར་སྦྱར་ཁོང་དུ་བཏང༌། །ཞུ་མཚམས་འབའ་ཆ་བསྲོས་པའི་ལུམས་དང་ནི། །ཨ་སའི་དུགས་ཀྱིས་རྡུལ་དབྱུང་ཕྱི་ལ་འཕུལ། །ཡང་ན་སུམ་ཐང་རྒྱ་ལི་སྡིག་ཚ་ལ། །ཕྱེ་མ་ཆ་མཉམ་ཕྱེ་མ་ཆང་གིས་དབུལ། །ཐང་ཕྱེ་གཉིས་པོ་གུང་གཉིས་ལྟག་སྤྲོད་བཏང༌། །ཟས་དྲོད་བཅུད་ཆེ་ཆང་རྣམས་བཏང་བས་ཕུལ། །ཞེས་པ་དང༌། ཡང་ན་མན་ངག་རྒྱུད་ལས་བཤད་པའི་ཐང་སྦྱོར་འབྲས་བུ་གསུམ་སོགས་བྱ་བ་གཅེས་ཤིང་ཡང་ཁྲག་མ་ཆོད་པ་རྩ་རྒྱུད་ལ་ཆུ་འཕྱར་ཏེ་རྡོ་གྲང་གླན་ལ། བསྒྲངས་པ་བྱས་ཏེ་གྲང་དུ་གཞུག་པ་དང༌། ཕྱིང་      རྨ་ཁར་གླན་ལ་དཀྲིས་མས་དམ་པར་བསྡམ། རྨ་ཁ་སྐྲངས་ན་ཚྭ་དང་མར་སྦྱར་བ་ཁྱི་སྤུ་མེར་བསྲེགས་པའི་གཞོབ་བྱུགས་ལ་རྨ་ཁ་མཉེ་ཞིང༌། དེས་མ་ཐུབ་ན་ཨ་ས་བ་སྟེ་སྤྱིར་ཟན་དྲོནགྱི་མིང་ཡིན་ཀྱང༌། ཁྱད་པར་འདི་སྐབས། རྡོ་དྲེག་སྤང་སྤོས་མོན་ལུག་གོ་སྙོད་བཞི། །ཕྱེ་མ་བསྲེས་པའི་ཟན་དྲོན་སྦྱར་བས་བདུག །ཅེས་པས་རྨ་ཁར་བདུག ཁྲག་གིས་ཁ་རླུང་ལངས་ནས་བརྒྱལ་ཞིང་འབོག་ན་གསུར་དུད་བཏང་ཞིང་བདུག་པ་དང་ཆུ་གྲོག་ཁོང་དུ་བཏང་ཞིང་ཆུ་གྲང་གིས་གདོང་ལ་ཁ་ཕྲུ་གདབ། དེས་མ་ཕན་པར་ཚབས་ཆེ་བ་ལ། སེམས་ཅན་གཞན་ལ་གཏར་བའི་གསོན་ཁྲག་དྲོན་མོ། དེའི་གུན་སོབས་སུ་ཁར་བླུད། གཏར་རྗེས་སུ་རླུང་སྐྱེས་ན་འབྲུ་མར་སོགས་ཀྱིས་བསྐུ་མཉེ་བྱ་ཞིང་བུ་རམ་གྱི་ཁ་མུར་དང༌། བུར་ཆང་རུས་ཐང་ཚོ་ཁུ་རྣམས་བྱིན་ལ་རླུང་སྣ་གླན་པར་བྱ། གསུམ་པ་ཕྱི་རྗེས་ནི། ཕྱི་རྗེས་སོགས་རྐང་པ་གསུམ་སྟེ། གཏར་ཁའི་ཕྱི་རྗེས། བསྙལ་བ་དཀྲོལ་ཞིང་རྨ་ཁ་མཐེབ་མོས་མཉེ་བ་དང༌། རྡོ་གྲང་གླན་ཞིང་རྨ་ཆས་བལ་དཀྲི། འགྲོ་བ་དང་འགུལ་བར་གཟབ་ལ་ཁྲག་ངན་སྐྱེ་བས་ཆང་སིངས་ཞག་གསུམ་གྱི་བར་མི་བཏང་བར་བསྲུང་ངོ༌། །ཞེས་པའོ། །བཞི་པ་སྐྱོན་ནི། གཏར་སྐྱོན་སོགས་ཚིགས་བཅད་གཉིས་དང་རྐང་པ་གསུམ་གྱིས་བསྟན་ཏེ། གཏར་བའི་སྐྱོན་ལ། དམན་པ། ལྷག་པ། ལོག་པ། ཉེས་པ་དང༌། བཞི་ལས། གཏར་དམན་ཏེ་དབྱུང་བ་ཞན་ན། ཁྲག་རོ་མི་ཐོན་ཞིང་ནད་གཞུག་ལུས་པ་དང༌། མཆིན་སྐྲན་སྨུག་པོ་མཛེ་འབྲས་སུར་ཡའི་ནད་བསྐྱེད་ལ། བྱང་ཁོག་དང་ཡན་ལག་གི་ཆུ་སེར་རྣག་ཏུ་འགྱུར་ཞིང༌། གཏར་ལྷག་པ་སྟེ་དབྱུང་དྲགས་ན་ཟུངས་འཛད་ཅིང་རླུང་སྐྱེ། ཕོ་བའི་མེ་དྲོད་འཆི་གྲང་སྐྲན་སྐྱ་རྦབ་དམུ་ཆུར་འགྱུར་བ་མང་ཞིང༌། ལོག་པ་དེ་མི་རུང་བའི་ནད་ལ་གཏར་བའམ་གཏར་ཉེས་པས་ཤ་གདན་གནད་དམ། ཆུ་རྒྱུས་བཅད་དམ། ཤ་པགས་རྩའི་གནད་ལ་སོང་ངམ། འཕར་རྩ་བཅད་པ་ལ་སོགས་པའི་སྨན་པའི་ལག་དགྲས་བྱ་ཉེས་ཏེ་ནད་པ་བསད་པའམ་ཡོད་པས། དེའི་ཕྱིར་སྐྱོན་དེ་དག་ལ་མཁས་པས་གཟབ་པར་རིགས་སོ།།

        ལྔ་པ་གཏར་ལེགས་པའི་ཡོན་ཏན་ལ་སྤྱིའི་དོན་དང་ཚིག་གི་དོན་གཉིས་ཀྱི་དང་པོ་ནི། ཟླ་ཟེར་ལས། མདོག་དང་དབང་པོ་གསལ་ཞིང་དབང་པོ་ཡུལ། །འདོད་ཅིང་ཟས་འདུ་ཤུགས་ཀྱང་བདེ་བར་འབྱུང༌། །བདེ་དང་ལྡན་ཞིང་སྟོབས་རྒྱས་ཕུན་སུམ་ཚོགས། །མི་ཡི་ནད་ཁྲག་དག་པ་ཡིན་པར་བཤད། །ཅེས་བྱ་བ་ལ་སྐྱེས་བུ་འདི་ལྟ་བུ་ནི་ནད་ཁྲག་མེད་པ་ཡིན་པར་དྲང་སྲོང་རྣམས་ཀྱིས་བཤད་ཅིང་བསྟན་ཏོ། །དེ་ཡང་སྐྱེས་བུ་དེའི་ལུས་ཀྱི་མདོག་དང་དབང་པོ་རྣམས་གསལ་ཞིང་དང་བའི་བདག་ཉིད་ཅན་ཡིན་པ་དང༌། དེ་ཉིད་ནི་དབང་པོའི་ཡུལ་འདོད་ཅིང༌། ཡུལ་ལ་དགའ་བ་དང༌། ཟས་འཇུ་བ་ནི་ཕོ་བའི་མེ་དྲོད་ལ་བྱ་ལ། དེའི་ཤུགས་ནི་ནུས་པ་ལ་བྱ་སྟེ། ཟས་འཇུ་བ་དེ་ཐོགས་པ་མེད་པ་དང་ཟིལ་གྱིས་མི་ནོན་པར་བདེ་བར་འབྱུང་བ་དང༌། དེ་བཞིན་དུ་བདེ་བ་དང་ལྡན་པ་སྟེ་ནད་མེད་པ་དང་ལྡན་པ་དང༌། དེ་བཞིན་དུ་སྟོབས་དང་ལུས་རྒྱས་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་མི་ནི་ནད་ཁྲག་ཡོངས་སུ་དག་པ་ཡིན་ནོ། །ཞེས་སོ། །གཉིས་པ་ཚིག་དོན་ནི། གཏར་ལེགས་སོགས་ཚིགས་བཅད་གཉིས་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་གདབ་དམིགས་སོ་སོ་བ་ཉེར་བདུན། བྱེ་བྲག་ཉི་ཤུ། མདོར་བསྡུས་གསུམ་སྟེ། གཏར་དཔྱད་ལྔ་བཅུ་གསུངས་པ་དེ་དག་ལེགས་པའི་ཡོན་ཏན་ནི་རྩ་ནད་དང་ངན་ཁྲག་སྦྱོང༌། གཟེར་བ་ཟུག་བཅོག་ཅིང་སྐྲངས་པ་རྣམས་རྒྱུ་ནས་འཇོམས་པ་དང༌། རྣག་དང་ཤ་རུལ་སོགས་འདྲུལ་བ་རྣམས་བརྟས་པ་སྟེ་རྒྱས་པར་བྱེད། རྣག་ཆུ་རྩད་ནས་གཅོད། ལུས་སྟོད་སྨད་ཀྱི་རྨའི་མདོག་ངན་པ་བཟང་པོར་འབྱིན། ཁོལ་བུའི་ནད་རླངས་འདོན། ལུས་སྦོམ་པོ་རྣམས་འབྲི་ལ་སྐེམ་པོ་རྣམས་ཤ་རྒྱས་པར་བྱེད། ནད་དངོས་སུ་ཕྱིར་འབྱིན་པར་ནུས་པས་ན། དཔྱད་ཀྱི་མཆོག་ནི་གཏར་ཁ་ཡིན་པར་བཤད་དོ། །ཅེས་གསུངས་སོ། །ཞེས་པའོ།།

        གསུམ་པ་ལེའུའི་མཚན་བསྟན་པ་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་དཔྱད་ལྔའི་དང་པོ་གཏར་ཁའི་ལེའུ་སྟེ་ཉི་ཤུ་པའོ། །ཞེས་བྱ་བའི་དོན་ཏོ།།

 

 

མཐའ་མའི་འདོན་ཐེངས་།: 03.09.2011 ཉིན། 2:39 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།