སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ང་བཞི་པ། ཆུ་འགགས་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་ང་བཞི་པ། ཆུ་འགགས་གསོ་བ།



ལེའུ་ལྔ་བཞི་པ།  ཆུ་འགགས་གསོ་བ། 

དྲི་མ་འགགས་པ་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། གཅིན་འགགས་ནད་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་པའི་ཐབས་དང་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

རྒྱུ་རྐྱེན་གཞི་མཐུན་ནི་ལྒང་པའི་ཁ་དེ་ཉིད་ཐུར་ལ་བལྟས་པའི་ངོས་གཉིས་ལ་ཆུ་རྒྱུ་བའི་རྩ་ཡོད་པ་རྒྱུ་མ་དང་འབྲེལ་པ། དེ་ལ་ཟས་སྤྱོད་དམན་ལྷག་ལོག་པ་དང་གདོན་གྱིས་བསྐྱེད་པས་འདུ་བ་འཁྲུགས་ཏེ་ལྒང་པའི་རྩར་ཞུགས་ནས་གཅིན་ནད་སྐྱེད་པར་བྱེད་ལ།

དབྱེ་བ་གཅིན་སྲི་བ་དང་གཅིན་འགགས་པ་གཉིས་ལས། སྲི་བ་རླུང་གིས་སྲི་བ་དང༌། མཁྲིས་པས་སྲི་བ་དང༌། བད་ཀན་གྱིས་སྲི་བ་དང༌། འདུས་པས་སྲི་བ་སྟེ་བཞི་དང༌། འགགས་པ་ལ་ཁ་འཆུས་པ་དང༌། རླུང་འཁྱིལ་བ་དང༌། ཁྲག་གིས་འགགས་པ་དང༌། སྤུ་འདྲིལ་བ་དང༌། ཆུ་ལམ་ལྟ་བུ་སྐྲངས་པ་དང༌། ཁུ་བ་མཁར་བ་དང༌། བཤང་བས་འགགས་པ་དང༌། རྡེའུས་འགགས་པ་དང་རྣམ་པ་བརྒྱད་དོ། །

དེ་རྣམས་སོ་སོར་ངོས་འཛིན་པའི་རྟགས་རླུང་ལས་གྱུར་པ་ནི་ཡང་ཞིང་རྩུབ་པའི་ཟས་སྤྱོད་ཀྱིས་བསྐྱེད་པས་ཆུ་སྔོ་ལ་ལྒང་པ་དང་ཕོ་མོའི་མཚན་མ་གཉིས་ཀ་ན་ལ་གཟེར། མཁྲིས་པ་ལས་གྱུར་པ་ཆུ་མདོག་དམར་སེར་ཚ་བའི་རྟགས་ཆེ་ལ་ན་བ་དང༌། བད་ཀན་ལས་གྱུར་པ་བསིལ་བས་གྲང་རྟགས་ལྡན་ཞིང་བསྐ་ལ་འབྱར་བག་ཅན་མི་ཐོན་པ་ཡུན་དུ་ཐོགས། འདུས་པ་ནི་ཀུན་གྱི་རྟགས་དང་ལྡན་པ་ཡིན།

གཅིན་བསྡམས་ནི་ལྒང་པ་རྒྱས་ཏེ་གློ་བུར་དུ་ཁ་འཆུས་ནས་ཆུ་འགགས་པས་ཟུག་ཆེ་བར་འོང་ཞིང་རྒྱུ་ཞབས་སྦོས་པ་ལྟར་སྒང་ཞིང་ལྒང་པ་གཅུས་སྙམ་བྱེད་ཅིང་བཙིར་ན་འབྱུང༌། ཐུར་སེལ་གྱི་རླུང་གྱེན་དུ་འཁྱིལ་བས་ནི་ཆུ་སོར་ཟུག་ལྡང་ཞིང་གཅིན་ཉུང་ཤས་རེ་བཤང་གཅི་གཏོང་བའི་དུས་སུ་འབྱུང༌། མཁལ་མ་དང་བསམ་སེའི་རྩ་འགྲམས་པ་དང་ཁྲག་འཁྲུགས་པས་ཆུ་མདོག་དམར་ལ་ཁྲག་རོས་རེས་འགག་པར་བྱེད་པ་བཅས་འབྱུང་ཞིང་རྒྱུ་ཞབས་གཡས་གཡོན་ན། ཁ་ཟས་ལ་སྤུ་འདྲེས་པ་ལྒང་པའི་རྩར་འགྲིམས་པས་ཟུག་ཆུང་ཞིང་ཆུ་ཁ་སྙི་ལ་ཆུ་འཛིམ་ཞིང་སྤུ་ཉག་ཅན་འབྱུང༌། ལྒང་པའི་ཁ་ནང་དུ་འདྲིལ་ནས་འགགས་པའམ་བཤང་ལམ་བར་དུ་སྐྲངས་ནས་སྲ་ཞིང་ན་ལ་བཤང་གཅིའི་ལམ་འགགས་པས་འཕྱེན་དབུགས་ཀྱང་སྡོམ། ཁུ་བས་འགགས་པ་དགེ་སློང་ཚངས་སྤྱོད་པ་དང་བྱིས་པ་ལྟ་བུ་མིན་ན་གཅིན་བྲོ་དུས་ཉལ་པོ་བྱས་པས་ཁུ་བ་དང་གཅིན་འདྲེས་ཏེ་ཐལ་ཁུ་འདྲ་བ་འབྱུང༌། བཤང་བས་འགགས་པ་དེ་རྟུག་པ་དང་གཅིན་བསྡམས་པ་ཡིན་ནམ་བཤང་གཅི་གཉིས་འདྲེས་པས་འགགས་པ་ཡིན་ན་གཅིན་ལ་བཤང་དྲི་མནམ། རྡེ་འགགས་ནི་བད་མཁྲིས་ལས་གྱུར་ན་ཁུ་ཆུ་ཁྲག་ཅན་འཛག་ཅིང་སྤུ་དེ་བད་ཀན་ལ་བརྟེན་ཆུས་བཅོས་ཤིང་རླུང་གིས་བསྒྲིལ་ནས་རྡེའུར་འགྱུར་ཞིང༌། མངོན་ཚུལ་ཕོ་མཚན་དང་གཞང་ཁའི་བར་རྣམས་ན་ལ་རྡེའུས་འགགས་ན་རིམ་གྱིས་གཅིན་འགགས་ཤིང་གཏོང་དུས་ཚ་རེག་རེག་འོང་ལ་སྦྲེ་དྲི་མནམ་ཞིང་ལྒང་པར་སྦོ་བར་བྱེད་པ་དང༌། ནད་རྒྱས་པའི་ཚེ་གཅིན་འབྱུང་བའི་དུས་ན་སོ་འཆའ་བ་སྟེ་ཀྲིག་ཅིང་འདར་ལ་འཁུན་ཞིང་ཁུ་ཚུར་བཅང་བ་དང་མཚན་མ་ཉེད་ཅིང་ཆུ་ཐིག་ཐིག་འོང༌། དེ་ཡང་འཆོལ་རྡེ་དང་ཟུག་རྡེ་གཉིས་སུ་སྲིད་པ་ལས་འཆོལ་རྡེ་ནི་ཀུན་ཏུ་ཁྱབ་ཅིང་ཐད་གཅིག་ཏུ་མི་སྡོད་པས་གཅིན་ཡང་བར་མཚམས་བཅད་ཅིང་འོང་ལ་རྟ་ཞོན་པ་སོགས་ཀྱིས་རྡེའུ་དཀྲོགས་པས་དྲག་ཤུལ་རྗེས་ལ་ཁྲག་ཅན་ནམ་རྙོག་ཅན་འཛགཟུག་རྡེ་ལྒང་པའི་ཁ་ལ་ཟུག་ནས་ཆུ་ཐིག་ཐིག་ཙམ་ལས་རྒྱུན་དུ་སྡོམ་ཞིང་གཏིང་དུ་ཟུག་ན་ན་ལ་གཟེར་བ་ལས་ཆུ་མི་འགག་གོ།

དེ་རྣམས་བཅོས་པའི་ཐབས་ནི་རླུང་ལས་གྱུར་པའི་ཆུ་སྲི་བ་ལ་རྒྱ་ཚྭ། སྡིག་སྲིན། སུག་སྨེལ། ཁ་རུ་ཚྭ། ཉི་དགའ་སྟེ་ལྕམ་པ་རྣམས་བུ་རམ་ཆང་དང་སྦྱར་ལ་བླུད། ལུས་ཐམས་ཅད་ལ་ཏིལ་མར་གྱི་བསྐུ་བྱུག་དང་འབའ་ཆའམ་རས་སྣུམ་ཅན་གྱི་དུགས་དང་དྲོད་བཅུད་ཀྱི་ཟས་ཞུན་མར། ལུག་ཤ བུ་རམ། ཆང༌། ཁ་རུ་ཚྭ་རྣམས་ཀྱིས་བཅོས། མཁྲིས་པ་ལས་གྱུར་པར་ཉེ་ཤིང༌། གཟེ་མ། པུ་ཤེལ་རྩེ། རྒུན་འབྲུམ། དཱུར་བ་སྟེ་རྩྭ་དང་འབྲས་དང༌། བ་ད་ར་ཏེ་རྒྱས་པ་གཤམ་དུ་གཅིན་སྙི་སྐབས་བཤད་པ་ལྟར་རྒྱ་ཤུག་གི་འབྲུ་རྣམས་བསྐོལ་ཁུར་ཀ་ར་དང་སྦྲང་རྩི་བཏབ་པ་བླུད་ཅིང༌། གླ་རྩི། སྐྱུ་རུ་ར། བྲག་ཞུན་རྣམས་གང་རུང་གི་ཆིག་ཐང་བཏང་ལ་ལོང་རྩ་གཏར། བད་ཀན་ལས་གྱུར་པར་རྒྱ་ཚྭ། སུག་སྨེལ། ཚ་བ་སྒ་པི་ཕོ་གསུམ། སྡིག་སྲིན། ལྕམ་པ་རྣམས་ཆང་དང་སྦྱར་ལ་བཏང་ཞིང༌། བྱ་རྒོད་ཀྱི་རུས་པ། སུག་སྨེལ། ཚ་བ་སྒ་པི་ཕོ་གསུམ། གཟེ་མ་རྣམས་སྦྲང་དང་སྦྱར་བ་བླུད་ཅིང༌། འདུས་པ་བཅོས་ཐབས་ཀུན་གྱིས་གསོ་དགོས་སོ། །

ཁ་འཆུས་ན་རྐང་པ་ནས་སྤྲུག་ཅིང་ལག་པའི་མཛུབ་མོ་གཞང་དུ་བཅུག་པས་ལྒང་པའི་ཁ་འཆུས་པ་བསྲང༌། རླུང་འཁྱིལ་ལ་དུགས་དང་བྱུག་པ་འཇམ་རྩི་བཀྲུ་འཇམ་རྣམས་ཕྱི་རྒྱུད་ལྟར་བྱ་བ་དང༌། ཁྲག་གིས་འགགས་ན་སྦུ་གུ་ཟངས་དུང་ཁ་བཅུག་ལ་བཅད་ཅིང་རྒྱ་ཚ་ཤུ་དག་ལྒང་པར་བསྐྱལ་ལ་ཆུ་ཚན་ནང་དུ་སྤྱིང་བ་སྟེ་ཞུགས་ལ་ལོང་རྩ་གཏར་ཞིང་དམར་པོ་བཙོད། རྒྱ་སྐྱེགས། ཞུ་མཁན། འབྲི་མོག་བཞི་དང་མཁྲིས་སྣ་སྦྱར་ལ་བཏང༌། སྤུ་འགགས་ལ་ལྒང་པའི་ཁ་ནས་མཉེ་ཞིང་བཞོའོ། །སྐྲངས་འགགས་ལ་ཆུ་ལུམས་དང་དུགས་དང་ལོང་རྩ་གཏར་བ་དང༌། མས་བཏང་གོང་མ་ནི་ལེའུ་གོང་མ་དྲི་མ་འགགས་པ་གསོ་བར་བཤད་པའི་ནི་རུ་ཧ་དེ་ཡིན་ནམ་བསམ་པ་དང༌། ཡང་ན་སྙིང་པོ་བསྡུས་པར། བི་ད་ར་ཏ་ལ་སོགས་པའི། །སྡེ་ཚན་རྣམ་པ་ཀུན་ཏུ་སྦྱར། །བཀྲུ་སྨན་དོན་དུ་སེང་ཕྲོམ་མར། །འཇམ་རྩི་ལས་ཀྱང་བསྟེན་པར་བྱ། །མཆོག་ཏུ་འཇམ་རྩི་གོང་མ་བྱ། །ཞེས་སེང་ཕྲོམ་མར་གྱིས་གོང་མ་བི་ད་ར་ཏ་ལ་སོགས་པའི་འཇམ་རྩིའམ་མས་བཏང་བཤད་པ་ལྟར་གྱིས་སྐྲངས་པ་བཞུ་བར་བྱ། ཁུ་བས་འགགས་པ་ཁྱིམ་པ་ཡིན་ན་ཆགས་པ་སྤྱད་ཅིང་བཞོ་བ་དང༌། སྡོམ་ལྡན་ཡིན་ན་ཕོ་མཚན་ལག་པས་མཉེས་ལ་བཞོ། བཤང་བས་འགགས་པ་ལ་ཕྱི་རྒྱུད་དུ་བཤད་པ་ལྟར་གྱི་ནི་རུ་ཧ་རྣོན་པོས་དྲངས་ཤིང༌། དེ་རྣམས་གང་བྱས་ན་ཡང་ཐོན་དཀའ་བར་ཆུ་ཐུར་གྱིས་གསང་བ་ལ་རིང་ཐུང་ཕོ་ལ་མཐོ་གང་སྦོམ་ཕྲ་གྲོ་སོག་ཙམ་དང༌། མོ་ལ་རིང་ཐུང་སོར་བཞི་སྦོམ་ཕྲ་ནས་སོག་ཙམ་པའི་ཆ་བྱད་རྒྱུས་པ་བལྡད་ཅིང་ཁ་དྲིལ་ཏེ་གསང་ཕོ་མཚན་མོ་མཚན་གྱི་ནང་དུ་བཏང་ལ་དབྱུང་ཞེས་པ། དམར་ཁྲིད་དུ་ཐུར་མ་ཕྲ་ལ་ནང་ཡངས་པ་གལ་ཆེ། དེའི་ནང་དུ་རྒྱུས་པ་བཅུག་ལ་དེའི་རྩ་བ་བལྡད་ཅིང་ཤོང་བ་དེ་ཐུར་མའི་ཁ་ལ་ཁྲེམས་པར་བཀྲམ་པའི་རློན་པ་འཇམ་པོ་དེ་ཕོ་མོ་གང་ཡིན་དེའི་གསང་བའི་བུག་པར་གཞུག་འཕོངས་སུ་སླེབ་པ་དང་མཛུབ་མོས་ལྒང་ཕུག་ནང་དུ་ཕུལ་བས་ནང་དུ་སླེབ་པ་དང་ཡངས་ཆོལ་གྱིས་འོང༌། དེ་ཙ་ན་ཐུར་མ་བཟུང་ལ་རྒྱུས་པ་དབྱུང༌། དེའི་ཤུལ་དུ་ཆུ་འབྱུང་ངོ༌། །འཕྲུལ་ཐུར་མ་བྱུང་ན་སོག་མ་སྦོམ་ཕྲ་རན་པ་མི་ཆག་ཙམ་སྦངས་པས་བྱའོ། །རྡེའུས་འགགས་པ་ལ་སྨན་གྱིས་བཤིག་པ་དང༌། དཔྱད་ཀྱིས་དབྱུང་བ་གཉིས་ལས། རྡེའུའི་སྨན་ཁྲུང་ཁྲུང༌། རྔ་མོ། བོང་བུ་རྣམས་ཀྱི་རུས་པ་དང༌། དབྱི་མོང༌། གཟེ་མ། སྨན་སྒ་རྣམས་ཆང་དང་སྦྱར་ལ་བཏང༌། ལྒང་པའི་རྡེ་བཤལ་ནི་རྣོན་པོ་རྒྱ་སྡིག་སྲིན་གསེར་བྱེ་གསུམ་དང༌། ཉི་དགའ་སྟེ་ལྕམ་པ། གླ་རྩི་དང་སོ་བྱའི་སྒྲོ་གཞོབ་རྣམས་ཕོ་མོ་ཆགས་པ་སྤྱོད་པའི་སྦྱོར་མཚམས་ནས་འབྱུང་བའི་ཆུ་ངན་དང་སྦྱར་ལ་བཏང༌། ལྒང་པའི་ཚྭ་སྦྱོར་ཆེན་མོ་ནི་ཟེ་ཚྭ་རྒྱ་ཚྭས་སྣ་དྲངས་ཚྭ་སྣ་ཚོགས་ཚད། གསེར་གྱི་བྱེ་མ། སྡིག་སྲིན། འབྲས་སྣ་འཇམ་སྲ་ཨ་གསུམ། ཉི་དགའ་སྟེ་ལྕམ་པ། སུག་སྨེལ། གླ་རྩི། ཚ་བ་སྒ་པི་ཕོ་གསུམ། སྤོས་དཀར། འབུ་སྐྱོགས་ཞེས་དུང་དཀར་འདྲ་བ་དེ་རྣམས་བུར་དཀར་ཆང་སྦྱར་བཏང༌། ཡང་ན་བ་ཚ། ནག་མཚུར་སྦངས་པའི་ཁུ་བ་འབྲིའི་འོ་མ་མར་ལ་བསྡུས་པའི་སྨན་མར་བྱས་ལ་གོང་གི་སྨན་རྣམས་ཁ་ཚར་ལ་བཏབ་པ་བཏང་ཞིང་ཟས་སྤྱོད་དྲོད་དུ་བསྟེན་པས་ཆུ་འགགས་ཀུན་སེལ་ཞིང་ཁྱད་པར་རྡེའུ་བཤིག རྒྱ་ཚྭ། སུག་སྨེལ། གླ་རྩི། སྡིག་སྲིན་དང༌། བོང་བུའི་རྨིག་པ། བྱིང་བྱིང་ཐུ་ལུ་རྣམས་ཆང་དང་སྦྱར་བ་ལ། ཨོཾ་རམ་རམ་ཤག་ཤག་ཙིར་ཙིར་ཚེག་ཚེག་རྦད་སྙིལ་སྭཱཧཱ། ཞེས་སྨྲ་བ་བཅད་དེ་རྒྱུན་དུ་བཟླས་པ་བཏབ་ལ་བྱིན། དཔྱད་ཀྱིས་དབྱུང་བ་རྡེ་ཕྲན་གྱིས་འགགས་ན་ལམ་ནས་དྲལ་བ་ནི་དམར་ཁྲིད་དུ། རྡེལ་ཕྲན་སྒང་ཕུག་ནས་ཕྱིར་ཐོན། ལམ་དུ་འཁྱགས་ནས་འགགས་ན་གར་འདུག་པ་དེའི་སྲུབས་ཀྱི་གཡོན་དུ་རྡེའུ་ལ་བསྟེན་པ་བྱས་ལ་གཙགས་བུས་དྲས་ལ་བཙིར། རྨ་ལ་སྣུམ་བྱུགས་དུགས་བྱའོ་ཞེས་འབྱུང༌། སྨན་གྱིས་མ་བཤིགས་པར་རྙིངས་ཤིང་རྒྱས་པ་ལ་སྣུམ་བསྐུས་དུགས་བྱ་རྟའམ་ཤིང་ལ་བསྐྱོན་ནས་ཞེས་པ་སྙིང་པོ་བསྡུས་པར། རྡེའུ་ནི་གཡོ་བར་འགྱུར་ཞེས་བྱ་བ་དེ་འབྱུང་ཕྱིར་རྟའམ་ཤིང་ལ་བསྐྱོན་ནས་ཕར་ཁྲིད་ཚུར་ཁྲིད་བྱ་བ་དང༌། ལུས་ཀྱི་ཆོ་ག་ནི་ནད་པ་ཁ་ཟས་མ་ཟོས་པར་ཉམ་དམད་དེ་པུས་མོ་དང་མཉམ་པའི་ནས་ཀྱི་ཁྲི་ལ་གན་རྐྱལ་དུ་གཡོག་གི་པང་པས་བརྟེན། སྒྱིད་ཁུང་གསུས་པར་བསྐུམ་ལ་པང་དུ་འཛིན་མཁན་གྱི་ནད་གཡོག་དང་བཅས་རས་ཀྱིས་བཅིངས། སྨན་པའི་ལག་པ་གཡས་ཀྱི་སོར་མོས་ལྟེ་བའི་འོག་གི་གཡོན་ནས་བཙིར། གཡོན་པའི་གུང་མོས་གཞང་ཁར་རྡེའུ་འབུར་གྱིས་མ་བྱུང་བར་བསྒུག་ཅིང༌། ཆུ་རྩ་སྲོག་རྩ་སྲིད་རྩ་ཞེས་པ་ལྒང་པའི་ཆུ་རྩ་སྲོག་རྩ་སྲིད་རྩ་གསུམ། མཚན་དབྲག་བར་གྱི་དབུས་དང་གཡས་གཡོན་གནས། ཞེས་ལྒང་བའི་དབུས་སུ་ཆུ་རྩ། གཡས་སུ་སྲོག་རྩ། གཡོན་དུ་སྲིད་རྩ་ཡོད་པ་ལས་བྱོལ་བ་ཨ་ལོང་ཁ་ནས་གྱེན་དུ་ཚོན་གང་གཞལ་བའི་མདུན་གསང་དང་དེ་ནས་གཡས་གཡོན་དུ་རགས་པ་ཚོན་རེ་བཙལ་བ་ཟུར་གསང་རྒྱབ་གསང་ཨ་ལོང་ཁ་རང་དང་བཅས་གསུམ་པོ་གར་ཁུགས་པའི་སར་རྡེའུ་བཙལ་བར་རགས་པ་གསུངས་པའི་ཞིབ་པ་གཞན་དུ་བཀོད་པ་ལྟར་ལ་གཙགས་ཀྱིས་ལེགས་པར་དྲལ་ཏེ་བུད་མེད་ལ་ལྒང་པ་དང་བུ་སྣོད་ནོར་ཉེན་ཆེ་བས་ལེགས་པར་བརྟགས་ཏེ་ཆ་བྱད་སྦྲུལ་མགོ་ལྟ་བུས་དབྱུང་བར་བྱ། དེ་རྗེས་ཆུ་དྲོན་ནང་དུ་སྤྱིང་བ་སྟེ་ཞུགས་ཤིང་རྨ་ལ་སྦྲང་རྩི་བྱུག་ཅིང་བུ་རམ་གྱི་ཕྱེ་མ་དང་སྦྲང་རྩི་བྱིན་ལ་ནས་ཐུག་མར་བཅས་ནང་ནུབ་བླུད། ཞག་བདུན་འདས་ནས་ཀྱང་གཅིན་རང་ལམ་དུ་མ་འོངས་པར་རྨ་ནས་མ་གཏོགས་མདུན་དུ་མ་འགྱུར་ན་རྨ་དེ་སྤྲ་བས་བསྲེག་ཅིང་ཕྱིང་པ་སྣུམ་དང་ལྡན་པས་བདུགས། རྟ་ལ་ཞོན་པ། ཉལ་པོ་སྤྱོད་པ། རི་དང་ཤིང་ལ་འཛེག་པ་དང༌། ཆུའི་ལས་དང་རླན་སྟེང་དུ་སྡོད་པ་སོགས་སླར་ལོ་རྟིང་མའི་དུས་དེར་མ་སླེབ་པར་སྤང་བར་བྱ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་ཐོར་བུའི་ནད་ཀྱི་ནང་ཚན་ཆུ་འགགས་གསོ་བའི་ལེའུ་སྟེ་ལྔ་བཅུ་རྩ་བཞི་པའོ།། །།


 

མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 3:12 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།