སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ང་བཞི་པ། ཆུ་འགགས་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 

ལེའུ་ང་བཞི་པ། ཆུ་འགགས་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག གཅིན་འགགས་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

སྤྱི་དོན་དང་པོ་རྒྱུ་རྐྱེན་ལྒང་པའི་ཁ་ཉིད་ཐུར་བལྟས་པའི། །ངོས་གཉིས་ཆུ་རྒྱུའི་རྩ་ཡོད་རྒྱུ་མར་འབྲེལ། །དེ་ལ་ཟས་སྤྱོད་གདོན་གྱིས་འདུ་བ་འཁྲུགས། །ལྒང་པའི་རྩར་ཞུགས་གཅིན་ནད་སྐྱེད་པར་བྱེད།།

སྤྱི་དོན་གཉིས་པ་དབྱེ་བ་གཅིན་སྲི་བ་དང་གཅིན་འགགས་གཉིས། །དང་པོ་སྲི་བ་རླུང་མཁྲིས་བད་ཀན་འདུས་པ་བཞི། །གཉིས་པ་འགགས་ལ་ཁ་འཆུས་རླུང་འཁྱིལ་འགགས་དང་ཁྲག་འགགས་དང་སྤུ་འགགས། །སྐྲངས་དང་ཁུ་བ་འགགས་པ་དང་བཤང་བ་དང་རྡེ་འགགས་དང་བརྒྱད།།

སྤྱི་དོན་གསུམ་པ་དེ་རྟགས་དང་པོའི་དང་པོ་རླུང་གྱུར་ཡང་རྩུབ་ཟས་སྤྱོད་ཀྱིས། །ཆུ་སྔོ་ལྒང་པ་ཕོ་མཚན་ན་ལ་གཟེར། །གཉིས་པར་མཁྲིས་གྱུར་ཆུ་དང་ལུས་དམར་སེར་ཚ་བ་ཆེ་ལ་ན། །གསུམ་པ་བད་ཀན་བསིལ་ཞིང་སྐ་འབྱར་ཡུན་དུ་ཐོགས། །བཞི་བ་འདུས་པ་ཀུན་གྱི་རྟགས་དང་ལྡན་པ་ཡིན། །གཉིས་པའི་དང་པོ་གཅིན་བསྡམས་ལྒང་པ་རྒྱས་ཏེ་ཁ་འཆུས་པས། །རྒྱུ་ཞབས་སྦོས་པ་ལྟར་སྒང་ཞིང་ལྒང་པ་གཅུས་སྙམ་བྱེད་ཅིང་བཙིར་ན་གཅིན་ཅུང་ཟད་རེ་འབྱུང༌། །གཉིས་པ་ཐུར་སེལ་གྱེན་དུ་འཁྱིལ་བས་ཆུ་སོར་ཟུག་ཅིང་གཟེར་སྒང་ཞིང་། །ཉུང་ཤས་བཤང་གཅི་གཏོང་བའི་དུས་སུ་འབྱུང༌། །གསུམ་པ་མཁལ་མ་བསམ་སེའི་རྩ་འགྲམས་ཁྲག་འཁྲུགས་པས། །ཆུ་དམར་ཁྲག་རོ་བཅས་འབྱུང་རྒྱུ་ཞབས་གཡས་གཡོན་ན། །བཞི་བ་ཁ་ཟས་སྤུར་འདྲེས་ལྒང་པའི་རྩར་འགྲིམས་པས། །ཟུག་ཆུང་སྙི་ལ་ཆུ་འཛིམ་སྤུ་ཉག་འབྱུང༌། །ལྔ་བ་ལྒང་པའི་ཁ་འམ་བཤང་ལམ་བར་དུ་སྐྲངས། །སྲ་ཞིང་ན་ལ་བཤང་གཅི་ཕྱེན་དབུགས་སྡོམ། །དྲུག་པ་ཚངས་སྤྱོད་པ་འམ་གཅིན་བྲོ་ཉལ་པོ་བྱས། །ཁུ་བ་གཅིན་འདྲེས་ཐལ་ཁུ་འདྲ་བ་འབྱུང༌། །བདུན་པ་བཤང་བ་འགགས་པ་རྟུག་པ་གཅིན་བསྡམས་སམ། །བཤང་གཅི་འདྲེས་ན་གཅིན་ལ་བཤང་དྲི་མནམ། །བརྒྱད་པ་རྡེ་འགགས་བད་མཁྲིས་ཁུ་ཆུ་ཁུ་བ་ནང་དུ་འདྲིལ་བས་ཁྲག་ཅན་སྤུ། །བད་ཀན་ལ་བསྟེན་ཆུ་བཙོས་རླུང་གིས་སྒྲིལ་ནས་རྡེའུ་འགྱུར། །མངོན་ཚུལ་ཕོ་མཚན་གཞང་ཁ་བར་རྣམས་ན། །གཅིན་འགགས་སྦྲེ་མནམ་ལྒང་པར་སྦོ་བར་བྱེད། །ནད་རྒྱས་གཅིན་འབྱུང་དུས་ན་སོ་འཆའ་འདར། །འཁུན་ཞིང་ཁུ་ཚུར་བཅང་དང་མཚན་མ་ཉེད། །དེ་ཡང་གཅིག་ཏུ་མི་སྡོད་ཀུན་ཏུ་འཁྱམས་པའི་འཆོལ་རྡེ་ཟུག་རྡེ་གཉིས་སུ་སྲིད། །འཆོལ་རྡེ་གཅིན་ཡང་བར་མཚམས་བཅད་ཅིང་འོང༌། །རྟ་ཞོན་ཞོན་གྱི་རྡེའུ་འདྲེགས་པས་དྲག་ཤུལ་རྗེས་ལ་ཁྲག་ཅན་མུ་ཁྲག་གམ་རྙོགས་མ་ཅན་འཛག །ཟུག་རྡེ་ལྒང་པའོ་ཁ་ལ་ཟུག་ནས་རྒྱུན་དུ་ཆུ་ཐག་ཐིག་འོང་སྡོམ། །གཏིང་དུ་ཟུག་ན་ན་གཟེར་ཆུ་མི་འགག།

སྤྱི་དོན་བཞི་བ་དེ་རྣམས་བཅོས་ཐབས་དང་པོའི་དང་པོ་རླུང་གྱུར་ཆུ་སྲི་ལ། །རྒྱ་ཚྭ་སྡིག་སྲིན་སུག་སྨེལ་ཁ་རུ་ཚྭ། །ཉི་དགའ་ལྕམ་འབྲས་བུ་རམ་ཆང་དང་སྦྱར་ལ་བླུད། །ལུས་ཐམས་ཅད་ཏིལ་མར་གྱིས་བསྐུ་བྱུག་འབའ་ཆའི་སྣུམ་དུགས་དྲོད་བཅུད་ཞུན་མར་ཆང་བུ་རམ་ཁ་རུ་ཚྭ་ལུག་ཤ་ཟས་ཀྱིས་བཅོས། །གཉིས་པ་མཁྲིས་གྱུར་ཉེ་ཤིང་གཟེ་མ་པུ་ཤེལ་ཙེ། །རྒུན་འབྲུམ་རྩ་རམ་པ་དུར་བ་འབྲས་དང་བ་ད་ར་རྒྱ་ཤུག་སྟེ་གཙང་འགྲམ་དུ་སྐྱེ་བའི་ཤུག་ཐོག་ཁྲོ་ནག་གི་དབྱིབས་ཅན་དེའོ། །བསྐོལ་ཁུར་ཀ་ར་སྦྲང་རྩི་བཏབ་པ་བླུད། །གླ་རྩི་སྐྱུ་རུ་བྲག་ཞུན་ཆིག་ཐང་བཏང༌། །གསུམ་པ་བད་གྱུར་རྒྱ་ཚྭ་སུག་སྨེལ་ཚ་བ་སྒ་པི་ཕོ་གསུམ། །སྡིག་སྲིན་ལྕམ་པ་ཆང་དང་སྦྱར་ལ་བཏང༌། །བྱ་རྒོད་ཀྱི་རུས་པ་སུག་སྨེལ་ཚ་བ་སྒ་པི་ཕོ་གསུམ། །གཟེ་མ་སྦྲང་བླུད་བཞི་བ་འདུས་པ་རླུང་མཁྲིས་བད་ཀན་ཀུན་གྱིས་གསོ། །གཉིས་པའི་དང་པོ་ཁ་འཆུས་རྐང་པ་ནས་སྤྲུག་ཅིང་ལག་པ་ལྒང་པའི་ཁ་འཆུས་པ་བསྲང་། །རླུང་འཁྱིལ་རླུང་འཇོམས་ཀྱི་དུགས་དང་རོ་སྨད་ལ་བྱུག་པ་དང་འཇམ་རྩི་ཕྱི་རྒྱུད་ལྟར་བྱ། །གསུམ་པ་ཁྲག་འགགས་ཆུ་ཚན་ནང་སྤྱིང་ལོང་རྩ་ཁྱིམ་པ་ཡིན་ན་གཏར། །དམར་པོ་བཙོད་རྒྱ་སྐྱེགས་ཞུ་མཁན་འབྲི་མོག་བཞི་དང་མཁྲིས་སྣ་སྦྱར་ལ་བཏང༌། །བཞི་བ་སྤུ་འགགས་ལྒང་པའི་ཁ་ནས་མཉེ་ཞིང་བཞོ། །ལྔ་བ་སྐྲངས་འགགས་ཆུ་ལུམས་དུགས་དང་གཏར་བ་དང༌། །མས་བཏང་གོང་མས་ཞེས་པ་དྲི་མ་འགགས་པ་གསོ་བའི་སྐབས་བཤད་པའི་ནི་རུ་ཧ་དེ་ཡིན་ཡང་ཡན་ལག་བརྒྱད་པར་པ་ར་ཏ་སོགས་ཀྱི་འཇམ་ཙི་དང་སེང་ཕྲོམ་སོགས་ཀྱི་འཇམ་རྩི་གཉིས་བཤད་པའི་གོང་མ་པ་ར་ཏ་ཅན་དེ་ཡིན་པས་ལེགས་སྐྲངས་པ་བཞུ་བར་ཡང་ཡང་བྱ། །དྲུག་པ་ཁུ་བ་ཁྱིམ་པ་ཡིན་ན་ཆགས་པ་སྤྱད་ཅིང་སྡོམ་ལྡན་ཡིན་ན་ལག་པས་ཕོ་མཚན་མཉེས་ལ་བཞོ། །བདུན་པ་བཤང་བ་འགགས་པ་ནི་རུ་ཧ་ཡིས་དྲང༌། །གང་ཡང་ཐོན་དཀའ་ཆུ་ཐུར་གསང་བ་ལ། །ཕོ་ལ་མཐོ་གང་སྦོམ་ཕྲ་གྲོ་སོག་ཙམ། །མོ་ལ་སོར་བཞི་སྦོམ་ཕྲ་ནས་སོག་ཙམ། །རྒྱུས་བལྡད་ཁ་དྲིལ་གསང་དུ་བཏང་བ་དབྱུང༌། །ཐུར་མ་ཕྲ་ལ་ནང་ཡངས་པའི་ནང་དུ་རྒྱུས་པ་བཅུག་པའི་རྩེ་མོ་བུག་པར་འགང་ཅིང་བཤད་པ། ཐུར་མའི་ཁ་ལ་ཁྲེམས་པར་བཀྲམ་པའི་རློན་པ་འཇམ་པོ་དེ་ཕོ་མོ་གང་ཡིན་གྱི་གསང་བའི་བུ་གར་བཅུག འཕོངས་སུ་སླེབ་པ་དང་འཛུབ་མོས་སྒང་ཕུག་ནང་དུ་ཕུལ་བས་ནང་དུ་སླེབ་པའི་རྟགས་ཡང་ཆོལ་གྱིས་འོང་། དེ་ཙ་ན་ཐུར་རྩེའི་རྒྱུས་པ་དེ་ཐུར་མ་ཡར་ལག་པས་བསྟེན་པ་རྒྱུས་པ་ཕྱིར་དབྱུངས་པས་རྒྱུས་པའི་ཤུལ་ནས་ཆུ་འབྱུང་ལ། དེ་ལྟ་བུའི་འཕྲུལ་ཐུར་མ་བྱུང་ན་སོག་པ་ཕྲ་སྦོམ་རན་པ་མི་ཆག་ཙམ་དུ་ཆུས་སྦངས་ལ་རྒྱུས་པ་སོགས་གོང་བཞིན་བྱས་པས་འགྲུབ་བོ།བརྒྱད་པ་རྡེའུས་འགགས་ལ་སྨན་བཤིག་དཔྱད་ཀྱིས་དབྱུང༌། །དང་པོ་རྡེ་སྨན་ཁྲུང་ཁྲུང་དང་རྔ་མོ་དང་བོང་བུའི་རུས་པ་དང༌། །དབྱི་མོང་གཟེ་མ་སྨན་སྒ་ཆང་སྦྱར་བཏང༌། །ལྒང་པའི་རྡེལ་བུའི་བཤལ་རྣོན་པོ་རྒྱ་ཚྭ་སྡིག་སྲིན་གསེར་བྱ་གསུམ་དང་ཉི་དགའ་ལྕམ་པ་གླ་རྩི་དང༌། །སོ་བྱ་རོག་པོའི་སྒྲོ་གཞོབ་ཕོ་མོ་ཆགས་པ་སྤྱོད་པའི་སྦྱོར་མཚམས་ནས་འོང་བའི་ཆུ་ངན་སྦྱར་ལ་བཏང༌། །ལྒང་པའི་ཚ་སྦྱོར་ཆེན་མོ་ནི་ཟེ་ཚྭ་རྒྱ་ཚྭས་སྣ་དྲངས་ཚྭ་སྣ་ཚོགས། །གསེར་གྱི་བྱེ་མ་སྡིག་སྲིན་འབྲས་སྣ་ཨ་སྲ་ཤ་གསུམ་ཤ་འབྲས་གསུང་ཀྱང་ཡོངས་གྲགས་འཇམ་འབྲས་ཡིན། །ཉི་དགའ་སུག་སྨེལ་གླ་རྩི་ཚ་བ་སྒ་པི་ཕོ་གསུམ། །སྤོས་དཀར་འབུ་སྐྱོགས་དུང་དཀར་འདྲ་བ་དེ་བུར་དཀར་ཆང་སྦྱར་བཏང༌། །ཡང་ན་བ་ཚྭ་ནག་མཚུར་སྨན་མར་ལ། །ཁ་ཚར་ཚ་སྦྱོར་ཆེན་པོ་སོགས་གོང་གི་སྨན་གང་འོས་བཏབ་བཏང་ཟས་སྤྱོད་དྲོད་དུ་བསྟེན། །སྦལ་པའི་ཁུ་བས་འབྲིའི་འོ་མར་བསྙལ་པའི་ལྒང་པའི་རྡེལ་བཤལ་ཞེས་བྱ་བའི་ཁྱིམ་བྱའི་ཤ་ཁུ་དང་རྟ་སྒོག་གཡག་དང་ལྕམ་པ་ལས་ཆ་སྦྱིན་ཆུ་འགགས་ཀུན་སེལ་ཁྱད་པར་རྡེའུ་བཤིག །རྒྱ་ཚྭ་སུག་སྨེལ་གླ་རྩི་སྡིག་སྲིན་དང༌། །བོང་རྨིག་བྱིང་བྱིང་ཐུ་ལུ་ཆང་སྦྱར་ལ། །ཨོཾ་རཾ་རཾ་ཤག་ཤག་རྩིར་རྩིར་ཚེག་ཚེག་རྦད་སྙིལ་སྭཱཧཱ། །སྨྲ་བ་བཅད་དེ་རྒྱུན་དུ་བཟླས་ལ་བྱིན། །གཉིས་པ་དཔྱད་ཀྱིས་དབྱུང་བ་རྡེ་ཕྲན་ལམ་ནས་དྲལ། །ལྒང་ཕུག་ནས་ཕྱིར་ཐོན་ནས་ལམ་དུ་འཁྱགས་འགགས་ན། གར་འདུག་པ་དེའི་སྲུབ་ཀྱི་གཡོན་དུ་རྡེའུ་ལ་བརྟེན་པ་བྱས་ལ་བཙག་བུས་དྲས་ལ་བཙིར། རྨ་ལ་སྣུམ་བྱུགས་པ་དང་དུགས་བྱའོ། །སྨན་གྱིས་མ་བཤིགས་རྙིངས་ཤིང་རྒྱས་པ་ལ། །སྣུམ་བསྐུས་དུགས་བྱ་རྡེའུ་གཡོ་ནས་རྟའམ་ཤིངལ་བསྐྱོན་ནས་བསྐྱོད་པས་ཡན་ལག་བརྒྱད་པར་རྡེའུ་དེ་ནི་གཡོ་བར་འགྱུར།ཞེས་བྱ་བ་དེ་འབྱུང་སྟེ། ལུས་ཀྱི་ཆོ་ག་ནི་ནད་པ་ཁ་ཟས་མ་ཟོས་ཉམ་སྨད་དེ། །པུས་མོ་དང་མཉམ་པའི་ནས་ཀྱི་ཁྲི་ལ་པང་པས་གང་རྐྱལ་ལ་སོགས་ཀྱི་བརྟེན། །སྒྱིད་ཁུང་གསུམ་པར་བཀུག་ལ་པང་དུ་འཛིན་མཁན་གྱི་གཡོག་དང་བཅས་པ་ལྷན་དུ་རས་ཀྱིས་བཅིང༌། །ལག་གཡས་སོར་མོ་ལྟེ་འོག་གཡོན་ནས་བཙིར། །གཡོན་པའི་གུང་མོས་གཞང་ཁར་རྡེའུ་བསྒུག །ཆུ་རྩ་སྲོག་རྩ་སྲིད་རྩ་ནི་ལྒང་པར་སྲོག་རྩ་སྲིད་རྩ་ཆུ་རྩ་གསུམ། །མཚན་དབྲག་བར་གྱི་དབུས་དང་གཡས་གཡོན་གནས། ཞེས་ལྒང་པའི་དབུས་སུ་སྲོག་རྩ་དང་གཡས་སུ་སྲིད་རྩ་དང་གཡོན་དུ་ཆུ་རྩ་གསུམ་ལས་བྱོལ་བའི། །ཨ་ལོང་ཁ་ནས་མཚོན་གང་ མདུན་གསང་དེའི་གཡས་གཡོན་དུ་མཚོན་གང་ཟུར་གསང་ཨ་ལོང་ཁར་རྒྱབ་གསང་གར་ཁུགས་སར་ཕྱིར་ལྡེའུ་གར་ཁུགས་སར་པགས་པ་ལེགས་པར་མཉེས་ལ་རྩ་མེད་པ་ལ་བཙལ་ཕལ་ཆེར་སྲུབས་ལས་གཡོན་ངོས་གདོན་ནོ། །རྡེའུ་བཙལ་ལ་གཙགས་ཀྱིས་ག་ལེར་རིམ་པས་ལྤགས་པ་ཤ་ལ་སོགས་པ་ལེགས་དྲལ་ཏེ། །ཆ་བྱད་སྦྲུལ་མགོ་ལྟ་བུས་དབྱུང་བར་བྱ་བུད་མེད་ལ་བུ་སྣོད་ཡོད་པས་དེ་ལས་ལག་པས་བརྟག་པ་གཅེས་སེན་མོ་བྲེགས་ལ་འཕོང་དུ་བཅུག་གོ། །ཆུ་དྲོན་ནང་སྤྱིང་རྨ་ལ་སྦྲང་རྩི་ཤིང་མངར་སེང་ཕྲོམ་བཙོད་ཡུག་ཀ་རི་ཀ་སྦྱར་བྱུག །བུ་རམ་སྦྲང་བྱིན་ནས་ཐུག་མར་བཅས་ནང་ནུབ་བླུད། །ཞག་བདུན་འདས་ནས་གཅིན་ལམ་རྨས་པ་མ་གཏོགས་མདུན་དུ་མ་འགྱུར་ན། །རྨ་དེ་སྤྲ་བས་བསྲེག་ཅིང་སྣུམ་ལྡན་གྱི་ཕྱིང་པས་བདུག །རྟ་ཞོན་ཉལ་པོ་རི་ངོས་དང་ཤིང་ལ་འཛེག་པ་དང༌། །ཆུ་ཡི་ལས་དང་རླན་སྟེང་སྡོད་པ་སོགས་ལོ་གཅིག་གི་བར་དུས་སྤང༌བར་བྱའོ  ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཆུ་འགགས་གསོ་བའི་ལེའུ་སྟེ་ལྔ་བཅུ་རྩ་བཞི་པའོ།། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:24 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།