སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ང་བཞི་པ། གཅིན་འགགས་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.08.2011
མན་ངག་རྒྱུད། >> ལེའུ་ང་བཞི་པ། གཅིན་འགགས་གསོ་བ།

 ལེའུ་ང་བཞི་པ་གཅིན་འགགས་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུ་འི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། གཅིན་འགགས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། གཅིན་འགགས་ནད་ཀྱི་རྒྱུ་རྐྱེན་སྤྱིར་བསྟན་པ་དང༌། དེ་བཞིན་དུ་དབྱེ་བ་དང༌། རྟགས། བཅོས་ཐབས་བཤད་པ་དང་བཞི་བསྟན་པའོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི་ལས། དང་པོ་ནི། རྒྱུ་རྐྱེན་ཞེས་རྐང་པ་བཞིས་བསྟན་ཏེ། རྒྱུ་དེ་བསྐྱེད་པ་ནི་ལྒང་པའི་ཁ་ཐུར་དུ་བལྟས་པའི་ངོས་གཉིས་སུ་ཆུ་རྒྱུ་བའི་རྩ་ཡོད་པ་དེ་རྒྱུ་མར་འབྲེལ་ནས་གནས་པ་དེ་ལ། ཟས་དང་སྤྱོད་ལམ་གདོན་སོགས་ཀྱིས་བསྐྱེད་ནས་འདུ་བ་འཁྲུགས་པས་ལྒང་པའི་རྩར་ཞུགས་ན་གཅིན་ནད་སྐྱེ་བའི་རྐྱེན་བྱེད་པའོ། །གཉིས་པ་དབྱེ་བ་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དབྱེ་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྲི་བ་དང་འགགས་པ་གཉིས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། གཅིན་སྲི་བའི་དབྱེ་བ་སོ་སོར་བསྟན་པ་དང༌། འགགས་པའི་དབྱེ་བ་སོ་སོར་བསྟན་པའོ། །དང་པོ་ནི། སྲི་བ་ལའང་བཞི་ལས། དང་པོ་ནི། སྲི་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་དབྱེ་ན། རླུང་གིས་སྲི་བ་དང༌། མཁྲིས་པས་སྲི་བ་དང༌། བད་ཀན་གྱིས་སྲི་བ་དང༌། འདུས་པས་སྲི་བ་སྟེ་བཞིའོ།།

གཉིས་པ་འགགས་པ་ལའང་བརྒྱད་ལས་གཉིས་པ་ནི། འགགས་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་འགགས་པའི་རྐྱེན་ནི་ལྒང་པའི་ཁ་འཆུས་པ་དང༌། རླུང་འཁྱིལ་བ་དང༌། ཤ་ཁྲག་གི་འགགས་པ་དང༌། སྤུ་འདྲིལ་བ་དང༌། ཆུ་ལམ་ལྟ་བུ་སྐྲངས་པ་དང༌། ཁུ་བ་འཁར་བ་དང༌། བཤང་བས་འགགས་པ་དང༌། རྡེའུས་འགགས་པ་དང་རྣམ་པ་བརྒྱད་དོ། །གསུམ་པ་རྟགས་བཤད་པ་ལ་གཉིས། གཅིན་སྲི་བའི་རྟགས་དང་འགགས་པའི་རྟགས་གཉིས། དང་པོ་ནི། སྲི་བ་ལའང་བཞི་ལས། དང་པོ་ནི། དེ་རྟགས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། མཁྲིས་གྱུར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་ནི། བད་ཀན་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བཞི་པ་ནི། འདུས་པ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་གཅིན་བསྡམས་པའི་རྟགས་ལའང་བརྒྱད་ལས། དང་པོ་ནི། གཅིན་བསྡམས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རྒྱུ་ཞབས་སྒང་ཞེས་པ། སྦོས་པ་ལྟར་བྱེད་པའོ། །གཉིས་པ་ནི། ཐུར་སེལ་ཞེས་རྐང་པ་གཅིག་གིས་བསྟན་ནོ། གསུམ་པ་ནི། །མཁལ་མ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཞི་པ་ནི། ཁ་ཟས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་ཟུག་ཆུང་སྙི་ལ་ཞེས་པའི་སྲི་བ་ནི་ཆུ་ཁ་སྙི་ཞིང་ཡང་ཡང་དུ་འབྱུང་བའོ། །ལྔ་པ་ནི། ལྒང་པའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །དྲུག་པ་ནི། ཚངས་སྤྱོད་ཅེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བདུན་པ་ནི། བཤང་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བརྒྱད་པ་རྡེ་འགགས་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། དེ་ལྟར་འཆོལ་རྡེ་ཞེས་ཀུན་དུ་ཁྱབ་ནས་ཐམས་ཅད་གཅིག་ཏུ་མི་སྡོད་པའོ། །ཟུག་རྡེ་ལྒང་བར་ཟུག་གཟེར་བྱེད་པའོ།།

        བཞི་པ་བཅོས་ཐབས་བཤད་པ་ནི། དེ་རྣམས་ཞེས་རྐང་པ་ལྔ་བཅུ་རྩ་དགུ་དང་འབྲུ་གསུམ་གྱིས་བསྟན་ཏེ། རླུང་གྱུར་གྱི་བསྐུ་བྱུག་ནི་ལུས་ཀུན་ཏིལ་མར་གྱིས་བསྐུ། སྣུམ་དུགས་ནི་འབའ་ཆའི་དུགས། དྲོད་ཅུང་ཟད་ནི་ཞུན་མར་ལུག་ཤ་ཆང་བུ་རམ་རྣམས་བསྟེན་ནོ། །མཁྲིས་གྱུར་གྱིས་བ་ད་ར་ནི་རྒྱ་ཤུག་འབྲུའོ། །སྐྲངས་འགགས་ཀྱིས་མས་བཏང་གོང་མ་ནི་ལེའུ་གོང་མ་དྲི་མ་འགགས་པ་གསོ་བར་བཤད་པའི་ནི་རུ་ཧ་དེ་ཡིན་ནམ་བསམ། ཡང་ན་སྙིང་པོ་བསྡུས་པར། བི་ད་ར་ཏ་ལ་སོགས་པའི། སྡེ་ཚན་རྣམ་པ་ཀུན་དུ་སྦྱར། བཀྲུ་སྨན་དོན་དུ་སེང་ཁྲོམ་མར། །འཇམ་རྩི་ལས་ཀྱང་བསྟེན་པར་བྱ། །མཆོག་ཏུ་འཇམ་རྩི་གོང་མ་བྱ། །ཞེས་སེང་ཕྲོམ་མར་གྱིས་གོང་མ་བི་ར་ཏ་ལ་སོགས་པའི་འཇམ་རྩིའམ་མས་བཏང་བཤད་དོ། །གང་ཡང་ཐོན་དཀའ་ཆུ་ཐུར་གསང་བ་ལ། ཞེས་པའི་དམར་ཁྲིད་དུ། ཐུར་མ་ཕྲ་ལ་ཡངས་པ་གལ་ཆེ། དེའི་ནང་དུ་རྒྱུས་པ་བཅུག་ལ་དེའི་རྩ་བ་བལྡད་ཅིང་ཤོང་བ། དེ་ཐུར་མའི་ཁ་ལ་ཁྲེམས་པར་བཀྲམས་པའི་རློན་པ་འཇམ་པོ་དེ་གསང་བའི་བུག་པར་གཞུག །འཕོངས་སུ་བསླེབས་པ་དང་མཛུབ་མོས་ལྒང་ཕུག་ནང་དུ་ཕུལ་བས་ནང་དུ་བསླེབས་པ་དང་ཡངས་ཆོལ་གྱི་འོང༌། དེ་ཙ་ན་ཐུར་མ་བཟུང་ལ་རྒྱུས་པ་དབྱུང་དེའི་ཤུལ་དུ་ཆུ་འབྱུང་ངོ༌། །འཕྲུལ་ཐུར་མ་བྱུང་ན་སོག་མ་སྦོམ་ཕྲ་རན་པ་མི་ཆག་ཙམ་སྦོམ་པས་བྱའོ། །ཞེས་སོ། །རྡེ་འགགས་སྨན་གྱིས་བཤིག་པའི་རྣོན་པོ་གསུམ་ནི། རྒྱ་ཚྭ་སྡིག་སྲིན་གསེར་བྱེའོ། །སྒ་ཚྭ་ནག་ཚུར་ནི། ཡང་ན་སྒ་དང་ཚྭ་སྣ་དང་ནག་ཚུར་རྣམས་སྨན་མར་བྱས་པ་ལ་གོང་གི་སྨན་རྣམས་ཁ་ཚར་བཏབ་པའོ། །འདི་དག་ལ་ལྒང་པའི་རྡེལ་བཤལ་དང་ཚ་སྦྱོར་ཆེན་པོ་ཞེས་བྱའོ། །དཔྱད་ཀྱིས་དབྱུང་བ་རྡེལ་ཕྲན་ལམ་ནས་དབྱུང་བ་ནི་དམར་ཁྲིད། རྡེལ་ཁྲན་ལྒང་ཕུག་ནས་ཕྱིར་ཐོན། ལམ་དུ་འཁྱགས་ནས་འགགས་ན། གར་འདུག་པ་དེའི་སྲུབས་ཀྱིས་གཡོན་དུ་རྡེའུ་ལ་བརྟེན་པ་བྱས་ལ་གཙག་བུས་དྲས་ལ་བཙིར། རྨ་ལ་སྣུམ་བྱུགས་བདུག་བྱའོ་ཞེས་འབྱུང་ངོ༌། །རྡེའུ་རྙིངས་ཤིང་རྒྱས་པ་ལ་རྟ་རྟའམ་ཤིང་ལ་སྐྱོན་ནས་ཕར་ཁྲིད་ཚུར་ཁྲིད་བྱས་པས་སྙིང་པོ་བསྡུས་པར། རྡེའུ་དེ་ནི་གསོ་བར་འགྱུར། ཞེས་པ་དེ་འབྱུང་ངོ༌། །ལུས་ཀྱི་ཆོ་གའི་པུས་མཉམ་ནི། པུས་མོ་དང་མཉམ་པའི་ནས་ཀྱི་ཁྲི་ལ་བཞག་རྒྱབ་ནས་པང་པས་བསྟེན། སྒྱིད་ཁུང་གསུས་པར་བཀུག་ལ་པང་དུ་བཟུང་མཁན་གྱི་གཡོག་དང་བཅས་པ་རས་ཡུག་གིས་བཅིང་ངོ༌། །སྲོག་རྩ་སྲིད་རྩ་ཆུ་རྩ་ལ་བྱོལ་བའི། །ཞེས་པ་ལ་འོག་ཏུ། ལྒང་པར་སྲོག་རྩ་སྲིད་རྩ་ཆུ་རྩ་གསུམ། མཚན་དབྲག་བར་གྱི་དབུས་དང་གཡས་གཡོན་ནས། ཞེས། དབུས་སྲིད་རྩ་གཡས་ཆུ་རྩ་གཡོན་སྲོག་རྩ་གསུམ་ལ་བྱོལ། སྤྱིར་རྡེའུ་ཁུགས་པ་དེར་པགས་པ་ལེགས་པར་མཉེས་ལ་རྩ་མེད་པ་བཙལ་ཕལ་ཆེར་སྲུབས་ལས་གཡོན་ངོས་ནས་གདོན་ནོ། །གཞུང་འདི་དང་དམར་ཁྲིད་དང་རྫོང་འཕྲང་དང་སྙིང་པོ་བསྡུས་པ་ཀུན་མཐུན་པར་གསལ་མོད་ཀྱི། ལག་ཁྲིད་མཐོང་བ་གཅེས་སོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ཞེས་པ་ནས་ལྔ་བཅུ་རྩ་བཞི་པའི་ཞེས་པས་བསྟན་ནོ།།

 

མཐའ་མའི་འདོན་ཐེངས་།: 24.08.2011 ཉིན། 10:08 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།