སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ང་བདུན་པ། དྲེག་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་ང་བདུན་པ། དྲེག་ནད་གསོ་བ།



ལེའུ་ང་བདུན་པ། དྲེག་ནད་གསོ་བ། 

ཚད་འཁྲུ་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། དྲེག་གི་ནད་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་པའི་ཐབས་དང་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

རྒྱུ་རྐྱེན་གཞི་མཐུན་ནི་ཁྲག་འཁྲུག་པར་བྱེད་པའི་ཟས་དང་སྤྱོད་ལམ་མེ་ཉི་སོགས་བསྟེན་པ་དང༌། ཉིན་པར་གཉིད་ལོག་པ་དང༌། སྐྱིད་པ་ཞེས་ཤ་ཚིལ་སྣུམ་བག་ཆང་སོགས་དང་དལ་བར་འདུག་པ་དང༌། དྲག་ཤུལ་སོགས་ཀྱི་རྐྱེན་གྱིས་བྱས་ནས་རླུང་དང་ཁྲག་འཁྲུགས་ནས་ཐོག་མར་རུས་པ་ལ་རླུང་ཁྲག་ཞེན་པ་ཡིན་པས་རྐང་པའི་མཐེ་བོང་དང་ལག་པའི་གྲུ་མོ་ལ་གནས་བཅའ་ཞིང༌། དེ་ཡང་དང་པོ་ཁོལ་བུ་ཁོལ་བུར་ན་བ་འབྱུང་ལ་རྙིངས་ཤིང་ཡུན་ལོན་ནས་ལུས་ལ་རྒྱ་ཆེར་མཆེད་པར་འགྱུར་ཏེ།

ཟླ་ཟེར་ལས། ཁྲག་ནི་འཁྲུག་པར་བྱེད་པའི་ཟས། །ཚ་བ་དང་ནི་མི་འཕྲོད་པ། །བསྟེན་དང་སྦྱོར་བ་ལོག་པ་དང༌། །ཉིན་ཉལ་མཚན་གཉིད་མ་ལོག་དང༌། །ཉལ་པོ་དྲགས་དང་སྐྱིད་པར་གནས། །ཆགས་པའི་སྤྱོད་པ་མང་བསྟེན་དང༌། །སྣད་དང་སྦྱང་བ་མ་བྱས་པས། །མི་ཡི་ཁྲག་ནི་འཁྲུགས་གྱུར་ཅིང༌། །རླུང་སྐྱེད་ཟོས་པས་རླུང་ནད་ནི། །འཕེལ་བས་འཁྲུགས་ཏེ་ལམ་གཞན་ཞུགས། །དེ་བཞིན་ཁྲག་ཀྱང་ལམ་འགགས་པ། །དང་པོར་གནོད་པར་འགྱུར་བ་ཡིན། །དེ་ཡང་དང་པོ་རྐང་པར་རྒྱུ། །མཆོག་ཏུ་ཞོན་སོགས་འཕྱང་ལས་བྱུང༌། །ཞེས་པ་ལྟར་དྲེག་ནད་དེ་དང་པོར་རྐང་པ་གཉིས་སུ་རྒྱུག་ཅིང་མཆོག་ཏུའམ་ཁྱད་པར་དུ་རྟ་སོགས་ཞོན་པ་བཞོན་ནས་འཕྱང་བར་བྱས་པ་ཡིན་ལ། འདི་ཡི་འབྱུང་འགྱུར་མཚན་ཉིད་ནི། །མཛེ་ནི་འབྱུང་འགྱུར་མཚན་མར་མཚུངས། །དེ་བཞིན་ལུས་ཉམས་ཡན་ལག་ལྷོད། །པུས་མོ་བྱིན་པ་བརླ་རྐེད་པ། །ལག་པ་རྐང་པའི་ཚིགས་རྣམས་སུ། །གཡའ་ཞིང་འགུལ་དང་ན་བ་དང༌། །ཆག་སྙམ་སེམས་ཤིང་ཚོར་མེད་ལྕི། །ཡང་དང་ཡང་དུ་ལྡང་བར་བྱེད། རྐང་པ་གཉིས་ཀྱི་རྩ་བར་གནས། །ལན་འགའ་ལག་པ་དག་ཏུའང་གནས། །བྱི་བའི་དུག་ནི་ལྡང་བ་ལྟར། །ལུས་ཀུན་ལ་ནི་ཁྱབ་པར་འགྱུར། །ཞེས་སོགས་འབྱུང་ལ།

དབྱེ་བ་ཕྱེ་ན་རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། ཁྲག་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང་བཞིའོ། །

དེ་རྣམས་ངོས་འཛིན་པའི་རྟགས་ལ་སྤྱི་དང་ཁྱད་པར་གཉིས་ལས། དང་པོ་མངོན་ཚུལ་བརླ་དང་རྐེད་པ་པུས་ཚིགས་བྱིན་པ་རྣམས་ན་ཞིང་གཡའ་བ་སྟེ་ཟ་ལ་འགུལ་བསྐྱོད་བྱས་ན་ཆག་སྙམ་བྱེད་ཅིང་ཚོར་བ་མེད་པར་ལྕི་བ་སྟེ་བེམ་བེམ་བྱེད་པ་དེ་རྣམས་ཡང་ཡང་ལྡང་ཞིང་སླར་ལྕི་བར་འགྱུར་བ་ཡིན། ནད་རྒྱས་ཏེ་གསར་པའི་དུས་སུ་པགས་པ་དང་ཁྲག་ལ་གནས་པས་སྐྲངས་དམར་ཞིང་དྲོད་ཆེ་སྲ་ལ་སྔོན་པོའི་ཐིག་ལེ་བཅས་ཤིན་ཏུ་ན་ཞིང༌། རྐང་ལག་རྐེད་པ་སོགས་ཤད་ཤད་བྱ་རྨྱང་མང་བར་འབྱུང་བ་སྟེ་ངེས་ཤེས་རྟོགས་པ་དང་གསོ་སླ་བའི་དུས་ཡིན་པས། དུས་འདིར་བཅོས་པ་གཅེས་ཤིང་གསོ་བའང་སླ་སྟེ། ཟླ་ཟེར་ལས། ནད་གཅིག་ལས་གྱུར་གསར་བཟོ་སླ། །ཞེས་དྲེག་ནད་དེ་ནད་གཞི་གཅིག་ལས་བྱུང་བ་དང༌། གསར་དུ་བྱུང་ཞིང་ཡུན་མ་ལོན་པ་ནི་གསོ་བ་སླའོ། །དེ་ལས་གོ་ལྡོག་ཐ་མ་རྙིངས་ནས་རྩ་ཆུ་རུས་ཚིགས་ཤ་ཚིལ་ཀུན་ལ་ཁྱབ་ཅིང༌། ལྷག་པར་སྐྲངས་ཤིང་མི་བཟོད་སྲ་ལ་ཧྲེམ་ཞིང་དྲོད་ཆེ་བ་དང༌། གཞང་ཁ་དང་རུས་ཚིགས་རྣམས་ཆད་པ་སྙམ་དུ་སེམས་པ་འབྱུང་བ་འདི་ཤུགས་རྒྱས་དུས་ཡིན་པས་ཞ་བ་དང་འཐེང་བར་བྱེད་པས་འདི་དུས་གསོ་དཀའ་བར་འགྱུར་རོ། །

ཁྱད་པར་དུ་རླུང་ལས་གྱུར་པ་ནི། ཟླ་ཟེར་ལས། དེ་ལ་རླུང་ཤས་ཆེ་གྱུར་ན། །གཟེར་འགུལ་ཟུག་པ་ཤས་ཆེ་ཞིང༌། །སྐྲངས་པ་རྩུབ་ཅིང་ནག་པ་དང༌། །སྔོ་ཞིང་འཕེལ་ཞིང་འབྲི་བར་འགྱུར། །རྩ་ཆེན་སོར་མོའི་ཚིགས་རྣམས་ནི། །འཁུམ་ཞིང་ལུས་རྩུབ་ཤིན་ཏུ་ན། །གྲང་ལ་མི་དགའ་རེག་ན་བདེ། །རེངས་ཤིང་འདར་ལ་ཚོར་མེད་འབྱུང༌། །ཞེས་པ་ལྟར། གཟེར་ཟུག་ཆེ་ཞིང་འཕྲིག་ལ་སྐྲངས་པོ་འཕེལ་འགྲིབ་བྱེད་པ་དང༌། སྐྲངས་ལ་ནག་པོ་སྔོན་པོའི་ཐིག་ལེ་འོང་ཞིང་ཡན་ལག་རེངས་ཤིང་སོར་མོ་འཁུམ་པ་དང༌། སྙིང་ལ་གྲང་མོ་མི་འདོད་ཀྱང་ན་སར་གླན་ན་ཕན་སྙམ་བྱེད། མཁྲིས་པ་ལས་གྱུར་པ་ནི་དྲོད་ཆེ་ཞིང་སྐྲངས་མདོག་དམར་ལ་རེག་པའི་ཚེ་ན་ན་ཚས་མི་བཟོད་པ་འབྱུང་སྟེ། ཟླ་ཟེར་ལས་ཀྱང༌། མཁྲིས་གྱུར་ཚ་ཞིང་རྨོངས་བག་དང༌། འདྲུལ་ཞིང་བརྒྱལ་མྱོས་སྐོམ་དད་ཆེ། །རེག་མི་བཟོད་ཅིང་ན་ལ་དམར། །རྐྱང་ཞིང་སྨིན་པ་ཤིན་ཏུ་དྲོད། །ཅེས་སོ། །ཁྲག་ལས་གྱུར་པ་ནི་ཚ་འབྲབ་བྱེད་ཅིང་མདོག་དམར་པོ་རྣག་ཏུ་འདྲུལ་བར་བྱེད་དེ། ཟླ་ཟེར་ལས། ཁྲག་ཤས་ཆེ་སྐྲངས་རབ་ན་ཟུག། དམར་ཞིང་ཚ་བ་ཙག་ཙག་བྱེད། །སྣུམ་དང་རྩུབ་པས་ཞི་མི་འགྱུར། །གཡའ་དང་འདྲུལ་བར་ལྡན་པ་ཡིན། །ཞེས་སོ། །བད་ཀན་ལས་གྱུར་པ་གཡའ་བ་སྟེ་ཟ་ཞིང་ལྕི་ལ་འགུལ་དཀའ་བ་དང་བེམ་པོ་ཚོར་བ་མེད་པ་འབྱུང་སྟེ། ཟླ་ཟེར་ལས། བད་ཀན་འགུལ་མི་ཤེས་ཤིང་ལྕི། །ཚོར་མེད་སྣུམ་ཞིང་གྲང་བ་དང༌། །གཡའ་ཞིང་ཅུང་ཟད་ན་བ་ཡིན། །ཞེས་སོ། །

བཅོས་པའི་ཐབས་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནང་སྐྱོན་བསལ་དགོས་ཏེ། རླུང་བཅོས་ཅི་རིགས་ཀྱིས་རླུང་བསལ་ལ། དེ་རྗེས་མང་དུ་གཏར་ལ་ཉུང་དུ་རྐང་ལག་གང་བབས་ཀྱི་རྩ་ནས་དབྱུང་དགོས་ཀྱང་ཉམ་ཆུང་རླུང་ཤས་ཆེ་ན་གཏར་མི་རུང་ཞིང༌། ཙག་ཙག་ལྷང་ལྷང་ན་སར་རྔབས་རུ་གཟུགས་ཏེ་འཇིབས་སུ་བཅུགསྐྲངས་ཆེ་དམར་ལ་ཐུར་མས་བཙག་པ་དང་རྔབས་རུའི་ཤུལ་དེ་གཙགས་བུས་དྲལ་ཏེ་ཁྲག་འདོན་པར་བྱ་དགོས་ཏེ། ཟླ་ཟེར་ལས། དྲེག་ནད་ཅན་ནི་སྣུམ་འཆོས་བྱ། །རླུང་བསྲུང་ན་ཞི་ཉམས་སྟོབས་ལས། །དཔག་སྟེ་ཁྲག་ནི་ཅུང་ཟད་ཙམ། །ལན་མང་དུ་ནི་དབྱུང་བར་བྱ། །ཞེས་དང༌། དམར་གཟེར་ན་ཞིང་ཚ་བ་ལ། །སྲིན་བུ་པདྨས་ཁྲག་དབྱུང་ངམ། །གཡའ་ཞིང་ན་ལ་ཚེག་ཚེག་ཚ། །ཤས་ཆེ་ཚ་ལ་རྔབས་རྭས་དབྱུང༌། །ཞེས་སོ། །

བྱེ་བྲག་རླུང་ལས་གྱུར་པར་བ་གཅིན་དང་སྤོས་དཀར་འོ་མ་སྦྱར་བས་སྦྱང་ཞིང༌། དེ་འོག་ལ་སླེ་ཏྲེས་བསྐོལ་བའི་ཁུ་བ་དང་འོ་མ་བསྐོལ་བའི་ཁུ་བ་གཉིས་ལ་ཀ་ར་བཏབ་ལ་རེ་མོས་སུ་བཏང་བ་དང༌། རྒུན་འབྲུམ་དང༌། ཤིང་མངར་དང༌། ཀ་ར་རྣམས་བ་རའི་མར་དང་བསྐོལ་བ་བླུད། མཁྲིས་པ་ལས་གྱུར་པར་ཉེ་ཤིང༌། ཧོང་ལེན། འབྲས་བུ་ཨ་བར་སྐྱུར་གསུམ། སླེ་ཏྲེས། པ་ཏོ་ལ་ཏེ་རྒྱ་ཁུར་རྣམས་བ་རའི་འོ་མ་དང་མར་ལ་བསྐོལ་བ་བླུད་པ་དང༌། གུར་ཀུམ་དང་སྐྱེར་པ་གཉིས་བསྐོལ་ལ་སྦྲང་དང་སྦྱར་བ་བྱིན་ཞིང༌། དེ་འོག་དུར་བྱིད་དང་རྒུན་འབྲུམ་གཉིས་འོ་མར་སྦྱར་བ་བཏང༌། ཁྲག་གྱུར་ནི་གོང་གི་རྟགས་ཀྱི་སྐབས་སུ་འདིར་བསྟན་ཀྱང་བཅོས་ཐབས་དོན་བསྡུ་བའི་སྐབས་སུ་བསྟན་པ་ལྟར་རྟོགས་པར་བྱ་དགོས་ཤིང༌། བད་ཀན་ལས་གྱུར་པར་འབྲས་བུ་ཨ་བར་སྐྱུར་གསུམ་དང་སྦྲང་རྩི་སྦྱར་བ་གཏོང་བ་དང༌། གླ་སྒང༌། གུར་ཀུམ། སྐྱེར་པ་རྣམས་བསྐོལ་བ་སྦྲང་དང་སྦྱར་ལ་བླུད་ཅིང༌། ནད་སྟོབས་ལྡན་ན་ལས་ལྔ་ལྟར་སྐྱུགས་ཀྱིས་དྲངས་རྗེས་རྩུབ་བཅོས་རླུང་ནད་བརླ་རེངས་གསོ་བ་ལྟར་བྱ། ཀུན་ལ་འབྲས་བུ་ཨ་བར་སྐྱུར་གསུམ་དང༌། ཚ་བ་སྒ་པི་ཕོ་དབྱི་ཙི་ལྔ། གནྡྷ་པ་ཏྲ་དང༌། ཤིང་ཚ། བ་ཤ་ཀ པི་ལིང་མཱུ་ལ་ཞེས་པི་པི་ལིང་གི་རྩ་བ། ཅུ་གང༌། བྱི་ཏང་ག ཤུ་དག སྤང་སྤོས་རྣམས་ལྕགས་སྣོད་དུ་བསྐོལ་བའི་གཡའི་ལྡེ་གུས་དྲེག་ནད་གཟེར་དང་བཅས་པ་མ་ལུས་སེལ་བར་བྱེད་ཅིང༌། དུར་བྱིད། ཨ་རུ་ར། རྒྱམ་ཚ། པི་པི་ལིང་རྣམས་འཇམ་རྩི་བཀྲུ་འཇམ་གྱི་སྦྱོར་བ་ལྟར་བྱས་པས་དྲེག་ནད་འཇོམས་པའི་སྨན་མཆོག་ཡིན་ནོ། །ནང་སྐྱོན་སེལ་ཚར་ན་ཕྱི་ནས་བྱུག་པས་བཅོས་དགོས་ཏེ། ཏིལ་མར། སྦྲང་རྩི། གུ་གུལ། ཐལ་ཏྲེས་ཞེས་པ་རྒྱས་པ་མགོ་ལེ་ལྟར་ལུག་རུའི་མེ་ཏོག་དང་བཙོད་རྣམས་བསྐོལ་བའི་ལྡེ་གུ་བྱུགས་པས་དྲེག་གི་ནད་སེལ། ཁྲག་མཁྲིས་ལས་གྱུར་པར་སྟག་ཚེར་ཞེས་ཀཎྜ་ཀ་རི། ཤིང་མངར། བཙོད། སྐྱེར་པ། ཙན་དན་དམར་པོ། རྒྱ་ཤུག་གོང་དུ་བཤད་པའི་གཙང་འགྲམ་གྱི་དེ་དང༌། པུ་ཤེལ་ཙེ། སྲན་ཆུང༌། ཀ་ར་བཅས་པའི་ལྡེ་གུ་གྲང་མོ་བྱུག་པ་དང༌། ཤུ་དག རུ་རྟ། མེའི་དུད་པ་ཆགས་པ། སེར་པོ་ཡུང་སྐྱེར་གཉིས་གོང་བཤད་ཀྱི་ཤུ་ཏི་བཅས་པའི་ལྡེ་གུས་བད་རླུང་གི་དྲེག་ནད་སེལ་བ་དང༌། རྙིངས་ནས་ནི་རུ་ཧ་འཇམ་པོས་མས་བཏང་དང༌། བཀྲུ་སྨན་སྣུམ་འཆོས་སོགས་ཕྱི་རྒྱུད་ལྟར་བྱ་ཞིང༌། ཀུན་ལ་བད་ཚིལ་རླུང་ཁྲག་སོགས་གཙོ་བོར་བཅོས་དགོས་ཏེ། ཟླ་ཟེར་ལས་ཀྱང༌། རླུང་ནི་ཡན་ལག་ཚིགས་གནས་པ། །ཁྲག་གི་ལམ་ལ་མྱུར་གནོད་བྱེད། །དེ་གཉིས་ཕན་ཚུན་འདྲེས་གྱུར་ལས། །ནད་ཀྱིས་སྲོག་ནི་འཕྲོག་པར་བྱེད། །ཅེས་སོགས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་ཐོར་བུའི་ནད་ཀྱི་ནང་ཚན་དྲེག་ནད་གསོ་བའི་ལེའུ་སྟེ་ལྔ་བཅུ་རྩ་བདུན་པའོ།། །།


 

མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 3:17 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།