སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ང་དགུ་པ། ཆུ་སེར་གྱི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.08.2011
མན་ངག་རྒྱུད། >> ལེའུ་ང་དགུ་པ། ཆུ་སེར་གྱི་ནད་བཅོས་པ།

 ལེའུ་ང་དགུ་པ་ཆུ་སེར་གྱི་ནད་བཅོས་པ་ལ་གསུམ་ཉན་པར་གདམས་པ་དང༌། གཞུད་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཆུ་སེར་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་ཆུ་སེར་ནད་ཀྱི་གྱུར་ཚུལ་བསྟན་པ་དང༌། དེ་བཞིན་དུ་དབྱེ་བ་བསྟན་པ་དང༌། རྟགས་དང༌། བཅོས་ཐབས་བཤད་པ་སྟེ་བཞིའོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི་ལས། དང་པོ་ནི། དང་པོ་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། དེ་ཡང་ཆུ་སེར་ནད་ཀྱི་རྒྱུར་གྱུར་པའི་ཚུལ་ནི་ཁ་ཟས་ཀྱི་དྭངས་མ་དེ་མཁྲིས་པ་ལ་དམར་སྐྱུར་གྱི་བྱེད་ལས་ཀྱིས་ཁྲག་ཏུ་འགྱུར། ཁྲག་དེའི་སྙིགས་མ་མཁྲིས་པའི་གནས་སུ་གྱུར་པ་དང༌། མཁྲིས་པ་དེ་ཉིད་ཀྱི་དྭངས་མ་ཡང་ཆུ་སེར་དུ་འགྱུར་བ་དེ། ཤ་རུས་པ་དོན་སྣོད་རྣམས་ཀྱི་ཕྱི་ནང་ཐམས་ཅད་ལ་གནས་བཅའ་ཐུབ། ཁྱད་པར་ཅན་དུ་ཤ་མདངས་ཀྱི་བར་དང་ཡན་ལག་ལ་སོགས་པའི་ཚིགས་རྣམས་ལ་གནས་པ་དེའི་མང་ཉུང་གི་ཚད་ཇི་ཙམ་ཡོད་ཅེ་ན་རང་རང་གི་སྙིམ་པ་བཞི་རུ་བཤད་པ་ཡིན། གཉིས་པ་དབྱེ་བ་བཤད་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། དབྱེ་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་ཆུ་སེར་གྱི་རིགས་བཤད་པ་དང་འཇུག་པའི་སྒོ་བསྟན་པའོ། །གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་མདོར་རྒྱས་སོ། །དང་པོ་ནི། རིགས་ནི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་ཆུ་སེར་དཀར་པོ་དང་ནག་པོ་གཉིས་སོ།།

        གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ལས། དང་པོ་ནི། ཆུ་སེར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ནི། ཆུ་སེར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ནི། འཇུག་སྒོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། པགས་གྲམ་དང་ཤར་རྒྱས་དང༌། རྩར་རྒྱུག་དང༌། རུས་ཞེན་དང༌། དོན་བབས་དང༌། སྣོད་ལྷུང་དང་དྲུག་གོ །གསུམ་པ་རྟགས་བཤད་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། དེ་ཡིས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱིའི་རྟགས་དང༌། བྱེ་བྲག་གི་རྟགས་གཉིས་སོ། །གཉིས་པ་རྒྱས་པར་བཤད་པ་ལའང་གསུམ་ལས། དང་པོ་ནི། སྤྱི་རྟགས་ཞེས་རྐང་པ་ལྔས་བསྟན་ནོ། །གཉིས་པ་བྱེ་བྲག་གི་རྟགས་བཤད་པ་ལའང་གཉིས་ཏེ། ཆུ་སེར་གྱི་རིགས་དཀར་པོ་དང་ནག་པོ་གཉིས་སོ། །དང་པོ་ནི། ཁྱད་པར་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་ནི། ཆུ་སེར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ནི། རྩར་རྒྱུག་ཅེས་རྐང་པ་གསུམ་གྱིས་བསྟན་ནོ། །བཞི་པ་ནི། རུས་ཞེན་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །ལྔ་པ་ནི། དོན་བབས་ཞེས་རྐང་པ་ལྔས་བསྟན་ནོ། །དྲུག་པ་ནི། གློར་ཞུགས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བདུན་པ་ནི། །མཆིན་ཞུགས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། །བརྒྱད་པ་ནི། །མཆེར་ཞུགས་ཞེས་རྐང་པ་གཅིག་གིས་བསྟན་ནོ། །དགུ་པ་ནི། མཁལ་ཞུགས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཅུ་པ་ནི། སྣོད་བབས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །སྣོད་བབས་ཀྱི་སྣ་གླང་ལྡང་ཞེས་པ་སྣོད་དུ་ལྷུང་ན་སྣའམ་སྔོན་ལ་གླང་ཐབས་ལྡང༌། དེ་རྗེས་སེར་སྨུག་འཁྲུ་བའོ། །བཞི་པ་བཅོས་ཐབས་བཤད་པ་ལ་གསུམ། མདོར་རྒྱས་མཇུག་བསྡུའོ།།

        དང་པོ་ནི། བཅོས་པའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱིའི་བཅོས་བཤད་པ་དང༌། བྱེ་བྲག་གི་བཅོས་བཤད་པ་གཉིས་སོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི་སྟེ། ཟས་ཀྱིས་བཅོས་པ་དང༌། སྤྱོད་ལམ་གྱིས་བཅོས་པ་དང༌། སྨན་གྱིས་བཅོས་པ་དང༌། དཔྱད་ཀྱིས་བཅོས་པ་དང་བཞིས་བཅོས་དགོས་པས་ན། ཆུ་སེར་དཀར་ནག་གཉེན་པོ་སོ་སོར་བསྟན། །ཞེས་དཀར་ནག་གཉིས་སུ་ཕྱེ་བ་ལས། དང་པོ་ནི། ཆུ་སེར་ཞེས་རྐང་པ་ཉེར་གཉིས་ཀྱིས་བསྟན་ཏེ། སྦྲང་སྨྱོན་ཆ་ཡི་བསྲིངས་ལ་བསྟན་པ་ནི་དང་པོར་སྦྲང་སྨྱོན་ཆུང་ཆུང་ཟ་དེ་ནས་ཆེས་ཆེར་བསྐྱེད་ནས་སྦྲང་དུག་མ་བྱུང་ཙམ་བསྟེན་པའོ། །གཉིས་པ་ནི། ཆུ་སེར་ཞེས་རྐང་པ་བཅུ་བཞིས་བསྟན་ཏེ། དངུལ་ཆུ་རིལ་བུ་ནི་འོག་ཏུ་མདོར་བསྡུས་བཅོས་སུ་བསྟན་ནོ། །གཉིས་པ་བྱེ་བྲག་གི་བཅོས་བཤད་པ་ལའང་བཅུ་ལས། དང་པོ་དང་གཉིས་པ་སྤྱིར་བསྟན་པ་ལ་བྱེ་བྲག་ཅེས་རྐང་པ་བཅུས་བསྟན་པའི་སྲུབ་ཀ་ནི། རྩ་སྲུབ་མའོ། །སྦྲུལ་ཐལ་ནི་སྦྲུལ་པགས་བསྲེགས་པའི་ཐལ་བའོ། །སེང་ལྡེང་སྨན་མར་ནི་ཕྱི་རྒྱུད་ལྟར་རོ། །གསུམ་པ་ནི། རྩར་རྒྱུག་ཅེས་རྐང་པ་གཅིག་གིས་བསྟན་པའི་རྩ་སྦྱངས་ནི་ཕྱི་རྒྱུད་ལྟར་རོ། །བཞི་པ་ནི། རུས་ཞེན་ཞེས་རྐང་པ་ལྔས་བསྟན་པའི་རྩ་ལྟོའི་སྦྱོངས་ནི་ཕྱི་རྒྱུད་ལྟར་རོ། །ཆུ་ལུམས་ནི་རང་བྱུང་ཆུ་ཚན་ལྟ་བུའམ་བདུད་རྩི་ལྔའི་ཆུ་ལུམས་ལྟ་བུའོ། །སེང་ལྡེང་སྨན་མར་ནི་ཕྱི་རྒྱུད་ལྟར་རོ། །ལྔ་པ་ནི། སྙིང་ལ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། ཆིག་ཐུབ་ནི་སྦལ་རྒྱབ་འདྲ་བའི་འབྲུམ་པ་མེད་པ་དེའོ། །དྲུག་པ་ནི། གློར་ཞུགས་ཞེས་རྐང་པ་བཞིས་བསྟན་ནོ། །བདུན་པ་དང་བརྒྱད་པ་ནི། མཆིན་མཆེར་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། རྩ་ལྟོ་ནི་ཕྱི་རྒྱུད་ལྟར་རོ། །དགུ་པ་ནི། མཁལ་བབས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། རྩ་སྦྱོངས་དང་རྩ་བ་ལྔའི་སྨན་མར་ནི་ཕྱི་རྒྱུད་ལྟར་རོ། །བཅུ་པ་ནི། སྣོད་དུ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྣོད་དུ་ཆུ་སེར་བབས་པའི་སྦྱོངས་ནི་གོང་དུ། ཐར་ནུ་རེ་ལྕག་ཆུ་རྩ་བྱི་ཏང་ག །ཆུ་སེར་སྨན་གསུམ་བ་ཆུར་སྦངས་པས་བཀྲུ། །ཞེས་སོ།།

        གསུམ་པ་མདོར་བསྡུས་བཤད་པ་ནི་མདོར་བསྡུས་ཞེས་རྐང་པ་བཅོ་བརྒྱད་དང་འབྲུ་གསུམ་གྱིས་བསྟན་ཏེ། ནད་གང་སྡོངས་པའི་གཉེན་པོ་བསྡེབས་པ་ནི། ནད་རྐྱང་པ་ལྡན་འདུས་གཉན་ཁྲག་སོགས་དང༌། གནས་དོན་ལྔ་སྣོད་དྲུག་སོགས་ཀྱི་སྣ་ཁྲིད་དང་གཉེན་པོ་གང་འོས་བསྟེན་ཅིང་བསྡེབས་ཤེས་དགོས་པའོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་ལྔ་བཅུ་རྩ་དགུ་པའོ་ཞེས་པས་བསྟན་ནོ།།

མཐའ་མའི་འདོན་ཐེངས་།: 24.08.2011 ཉིན། 2:37 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།