ལེའུ་ང་དགུ་པ། ཆུ་སེར་གྱི་ནད་གསོ་བ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023 |
མན་ངག་རྒྱུད། >> ལེའུ་ང་དགུ་པ། ཆུ་སེར་གྱི་ནད་གསོ་བ། |
ལེའུ་ང་དགུ་པ། ཆུ་སེར་གྱི་ནད་གསོ་བ།
གྲུམ་ནད་བཅོས་པའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། ཆུ་སེར་ནད་ལ་གྱུར་ཚུལ་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།
དེ་ཡང་དང་པོ་ཆུ་སེར་ནད་ཀྱི་རྒྱུར་གྱུར་པའི་ཚུལ་ནི་ཁ་ཟས་ཀྱི་དྭངས་མ་དེ་ཆུ་མདོ་དང་བཤད་རྒྱུད་ལེའུ་ལྔ་པའི་དགོངས་པ་ལྟར་ན་མཆིན་པའི་ལམ་བརྒྱུད་ཁྲག་ཏུ་འགྲོ་ན་འང་སྐབས་འདིའི་དགོངས་པ་མཁྲིས་པ་ལ་དམར་ཤ་དང་སྐྱུར་ཆང་སོགས་གནོད་པའི་བྱེད་ལས་ཀྱིས་ཁྲག་ཏུ་འགྱུར། ཁྲག་དེའི་སྙིགས་མ་སྣོད་མཁྲིས་པའི་ནང་དུ་གསོག་པར་འགྱུར་བ་དང༌། མཁྲིས་པ་དེའི་དྭངས་མ་ཡང་ཆུ་སེར་ཉིད་དུ་འགྱུར་བ་དེ་སྡོད་པའི་གནས་ནི་ཤ་དང་རུས་པ་དོན་སྣོད་རྣམས་ཀྱི་ཕྱི་ནང་ཐམས་ཅད་ལ་ཁྱབ་པར་གནས་ཤིང༌། ཁྱད་པར་ཅན་དུ་ཤ་མདངས་ཀྱི་བར་དང་ཡན་ལག་ལ་སོགས་པའི་ཚིགས་པར་གནས་པ་དེའི་མང་ཉུང་གི་ཚད་ཇི་ཙམ་ཡོད་ཅེས་པས་ནི་རང་རང་གི་སྙིམ་པ་བཞི་བཤད་པ་ཡིན།
དབྱེ་བ་ཕྱེ་ན་རགས་པའི་དབང་དུ་ཆུ་སེར་གྱི་རིགས་དང་འཇུག་པའི་སྒོའི་དབྱེ་བ་གཉིས་དང༌། ནང་གསེས་སུ་ཕྱེས་ན་རིགས་ཀྱི་དབྱེ་བ་ནི་ཆུ་སེར་དཀར་པོ་དང་ནག་པོ་གཉིས་ལས། ཆུ་སེར་དཀར་པོ་བད་རླུང་དང་གྲང་བར་བསྡོངས་ཤིང༌། ཆུ་སེར་ནག་པོ་ཁྲག་དང་མཁྲིས་པ་ཚ་བ་བཅས་པར་བསྡོང༌། འཇུག་སྒོ་དབྱེ་བ་ནི་པགས་ལ་གྲམས་པ། ཤར་རྒྱས་པ། རྩ་རུ་རྒྱུག་པ། རུས་ལ་ཞེན་པ། དོན་ལ་བབས་པ། སྣོད་དུ་ལྷུང་བའོ། །
དེ་རྣམས་ངོས་འཛིན་པའི་རྟགས་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་སྤྱི་རྟགས་ནི་ཟ་འཕྲུག་བྱེད་ཅིང་ཐོར་པ་ལེབ་མོར་འོང་བ་དང༌། སྐབས་སྐབས་སུ་ལུས་ཀུན་སྦོ་ཞིང་སྐྲངས་པ་དང་ཤའི་མདོག་ཀྱང་སྔོ་ལ་རྩུབ་ཅིང་འབྲུམ་པ་འོང༌། གྲ་མ་དང་ཕུབ་མ་སོགས་ཀྱིས་རེག་ན་ཟ་འཕྲུག་བྱེད་ཅིང་སྐྲ་དང་སྨིན་མ་གཉིས་བྱི་ཞིང་འདྲུགས་པའོ། །
ཁྱད་པར་དུ་ཆུ་སེར་དཀར་པོ་ནི་རྩ་ཆུ་གཉིས་ཀའི་རྟགས་གྲང་ལ་ནམ་ཞོད་ཀྱི་རླན་དུགས་དང་ཆུར་ཞུགས་ནས་གྲང་ཚེ་ལྡང་ཞིང༌། ལུས་དྲོས་པ་དང་དྲོད་བཅུད་ཀྱིས་ཟས་ཟོས་རྗེས་བདེ་བར་མངོན། ཆུ་སེར་ནག་པོ་ནི་རྩ་ཆུའི་རྟགས་ཚ་བ་སྐྱེ་ཞིང་མེ་ཉིས་དྲོས་ཤིང་ཆང་འཐུངས་པ་དང་སྟོན་ཀའི་དུས་སུ་ལྡང་ལ་ཆུ་སེར་པགས་པར་གྲམས་པས་ཁྱད་པར་ཟ་འཕྲུག་བྱེད་ཅིང་ཐོར་ཆུང་མང་ལ་འཕྲུགས་ན་ཆུ་སེར་འཛག་པ་དང༌། པགས་པའི་མདོག་ཀྱང་སྔོ་ཞིང་རྩུབ་པ་དང་གྱོང་ལ་སྲིན་ཐོར་མང་བ་འབྱུང༌། ཤ་ལ་རྒྱས་ན་ཉྭ་སྒང་རྣམས་ལ་ཤུ་བ་འབྱུང་ཞིང་ཤ་ཀུན་འགུལ་འཕྲིག་བྱེད་པ་དང་སྐྲངས་ཤིང་སྦོ་བ་ཡིན། རྩར་རྒྱུག་ནི་རྩ་ཀུན་སྦྲིད་པ་དང་འཁྱུག་པ་དང་ཚ་མྱག་ཚ་བར་བྱེད་ཅིང་གྲང་བསིལ་སྐབས་སུ་ཟ་བེར་འོང་ཞིང་རྩ་མིག་ནང་དུ་སྲོག་ཆགས་ཀྱི་སེམས་ཅན་རྒྱུ་བ་ཡིན་འདྲ་སྙམ་པ་འབྱུང༌། རུས་ལ་ཞེན་ན་རུས་པ་ལྷང་ལྷང་ན་བ་དང་ཚིགས་དམིགས་རྣམས་ན་ཞིང་བརྐྱང་བསྐུམ་དང་འགྲོ་འདུག་དཀའ་ལ་ཚིགས་པའི་ཁ་རྣམས་སྐྲངས་ཤིང་ཟ་ལ་ཤུ་ཐོར་འབྱུང༌། དོན་བབས་ལྔའི་དང་པོ་སྙིང་ལ་ཆུ་སེར་ཞུགས་པས་ཤེས་པ་འཕྱོ་ལ་སྙིང་འདར་བར་བྱེད་ཅིང་སྟོད་བརྒྱངས་པ་ལྟར་ན་ཞིང་སྙིང་མི་དགའ་བ་དང༌། དབུགས་དངངས་ཤིང་ཚིག་པ་ཟ་ལ་ཁྲོ་གཏུམ་གྱི་ཚིག་བྱེད་ཅིང་བྲང་ལ་སྲིན་ཐོར་ཤ་བཀྲ་སོགས་འོང་བ་དང་ལྕེ་ལའང་ཐོར་པ་རྒྱུན་དུ་འོང་བ་ཡིན། གློ་བར་ཞུགས་ན་གློ་མང་ཞིང་མིག་དང་རྐང་པའི་བོལ་སྐྲངས་པ་དང་བྲང་རྒྱབ་གཟེར་ལ་སྐད་འགགས་ཤིང་མཚུལ་པ་སྐམ། མཆིན་པར་ཞུགས་ན་མིག་ནས་མཆི་མ་རྒྱུན་དུ་འཛག་ཅིང་ལུས་ལྕི་བ་དང་སྣ་ཁྲག་འོང་ཞིང་ཕོ་མཆིན་ན། མཆེར་པར་ཞུགས་ན་ཁོང་པ་སྦོ་འཁྲོག་བྱེད་ཅིང་མཆུ་ནད་རྒྱུན་དུ་འབྱུང༌། མཁལ་མར་ཞུགས་ན་རྐེད་པ་དང་དཔྱི་དང་བརླ་སུལ་རྣམས་ན་ཞིང་སྨད་ལྕི་ལ་རྐང་པ་སྦྲིད་ཅིང་རྩ་ཀུན་འཁྱུག སྣོད་ལ་བབས་ན་མིག་མདོག་སེར་ལ་ཚ་བར་འགྱུར་བ་དང་སྣའམ་སྔོན་ལ་གླང་ཐབས་ལྡང་ཞིང་དེ་རྗེས་སྐབས་སུ་ཆུ་སྡོམ་པ་དང༌། སྐབས་སུ་མདོག་སེར་སྨུག་འཁྲུ།
དེ་རྣམས་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས་ཀྱིས་སྤྱི་ལ་བཅོས་ཐབས་སྨན་དཔྱད་དང་ཟས་སྤྱོད་བཞི་ཡོད་པ་ལས་ཆུ་སེར་དཀར་ནག་གཉིས་ཀྱི་གཉེན་པོ་སོ་སོར་བསྟེན་དགོས་ཏེ། ཐོག་མར་ཆུ་སེར་དཀར་པོར་ཆང་དང་ལུག་ཤ་དང༌། མར་རྙིང༌། འཕྱི་བ། རྟ་བོང་བུ་སོགས་ཀྱི་ཤ་རྣམས་དང༌། བུ་རམ་ཆང་དང་སྦྱར་བ་དང༌། གཟེ་མའི་ཟན་ཆང་དང༌། ར་མཉེ་སོགས་གོང་བཤད་རྩ་བ་ལྔའི་ཟན་ཆང་བུ་རམ་དང་སྦྱར་བ་བཏང༌། སྤྱོད་ལམ་རླན་ཅན་དང་གྲང་བ་བསེར་བུ་ཕུབ་མའི་ལས་སོགས་ཀྱིས་མཚོན་པའི་ཡང་ཞིང་གཡོ་བའི་ལས་རྣམས་སྤང་ཞིང༌། སྨན་དུ་ར་མཉེ་ཆ་ལྔ། ལྕ་བ་ཆ་བཞི། གཟེ་མ་ཆ་གསུམ་དང༌། ཉེ་ཤིང་ཆ་གཉིས། བ་སྤྲུ་ཆ་གཅིག་རྣམས་གོང་མས་ཆ་བསྐྱེད་པ་དེ་རྣམས་བསྡུས་ཁུའི་ཁཎྜ་སྦྲང་དང་བུ་རམ་སྦྱར་བ་དང༌། བཅའ་སྒ་པི་པི་ལིང་དང༌། ཙི་ཏྲ་ཀ སུག་སྨེལ། ཛཱ་ཏི་རྣམས་སྦྱར་ཏེ་གཏང་བར་བྱ། རྩ་བ་རམ་ལྕ་ཉེ་བ་གཟེ་ལྔ་དང་སེང་ལྡེང༌། འབྲས་བུ་ཨ་བར་སྐྱུར་གསུམ་དང༌། ཟོ་མར་གོང་བཤད་བཅས་བཅོས་པའི་མར་ཁུར་བུ་རམ་སྦྱར་བར་བཅའ་སྒ་ལ་སོགས་པའི་དྲོད་སྨན་སྣ་ཚོགས་ཀྱི་ཕྱེ་མའི་ཁ་ཚར་གདབ་པས་གྲང་བའི་རིགས་ཀྱི་ཆུ་སེར་མ་ལུས་འཇོམས་པར་བྱེད་ཅིང་སྦྲང་སྨྱོན་དང་པོར་ཆུང་ཆུང་ནས་རིམ་གྱིས་ཆས་བསྐྱེད་ལ་གོམས་སུ་བཅུག་པས་ཁྲིད་ལ་སྦྲང་དུག་མ་བྱུང་ཙམ་བསྟེན་པ་དང༌། བཙན་དུག ཨ་རུ་ར། གུ་གུལ། ཤུ་དག་དང༌། རུ་རྟ། ཤིང་ཀུན། ཛཱ་ཏི། བྱི་ཏང་གཙི་ཏྲ་ཀ་དང་དྲོད་སྨན་ཏེ་པི་པི་ལིང་རྣམས་བུ་རམ་དང་སྦྱར་བའི་རིལ་བུ་སྲན་མ་ཙམ་བསྟེན་ན་ཆུ་སེར་སྐེམ། མུ་ཟི་འབྲི་མར་གྱི་ཁུ་བའི་ནང་དུ་གདུས་པའི་མར་ནག་སྟེ་སྣུམ་མདོག་ཏུ་འགྱུར་ཙམ་སྦྲང་དང་སྦྱར་ལ་ཟ་ཞིང༌། དཔྱད་དུ་དོན་སྣོད་གང་བབས་གསང་ལ་མེ་བཙའ་བྱ།
ཆུ་སེར་ནག་པོར་ཟས་སྤྱོད་གཉིས་ཀ་བསིལ་བས་བཅོས་དགོས་ཏེ། བ་ར་མཛོ་གསུམ་གྱི་ཞོ་དང་དར་བ་མར་གསར་བཅས་པ་དང༌། ཆབ་ཚ་སྟེ་ཇ་འཇམ་པ་སྡོར་ཆུང་བ་བ་ལང་དང་རི་དྭགས་ཀྱི་ཤ་གསར་བསྟེན་ཅིང༌། ཆང་དང༌། མར་རྙིང་པ་དང༌། ཤ་སོགས་རུལ་སུངས་ཡོད་པ་དང་བུ་རམ་རྣམས་སྤང་ངོ༌། །སྤྱོད་ལམ་གྱི་རིགས་བསིལ་སར་དལ་བར་འདུག་ཅིང་གནས་པར་བྱ་བ་དང༌། སྨན་དུ་སྔོན་བུ། ལྕུམ་རྩ། ཨ་རུ་ར། ཐར་ནུ། རེ་ལྕག ཆུ་རྩ། བྱི་ཏང་ག ཆུ་སེར་སྨན་སྤོས་ཐལ་སོ་གསུམ་རྣམས་བ་ཆུར་སྦངས་པས་བཀྲུ་བ་དང༌། དེ་རྗེས་སུ་ཕྱི་རྒྱུད་ལྟར་གྱི་རྩ་བཤལ་བཏང་ལ་ཆུ་སེར་སྦྱངས། སྐྱེར་པ། སེ་རྒོད། སེང་ལྡེང༌། བ་རུ་ར་རྣམས་ཀྱི་ཕྱེ་མ་གུ་གུལ་བཅུ་པ་ཞེས་ཀྱང་སྤོས་དཀར་བཅུ་པ་ཕྱི་རྒྱུད་ལྟར་དང་སྦྱར་ལ་བཏང་ཞིང་བའི་རྣམ་ལྔ་དང་སེང་ལྡེང་སྨན་མར་བདུན་པ་ཕྱི་རྒྱུད་ལྟར་སྦྱར་བ་དང་འོག་ཏུ་མདོར་བསྡུས་སྐབས་ཀྱི་དངུལ་ཆུའི་རིལ་བུ་བསྟེན་པས་ཆུ་སེར་སྐེམ་ཞིང༌། དཔྱད་དུ་དོན་སྣོད་སོགས་གང་ལ་བབས་པའི་རྩ་ལ་གཏར།
བྱེ་བྲག་ཏུ་སོ་སོར་ཕྱེ་བ་དང་བསྡོམས་པ་གཉིས་ལས། དང་པོ་ཆུ་སེར་ཤ་ལྤགས་སུ་རྒྱས་པ་ལ་སྔོན་བུ་དང་སྔོ་སྲུབ་ཀ་གཉིས་ཞོ་དང་སྦྱར་བས་བྱུག་ཅིང༌། སོ་མ་ར་ཛ། ཤུ་དག ལི་ཤི་དང༌། ཙི་ཏྲ་ཀ་རྣམས་དང་མར་སྦྱར་ཏེ་བྱུག་པར་བྱ། ཡང་ན་སྲད་དཀར་བསྲེགས་པའི་ཐལ་བ་རྟ་བོང་གི་འོ་མས་སྦྱངས་ལ་བྱུག་ཅིང༌། ཡང་ན་ཐལ་ཀ་རྡོ་རྗེ་དང་གཡེར་མ་གཉིས་མར་ལ་སྦྱར་བ་བྱུག ཡང་ན་སྦུར་བ་སྟེ་ཞོད་སྦུར་དང༌། དོང་གྲ་ཞེས་སྒ་རྒོད་སྨུག་པོ་གཉིས་འོ་མར་སྦྱར་བའམ། བ་རུ་ར་དང་སྦྲུལ་ལྤགས་བསྲེགས་ཐལ་གཉིས་མར་ལ་སྦྱར་བ་བྱུག ཡང་ན་སོ་མ་ར་ཛ་དང་བ་བླ་གཉིས་བ་གཅིན་དང་སྦྱར་བ་བྱུག་ཅིང༌། དེ་རྣམས་གང་བྱས་ཀྱང་མ་ཕན་ན་རྩ་སྦྱོང་དང༌། སེང་ལྡེང་སྨན་མར་བདུན་པ་ཕྱི་རྒྱུད་ལྟར་སྦྱར། རྩར་རྒྱུགས་ན་ནད་དམིགས་དང་གང་ཉེ་གཏར་བ་དང་རྩ་སྦྱོང་ཕྱི་རྒྱུད་ལྟར་བྱས་པའི་རྗེས་ལ་སྐམ་དགོས་པ་ནི་བྱང་ཁོག་ལེའུར་བརྟག་པར་བྱ། རུས་པར་ཞེན་ན་ཕྱི་རྒྱུད་ནས་བཤད་པའི་ལྟོ་དང་རྩའི་ལམ་ནས་སྦྱངས་པར་བྱས་རྗེས་ལ། རྩ་བ་རམ་ལྕ་ཉེ་བ་གཟེ་ལྔ་དང་མུ་ཟིའི་སྨན་མར་སྦྱར་ལ་ཚིགས་དམིགས་སོགས་ཆུ་སེར་གང་བྱུང་ལྟ་བུར་མེ་ཐུར་བྱ་བ་དང༌། ཤ་ལྤགས་རྩ་རུས་ཀུན་ལ་རང་བྱུང་གི་ཆུ་ཚན་ནམ་བདུད་རྩི་ལྔའི་ཆུ་ལུམས་བསྔགས་ཤིང༌། དེ་རྗེས་ཕྱི་རྒྱུད་ལྟར་གྱི་སེང་ལྡེང་སྨན་མར་བདུན་པ་སྦྱར་ལ་ནད་རྗེས་བཅད་དོ། །
སྙིང་ལ་ཞུགས་ན་རྡོ་སྦལ་རྒྱབ་དང༌། སྨུག་པོ་ཆིག་ཐུབ་དང༌། གསེར་རྡོ། མཚལ་དཀར། ཕ་ཝང་ལོང་བུ་དང༌། ཚ་ལ། བཟང་པོ་ཅུ་གུ་ལི་ཛཱ་སུག་ཀ་དྲུགཆུ་སེར་སྨན་སྤོས་ཐལ་སོ་གསུམ་དང༌། གུ་གུལ། ཤིང་ཀུན། གླ་རྩི། སྙིང་ཞོ་ཤ རུ་རྟ། སྐྱུ་རུ་ར་དང༌། ཨ་ག་རུ། ཨ་རུ་ར་རྣམས་དང་ཀ་ར་སྦྱར་ལ་བཏང་བ་དང༌། སྙིང་གི་རྩ་སྣོད་ཀ་གཏར་ཞིང་ཚིགས་པ་དྲུག་པ་བསྲེག་ཅིང༌། བཙན་དུག་གི་རིལ་བུ་གོངབཤད་དང༌། ཕྱི་རྒྱུད་ལྟར་གྱི་སེང་ལྡེང་སྨན་མར་བདུན་པ་སྦྱར། གློ་བར་ཞུགས་ན་ཅུ་གང༌། རུ་རྟ། ཤིང་མངར་དང༌། ཙན་དན་དཀར་པོ། རྒུན་འབྲུམ། ཆུ་སེར་སྨན་སྤོས་སོ་ཐལ་གསུམ་དང༌། ག་དུར། དམར་པོ་རྒྱ་བཙོད་འབྲི་གསུམ་རྣམས་དང་སྦྲང་སྦྱར་ལ་གཏོང་བ་དང༌། གློ་བའི་རྩ་དྲུག་འགོ་གཏར་ཞིང་ཚིགས་པ་བཞི་པ་དང་ལྔ་པ་བསྲེག མཆིན་མཆེར་གཉིས་ལ་ཞུགས་ན་ཕྱི་རྒྱུད་ལྟར་གྱི་རྩ་སྦྱོང་ངམ་ལྟོས་སྦྱང་བ་ནི་མཆིན་མཆེར་རང་རང་ལ་ཁ་བསྒྱུར་བ་གཅེས་ཤིང༌། གུར་ཀུམ། བྲག་ཞུན། གླ་རྩི། པི་པི་ལིང་རྣམས་ཀ་ར་དང་སྦྱར་ལ་བཏང་ཞིང༌། མཆིན་པའི་རྩ་རུ་ཐུང་ལ་གཏར་བ་མཆིན་པར་གཡས་དང་མཆེར་པར་གཡོན་ནོ། །མཁལ་མར་བབ་ན་དམར་པོ་རྒྱ་སྐྱེགས། བཙོད། ཞུན། འབྲི་མོག་བཞིའི་ཐང་བཏང་ཞིང༌། ཕྱི་རྒྱུད་ལྟར་རྩ་སྦྱོང་བྱས་རྗེས་ལ་ལྕ་བ་ར་མཉེ་བ་སྤྲུ་གཟེ་མ་ཉེ་ཤིང་སྟེ་རྩ་བ་ལྔའི་སྨན་མར་སྦྱར་བ་དང༌། ཆུ་སེར་གང་དུ་བབས་པའི་གསང་དུ་མེ་བཙའ་བྱ། སྣོད་དུ་ཆུ་སེར་བབས་པ་སྦྱོང་གིས་ཞེས་པ་གོང་དུ་ཆུ་སེར་ནག་པོའི་སྐབས་སྨན་དུ་སྔོན་བུ་ལྕུམ་རྩ་ཨ་རུ་ར་ཞེས་པ་ནས་བ་ཆུར་སྦངས་པས་བཀྲུ་ཞེས་པའི་བར་དེའི་སྦྱང་གིས་དབྱུང་བ་སོགས་འབད་དགོས་སོ། །
དེ་ཡང་མདོར་བསྡུས་ན་ཆུ་སེར་འདི་འཕེལ་བས་ནད་གང་དུ་འང་མི་འགྱུར་བ་མེད་དེ་གང་ཞེ་ན། ཤ་བཀྲ། གླང་ཤུ། སྲིན་ཐོར། ཁྱེ་མ་དང༌། ཤུ་བ། ཟ་རྐོང༌། ཟ་འཕྲུག་རྣམས་ཀྱང་ཆུ་སེར་གྱིས་བྱེད། འོར་དང་སྐྱ་རྦབ་དམུ་ཆུ་གསུམ་ཡང་ཆུ་སེར་གྱིས་བྱེད། སུར་ཡ། མེ་དབལ། དྲེག་གྲུམ། གག་ལྷོག་སོགས་དང་རྙོགས་པའི་ཚ་བ་ཐམས་ཅད་ཀྱང་ཆུ་སེར་གྱིས་བྱེད། མགོ་དང་ཡན་ལག་བྱང་ཁོག་ལ་སོགས་པའི་རྨའི་ཉེས་པ་ཐམས་ཅད་ཀྱང་ཆུ་སེར་གྱིས་བྱེད། འབྲས་དང་མཛེ་ནད་གཉིས་ཀྱང་ཆུ་སེར་ལས་འབྱུང་བས་ན་དེ་ཕྱིར་ཆུ་སེར་གྱི་ནད་འདི་ལ་བསྒྲིམས་ཏེ་འོན་གསེང་གི་བྱ་ར་བྱེད་པ་གཅེས་པས་དངུལ་ཆུ་དུག་བྲལ་མུ་ཟི་སེར་པོ། སེང་ལྡེང༌། སོ་མ་ར། ཐལ་ཀ་རྡོ་རྗེ། གུ་གུལ་དཀར་ནག་གཉིས། སྐྱེར་པ། བྲག་ཞུན། སྔོའི་ཚ་བ་ལྕེ་དབྱི་སུབ་གསུམ། བྱང་པ། རྩ་བ་ར་བ་ཉེ་ལྕ་གཟེ་ལྔ་དང༌། བོང་བུའི་ཤ་སྦྲང་རྣམས་སྦྱར་བའི་དངུལ་ཆུ་རིལ་བུ་འདི་ཆུ་སེར་འཇོམས་པའི་གཉེན་པོ་ཡིན་པས་རླུང་མཁྲིས་བད་ཀན་ལྡན་འདུས་གཉན་ཁྲག་སོགས་དང༌། གནས་དོན་ལྔ་སྣོད་དྲུག་སྣ་ཁྲིད་བཅས་ནད་གང་དང་གང་བསྡོངས་པའི་གཉེན་པོ་བསྡེབས་ཏེ་བསྟེན་དགོས་པའི་འཕྲུལ་ཀྱང་ཤེས་དགོས་སོ། །ཆུ་སེར་ཟད་ན་རྟགས་སུ་ཤ་དང་པགས་པ་རྣམས་སྐམས་ཤིང་ཉམས་སྟོབས་མི་སྐྱེ་བས་དེ་ལྟར་བྱུང་ན་ཤ་དང་ཆང་གིས་ཉམས་སྟོབས་གསོའོ་ཞེས་གསུངས་སོ།།
བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་ཐོར་བུའི་ནད་ཀྱི་ནང་ཚན་ཆུ་སེར་གྱི་ནད་གསོ་བའི་ལེའུ་སྟེ་ལྔ་བཅུ་རྩ་དགུ་པའོ།། །།
མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 3:20 PM
<< སྔ་མ།