སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ང་དགུ་པ། ཆུ་སེར་གྱི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 ལེའུ་ང་དགུ་པ། ཆུ་སེར་གྱི་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག ཆུ་སེར་ནད་ལ་གྱུར་ཚུལ་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

སྤྱི་དོན་དང་པོ་དང་པོ་གྱུར་ཚུལ་ཁ་ཟས་དྭངས་མ་དེ། །མཁྲིས་པ་དམར་སྒྱུར་སོགས་གནོད་པའི་ལས་ཀྱིས་ཁྲག་ཏུ་འགྱུར། །ཁྲག་གི་སྙིགས་མ་མཁྲིས་པའི་ནང་དུ་གསོག །མཁྲིས་པའི་དྭངས་མ་ཆུ་སེར་ཉིད་དུ་འགྱུར། །གནས་ནི་ཤ་རུས་དོན་སྣོད་ཕྱི་ནང་ཁྱབ། །ཁྱད་པར་ཤ་མདངས་བར་དང་ཚིགས་པར་གནས། །ཚད་ནི་རང་གི་སྙིམ་པ་བཞི་རུ་བཤད།།

སྤྱི་དོན་གཉིས་པ་དབྱེ་བ་ཆུ་སེར་རིགས་དང་འཇུག་པའི་སྒོ། །རིགས་ནི་ཆུ་སེར་དཀར་པོ་ནག་པོ་གཉིས། །དང་པོ་ཆུ་སེར་དཀར་པོ་བད་རླུང་གྲང་བར་བསྡོངས། །གཉིས་པ་ཆུ་སེར་ནག་པོ་ཁྲག་མཁྲིས་ཚ་བར་བསྡོངས། །གཉིས་པ་འཇུག་སྒོ་ལྤགས་གྲམ་ཤར་རྒྱས་རྩ་རུ་རྒྱུག །རུས་ཞེན་དོན་བབས་སྣོད་དུ་ལྷུང་བའོ།།

སྤྱི་དོན་གསུམ་པ་དེ་ཡི་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་རྟགས་ཟ་འཕྲུག་ཐོར་པ་ལེབ་མོར་འོང༌། །སྐབས་སུ་ལུས་ཀུན་སྦོ་ཞིང་སྐྲངས་པ་དང༌། །ཤ་མདོག་སྔོ་ལ་རྩུབ་ཅིང་འབྲུམ་པ་འོང༌། །གྲ་མ་ཕུབ་མས་རེག་ན་ཟ་འཕྲུག་བྱེད༌།  སྐྲ་དང་སྨིན་མ་བྱི་ཞིང་འདྲུགས་པའོ། །གཉིས་པ་ཁྱད་པར་ཆུ་སེར་རིགས་དང་པོ་དཀར་པོ་རྩ་ཆུ་གྲང༌། །ནམ་ཞོད་རླན་དུགས་ཆུར་ཞུགས་གྲང་ཚེ་ལྡང༌། །ལུས་དྲོས་དྲོད་བཅུད་ཟོས་རྗེས་བདེ་བར་མངོན། །གཉིས་པ་ཆུ་སེར་ནག་པོ་རྩ་ཆུའི་ཚ་བ་སྐྱེ། །མེ་ཉིས་དྲོས་ཤིང་ཆང་འཐུངས་སྟོན་དུས་ལྡང༌། །གཉིས་པ་འཇུག་སྒོའི་ཆུ་སེར་ལྤགས་གྲམ་ཁྱད་པར་ཟ་འཕྲུག་བྱེད། །ཐོར་ཆུང་མང་ལ་ཕྲུགས་ན་ཆུ་སེར་འཛག །ལྤགས་མདོག་སྔོ་རྩུབ་གྱོང་ལ་སྲིན་ཐོར་མང༌། །གཉིས་པ་ཤ་ལ་རྒྱས་ན་ཉྭ་སྒང་ཤུ་བ་འབྱུང་། །ཤ་ཀུན་འགུལ་འཕྲིག་སྐྲངས་ཤིང་སྦོ་བ་ཡིན། །གསུམ་པ་རྩར་རྒྱུག་རྩ་ཀུན་སྦྲིད་དང་འཁྱུག་པ་དང༌། །ཚ་མྱག་ཚ་བར་གྲང་བསིལ་ཟ་བེར་འོང༌། །རྩ་མིག་ནང་དུ་སྲོག་ཆགས་རྒྱུ་བ་འདྲ། །བཞི་བ་རུས་ཞེན་རུས་པ་ལྷང་ལྷང་ན་བ་དང་། །ཚིགས་དམིགས་ན་ཞིང་བརྐྱང་བསྐུམ་འགྲོ་འདུག་དཀའ། །ཚིགས་ཁ་སྐྲངས་ཤིང་ཟ་ལ་ཤུ་ཐོར་འབྱུང༌། །ལྔ་བ་དོན་བབས་ལྔའི་དང་པོ་སྙིང་ལ་ཆུ་སེར་ཞུགས་པ་ཡིས། །ཤེས་པ་འཕྱོ་འདར་སྟོད་རྒྱངས་སྙིང་མི་དགའ། །དངངས་ཤིང་ཚིག་པ་ཟ་ལ་ཁྲོ་ཚིག་བྱེད། །བྲང་ལ་སྲིན་ཐོར་ཤ་བཀྲ་འོང་བ་དང༌། །ལྕེ་ལ་ཐོར་པ་རྒྱུན་དུ་འོང་བ་ཡིན། །གཉིས་པ་གློར་ཞུགས་གློ་མང་མིག་དང་རྐང་བོལ་སྐྲངས། །བྲང་རྒྱབ་གཟེར་ལ་སྐད་འགག་མཚུལ་པ་སྐམ། །གསུམ་པ་མཆིན་ཞུགས་མིག་ནས་མཆི་མ་རྒྱུན་དུ་འཛག །ལུས་ལྕི་སྣ་ཁྲག་འོང་ཞིང་ཕོ་མཆིན་ན། །བཞི་བ་མཆེར་ཞུགས་སྦོ་འཁྲོག་མཆུ་ནད་རྒྱུན་དུ་འབྱུང༌། །ལྔ་བ་མཁལ་ཞུགས་རྐེད་པ་དཔྱི་དང་བརླ་སུལ་ན། །སྨད་ལྕི་རྐང་པ་སྦྲིད་ཅིང་རྩ་ཀུན་འཁྱུག །དྲུག་པ་སྣོད་བབས་མིག་སེར་ཚ་འགྱུར་སྣའམ་སྔོན་ལ་གླང་ཐབས་ལྡང༌། །དེ་རྗེས་སུ་སྐབས་སུ་ཆུ་སྡོམ་སྐབས་སུ་སེར་སྨུག་འཁྲུ།།

སྤྱི་དོན་བཞི་བ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་ལ་བཅོས་ཐབས་སྨན་དཔྱད་ཟས་སྤྱོད་བཞི། །དང་པོ་ཆུ་སེར་དཀར་ནག་གཉེན་པོ་སོ་སོར་བསྟེན། །ཆུ་སེར་དཀར་པོ་ཆང་དང་ལུག་ཤ་དང༌། །མར་རྙིང་འཕྱི་བ་རྟ་བོང་ཤ་རྣམས་དང༌། །བུ་རམ་ཆང་སྦྱར་གཟེ་མའི་ཟན་ཆང་དང༌། །ར་མཉེ་རྩ་བའི་ཟན་ཆང་བུར་སྦྱར་བཏང༌། །སྤྱོད་ལམ་རླན་གྲང་བསེར་བུ་ཕུབ་ལས་སྤང༌། །སྨན་དུ་ར་མཉེ་ལྕ་བ་ཆ་བཞི་གཟེ་མ་ཆ་གསུམ་དང༌། །ཉེ་ཤིང་ཆ་གཉིས་བ་སྤྲུ་ཆ་གཅིག་གོང་མས་ཆ་བསྐྱེད་པའི། །བསྡུས་ཁུའི་ཁཎྜ་སྦྲང་དང་བུ་རམ་སྦྱར། །བཅའ་སྒ་པི་པི་ལིང་དང་ཙི་ཏྲ་ཀ །སུག་སྨེལ་ཛཱ་ཏི་སྦྱར་ཏེ་བཏང་བར་བྱ། །རྩ་བ་ལྔ་དང་སེང་ལྡེང་འབྲས་བུ་གསུམ། །ཟོ་མར་བཅས་པའི་མར་ཁུ་བུ་རམ་སྦྱར། །བཅའ་སྒ་ལ་སོགས་དྲོད་སྨན་ཕྱེ་མ་ཁ་ཚར་གདབ། །གྲང་བའི་ཆུ་སེར་མ་ལུས་འཇོམས་པར་བྱེད། །སྦྲང་སྨྱོན་ཆ་ཡིས་གོམས་པས་བྲིད་པ་བསྟེན། །བཙན་དུག་ཨ་རུ་གུ་གུལ་ཤུ་དག་དང༌། །རུ་རྟ་ཤིང་ཀུན་ཛཱ་ཏི་བྱི་ཏང་ག །ཙི་ཏྲ་ཀ་དང་དྲོད་སྨན་བུ་རམ་སྦྱར། །རིལ་བུ་སྲན་ཙམ་བསྟེན་ན་ཆུ་སེར་སྐེམ། །མུ་ཟི་འབྲི་མར་ནང་དུ་བསྡུས་པ་ཡིས།  །མར་ནག་མདོག་འགྱུར་སྦྲང་དང་སྦྱར་ལ་བཟའ། །དཔྱད་དུ་གང་བབས་གསང་ལ་མེ་བཙའ་བྱ། །གཉིས་པ་ཆུ་སེར་ནག་པོ་ཟས་སྤྱོད་བསིལ་བས་བཅོས། །བ་ར་མཛོ་ཡི་ཞོ་དར་མར་གསར་དང་། །ཆབ་ཚ་བ་ལང་རི་དྭགས་ཤ་གསར་བསྟེན། །ཆང་དང་མར་རྙིང་རུལ་སུངས་བུ་རམ་སྤང་། །སྤྱོད་ལམ་བསིལ་སར་དལ་བར་གནས་པར་བྱ། །སྨན་དུ་སྔོན་བུ་ཤོང་ཤིང་ལྕུམ་རྩ་ཨ་རུ་ར། །ཐར་ནུ་རེ་ལྕག་ཆུ་རྩ་བྱི་ཏང་ག །ཆུ་སེར་སྤོས་ཐལ་སོ་སྨན་གསུམ་བ་ཆུར་སྦངས་པས་བཀྲུ། །དེ་རྗེས་རྩ་བཤལ་ཕྱི་རྒྱུད་ལྟར་བཏང་ལ་ཆུ་སེར་སྦྱངས། །སྐྱེར་པ་སེ་རྒོད་སེང་ལྡེང་བ་རུ་ཡི། །ཕྱེ་མ་གུ་གུལ་ཕྱི་རྒྱུད་ཀྱི་སྤོས་དཀར་བཅུ་དང་སྦྱར་ལ་བཏང་། །ཕྱི་རྒྱུད་ལྟར་བ་ཡི་རྣམ་ལྔ་སེང་ལྡེང་སྨན་མར་སྦྱར། །འོག་ཏུ་མདོར་བསྡུས་སྐབས་ཀྱི་དངུལ་ཆུའི་རིལ་བུ་བསྟེན་པས་ཆུ་སེར་སྐེམ། །དཔྱད་དུ་གང་ལ་བབས་པའི་རྩ་ལ་གཏར། །གཉིས་པ་བྱེ་བྲག་ལ་སོ་སོར་ཕྱེ་བ་དང་བསྡོམས་པ་གཉིས་ལས་དང་པོ་ཆུ་སེར་གཉིས་པ་དང་པོ་ཤ་ལྤགས་རྒྱས་པ་ལ། །ཤོག་ཤིང་སྔོན་བུ་སྔོ་སྲུབ་ཀ་ཞོ་དང་སྦྱར་བས་བྱུག །སོ་མ་ར་ཛ་ཤུ་དག་ལི་ཤི་དང༌། །ཙི་ཏྲ་ཀ་དང་མར་སྦྱར་བྱུག་པར་བྱ། །སྲད་དཀར་ཐལ་བ་རྟ་བོང་འོ་མས་བྱུག །ཐལ་ཀ་རྡོ་རྗེ་གཡེར་མ་མར་སྦྱར་བྱུག །སྦུར་བ་བསེ་སྦུར་ནག་པོ་དོང་གྲ་སྒ་སྨུག་འོ་མ་སྦྱར་བའམ། །བ་རུ་ར་དང་སྦྲུལ་པགས་ཀྱི་ཐལ་བ་མར་སྦྱར་བྱུག །སོ་མ་ར་ཛ་བ་བླ་བ་གཅིན་བྱུག །མ་ཕན་རྩ་སྦྱོངས་དང་སེང་ལྡེང་སྨན་མར་ཕྱི་རྒྱུད་ལྟར་སྦྱར། །གསུམ་པ་རྩར་རྒྱུག་གཏར་དང་རྩ་སྦྱོངས་རྗེས་ལ་སྐམ། །བཞི་བ་རུས་ཞེན་ལྟོ་དང་རྩ་ནས་སྦྱངས་བྱས་ལ། །རྩ་བ་ར་ལྕ་ཉེ་བ་གཟེ་ལྔ་དང་མུ་ཟིའི་སྨན་མར་སྦྱར། །ཚིགས་དམིགས་ཆུ་སེར་ཕྱེ་བ་ལྟ་བུར་མེ་ཐུར་བྱ། །ཤ་ལྤགས་རྩ་རུས་ཀུན་ལ་ཆུ་ལུམས་རང་བྱུང་གི་ཆུ་ཚན་བདུད་རྩི་ལྔའི་བསྔགས། །དེ་རྗེས་ཕྱི་རྒྱུད་ལྟར་སེང་ལྡེང་སྨན་མར་ནད་རྗེས་བཅད། །ལྔ་བའི་དང་པོ་སྙིང་ལ་ཞུགས་ན་སྦལ་རྒྱབ་ཆིག་ཐུབ་མདུང་རྩེ་དཀར་སྨུག་དང༌། །གསེར་རྡོ་མཚལ་དཀར་ཕ་ཝཾ་ལོང་བུ་དང༌། །ཚ་ལ་བཟང་ཅུ་གུར་ལི་ཛཱ་སུག་ཀ་དྲུག་ཆུ་སེར་སྤོས་ཐལ་སོ་སྨན་གསུམ་དང༌། །གུ་གུལ་ཤིང་ཀུན་གླ་རྩི་སྙིང་ཞོ་ཤ །རུ་རྟ་སྐྱུ་རུ་ར་དང་ཨ་ག་རུ། །ཨ་རུ་ར་དང་ཀ་ར་སྦྱར་ལ་བཏང༌། །སྙིང་རྩ་གཏར་ཞིང་ཚིགས་པ་དྲུག་པ་བསྲེག །བཙན་དུག་རིལ་བུ་ཕྱི་རྒྱུད་ལྟར་སེང་ལྡེང་སྨན་མར་སྦྱར། །གཉིས་པ་གློར་ཞུགས་ཅུ་གང་རུ་རྟ་ཤིང་མངར་དང༌། །ཙན་དན་རྒུན་འབྲུམ་ཆུ་སེར་སྨན་གསུམ་དང༌། །ག་དུར་དམར་པོ་སྐགས་བཙོད་འབྲི་གསུམ་དང་སྦྲང་སྦྱར་ལ། །གློ་ཡི་རྩ་གཏར་ཚིགས་པ་བཞི་ལྔ་བསྲེག །གསུམ་པམཆིན་པ་དང་མཆེར་བ་ལ་ཞུགས་ཕྱི་རྒྱུད་ལྟར་རྩ་ལྟོས་སྦྱང་བ་གཅེས། །གུར་ཀུམ་བྲག་ཞུན་གླ་རྩི་པི་པི་ལིང༌། །ཀ་ར་སྦྱར་བཏང་མཆིན་པའི་རྩ་ལ་གཏར། །ལྔ་བ་མཁལ་བབས་དམར་པོ་སྐགས་བཙོད་འབྲི་ཞུ་བཞི་ཡི་ཐང་བཏང་ཞིང༌། །ཕྱི་རྒྱུད་ལྟར་རྩ་སྦྱོངས་རྗེས་ལ་རྩ་བ་ལྔའི་སྨན་མར་སྦྱར། །གང་དུ་བབས་པའི་གསང་དུ་མེ་བཙའ་བྱ། །དྲུག་པ་སྣོད་དུ་ཆུ་སེར་བབས་པ་སྦྱོངས་ཀྱིས་གོང་དུ་ཆུ་སེར་ནག་པོའི་སྐབས་སུ། སྨན་དུ་སྔོན་བུ་ལྕུམ་རྩ་ཨ་རུ་ར། །ཞེས་པ་ནས་བ་ཆུར་སྦངས་པས་བཀྲུ་ཞེས་པའི་བར་རྣམས་སོ་དབྱུང༌། །གཉིས་པ་བསྡོམས་པའི་མདོར་བསྡུས་ཆུ་སེར་འཕེལ་བས་ནད་འགྱུར་ཏེ། །ཤ་བཀྲ་གླང་ཤུ་སྲིན་ཐོར་ཁྱེ་མ་དང༌། །ཤུ་བ་ཟ་རྐོང་ཟ་འཕྲུག་ཆུ་སེར་བྱེད། །འོར་དང་སྐྱ་རྦབ་དམུ་ཆུ་ཆུ་སེར་བྱེད། །སུར་ཡ་མེ་དབལ་དྲེག་གྲུམ་གག་ལྷོག་དང༌། །རྙོགས་པའི་ཚ་བ་ཐམས་ཅད་ཆུ་སེར་བྱེད། །མགོ་དང་ཡན་ལག་བྱང་ཁོག་ལ་སོགས་པ། །རྨ་ཡི་ཉེས་པ་ཐམས་ཅད་ཆུ་སེར་བྱེད། །འབྲས་དང་མཛེ་ནད་ཆུ་སེར་ལས་འབྱུང་བས། །དེ་ཕྱིར་ཆུ་སེར་ནད་ལ་བྱ་ར་གཅེས། །དངུལ་ཆུ་རིལ་བུ་ནི་དངུལ་ཆུ་མུ་ཟི་སེར་པོ་སེང་ལྡེང་སོ་མ་ར། །ཐལ་ཀ་རྡོ་རྗེ་གུ་གུལ་དཀར་ནག་གཉིས། །སྐྱེར་པ་བྲག་ཞུན་སྔོ་ཡི་ཚ་བ་ལྕེ་དབྱི་སྲུབ་གསུམ། །བྱང་པ་རྩ་བ་ར་ལྕ་ཉེ་བ་གཟེ་ལྔ་དང་བོང་བུའི་ཤ། །སྦྲང་རྣམས་ཆུ་སེར་འཇོམས་པའི་གཉེན་པོ་ཡིན། །རླུང་མཁྲིས་བད་ཁྲག་ནད་གང་བསྡོངས་པའི་གཉེན་པོ་བསྡེབས་ཏེ་བསྟེན། །ཆུ་སེར་ཟད་ན་ཤ་དང་ལྤགས་པ་སྐམས། །ཉམ་སྟོབས་མི་སྐྱེ་ཤ་དང་ཆང་གིས་གསོ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཆུ་སེར་གྱི་ནད་གསོ་བའི་ལེའུ་སྟེ་ལྔ་བཅུ་རྩ་དགུ་པའོ།། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:29 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།