སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ང་གཉིས་པ། འཁྲུ་བའི་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་ང་གཉིས་པ། འཁྲུ་བའི་ནད་བཅོས་པ།



ལེའུ་ང་གཉིས་པ།  འཁྲུ་བའི་ནད་བཅོས་པ། 

སྐྱུགས་པའི་ནད་བཅོས་པའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། འཁྲུ་བའི་ནད་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང་བཅོས་ཐབས་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

        རྒྱུ་རྐྱེན་གཞི་མཐུན་ནི་མ་ཞུ་བ་དང་གནས་སྐབས་སུ་འཁྲུ་བ་དང༌། ཕོ་བའི་མེ་དྲོད་ཉམས་པ་དང༌། རྒྱུ་ལོང་རྣམས་སུ་གྲང་བ་སྐྱེས་པ་དང༌། མཁྲིས་པ་སྣོད་དུ་ལྷུང་བ་དང༌། མཆིན་ཚད་ཐུར་དུ་བབས་པའོ། །

        དབྱེ་བ་རླུང་གྱུར་དང༌། མཁྲིས་གྱུར་དང༌། བད་གྱུར་དང༌། འདུས་པ་ལས་གྱུར་པ་དང་བཞིའོ། །

        དེ་རྣམས་སོ་སོར་ངོས་འཛིན་པའི་རྟགས་ནི་མ་ཞུ་བ་དོན་མེད་ལ་ཁོང་པ་འགྱིངས་པ་ལྟར་བྱས་རྗེས་འཁྲུ། མེ་དྲོད་ཉམས་པ་ནི་ཁ་ཟས་གང་ཟོས་པ་དེ་མ་སྨིན་པས་རྒྱུན་པར་འབྱང་བ་དང༌། རྒྱུ་ལོང་གྲང་བ་ཞུགས་ན་ཁོང་པ་འཁྲོག་འུར་བྱེད་ཅིང་གྲང་པ་སྟེ་འཁྱགས་པའི་ཚེ་ན་ལྡང་ངོ༌། །མཁྲིས་པ་སྣོད་དུ་ལྷུང་བ་ནི་འཁྲུ་མདོག་སེར་པོ་ཚ་བ་དང་བཅས་འཁྲུ། མཆིན་ཚད་བབས་པ་ནི་མདོག་དམར་སྨུག་དུད་ཁུ་ལྟ་བུར་འཁྲུ། རླུང་ལས་གྱུར་པ་ནི་སྦོ་འཁྲོག་བྱེད་ཅིང་འཁྲུ་དུས་ལྦུ་བ་སྒྲ་བཅས་འཁྲུ། མཁྲིས་པ་ལས་གྱུར་པ་མདོག་དམར་སེར་དྲི་མ་མནམ་ཞིང་ཚོར་བ་མེད་པ་སྟེ་མི་ཤེས་པར་འཁྲུ། བད་ཀན་ལས་གྱུར་པ་ནི་བེ་སྣབས་ཅན་འཁྲུ་ལ་ལྟོ་བ་ལྕི་ཞིང་སྒྲེག་པའོ། །འདུས་པ་ལས་གྱུར་པ་རྟགས་ཀུན་དང་ལྡན་པར་འཁྲུའོ། །

བཅོས་པའི་ཐབས་སྤྱི་བྱེ་བྲག་གཉིས་ལས། དང་པོ་མ་ཞུ་བ་དང་མེ་དྲོད་ཉམས་པ་གཉིས་ལ་སྨྱུང་བ་བྱ་ཞིང་ཡོས་ཐུག་ཤ་གསར་བཅས་ལ་སྒ་དང་སྤོད་སྣ་བྲན་པ་བུངས་ཆུང་དུ་ཡང་ཡང་བསྟེན་ཞིང་ཆུ་བསྐོལ་དང་ཆང་འཇམ་བསྟེན་པ་དང༌། ད་ལིས་བདུན་པ་དང་རྒོད་མ་ཁ་ཕྱེ་གཉིས་ཕྱི་རྒྱུད་ལྟར་སྦྱར་བ་དང༌། ཚྭ་སྣ་རྒྱ་ཚྭ་རྒྱམ་ཚྭ་ལྕེ་མྱང་ཚྭ་ཁུ་རུ་ཚྭ་རྩབས་རུ་ཚྭ་དང༌། ཚ་བ་སྒ་པི་ཕོ་དབྱི་ཙི་བཅས་ལྔ་དང༌། ལ་ལ་ཕུད། སེ་འབྲུ། ཤིང་ཀུན་རྣམས་བུ་རམ་དང་སྦྱར་བའི་རིལ་བུ་བཏང༌། སེ་འབྲུ། ཤིང་ཚ། དྲོད་སྨན་ཛཱ་སུག་ཀ་གསུམ། ཚ་བ་སྒ་པི་ཕོ་གསུམ། ལ་ལ་ཕུད་རྣམས་ཆ་མཉམ་སྦྱར་བ་དྲོད་སྐྱེད་ཅིང་འཁྲུ་བ་གཅོད། ཟས་སྤྱོད་གཉིས་བསིལ་བའི་རིགས་སྤང་ཞིང་གཅན་གཟན་གྱི་སྤུ་དུགས་བསྟེན། རྒྱུ་ལོང་གི་གྲང་བ་ལ་ལོང་གསང་མདུན་ལྟེ་བ་ནས་ཚོན་དོ་རེའི་ས་གཉིས་དང་རྒྱབ་ཚིགས་པ་བཅུ་དྲུག་པ་བསྲོ་ཞིང༌། ཙི་ཏྲ་ཀ་དང༌། སུག་སྨེལ། ཚ་བ་སྒ་པི་ཕོ་གསུམ་རྣམས་བུ་རམ་དང་སྦྱར་ལ་གཏོང་བ་དང་ལྕམ་པ་བཏབ་པའི་ཚ་བ་སྟེ་ཐུག་པ་བཏང་ངོ༌། །མཁྲིས་པ་སྣོད་ལྷུང་ལ་ཨིནྡྲ་བཞི་ཐང་དང་མཁྲིས་ཕྱེ་བདུན་པ་ཕྱི་རྒྱུད་ལྟར་སྦྱར་ལ་བཏང༌། མཆིན་ཚད་ཐུར་དུ་བབས་པ་ལ་བད་ཀན་སྨུག་པོ་ལྟ་བུར་བཅོས་སོ། །

རླུང་གིས་བསྐྱེད་ནས་འཁྲུ་བ་ལ་རྒྱུད་ཕྱི་མ་ནས་བཤད་པའི་སྣུམ་དུགས་དང་འཇམ་རྩི་སླེ་འཇམ་བྱ་ཞིང༌། སེ་འབྲུ། ཚ་བ་སྒ་པི་ཕོ་དབྱི་ཙི་ལྔ་དང༌། ཁ་རུ་ཚྭ། ཤིང་ཀུན་རྣམས་བུ་རམ་དང་སྦྱར་ལ་བཏང་ཞིང་ཞུན་མར་བླུད། མཁྲིས་པ་ལས་གྱུར་པར་སེ་འབྲུ། བོང་ང་དཀར་པོ། བཅའ་སྒ་བཅས་པའི་ཐང་དང༌། རྩ་མཁྲིས། གླ་སྒང༌། ཧོང་ལེན། དུག་མོ་ཉུང༌། ཙི་ཏྲ་ཀ་དང༌། ཚྭ་སྣ་རྒྱ་རྒྱམ་ཁ་གསུམ་རྣམས་བུ་རམ་དང་སྦྱར་བ་བཏང་བས་མཁྲིས་སྐྲན་དང་མིག་སེར་པོར་སོང་བ་སོགས་སེལ་ལ་འཁྲུ་བ་གཅོད་པར་བྱེད། གླ་སྒང༌། བོང་ང༌། བིལ་བ། དུག་མོ་ཉུང༌། ཏིག་ཏ། མ་ནུ་པ་ཏྲ། འུ་སུ། སྐྱེར་ཁཎྜ། སྒ་རྣམས་དང་བཅས་པ་འབྲས་བཀྲུས་པའི་ཁུ་བར་སྦྱར་བར་བླུད་ན་ཁྲག་དང་མཁྲིས་པར་འཁྲུ་ཞིང་འཁྲོག་པ་བཅས་སེལ། བད་ཀན་ལ་ཚ་བ་སྒ་པི་ཕོ་དབྱི་ཙི་ལྔ་དང༌། ཨ་རུ་ར། འུ་སུ། གནྡྷ་པ་ཏྲ་སྟེ་སྔོ་སྨན་ངོ་བོ་རྣམས་ཤ་ཁུའམ་འབྲས་ཐུག་ལ་སྦྱར་བ་བླུད། ཤིང་ཀུན། ཤུ་དགཧོང་ལེན། བོང་ང་དཀར་པོ། དུག་མོ་ཉུང་དང༌། མ་ནུ་པ་ཏྲ་དང༌། གཟེ་མ། ཚ་བ་སྒ་པི་ཕོ་དབྱི་ཙི་ལྔ། ཚྭ་སྣ་རྒྱ་རྒྱམ་ཁ་ལྕེ་རྩབས་ལྔ་དང༌། ཏིལ་དང་ཞོ་བཙོས་དཀྲུགས་ནས་འགྲིལ་བ་དེ་བསྲེགས་པའི་ཐལ་བ་དང་མར་སྦྱར་བས་བད་རླུང་མ་ཞུ་སྐྲན་འཁྲུ་སེལ་ཞིང༌། འདུས་པ་ལས་གྱུར་པའི་འཁྲུ་བ་ལ་བཅོས་མ་གསུངས་པ་ནི་སྐབས་དོན་འཕྲུལ་ཤེས་དགོས་པར་དགོངས་པ་ཡིན་པས་དེ་ལྟར་རྟོགས་པར་བྱ་ཞེས་གསུངས་སོ།།

          བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་ཐོར་བུའི་ནད་ཀྱི་ནང་ཚན་འཁྲུ་བ་བཅོས་པའི་ལེའུ་སྟེ་ལྔ་བཅུ་རྩ་གཉིས་པའོ།། །།


མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 3:10 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།