སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གྱ་ལྔ་པ། བྱང་ཁོག་སྟོད་སྨད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011
མན་ངག་རྒྱུད། >> ལེའུ་གྱ་ལྔ་པ། བྱང་ཁོག་སྟོད་སྨད་གསོ་བ།

 ལེའུ་གྱ་ལྔ་པ་བྱང་ཁོག་གསོ་བ་ལ་གཉིས། བསླབ་པར་ཞུས་པ་དང༌། དེའི་ལན་ནོ། །དང་པོ་ནི། དེ་ནས་ཞེས་རྐང་པ་ལྔ་དང་འབྲུ་བཞིས་བསྟན་ནོ། །གཉིས་པ་དེའི་ལན་བཤད་པ་ལ་གསུམ། ཉན་པར་གདམས་པ། གཞུང་དོན། ལེའུའི་མཚན་ནོ། །དང་པོ་ནི། དྲང་སྲོང་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་གཞུང་དོན་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། འགྲོ་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་འདོད་པ་ཁམས་པའི་ཁམས་དྲུག་ལྡན་འགྲོ་བ་མིའི་ལུས་དེའི་ནང་ཚན་སྐེ་མན་སྣེ་ས་ཡན་གྱི་ནང་བར་མཆིན་དྲིས་བཤད་པའི་བྱང་ཁོག་སྟོད་སྨད་ལ་རང་བཞིན་གྱི་གནས་ལུགས། དེ་ལ་མཚོན་སོགས་ཕོག་པའི་རྟགས་དང༌། དེ་གསོ་བའི་ཐབས། ལོག་གནོན་རྗེས་བཅད་རྣམས་རིམ་པ་བཞིན་བཤད་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་ལས། དང་པོ་གནས་ལུགས་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དང་པོ་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། དེ་ཡང་བསྟན་པ་རུས་པའི་གནས་ལུགས། དེ་བཞིན་དུ་གཡོགས་པ་ཤའི། གཉན་པ་དོན་སྣོད་ཀྱི། ས་བཅད་ཡུལ་གྱི། འབྲེལ་བ་རྩའི། རྒྱ་དཀར་གསང་གི་གནས་ལུགས་བསྟན་པའོ།།

        གཉིས་པ་རྒྱས་བཤད་ལ་དྲུག་ལས། དང་པོ་བསྟན་པ་རུས་པའི་གནས་ལུགས་བསྟན་པ་ལ་གཉིས། རྣམ་གྲངས་བསྟན་པ་དང༌། གནས་ལུགས་སོ། །དང་པོ་རྣམ་གྲངས་བསྟན་པ་ལ་གཉིས། སྤྱི་དོན་དང༌། གཞུང་དོན་ནོ། །དང་པོ་ནི། སྨན་དཔྱད་སོ་མ་རཱ་ཛ་ལས། སྒལ་རུས་ཉི་ཤུ་རྩ་གསུམ་སྟེ། །ལྷག་པ་དག་ཀྱང་སྲིད་པའོ། །མཇུག་ཏུ་དྲ་མིག་བཅས་པ་དང༌། །བྲང་རུས་ལས་དྲུག་ཚུལ་དྲུག་དང༌། །སྒྲོག་རུས་འགར་བ་གཉིས་དང་ནི། །རྩིབ་མ་དྲུག་དྲུག་ནམ་ཚོང་དང༌། །ལག་འོག་དྲུག་དྲུག་བཅུ་གཉིས་དང༌། །རྩིབ་ལྟག་དག་ཀྱང་སྲིད་པ་སྟེ། །གུང་ཁབ་དག་ནི་དྲུག་ཏུའོ། །ཞེས་སོ། །གཉིས་པ་གཞུང་དོན་བཤད་པ་ནི། དང་པོ་ཞེས་རྐང་པ་བཞིས་བསྟན་ཏེ། དེ་ཡང་དང་པོ་ལུས་འདི་བསྟན་པར་བྱེད་པ་རུས་པའི་གནས་ལུགས་ནི། སྒལ་ཚིགས་འཕང་ལོ་ཉི་ཤུ་བརྒྱད་ལ། ཡར་གྱི་བཞི་སྐེ་རྨ་གསོ་བར་བཤད་ཟིན། མར་གྱི་བཞི་མཇུག་གུ་ཐུང༌། བར་གྱི་ཉི་ཤུའོ། །བྲས་རུས་ལྷ་བ་ཅན་གྲུ་བཞི། རྩིབ་མ་ཉི་ཤུ་རྩ་བཞི། རྩིབ་མའི་སྣ་ལྷ་རུ་རྩེ་དྲུག སྒྲོག་རུས་གཉིས། དཔྱི་གཉིས། སོག་པ་གཉིས་གཞུག་ཆུང་སྟེ་རུས་རིགས་བརྒྱད། ཚིགས་པ་ཚིགས་པའི་མཁར་དང༌། མཁར་གྱི་མཚམས་དང༌། གཡས་གཡོན་དུ་གཤོག་པ་ལྟར་བཏགས་པ་བྱ་འདབ་དང་གསུམ་མོ།།

        གཉིས་པ་གནས་ལུགས་བསྟན་པ་ནི། དེ་དག་ཅེས་རྐང་པ་གཅིག་གིས་བསྟན་ཏེ། བཤད་མ་ཐག་པའི་རུས་པ་དེ་དག་གིས་ནི་ལུས་ཀྱི་གཞི་བསྟན་ཞིང༌། དེ་ཡང་དཔེར་མཚོན་ན་ཕྱིང་གུར་ཕུབ་པ་དང་འདྲའོ། །གཉིས་པ་ཤའི་གནས་ལུགས་བསྟན་པ་ལ་གཉིས། རྣམ་གྲངས་དང༌། གནད་དུ་བསྟུན་ཚུལ་ལོ། །དང་པོ་རྣམ་གྲངས་བཤད་པ་ལའང་གཉིས། སྤྱི་དོན་དང་ཚིག་དོན་ནོ། །དང་པོ་ནི། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས། བྱང་ཁོག་སྟོད་སྨད་ཤ་དག་ནི། །བཤུལ་ཤ་དང་ནི་རྟ་ཤའོ། །གཉིས་གཉིས་བཞི་ནི་རྒྱབ་ཤ་སྟེ། །ནུ་མའི་འཐོན་ཤ་གཉིས་དག་དང༌། །གཞག་ཤ་བཞི་ནི་རྒྱབ་ཏུ་སྟེ། །ལར་ནི་མདུན་གྱི་ཤ་དྲུག་གོ །ཞེས་སོ། །གཉིས་པ་ཚིག་གི་དོན་ནི། དེ་ལ་ཞེས་རྐང་པ་དྲུག་གིས་བསྟན་ཏེ། ལུས་བརྟེན་པར་བྱེད་པའི་རུས་པ་དེ་ལ་གཡོགས་པ་ཤའི་གནས་ལུགས་བསྟན་པ་ནི། སྒལ་ཚིགས་པའི་འདབ་ཀྱི་བཤུལ་ཤ་ནག་པོ་ཕྱི་ན་གཉིས་དང་ནང་ན་གཉིས་བསྡུས་ནས་གཉིས། བྲང་གི་ངོས་ན་ནུ་ཤ་འཁོར་བ་གཉིས། དཔྱིའི་སྟ་ཟུར་གྱི་རྟ་ཤ་གཉིས་ལ། འོག་ཏུ་ཡན་ལག་གསོ་བར། དཔྱིའི་ཤ་ནི་རྒྱ་གྲམ་དག་ཏུ་གནས། །ཞེས་དང༌། འཆང་གཟུང་སྟེང་གི་ཤ་རྒོད་གཉན་པ་ཡིན། །ཞེས་གསུངས་པའི་རྟ་ཤ་ལས་བྱེད་གཉིས། མཆན་ཁུང་གཞག་ཤ་མདུན་ངོས་དཀར་པོ་གཉིས་དང་རྒྱབ་ངོས་ནག་པོ་གཉིས་ཏེ་རྐང་གྲངས་སུ་རྣམ་པ་གཉིས། ཐལ་གོང་སྟེ་ཕྲག་པའི་སྟེང་ན་གཉའ་ཤ་ནག་པོའི་གནད། ཅེས་གཉའ་བའི་ཤ་ནག་པོ་གཉིས། གཉའ་འཁོར་ཏེ་སོགས་པའི་རྩིབས་ལོགས་ངོས་ཀྱི་ཁ་འཁོར་ཏེ། སོག་པའི་ཁ་འཁོར་འདར་ཤ་ཁུག་པའི་གནད། །ཅེས་གསུངས་པའི་འདར་ཤ་ཁུག་པ་གཉིས་དང༌། སོག་པའི་མཐིལ་གྱི་འབྲོས་ཤ་སྟེ། མེ་ལོང་སྟེང་ན་འབྲོས་ཤ་ཁྲ་བོའི་གནད། ཅེས་གསུངས་པའི་འབྲོས་ཤ་གཉིས་ཏེ། ཤ་རིགས་བསྡུས་ནས་རྐང་གྲངས་སུ་དྲིལ་ནས་བཤད་ན། བཤུལ་ཤ་གཉིས། ནུ་ཤ་གཅིག་རྟ་ཤ་གཅིག གཞག་ཤ་གཉིས། གཉའ་ཤ་དང་འདར་ཤ་གཉིས་གཅིག་ཏུ་བྱས་པ་གཅིག འབྲོས་ཤ་གཅིག་སྟེ་བརྒྱད་དོ།།

        གཉིས་པ་གནད་དུ་བསྟན་པ་ནི། །བྱེར་ཞིང་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་གཉན་པ་དོན་སྣོད་ཀྱི་གནས་ལུགས་བསྟན་པ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། གཉན་པའི་རྒྱུ་མཚན་བསྟན་པའོ། །དང་པོ་ནི། གཉན་པ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དོན་ལྔའི་གནས་ལུགས་དང༌། སྣོད་དྲུག་གི་གནས་ལུགས་སོ། །གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ལས། དང་པོ་དོན་ལྔའི་གནས་ལུགས་ནི། སྙིང་ནི་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། སྙིང་ནི་རྒྱལ་པོ་ལྟར་ཀུན་གྱི་གཙོ་བོར་གྱུར་པ་སྟེ་ཚེ་སྲོག་སེམས་ཀྱི་རྟེན་ནོ། །གློ་བའི་བུ་ལྔ་ནི་མདུན་དུ་གནས་ཏེ་རྒྱལ་པོའི་སྲས་ལྟར་ཡུལ་གཉན་ཅིང་དྲང་དུ་གནས་པའོ། །གློ་བའི་མ་ལྔ་ནི་རྒྱབ་ཏུ་གནས་ཏེ་བློན་པོ་ལྟར་རྒྱབ་ནས་སྐྱོར་བའི་ཚུལ་ལོ། །གློ་བའི་ཕང་དུ་སྙིང་གནས་པ་ནི་མ་ཡི་བུ་ཐོགས་པ་དང་འདྲའོ། མཆིན་དྲི་དཀར་པོ་ནི་བྱང་ཁོག་སྟོད་སྨད་བར་བཅད་པ་སྟེ་དཀར་གྱི་ཡོལ་བ་འདྲ་བའོ། །དེ་དང་འབྲེལ་བའི་མཆིན་པ་ནི་བྲག་གཡང་གཟར་བ་ལྟར་གྱེན་ལ་ལངས་སོ། །མཆེར་པ་ནི་མཐའ་མཐུག་ཅིང་དཀྱིལ་སྲབ་པ་དབྱིབས་བྲ་བོའི་ཁུར་བ་དང་འདྲ་བའོ། །མཁལ་མ་གཡས་གཡོན་མཁལ་འབྲས་གྱེན་དུ་ལངས་ནས་གྱད་ཀྱིས་གདུང་འདེགས་པ་དང་འདྲའོ། །དེ་ལྟར་བཤད་པའི་དོན་ལྔ་ནི་དབང་རྟེན་དང་འབྲེལ་བས་དབང་རྟེན་གྱི་ཆེ་ཆུང་དབྱིབས་སྐྱོན་ཡོད་མེད་སོགས་ལས་རྗེས་སུ་དཔག་པར་བྱ་སྟེ། དཔེར་ན་ནང་དུ་སྙིང་དང་རྒྱུ་མར་འབྲེལ་སྒོ་ལྕེ་ལ་འཆར་བས་ལྕེ་ཆེ་ཆུང་ལ་སྙིང་ཆེ་ཆུང་ལྕེ་དབྱིབས་ལས་སྙིང་གི་དབྱིབས། ལྕེའི་གཞུང་དུ་ཀྲམ་ཀྲེམ་འདུག་ན་སྙིང་ལ་རུས་པ་ཡོད་པ་སོག་རྒྱ་ནག་སོ་མ་རཱ་ཛ་ལས་རྒྱ་ཆེར་བཤད་ཀྱང་མང་བས་དོགས་མ་བྲིས་ལ། ལར་རླུང་མཁྲིས་བད་ཀན་ལྡན་འདུས་ཏེ་རང་བཞིན་བདུན་ལས་ཀྱང་དབྱིབས་སོགས་འགྱུར་འགྲོ་སྟེ། གསེར་མཆན་དུ། རླུང་གི་མི་ལ་གློ་བ་སུལ་མང་ཡོད། གློ་སུལ་རེ་དང་རྩིབས་རེ་ཡོལ་གྱིས་བཅད་ནས་ཡོད། མཁྲིས་པའི་མི་ལ་གློ་འཇོང་ལ་ཕུག་འདྲ་ཡོད། སྟོད་ལ་མ་འབྱར་ཐང་དམར་ཡོད། བད་ཀན་གྱི་མི་ལ་རྒོད་དང་འདྲ་བྱ་གཤོག་ཡོད། གློ་སྦྲལ་བཞི་ཡོད། སྟོད་སྨད་གཉིས་ཆུང་བར་བཤད་པས་མཐའ་གཅིག་ཏུ་ནི་མ་ངེས་སོ།།

        གཉིས་པ་སྣོད་ཀྱི་གནས་ལུགས་ནི། ཕོ་བ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། དེ་ཡང་སྣོད་ཕོ་བ་ནི་ཟས་སྐོམ་གྱི་སྣོད་དེ་སྟོད་ཆེ་སྨད་ཕྲ་སུལ་ཀྲོང་མོ་བཞི་ཡོད་པ་དབྱིབས་ལ་ཕུག་སུལ་བཞི་བ་དང་འདྲ་བའོ། །མཁྲིས་པ་ནི་མཆིན་པ་དང་འབྲེལ་ནས་དེའི་འདབས་ཕོ་མཆིན་གྱི་བར་ན་གནས་ཤིང་མདོག་དབྱིབས་གསེར་རྐྱལ་བཀལ་བ་དང་འདྲའོ། །ལོང་ག་ནི་རྒྱུ་མ་དང་འབྲེལ་ཞིང་སུམ་ཁྱོག་དབྱིབས་གསེར་སྦྲུལ་ལ་ལྕག་གིས་བྲབས་པ་འདྲ་བར་འཁྱིལ་ནས་གནས་པའོ། །རྒྱུ་སྟོད་རྒྱུ་སྨད་ནི་ཕོ་བ་དང་འབྲེལ་བ་དབྱིབས་ཡུར་བ་ཆུས་བཀང་བ་དང་འདྲའོ། །གཉེམ་ནི་ལོང་དང་འབྲེལ་བ་ལ་དེ་ཡང་དབྱིབས་གཡང་གཞག་པ་བསྐོར་བ་ནི་གཡང་ཟན་གྱིས་རིལ་བུས་བསྐོར་ནས་མར་ཁུ་བླུག་པ་ལ་གཡང་གཞག་འཁོར་བ་ཞེས་པ་དེ་འདྲ་སྟེ་ཕུབ་ཀྱི་སྦ་འཁོར་དང་ཡང་འདྲའོ། །ཚིལ་ཤུབས་དཀར་ནག་ནི་རྒྱུ་དཀར་ཡང་ཟེར་ལ་ལྗང་རྒྱུ་དཀར་ནག་ལྕགས་སྦྲུལ་བསྟར་ལ་ཀྱུས་པ་འདྲའོ། །ལྒང་ཕུག་གི་ཁ་ནི་ཐུར་དུ་བལྟས་པ་ཆུ་རྐྱལ་དང་འདྲའོ། །བསམ་སེའུ་ནི་རྩའི་མདུད་པ་ཤའི་རྨེན་བུ་དང་འདྲ་སྟེ། དེ་ཡང་ཆེ་ཆུང་སོགས་ཀྱི་ཚད་ཀྱང་སོ་མ་རཱ་ཛ་ལས། བསམ་སེ་ཞེས་པ་འཛག་སྣོད་དེ། །ཆེ་ཆུང་བྱེད་པ་ལྒང་ལྤགས་འདྲ། །ལྟེ་བ་དག་ནས་གཡོན་དུ་འཁྱིལ། །མཁལ་མ་གཡོན་པ་དག་དང་འབྲེལ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་དོན་སྣོད་གཉིས་གནད་དུ་བསྟན་ཚུལ་ནི། དེ་དག་ཅེས་རྐང་པ་གཅིག་གིས་བསྟན་ནོ། །བཞི་པ་ས་བཅད་ཡུལ་གྱི་གནས་ལུགས་བསྟན་པ་ལ་གསུམ། མདོར་རྒྱས་མཇུག་གོ །དང་པོ་ནི། བགོ་སྐལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དོན་སྣོད་རང་རང་གི་བགོ་ཤའི་སྐལ་བ་ས་མཚམས་སུ་བཅད་པ་སོ་སོའི་ཡུལ་གྱི་གནས་ལུགས་ནི་ཞེས་ངེས་པར་བཟུང་བའི་དོན་ནོ། །དེ་ལྟ་བུའི་ཐིག་གི་ཚད་དེ་ཡང་ངེས་པར་ཤེས་དགོས་ཏེ། ཅིའི་ཕྱིར་ན། མི་རྣམས་འདུ་བ་སོགས་ཤས་ཆེ་ཆུང་གི་དབང་གིས། ལ་ལ་སྟོད་ཆེ། ལ་ལ་སྨད་ཆེ། ལ་ལ་སྐེད་པ་རིང་བ་སོགས་མཐའ་གཅིག་ཏུ་མ་ངེས་པའི་དོན་གྱིས་སྤྱིར་ཁྱབ་ཀྱི་ཚད་ཁོང་དུ་ཆུད་ན་གཞན་རྣམས་ཤུགས་ལས་རྟོགས་པར་འགྱུར་བས་ན་བཤད་པར་བྱའོ། །དེ་ཡང་ཇི་སྐད་དུ། སོ་མ་རཱ་ཛ་ལས། གང་དག་ཚད་ནི་འདི་དག་གོ །མི་རྣམས་ལ་ནི་ཁྲུ་ཚད་ནི། །ཁྲུ་བཞི་པ་དང་ཕྱེད་དང་བཞི། །སོར་བརྒྱད་པ་དང་རྩ་བརྒྱད་དེ། །ཡུན་ནི་ལྔ་བཅུ་རྩ་གཉིས་སོ། །ཐུར་ནི་ཉི་ཤུ་རྩ་གཉིས་ཏེ། གདོང་པ་དག་ནི་དྲུག་པ་ནི། །སོར་བཞི་ལྟག་པའི་མཇིང་པའོ། །འདོམ་གང་ཡོད་པ་ལུས་ཚད་དོ། །ལུས་ཕྱེད་པ་ལ་བྱང་ཁོག་གཉིས། །ལུས་ཚད་ཁྲུ་ནི་ཕྱེད་དང་དོ། །སྐྱེ་བ་ཡན་ཆད་ཡན་ལག་གི །མགོ་ལ་ཁྲུ་ཕྱེད་དེ་བཞིན་ནོ། །དེ་ནི་སྤྱི་ཡི་རྣམ་གཞག་ཚད། །ཅེས་དང༌། སྟག་ཚང་ལོ་ཆེན་གྱིས་རིག་གནས་ཀུན་ཤེས་ལས། མི་ལུས་ཕལ་བ་སྲིད་དུ་གྱ་བཞི་དང༌། །ཞེང་དུ་གོ་དྲུག་ཆུ་ཞེང་མི་མཉམ་གསུངས། །ཞེས་པ་ལྟར་རྟོགས་དགོས་ཤིང༌། དེ་ལྟར་མ་རྟོགས་ན་ནང་དོན་སྣོད་སོགས་ཀྱི་ཆེ་ཆུང་སོགས་གར་ཡོད་མི་རྟོགས། དེ་ལྟར་མ་རྟོགས་ན་ནང་གི་ནད་གར་ཡོད་རྟགས་ཀྱང་མེ་ཐུར་དཔྱད་སོགས་ཀྱི་གནས་ལུགས་མི་ཤེས། དེ་ལྟར་མ་ཤེས་པས་ནད་པ་ལའང་ཕན་ཐོགས་པ་དཀའ་བའི་དོན་གྱིས་ན་ཤེས་པའི་དགོས་པ། མ་ཤེས་པའི་སྐྱོན་ཡང༌།

        སོ་མ་རཱ་ཛར། ཚད་ཀྱི་ལྷག་ཆད་ཤེས་པའོ། །ཞེས་དང༌། ལྷག་པ་དང་ནི་ཆད་པ་ནི། །སྟོབས་ཉམས་ལུས་ནི་འཇིག་པའོ། །སྟོབས་རྣམས་ཉམས་ཤིང་ཞིག་པས་ན། །སྐྱེན་གྱེ་འདུ་བ་རྣམ་བཞི་སྟེ། །གདོན་དང་སྤྱོད་ལམ་མཚོན་དང་ནི། །རྟེན་འབྲེལ་ཉམས་པས་གློ་བུར་ནད། །ཁ་ཟས་རྣམས་ཀྱིས་རྐྱེན་བྱས་པའི། །འཆི་བའི་རྐྱེན་དང་ན་བའི་ནི། །རྐྱེན་ནི་འདི་ལྟར་བརྟག་པར་བྱའོ། །ཞེས་དང༌། ཕྱི་རྒྱུད་དུ། སྨན་པའི་ལག་དགྲ་སྤང་ཕྱིར་རྩ་གནད་གཅེས། །དེ་ཕྱིར་བྱང་ཁོག་ཡུལ་ཚད་ཡིད་ལ་ཟུངས། །ཞེས་སོགས་རྒྱ་ཆེར་གསུངས་པའི་དོན་གྱིས་ན་འདི་ལ་ནན་ཏན་དུ་བྱ་དགོས་པར་སེམས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། བྱང་ཁོག་སྟོད་དབྱེ་བ་མཆིན་དྲིའི་གནས་ལུགས་དང༌། སྟོད་སྨད་དོན་སྣོད་ཀྱི་ཡུལ་སྐལ་ཐིག་གིས་བཙལ་བའོ། །དང་པོ་ལ་གསུམ། ནག་པོ། དཀར་པོ། ཁྲ་བོའོ། །དང་པོ་ནག་པོ་ནི། བྱང་ཁོག་ཅེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་ལྷེན་རུས་འབྲེལ་མཚམས་ནས་རྒྱབ་ཀྱི་ཚིགས་པ་བཅུ་གསུམ་པར་ཆུ་བབས་ཏེ་རིམ་གྱིས་བསྟན་ཏེ། དེ་ཡང་ལྷེན་རུས་འབྲེལ་མཚམས་ནས་རྒྱབ་ཀྱི་ཚིགས་པ་བཅུ་གསུམ་པར་ཆུ་བབས་ཏེ་རིམ་གྱིས་གཞོལ་བར་ཐིག་བཏབ་པ་ནི་མཆིན་དྲི་ནག་པོའི་ཡུལ་ཡིན་ཏེ། མཆིན་པ་དང་འབྲེལ་བའི་ཤ་འཐུག་པ་དེ་ཡིན་ཞེས་རྫོང་འཕྲང་སོགས་སུ་བཤད། གཉིས་པ་དཀར་པོ་ནི། ཚིགས་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཚིགས་པ་ལ་མཁར་དང་མཁར་མཚམས་བྱ་འདབ་གསུམ་དུ་བཤད་པའི་འདིར་མཁར་བཟུང་སྟེ། ཚིགས་པ་བརྒྱད་པ་ནས་མདུན་ངོས་ཀྱི་རྩིབ་མ་འོག་ཐུང་ཤོས་དེ་རྩིབ་ཐུང༌། དེའི་སྟེང་མ་གསུམ་འདས་མཚམས་ཏེ་རྩིབ་རིང༌། དེའི་སྣ་ནས་གྱེན་དུ་མཆན་འོག་ངོས་སུ་མཚོན་གང་གིས་དེ་ནས་ལྷེན་རུས་མཚམས་སུ་འཐེན་པའི་ཐིག་འོག་དེ་ནི་སྟེང་འོག་ཡོལ་གྱིས་བཅད་པ་ནི། འདྲ་བ་རྒྱུ་མཚན་དུ་བྱས་པའི་རྟགས་མིང་དུ་བྱས་པ་དེ་ནི་མཆིན་དྲི་དཀར་པོའི་ཡུལ་ལོ། །འཕྲུལ་གྱི་ལྡེ་མིག་ཏུ། རྒྱབ་ཀྱི་ཚིགས་པ་བརྒྱད་དང་མདུན་གྱི་ལྷེན་རུས་འབྲེལ་མཚམས། རྩིབས་རིང་གི་སྣ་ནས་གྱེན་དུ་སོར་གསུམ་བཅལ་བ་ཆུ་བབས་སུ་ཐིག་བཏབ་པ་མཆིན་དྲིའི་འདོགས་མཚམས་ཡིན། ཞེས་གསུངས་སོ། །གསུམ་པ་ཁྲ་བོ་བཤད་པ་ནི། མཆིན་དྲི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། མཆིན་དྲིའི་ཁུག་པ་ནི། རྒྱབ་ཀྱི་ཚིགས་པ་བརྒྱད་པ་དང་བཅུ་གསུམ་པའི་བར་ཟུར་གྱི་རྩིབས་རིང་སྟེང་ནི་ཤ་མིན་པགས་མིན་དཀར་པོ་དང་ཤ་གནག་ནག་པོ་གཉིས་འདོམས་པའི་མཚམས་ཏེ་ལྟབ་པ་ལ་ནང་སྟོད་ལ་ཆེར་མི་མངོན་པ་ལྟར་ཡོད་པས་ཁུག་པའི་ཁྲ་བོར་འདོད་དོ།།

        གཉིས་པ་སྟོད་སྨད་དོན་སྣོད་ཀྱི་ཡུལ་སྐལ་ཐིག་གིས་བཙལ་བ་ལ་གཉིས། སྤྱིའི་ཐིག་དང༌། སོ་སོའི་ཐིག་གོ་ །དང་པོ་སྤྱི་ཐིག་ནི། སྟོད་སྨད་ཅེས་པ་རྐང་པ་ལྔས་བསྟན་ཏེ། བྱང་ཁོག་སྟོད་དང་སྨད་ཀྱི་ཡུལ་སྐལ་ཐིག་གིས་བཙལ་བ་ནི། ལུས་མི་འཕྲུལ་བའི་ཕྱིར་ཁད་མཉམས་ཏེ་ཁོད་སྙོམ་པའི་གདན་ལ་ལེགས་པར་སྐྱིལ་མོ་ཀྲུང་བཅས་ལ་སྒལ་ཚིགས་དྲང་པོར་སྲངས་ལ་མགྲིན་པ་ཡིད་ཙམ་སྒུར་ཤིང༌། དཔུང་པ་གཉིས་རྒོད་གཤོག་ལྟར་ཕྱིར་བགྱེ་ཞིང་ལག་མགོ་གཉིས་པུས་མོར་བཀབ་པ་ལ། མདུན་དང་རྒྱབ་ཀྱི་དཔུང་ཚིགས་མཚམས་ཀྱི་ལག་པ་འགུལ་སྐྱོད་བྱས་ན་འཛུམ་ཤིག་ཤིག་འོང་བ་དེ་ལ་དཔུང་འཛུམ་ཞེས་བྱ་སྟེ། དེ་གཉིས་ནས་རྒྱབ་ཀྱི་ཚིགས་པ་གཉིས་པ་དང་མདུན་གྱི་སྟོང་རུས་ཁ་ལ་འཕྲེད་ལ་གནམ་ཐིག་གདབ་ལ། དེ་རྗེས་ཚངས་ཐིག་ནི། སྒལ་ཚིགས་ཉེར་བརྒྱད་བཤད་པའི་བཞི་སྐེའི་ཁོངས་སུ་གཏོགས། བཞི་གཞུག་ཐུང་ངུ་གཏོགས་ལ་འདིར་རྒྱབ་ཀྱི་ཚིགས་པ་དང་པོ་ནི། མགོ་བོ་སྒུར་བྱས་ན་གསལ་པོར་ཐོན་པ་དེ་ལ་ཨན་སྟོང་ཞེས་བཤད་པ་དེ་ནས་གཞུག་གུ་ཆུང་གི་བར་དང་མདུན་གྱི་སྐེ་སྟོང་དེའི་དབུས་ནས་མཚན་མའི་སྟེང་གི་བར་མདུན་བྲང་གཞུང་དང༌། རྒྱབ་ཀྱི་སྒང་གཞུང་གཉིས་སུ་མ་འདྲུས་ཏེ་མ་ཡོ་མ་འཁྱོགས་པར་དྲང་པོར་གཞུང་ཐིག་གདབ་པར་བྱའོ།།

        གཉིས་པ་སོ་སོའི་ཐིག་བཤད་པ་ལ་གཉིས། བྱང་ཁོག་སྟོད་དང་སྨད་དོ། །དང་པོ་བྱང་ཁོག་སྟོད་གཉིས། མདོར་རྒྱས་སོ། །དང་པོ་ནི། སྟོད་ན་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྟོད་ན་གློ་བ་མ་བུ་སྙིང་དང་གསུམ་ལས། གློ་མ་རྒྱབ་ན་གནས་གློ་བུ་དང་སྙིང་རྣམས་མདུན་ན་གནས་སོ། །གཉིས་པ་རྒྱས་བཤད་ལ་བཞི། གློ་བ་མ་ལྔའི་ཡུལ་བསྟན་པ་དང༌། གློ་བུ་དང་སྙིང་གི་ཡུལ་བསྟན་པ་དང༌། གློ་མའི་མཐའ་ཆག་བསྟན་པ་དང༌། སྟོང་གསང་བསྟན་པའོ། །དང་པོ་གློ་བ་མ་ལྔའི་ཡུལ་བསྟན་པ་ལ་གཉིས། ཐིག་གིས་བཙལ་ཐབས་དང༌། ངོ་བོ་ལ་མཛུབ་ཚུགས་སོ། །དང་པོ་ཐིག་གིས་བཙལ་བ་ནི། ཚིགས་པ་ཞེས་རྐང་པ་བཞིས་བསྟན་ཏེ། ཚིགས་པ་བཞི་པ་ནས་ཚིགས་པ་གསུམ་པའི་ཐད་དྲང་གྱེན་གསེགས་སུ་མཛུབ་མོ་བཞི་ཁུ་ཚུར་དུ་བཅངས། དེ་སྟེང་མཐེ་བོའི་ནེའུ་ལེ་རེག་ཙམ་པ་དེ་ལ་ཆག་ཅེས་བྱ་བ་དེའི་སྲིད་གང་བཅལ་བའི་ས་དང༌། ཚིགས་པ་བརྒྱད་པ་ནས་དགུ་པའི་ཐད་ཀར་མཐུར་དུ་བསེགས་ལ་མར་འཕགས་པ་མཛུབ་གང་ཞེས་པ་མཐེབ་མཛུབ་རྐྱང་པའི་བར་ལྷག་ཁེངས་པ་གང་བཅལ་བའི་ས་ནས་གྱེན་གསེགས་དང་ཐུར་གསེགས་ལ་ཐིག་གདབ། དེའི་མཐའ་སྦྲེལ་ལ་གྲུ་བཞིར་ཡོང་བའི་ཐིག་གདབ་ལ། དེ་རྗེས་ཚིགས་པ་བཞི་པ་དང་བརྒྱད་པ་གཉིས་ཀྱི་སྟེང་འཕྲེད་ལ་ཐིག་རེ་གདབ་ལ་གྲྭ་དེ་ཟུར་བཞིར་བཅད་པར་བྱའོ། །དེ་ལྟར་ཐིག་བཏབ་པ་དེའི་དཀྱིལ་དབུས་མ་སུམ་ཆ་མཐའ་སུམ་གཉིས་ཡོང་བ་བཅལ་བའི་གྱེན་ཐུར་དུ་ཐིག་གདབ་ཅིང་འཕྲེང་ཐིག་དཀྱིལ་དབུས་བཙལ་བའོ། །གཉིས་པ་ངོ་བོ་མཛུབ་ཚུགས་སུ་བསྟན་པ་ནི། སྟག་མགོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་ཐིག་གིས་བཙལ་བའི་ཚིགས་པའི་གཞུང་ཐིག་དབུས་སུ་བཞག་པའི་སྟོད་ཀྱི་གཡས་གཡོན་གྱི་གྲྭ་གཉིས་སྟག་མགོ །དེ་འོག་གཉིས་སྒང་དཀྱིལ་གྱི་ཆ་གཅིག་པོ་རྩིབས། དེ་ནས་གཡས་གཡོན་ཡས་རིམ་གྱི་གཤམ་གཉིས་དང༌། ཟགས་སྣ་གཉིས་ཏེ་ལྔ་པོ་འདི་ནི་གློ་བ་མ་ལྔའི་ཡུལ་དུ་འདོད་པ་ཡིན་ནོ། །གཉིས་པ་གློ་བུ་དང་སྙིང་ཡུལ་བསྟན་པ་ལ་གཉིས། ཐིག་གིས་བཙལ་བ་དང༌། ངོ་བོའི་ཡུལ་ལོ། །དང་པོ་ཐིག་གིས་བཙལ་བ་ནི། ནུ་མ་ཞེས་རྐང་པ་གཅིག་དང་འབྲུ་བཞིས་བསྟན་ཏེ། ནུ་མ་གཉིས་ནས་སྐེ་སྟོང་གི་ས་ནས་ཐུར་དུ་སོར་བཞི་བཅལ་སར་གྲུ་གསུམ་དུ་ཐིག་གདབ་བོ། །དེ་ནས་རྒྱུད་འདིར་སྦས་དོན་དུ་གསུངས་པ་ཁ་བཀང་བ་ནི། ཇི་སྐད་དུ། རྗེ་དྷརྨ་སྭ་མིས། གྲུ་གསུམ་ཐིག་གདབ་ནང་དུ་མཚོན་རེ་བཅུམ། །ཞེས་གསུངས་པས། ནང་དུ་མཚོན་རེ་བསྐུམ་ལ་གོང་བཞིན་ཐིག་བཏབ་པའོ།།

གཉིས་པ་ངོ་བོའི་ཡུལ་ནི། དབུས་ན་ཞེས་འབྲུ་ལྔ་དང་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ལྟ་བུའི་གྲུ་གསུམ་གྱི་དབུས་སྙིང་གི་ཡུལ་ཏེ་སྙིང་གནས་སོ། །སྙིང་གི་རྩེ་ནི་སངས་རྒྱས་བྱང་སེམས་རྣམས་ལ་གྱེན་དུ་བསྟན། དུད་འགྲོ་རྣམས་ལ་ཐུར་དུ་བསྟན། མི་རྣམས་ལ་འཕྲེད་དུ་བསྟན་ཅིང༌། དེ་ཡང་མོ་ལ་གཡས་ཕོ་ལ་གཡོན་དུ་བསྟན་ཏེ། ཕྱི་རྒྱུད་རྩ་མདོར། མོ་ལ་མཚོན་རྩ་གཉིས་པོ་གཡས་གཡོན་བཟློག །ཅི་ཕྱིར་གློ་སྙིང་གཡས་གཡོན་ཕྱོགས་མེད་ཀྱང༌། །སྙིང་གི་རྩེ་མོ་དེ་ལྟར་བསྟན་པའི་ཕྱིར། །ཞེས་གསུངས་པ་ལྟར་རོ། །སྙིང་ཡུལ་གྱི་གྲུ་གསུམ་དེའི་རྩེ་ལ་འཕྲེད་ཐིག་འཐེན་པའི་གྲུ་གསུམ་དེ་ནི་གློ་བུ་མཛོ་སྣའི་ཡུལ་ཏེ་དེ་ཉིད་སྙིང་གི་རྩེ་ན་གནས། དེ་ལྷག་གཡས་གཡོན་ལ་ཐིག་གིས་བཞི་བཞིར་བགོས་པའི་ཡུལ་ནི་སྟེང་མ་གཉིས་བྱ་སྒབ། དེའི་འོག་མ་གཉིས་ཐུགས་ཁབ་དེ་གཉིས་ཀྱིས་སྙིང་གི་གཞོགས་གཡས་གཡོན་ནས་སྐྱོར། དེའི་འོག་མ་གཉིས་རྟེ་མིག  །དེའི་འོག་མ་གཉིས་དགྲ་ལྕེ་དེ་རྣམས་ཀྱིས་སྙིང་གི་གཤམ་ནས་སྐྱོར་བའི་ཚུལ་གྱིས་གནས་པ་ནི་གློ་བ་བུ་ལྔ་པོ་དེ་རྣམས་སྙིང་གི་མཐའ་ལ་བསྐོར་ནས་གནས་པ། ཐ་མ་ནི་གློ་བུ་ལྔ་དང་དབུས་སྙིང་གི་ཡུལ་དུ་འདོད་པ་ཡིན་ནོ། །གསུམ་པ་གློ་མའི་མཐའ་ཆག་བསྟན་པ་ནི། ནུ་མ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ནུ་མ་གཉིས་ནས་ཕྱིར་ལ་མཆན་ཁུང་གི་ངོས་སུ་སོར་གཉིས་བཅལ་བ་དེ་ནས་སྐེ་སྟོང་གི་ཙ་ར་ཁུང་དུ་གྲུ་གསུམ་དུ་ཐིག་གདབ་པ་ནི་རྒྱབ་ཀྱི་གློ་བ་མ་ཡི་མདུན་བུ་ལས་ལྷག་སྟེ་གློ་བའི་མ་ལྔའི་མཐའ་ཆག་གནས་པ་ཡིན་ནོ།།

        བཞི་པ་སྟོང་གསང་བཤད་པ་ནི། ཡུལ་ཐིག་ཅེས་རྐང་པ་གཅིག་གིས་བསྟན་ཏེ། གློ་མའི་མཐའ་ཆག་གི་ཐིག་གིས་མས་ཟུར་དེ་ནས་གྱེན་ལ་དྲང་པོར་སྒྲོག་རུས་སུ་ཐིག་གདབ་པ་དེ་ཡིས་སྟོང་པར་གནས་པ། དེ་ནི་ཕུག་རོན་གྱི་གསང་ངམ་སྟོང་གསང་ཕྱལ་མོར་གྲགས་པའོ། །དེ་ཡང་སྟེང་སྟེ་མཆིན་དྲིས་ཀྱི་སྟེང་དང་འོག་སྟེ་སྒྲོག་རུས་འོག་ཏུ་ཡོད་ཅེས་པའི་དོན་ནོ། །གཉིས་པ་བྱང་ཁོག་སྨད་ལ་དགུ །ཕོ་བའི་ཡུལ་སྐལ། མཆིན་པ། མཆེར་པ། མཁྲིས་པ། ལོང༌། རྒྱུ་མ། ལྒང་པ། གཉེ་མ། མཁལ་མ། བསམ་སེའུའི་ཡུལ་སྐལ་བསྟན་པའོ།།

        དང་པོ་ཕོ་བ་ལ་གཉིས། ཐིག་གིས་བཙལ་བ་དང༌། ངོ་བོའི་ཡུལ་ལོ། །དང་པོ་ཐིག་གིས་བཙལ་བ་ནི། ནུ་མ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ནུ་མ་ནས་བྲང་དཀྱིལ་དུ་གཞུང་ཐིག་གི་སར་ཐིག་འཐེན་པའི་ཐིག་ཚད་དེ་ལྷེན་སྣའི་རྩེ་ནས་ཕོ་བའི་ཟུར་རྩིབས་མ་ཡོད་མེད་ཀྱི་མཚམས་གཉིས་སུ་འཐེན་ལ། དེ་ནས་ལྟེ་བར་འཕྲེད་ཐིག་གདབ་སྟེ་གཡས་གཡོན་གྱི་སྣེ་སྦྲེལ་ལོ། །གཉིས་པ་ངོ་བོའི་ཡུལ་ནི། དཔངས་སུ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་ཐིག་བཏབ་པའི་ཐིག་གི་ནང་དུ་དཔངས་སུ་སྟེ་ལྟེ་བ་ནས་ཡས་ལྷེན་སྣའི་བར་ལ་སྲིད་དུ་རང་སོར་བརྒྱད། ཞེང་དེ་གཡས་གཡོན་འཕྲེད་ཞེང་དུ་རང་སོར་བཅུ་གཉིས་ཡོད་དོ། དེ་ནི་ཁ་ཟས་ཀྱི་སྣོད་ཕོ་བའི་ཡུལ་དུ་བཞེད་པ་ཡིན་ནོ། །གཉིས་པ་མཆིན་པའི་ཡུལ་སྐལ་བཤད་པ་ལ་གཉིས། ཐིག་གིས་བཙལ་བ་དང༌། ངོ་བོའི་ཡུལ་ལོ། །དང་པོ་ཐིག་གིས་བཙལ་བ་ནི། ལྷེན་རུས་ཞེས་རྐང་པ་གཅིག་དང་འབྲུ་དྲུག་གིས་བསྟན་ཏེ། ལྷེན་རུས་ཀྱི་དབུས་དང་རྒྱབ་ཀྱི་ཚིགས་པ་བརྒྱད་པ་ནས་གཡས་ངོས་སུ་མཚོན་གང་བཙལ་བ་ནས་ལག་གཡས་གུང་མཛུབ་གཉིས་ཀྱིས་རྣ་བ་གཡས་པའི་རྣ་ཤལ་ནས་བཟུང་བའི་གྲུ་མོ་ཡིས་ཕོ་བའི་དཀྱིལ་ནས་རྒྱབ་ཏུ་ལུས་གནད་མ་འཆུགས་པར་གར་སླེབས་པ་རྣམས་སོ། གཉིས་པ་ངོ་བོའི་ཡུལ་ནི། མཆིན་པའི་ཞེས་འབྲུ་གསུམ་གྱིས་བསྟན་ཏེ། ངོ་བོ་ནི་ཚིགས་པ་བརྒྱད་པ་དང་ལྷེན་རུས་ནས་མཚོན་གང་བཅལ་བའི་འཕྲེད་ཐིག་གི་འོག་དེ་མཆིན་དྲི་ལ་མཆིན་པ་འདོགས་མཚམས་དང་དེ་ནས་གྲུ་མོས་གར་སླེབས་མཆིན་པའི་ཡུལ་ལོ། །དེ་ཡང་གྲུ་མོའི་གཤམ་དང་མཆིན་པའི་གཤམ་ཡང་མཉམ་ཞེས་མཁས་པ་དག་གསུང་ངོ༌། །གསུམ་པ་མཆེར་པ་ལའང་གཉིས་ལས། དང་པོ་ནི། རྩིབ་ཐུང་ཞེས་རྐང་པ་གཅིག་གིས་བསྟན་ཏེ། མདུན་གྱི་རྩིབ་མ་འོག་མ་སྟེ་རྩིབ་ཐུང་གཡོན་པའི་སྣེ་ནས་ཕོ་བའི་ཟུར་དུ་མཛུབ་གང་བཅལ་བ་ནི་མཆེར་པའི་ཞེང་དང་འདོགས་མཚམས་སོ། །གཉིས་པ་ནི། ཞེང་དུ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཞེང་དུ་སྟེ་གྱེན་ཐུར་གྱི་དཔངས་སུ་ནི་རང་སོར་ལྔ་ཡོད་པ་ནི་མཆེར་པའི་ཡུལ་དུ་འདོད་དོ། །བཞི་པ་མཁྲིས་པ་ལའང་གཉིས་ལས། དང་པོ་ནི། ཕོ་གསང་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཕོ་བ་ལ་གསང་དགུ་ཡོད་པའི་དབུས་མ་ལྷེན་སྣའི་རྩེ་ནས་མཚོན་དོ་བཅལ་བའི་ས་ནས་གཡས་སུ་རང་སོར་བདུན་བཅལ་བ་ན་མཁྲིས་པའི་འདོགས་མཚམས་སོ།།

        གཉིས་པ་ནི། དཀྱུས་སུ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དཀྱུས་སུ་རང་སོར་དྲུག་དང༌། ཞེང་དུ་སོར་གསུམ་ནི་སྣོད་ཀྱི་མཁྲིས་པའི་ཡུལ་ལོ། །ངོ་བོ་ནི་མཆིན་པའི་ནང་ངོས་སུ་ཕལ་ཆེར་གནས་ཤིང་སོར་གང་ཙམ་མཆིན་པའི་གཤམ་དུ་ཐོན་པ་དབྱིབས་འཇོང་ཁུག་དང་འདྲ་བ་མིག་ལམ་དུ་སོན་བས་དེས་གྲུབ་བོ། །ལྔ་པ་ལོང་ཡུལ་ནི། ལྟེ་བའི་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ལྟེ་བའི་གོང་དང་འོག་ཏུ་མཚོན་རེ་རེས་ཀྱི་བར་དཀྱུས་སུ་རང་མཚོན་བརྒྱད་ཡོང་བའི་ཐིག་གདབ་པ་ནི་ལོང་གི་ཡུལ་ཡིན་ལ། དེ་ཡང་ཆ་གསུམ་དུ་བགོས་པའི་ཁྲག་ལོང་གི་གཡས་ན་གནས་ཤིང༌། སྲིན་ལོང་ནི་གཡོན་ན་གནས་ལ། རྩམ་པ་སྟེ་ཟས་ཀྱི་ལོང་ནི་དབུས་ན་གནས། ལར་ལོང་དབྱིབས་གསུམ་ཁྱོག་ཏུ་ཡོད་པ་ལ་གཡས་གཡོན་དབུས་དང་བཅས་པའི་ཐ་སྙད་བྱས་པ་ཡིན་ཏེ། གོང་དུ། ལོང་ག་གསུམ་ཁྱོག་གསེར་སྦྲུལ་ལྕགས་བྲབས་འདྲ། །ཞེས་གསུངས་པས་སོ། །དེ་གསུམ་ག་ནང་སྦུབས་འབྲེལ་བར་ཡོད་ཅིང་གསུམ་ཁྱོག་གི་རྣམ་པ་ལ་མིང་སོ་སོར་བཏགས་པ་ནི་མངོན་སུམ་དུ་གྲུབ་བོ། །དྲུག་པ་རྒྱུ་མ་ནི། དེ་འོག་ཅེས་རྐང་པ་གཅིག་གིས་བསྟན་ཏེ། ལོང་གི་ཐིག་ཚད་འོག་མ་དེ་ནས་མཚོན་དོ་སྟེ་རང་མཚོན་གང་བཅལ་བ་ནི་རྒྱུ་སྟོད། དེ་ནས་མཚོན་གང་བཅལ་བ་ནི་རྒྱུ་སྨད་ཀྱི་ཡུལ་ཏེ་དཀྱུས་ཚད་ནི་ལོང་དང་མཉམ་མོ།།

        བདུན་པ་ལྒང་ཡུལ་ནི། དེ་འོག་ཅེས་རྐང་པ་གཅིག་གིས་བསྟན་ཏེ། རྒྱུ་སྟོད་རྒྱུ་སྨད་ཀྱི་ཐིག་ཟུར་དེ་ནས་མཚན་མའི་སྟེང་དུ་གྲུབ་གསུམ་དུ་ཐིག་བཏབ་པའི་མདུན་དུ་ནི་ལྒང་པ་ཁ་ཐུར་དུ་བལྟས་ནས་རྒྱུ་མའི་འོག་ཏུ་གནས། གཉེ་མ་འཁོར་ཏེ་རྒྱབ་ཏུ་གནས་པ་དེ་གཉིས་ཀྱི་ཡུལ་ལོ། །དེ་ལྟར་ཡང་རྫོང་འཕྲང་དུ། ཕོ་བ་རྒྱུ་མ་ལ་བཏགས་ནས་ལྟེ་བའི་འོག་ན་གནས། རྒྱུ་མ་ལོང་ལ་བཏགས་ནས་ལྟེ་བའི་ཐད་ཀར་གནས། ལོང་ལ་གཉེ་མ་བཏགས་ནས་སྨད་ན་གནས། ལྒང་པ་ཁ་ཐུར་དུ་བལྟས་ཏེ་རྒྱུ་ཞབས་ན་གནས་སོ། །ཞེས་གསུངས། བརྒྱད་པ་མཁལ་མ་ནི། ཚིགས་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཚིགས་པ་བཅུ་བཞི་པ་ཡི་གཡས་གཡོན་དུ་ཞེང་སོར་བདུན་དང་དཔངས་སུ་སོར་ལྔ་ནི་མཁལ་མའི་ཡུལ་སྐལ་ཡིན་ནོ། །འདི་ལ་རྗེ་བཙུན་དྷརྨ་སྭ་མི་སོགས་མཁས་པ་འགའི་གསུངས་ལས། རྣ་བའི་མཐའ་ལ་བསྐོར་བའི་སྲད་བུ་དེས། །བཅུ་བཞིའི་ཐོག་ནས་བསྐོར་བ་སོར་བདུན་ཞེང༌། །དཔངས་སུ་སོར་ལྔ་མཁལ་མའི་ཡུལ་ཡིན་ཏེ། །དེ་ཡང་བཅུ་བཞི་པ་ནས་མཚོན་དོའི་ས། །མཁལ་འབྲས་ངོ་བོ་དེ་ནས་མཁལ་ཚིལ་ལོ། །ཞེས་གསུངས་པས། འདི་རྒྱབ་ནས་བཅལ་ན་ཚིགས་པ་བཅུ་བཞི་པའི་གཡས་གཡོན་དུ་མཁལ་འབྲས་དཔངས་སོར་ལྔ་ལྔ་དང༌། དེ་མཐའ་མཁལ་ཚིལ་ཡོད་ལ། མདུན་ཟུར་ནས་བརྩིས་ན་རྫོང་འཕྲང་དུ་མཁལ་མ་རྩིབ་ཐུང་འོག་གནས་ཞེས་གསུངས་པ་ལྟར་རོ། །ཤུགས་ལས་ཚིགས་པ་བཅོ་བརྒྱད་པའི་གཡས་དང་གཡོན་དུ་དཀྱུས་སུ་སོར་བརྒྱད་བཅལ་ལ་ཐིག་གདབ། དེའི་ཟུར་ནས་གཞུག་གུ་ཆུང་གི་སྟེང་དུ་ཐིག་འཐེན་པའི་གྲུ་གསུམ་དེ་ནི་སྨད་ཀྱི་གཞང་གསང་ངོ༌། །དགུ་པ་བསམ་སེའུའི་ཡུལ་སྐལ་བཤད་པ་ནི། བསམ་སེ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། བསམ་སེའུ་ནི་ཚིགས་པ་བཅུ་གསུམ་པའི་འོག་ན་གནས་སོ། །དེ་ཡང་ཚུལ་ཇི་ལྟར་ཞེ་ན།

        སོ་མ་རཱ་ཛར། བསམ་སེ་ཞེས་པ་འཛག་སྣོད་དེ། །ཆེ་ཆུང་བྱེད་པས་ལྒང་པ་འདྲ། །ལྟེ་བ་དག་ནས་གཡོན་དུ་འཁྱིལ། །མཁལ་མ་གཡོན་པ་དག་དང་འབྲེལ། །རྩ་མགོ་ཚིགས་པ་བཅུ་གསུམ་སར། །དེ་ནས་ཕོ་བའི་མར་སྣར་རོ། །གྲོགས་ནི་གློ་ལོང་མཁལ་མའི་རྩ། །བཅས་པས་ས་བོན་འཛག་པའོ། །བུད་མེད་ཚིགས་པ་བཅུ་གསུམ་སར། །ས་བོན་བཅུད་ཀྱི་ས་དག་དང༌། །མཁལ་རྩ་མཆིན་རྩ་ལོང་རྩ་དང༌། །འདུས་པ་མོ་ཡི་མཚན་མར་འབྲེལ། །མངལ་སྒོ་དག་ནི་ཁུག་པའོ། །དེ་གཉིས་བདེ་བའི་གནས་ཡིན་ཏེ། །ཟགས་པ་འཁོར་བའི་གནས་ཡིན་ནོ། །ཞེས་གསུངས་སོ། །ཤུགས་ལས་མངལ་ལམ་དཀུའམ་བུ་སྣོད་ནི་མོ་ལ་བསམ་སེ་དང་སྟོད་སྨད་འབྲེལ་བ་ཚིགས་པ་བཅུ་གསུམ་པ་དང༌། བཅོ་ལྔ་པའི་ཐད་ཀྱི་ནང་ངོས་ན་གནས་ཤིང༌། ངོ་བོ་ནི་ལྒང་པ་ལྟར་ཆེ་ཆུང་བྱེད་པ་ཞིག་གོ །འདིའི་རྟགས་བཅོས་ཕལ་ཆེར་ནི་བསམ་སེ་དང་མཐུན་པར་བཞག་སྣང་ངོ༌། །གསུམ་པ་མཇུག་བསྡུ་བཤད་པ་ནི། དེ་ལྟར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །ལྔ་པ་འབྲེལ་བ་རྩའི་གནས་ལུགས་བསྟན་པ་ལ་གསུམ། མདོར་རྒྱས་མཇུག་གོ་ །དང་པོ་ནི་འབྲེལ་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ལུས་དྲ་བ་ལྟར་འབྲེལ་བའི་རྩ་དེའི་གནས་ལུགས་བཤད་པ་ལའང་ཕྱི་རྩ་དང་ནང་རྩ་གཉིས་སོ།།

        གཉིས་པ་རྒྱས་བཤད་ལའང་ནང་རྩ་དང་ཕྱི་རྩ་བཤད་པ་གཉིས་ལས། དང་པོ་ནང་རྩ་བཤད་པའང་གསུམ། རྩའི་སྡོང་པོའི་གནས་ཚུལ་སྤྱིར་བསྟན་པ་དང༌། ཡལ་གའི་འབྲེལ་ཚུལ་སོ་སོར་བཤད་པ་དང༌། ལོ་འདབ་ཕྲ་མོའི་གྱེས་ཚུལ་དཔེར་བརྗོད་པའོ། །དང་པོ་རྩའི་སྡོང་པོའི་གནས་ཚུལ་སྤྱིར་བསྟན་པ་ནི། ནང་རྩ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ལུས་ནང་གི་རྩ་སྲོག་རྩ་དཀར་པོ་དང་ནག་པོ་གཉིས་ནི་རྩའི་སྡོང་པོ་སྟེ། རྩ་ཕལ་ཆེར་ནི་དེ་གཉིས་ལ་བརྟེན་ཞིང་གྱེས་པའོ། །དེ་གཉིས་ནི་འབྱར་མ་ལ་འབྲེལ་བའི་ཚུལ་དུ་མདུན་ངོས་སུ་སྲོག་རྩ་ནག་པོ་ལ་ཁྲག་བརྟེན་རྒྱབ་ངོས་སུ་སྲོག་རྩ་དཀར་པོ་ལ་རླུང་ཁྲག་གཉིས་ཀ་བརྟེན། དེ་གཉིས་ནི་བཤད་རྒྱུད་དུ། དྲུག་པ་ལྟེ་བ་ལ་བརྟེན་སྲོག་རྩ་ཆགས། ཞེས་པས་དེའོ། །དེའི་མར་སྣ་དངོས་གཞི་ནི་ལྟེ་འོག་སོར་བཞིའི་ཐད་དུ་གནས་ཏེ། འོག་ཏུ་རྩའི་རྒྱལ་པོ་སྲོག་རྩ་བཅོས་པ་ནི། ལྟེ་འོག་སོར་བཞི་ཞེས་དེར་བསྲེག་པར་བཤད། དེ་མར་སྣ་དགག་པའི་དོན་ནོ། །འདི་མན་ཆད་དུང་ཅན་མ་ཞེས་གསང་བར་འབྲེལ་ལོ། །ཡར་སྣ་ཨན་སྟོང་ཐད་དུ་གནས་པས། ཕྱི་རྒྱུད་ཐུར་མར་སྲོག་རྩའི་གསང་ས་བཤད་པའི་སྐབས་སུ། སྐེ་སྟོང་ཙ་ར་ཁུང་དང་རྣམ་པ་ལྔ། །ཞེས་འབྱུང་ངོ༌། །ལྟེ་འོག་དང་སྐེ་སྟོང་ཐད་ནི་རྩའི་ཕྲ་སྦོམ་མཚམས་ཡིན་པས་སྣེ་མོར་བཞག་ལ། ཕྲ་བའི་རྩ་སྣ་ནི་སྟོད་སྨད་ཀུན་ཏུ་གྱེས་པའོ། །ཚིགས་པ་བཅུ་གསུམ་བཅུ་བཞི་ཡན་གྱི་སྒལ་པའི་ནང་གཞུང་དུ། ཐང་ཤིང་བསླང་བ་དང་འདྲ་བར་གནས་ཏེ། སོ་མ་རཱ་ཛ་ལས། འཕར་བ་རྩ་ཡི་སྡོང་པོ་ནི། །དང་པོ་ཚིགས་པ་བཅུ་གསུམ་པ། །ལྟེ་བར་དག་ནས་ཆགས་པ་སྟེ། །སྒལ་པའི་ཚིགས་དང་འགྲོགས་ནས་གྱེས། །ཞེས་གསུངས་སོ། །དེ་ནས་སྲོག་རྩ་དཀར་པོའི་རྩ་རྩེ་སྟེང་དུ་སོང་ནས་ཀླད་སྙིང་དབུས་སུ་གནས་པ་ལ། མགོ་རྨ་གསོ་བར་ཀླད་རྩ་ཆེན་པོ་ཆོད་ན་བཅོས་སུ་མེད། ཅེས་འབྱུང་བ་ལ།

        སོ་མ་རཱ་ཛར། ཀླད་པ་དང་ནི་ཀླད་སྙིང་ངོ༌། །ཀླད་སྙིང་རྟ་རྨིག་ཕྱེད་པ་འདྲ། །མིག་དང་རྣ་བ་སྣ་དང་ལྕེ། །རྩ་རྒྱུས་ཆུ་བ་དེ་དང་འབྲེལ། །འཕར་རྩ་བཞི་དང་གྲོགས་རྩ་བཞི། །རུས་པ་བཞི་དང་ཆུ་བ་བཞི། །ཀླད་པ་སྙིང་དང་འབྲེལ་བ་སྟེ། །ལ་ལ་ཀླད་པའི་རྒྱ་ཡང་ཟེར། །དབུས་ན་ས་བོན་བཅུད་ཀྱི་རྩ། །ལུས་ཀྱི་བདེ་བ་རྒྱས་པར་བྱེད། །སྲོག་དང་སེམས་ནི་འདྲེས་པའོ། །ཞེས་སོ། །མར་སྣ་ཕྲ་མོར་སོང་བ་ལྟེ་འོག་དང་ཚིགས་པ་བཅུ་གསུམ་པ་མན་དུ་བསམ་སེར་དང་འདོམ་པ་གཞུང་པའི་རྩ་དང་བཅས་གསང་བར་འབྲེལ་ཏེ། སོ་མ་རཱ་ཛར། རྒྱུངས་པའི་འོག་ས་དག་དང་འབྲེལ། །སྒལ་པའི་ནང་ཁྲིས་བཅུ་གསུམ་པར། །བཙན་ནམ་བསྣད་ན་ས་བོན་འཆོར། །བེམ་པོར་འགྲོ་སྟེ་འཆི་བར་འགྱུར། །ཞེས་དང༌། བསམ་སེ་ཞེས་པ་འཛག་སྣོད་དེ། །ཞེས་གོང་དུ་བརྗོད་པ་ལྟར་བཤད་ནས། འདུས་པ་ཕོ་མོའི་མཚན་མར་འབྲེལ། །མངལ་སྒོ་དག་ནི་ཁུག་པའོ། །དེ་གཉིས་བདེ་བའི་རྟེན་ཡིན་ཏེ། །ཟགས་པ་འཁོར་བའི་རྒྱུ་ཡིན་ནོ། །རྩ་ཡི་སྡོང་པོ་འདི་དག་ནི། །རྒྱུངས་པ་དག་དང་འབྲེལ་བར་འགྱུར། །ཞེས་སོ། །འདི་དག་ལ་གསང་སྔགས་ཀྱི་སྦྱར་བཤད་ཐུན་མོང་མ་ཡིན་པ་བསྟན་ན་དོན་ལ་གནས་མོད་ཀྱང༌། མང་བས་དོགས་རེ་ཞིག་གསོ་རིག་ལྟར་དཀྲལ་བའོ།།

        གཉིས་པ་ཡལ་གའི་འབྲེལ་ཚུལ་སོ་སོར་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དེ་ལས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། བཤད་མ་ཐག་པའི་སྲོག་རྩ་དཀར་ནག་གི་སྡོང་པོ་དེ་ལས་ཡལ་གའི་རྩ་བྲན་ནམ་རྩ་ཕྲན་བུ་ནི་སྟོད་སྨད་གཡས་གཡོན་ཕྱི་ནང་ཀུན་ཏུ་གྱེས་པའོ། །གཉིས་པ་རྒྱས་བཤད་ལ་དྲུག །སྙིང་རྩའི་གྱེས་ཚུལ་དང༌། གློ་བུའི་རྩའི་གྱེས་ཚུལ་དང༌། ལག་པར་གྱེས་ཚུལ་དང༌། མགོ་བོར་གྱེས་ཚུལ་དང༌། མཆིན་པ་མཆིན་དྲི་མཆེར་མཁལ་བསམ་སེར་འབྲེལ་ཚུལ་དང༌། རྐང་པ་གྱེས་ཚུལ་ལོ། །དང་པོ་སྙིང་རྩའི་གྱེས་ཚུལ་ནི། ཚིགས་པ་ཞེས་རྐང་པ་བཞིས་བསྟན་ཏེ། སྲོག་རྩ་དཀར་ནག་སྡོང་པོ་དེ་ལ་ཡལ་ག་ལྟར་ཚིགས་པ་གསུམ་པའི་ཐད་ནས་རྩ་གསུམ་མདུན་དུ་བྱུང༌། དབུས་ཀྱི་རྩ་དེ་ལས་སྙིང་ནི་འབྲས་བུའི་ཚུལ་དུ་འབྲེལ་ཏེ་བཅུད་ཐམས་ཅད་འདུས་པས་ཀྱང་འབྲས་བུའི་ཚུལ་ཐམས་ཅད་ཀྱི་འཕྲོ་གཞིར་གྱུར་པས་ཀྱང་འབྲས་བུའི་ཚུལ་སྙིང་གི་རྩ་བ་སྲོག་རྩས་བྱས་ཤིང་སྲོག་རྩའི་རྩེ་མོར་གནས་ཤིང་སྨིན་པས་ཀྱང་འབྲས་བུའི་ཚུལ་ལོ། །སྙིང་གི་ཕྱི་ཤ་དཀར་ནག་གི་ནང་དུ་སུལ་གསུམ་ཡོད་པའི་དབུས་མའི་ནང་ན་རྩ་ལྔ་ཡོད་པའི་དབུས་སུ་རླུང་གིས་གང་བའི་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་གནས། རྟེན་དེ་ལ་བརྟེན་པ་རླུང་ནི་སྲོག་ཆེན་པོའི་རླུང༌། རྣམ་ཤེས་ནི་ཀུན་གཞིའི་རྣམ་པར་ཤེས་པ། རིག་པ་ནི་གཞི་འཛིན་པའི་རིག་པ་ངོ་བོ་རང་བཞིན་ཐུགས་རྗེ་སུམ་ལྡན་གནས། རྩ་དེའི་རྒྱབ་མདུན་གཡས་གཡོན་ཕྱོགས་བཞིར་རླུང་ཁྲག་འདྲེས་པའི་འཕར་རྩ་བཞི་གནས། དེ་ལྟར་རླུང་རྩ་དབུས་དང་རླུང་ཁྲག་འདྲེས་པའི་རྩ་བཞི་ཕྱོགས་བཞིར་གནས་པའི་རྩ་ཆེན་ལྔ་རྩ་ཕྲན་དང་བཅས་པ་དེ་ལ་བརྟེན་པའི་རླུང་སེམས་རྣམས་ཀྱི་རང་བཞིན་བྱེད་པའི་མཐུ་ནུས་སྲོག་རྩ་ཕར་འཕྲོས་པས་ལུས་ཀུན་ལ་ཁྱབ་པས་སྣང་ཚུལ་བསམ་གྱི་མི་ཁྱབ་པས། སྙིང་ནི་རྒྱལ་པོ་ཚེ་སྲོག་སེམས་ཀྱི་རྟེན། །ཞེས་གསུངས་སོ། །སྲོག་རྩ་ལུས་ཀུན་ཏུ་ཁྱབ་པའི་ངེས་པས་སོ་སོའི་གནས་སུ་ཁམས་རྣམས་འཕྲད་པའི་རྟེན་འབྲེལ་སྙིང་དུ་སྨིན་ཅིང་ཕན་ཚུན་རྟེན་འབྲེལ་གྱིས་ཚོགས་པ་རྩ་ལ་བསྟེན་པ་སྟེ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པར། རྩ་ཆེན་རྩ་བ་སྙིང་ལ་གནས། །དེ་དག་ཀུན་གྱིས་ལུས་ཀུན་ཁྱབ། །དྭངས་མའི་བདག་ཉིད་མདངས་སུ་འགྱུར། །དེ་ནི་ཕྲ་བར་ཀུན་ཏུ་འབྲེལ། །རྩ་བ་སྦོམ་ཞིང་རྩེ་རབ་ཕྲ། །ལོ་མའི་རྩ་ལྟར་གྱེས་པ་ཡིན། །ཞེས་དང༌། འདི་དག་དང་ཕྱོགས་མཐུན། སྨན་དཔྱད་སོ་མ་རཱ་ཛར། སྙིང་ལ་ཐམས་ཅད་འདུས་པ་ནི། །ཀུན་གཞི་གནས་ཀྱི་འཁོར་ལོ་ཡིན། །སྙིང་ཤ་དཀར་དམར་ཡིན་པ་སྟེ། །རྩ་ཡི་བུ་གའི་རྒྱུ་དག་གོ །ཆུ་བ་གཅིག་སྟེ་རྒྱུས་པ་ནི། །སུམ་ཅུ་རྩ་བཞི་གྱེས་པའོ། །ཤ་ནི་དམར་པོ་རྒྱུས་པ་ནི། །དྲ་བ་དག་ཏུ་འབྲེལ་བའོ། །དཀར་པོ་ཆུ་བ་དག་དང་འབྲེལ། །རྩ་ཡི་བུ་ག་བཞི་དག་ནི། །གང་བའི་རླུང་ནི་འབའ་ཞིག་ཏུ། །རྩ་བཞི་གང་བའི་ཁྲག་རྒྱུ་སྟེ། །ཆུ་བ་གཅིག་པོ་སྙིང་གི་དཀྱིལ། །དྲང་པོར་གཅིག་གི་རྒྱུས་པ་ནི། །རྩ་རྣམས་ལ་ནི་བཞི་གནས་སོ། །གཉིས་ནི་སྤྱི་བོའི་ཐག་པ་སྟེ། །དྲ་བ་བརྒྱངས་ལྟར་སུམ་ཅུ་བཞི། །གཞི་སྟེ་ལྟེ་བ་ལ་བརྟེན་ནས། །འཁོར་བ་མྱ་ངན་འདས་པ་ཡི། །གཞི་སྟེ་རིག་པ་གསལ་བ་ཡིས། །འཁོར་བའི་གཞི་ནི་ཆགས་པ་དང༌། །ཐོགས་པ་དང་བཅས་དགེ་མི་དགེ། །མྱ་ངན་འདས་པ་ཆགས་ཐོགས་བྲལ། །དེ་ལ་རྟེན་དང་བྲལ་བའོ། །འཁོར་བའི་རྟེན་ནི་བུ་གའི་དབུགས།  །རླུང་དང་ཁྲག་གི་མཚམས་འཛིན་ཏོ། །ཀུན་གཞིའི་རྣམ་ཤེས་ཆུ་དང་འོད། །རླུང་གིས་གཡོ་བ་དག་བྱེད་དོ། །དཔེར་ན་ཆུ་འོད་མཁའ་ལ་འཆར། །རླུང་གི་གཡོ་བ་དེ་བཞིན་དུ། །ཀུན་གཞི་ཆུ་དང་འདྲ་བ་སྟེ། །རྣམ་ཤེས་ནམ་མཁའི་གཟུགས་བརྙན་བཞིན། །གཡོ་བ་རྣམ་རྟོག་རླུང་དང་འདྲ། །ཁྲག་དང་རླུང་གི་སོ་འཛིན་ནོ། །འཆི་བའི་ཉི་མ་རིམ་བཞིན་འགགས། །ཞེས་སོ།།

        དེ་ལྟར་རྩ་རླུང་ཐིག་ལེ་ཀུན་གཞིའི་རྣམ་ཤེས་དང་རྟེན་བརྟེན་པར་བཅས་པ་ལས་སྣང་ཚུལ་འཁོར་བའི་རྟེན་འབྲེལ་དང༌། དེའི་ངོ་བོ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཀུན་གཞིའི་ཡེ་ཤེས་སམ་རིག་པའམ་ལྷན་ཅིག་སྐྱེས་པ་ནི་རྒྱ་ཆད་ཕྱོགས་ལྷུང་ཐམས་ཅད་དང་བྲལ་པའོ། །གཉིས་པ་གློ་བུའི་རྩའི་གྱེས་ཚུལ་ནི། གཡས་གཡོན་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། གཡས་གཡོན་གྱི་རྩ་གཉིས་ནི་གློ་བ་བུའི་སྤྲལ་གཡས་གཡོན་གཉིས་ལ་ཟུག་ནས་གློ་བའི་ནང་རྩ་མང་བས་སོག་མའི་བམ་པོའམ་ཕོན་པ་ལ་པགས་པས་གཡོགས་པ་དང་འདྲ་སྟེ། སོབ་པས་ནི་ནད་འཇུག་པ་སླ་ཞིང་རྩ་མིག་མང་བས་ནི་ནད་འདོན་པར་དཀའ་སྟེ་ཡུན་བསྲིང་དགོས་པའོ། །གསུམ་པ་ལག་པར་གྱེས་ཚུལ་ནི། སྲོག་རྩའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། གོང་དུ་བཤད་པའི་སྲོག་རྩ་དེའི་ཡལ་ག་རྣམ་གཉིས་ནི་ཡན་ལག་རྣམ་པ་གཉིས་གཉིས་ལག་པར་རྒྱུ་སྟེ། ལག་པ་གཡས་གཡོན་དུ་བལྟ་རྩ་རེ་དང་བླ་རྩ་རེ་རེ་རྒྱུ་སྟེ། དེ་ཡང་ཚུལ་ཇི་ལྟར་རྒྱུ་ན། སྨན་དཔྱད་ཟླ་བའི་རྒྱལ་པོར། བཞི་དང་ལྔ་ནས་གྱེན་ལ་རྒྱུ། །ལག་པ་རྩེ་ཆུང་སྐེ་རུ་གྱེས། །རུས་སྟེང་མཁར་ཐོག་གཅིག་ཏུའོ། །ཞེས་གསུངས་པས། ཚིགས་པ་བཞི་ལྔའི་ཐད་ནས་རྩ་བཞི་ལག་པར་རྒྱུ་ལ་འདི་བཞི་སྙིང་དང་འདྲེལ་ཚུལ་ཡང༌། སོ་མ་རཱ་ཛར། སྙིང་རྩ་བརྒྱད་པོ་ཁྲག་གིས་གང༌། །བཞི་ནི་རླུང་གིས་གང་བའོ། །འཕར་རྩ་རླུང་གིས་གང་བ་སྟེ། །ཤེས་པ་དག་དང་གསུམ་འགྲོགས་ནས། །འཕར་བར་བྱེད་ཅིང་དུས་ཚོད་དང༌། །བླ་རྩ་སྙིང་རྩ་ཞེས་བྱའོ། །ཞེས་དང༌། ཁྱད་པར་བླ་རྩ་ལ་ཟླ་བའི་རྒྱལ་པོར་བླ་རྩ་ཁྲག་རྒྱུས་དམར་པོ་ནི། །ཁྲག་རྩ་གཉིས་སུ་རླུང་འཇུག་སྟེ། །དབུགས་ཀྱིས་གང་བཞིན་གློ་རྩར་འབྲེལ། །ཉི་མ་ཟླ་ཞེས་འཕེལ་དང་འགྲིབ། །ཅེས་སོ།།

        མཆན་ཁུང་དུ་འཕར་རྩ་དོན་པ་ལ་སྙིང་རྩ་དངུལ་མདུང༌། གྲུ་མོའི་ནང་ཁུག་ཏུ་དོན་པ་ལ་ཨ་སོ་ལི་ཀ་སྟེ། སོ་མ་རཱ་ཛར། གྲུ་མོ་དག་ཏུ་འཕྲད་པ་ནི། །རླུང་རྩའི་འཁོར་ལོ་དག་ཡིན་ནོ། །ཞེས་སོ། །དེ་ནས་གྱེས་ནས་རུས་འབུར་དུ་བལྟ་རྩ། དེ་ནས་མཐེབ་མཛུབ་བར་བརྒྱུད་ནས་མཛོད་བུ་ཆུང་གི་འོག་ཏུ་འགུལ་རྩ་ཞེས་རྩ་སྣ་གུག་པ་ལྟར་གནས། གཅིག་ནི་མ་ཟུར་ཆུ་བའི་གསེབ་ཏུ་འཕར་རྩ་ཡོད་པ་དེ་ནི་བླ་རྩ་ཡིན་ལ་དེ་ལག་པའི་མཐིལ་དུ་སོང་ནས་གནས་པ་དེ་ལ་ལག་མཐིལ་སྲིན་ལག་བསྐུམ་ནས་གང་སླེབ་པར་འཕར་རྩ་ཡོད་པ་དེ་ལ་མྱུར་བ་ཞེས་བྱ་སྟེ་རྩ་སྣ་རྐྱང་མའོ། །དེ་ལྟར་རྩ་སྣ་ཁུག་པ་དང་བླ་རྩ་རྐྱང་མ་ལག་མཐིལ་དུ་འཕྲད་པ་ལ། སོ་མ་རཱ་ཛར། ལག་མཐིལ་དག་ཏུ་འཕྲད་པ་ནི། །མེ་ཡི་འཁོར་ལོ་སྙིང་རྩར་འབྲེལ། །ཞེས་སོ། །བཞི་པ་མགོ་བོར་གྱེས་ཚུལ་ནི། རྩེ་ནག་ཅེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་ཚིགས་པ་བཞི་ལྔའི་ཐད་ན་རྩེ་ནག་གཉིས་དང་གཉིད་ལོག་གཉིས་ཏེ་བཞི་པོ་ལས། གཉིད་ལོག་ནི་ཨོལ་གོང་བའི་གཡས་གཡོན་གཉིས་ཀྱི་འདབ་ན་མར་རྒྱུ་སྟེ། རྒྱུད་འདིར། སྙིང་རྩ་གཉིད་ལོག་རྩེ་འདྲ་རྣམ་གཉིས་ཡོད། །ཅེས་གསུངས་པས་སོ། །རྩེ་ནག་ལ་ཡང༌། དེ་མ་ཐག་ཏུ་འདི་ཉིད་དུ། །དེ་ནས་ཕྱིར་ལ་ཕུན་རེ་བཙལ་བ་ན། །སྙིང་རྩ་རྩེ་ནག་རྣམ་པ་གཉིས་ཡོད་དེ། །ཞེས་གསུངས་པའི། རྩེ་ནག་ནི་སྒྲོག་རུས་པའི་ཁུང་ནས་ཡར་མགོ་ལ་འགྲིམ། དེ་བཞི་ནི་མགོ་བོའི་ཀླད་པའི་འཚོ་བྱེད་དར་རྩ་སྟེ་མགོ་བོའི་ལེའུར། རེ་ཐག་བཞི་ནི་རྣ་བའི་ཕྱི་ནང་གནས། །རྩེ་ནག་གཉིད་ལོག་གཉིས་ལས་གྱེས་པ་ཡི། །དར་སྟེང་ཤིང་ལོའི་འདབ་ལྟར་འབྲེལ་ནས་གནས། །ཞེས་གསུངས་པ་འདི་ལའང་རྩེ་ནག་ལ་བལྟ་རྩ་གཉིད་ལོག་ལ་བླ་རྩའི་ཆ་མཐུན་བཞག་སྟེ། སོ་མ་རཱ་ཛར། བླ་རྩ་སྙིང་རྩ་སྤྱི་བོར་འཕྲད། །ཚངས་པ་དུང་གི་འཁོར་ལོའོ། །ཞེས་སོ། །ལྔ་པ་མཆིན་པ་མཆིན་དྲི་མཆེར་པ་མཁལ་མ་བསམ་སེར་འབྲེལ་ཚུལ་ནི། བཅུ་གསུམ་པ་ནས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ཚིགས་པ་བཅུ་གསུམ་པ་ནས་རྩ་གཉིས་མཆིན་པར་ཟུག་སྟེ། མཆིན་པ་འདོགས་མཚམས་མཆིན་པའི་ལུང་ཆེན་དང་མཆིན་དྲི་ནག་པོར་འབྲེལ་ལོ། །དེ་བཞིན་དུ་ཚིགས་པ་བཅུ་གཅིག་པ་ནས་མཆེར་པ་བཅུ་བཞི་བར་མཁལ་མ་བཅུ་གསུམ་པར་བསམ་སེར་འབྲེལ་ལོ། །དྲུག་པ་རྐང་པ་ལ་གྱེས་ཚུལ་ནི། བཅུ་བཞི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཚིགས་པ་བཅུ་བཞི་པ་ནས་སྲོག་རྩ་དེ་གཉིས་གཉིས་སུ་སྟེ་བཞིར་གྱེས་པ་སྣེ་སར་དོན་པ་ལ་རྒྱུད་འདིར། སྣེ་ས་ཁུད་ན་སྙིང་རྩ་མིག་དམར་གཉིས། །ཞེས་གསུངས་པ། དེ་གཉིས་རྐང་པར་རྒྱུ་ཚུལ་ནི་དེ་ཡང་སྣེ་སར་ཐོན་ནས་པུས་མོར་འདུས་ཚུལ་ནི། སོ་མ་རཱ་ཛར། པུས་མོ་དག་ཏུ་འཕྲད་པ་ནི། །མཁལ་མ་དང་འབྲེལ་ཆུའི་འཁོར་ལོ། །ཞེས་གསུངས་སོ། །དེ་ནས་གཉིས་སུ་གྱེས་ཏེ་གཅིག་ནི་སྒབ་ཁུང་དུ་དོན་པ་ལ་སྒྱིད་ཁུང་གི་སྒབ་རྩ་ནག་པོ་ཞེས་བྱ་སྟེ། ཇི་སྐད་དུ། སྒབ་ཁུང་ནང་ན་སྒབ་རྩ་ནག་པོའི་གནད། །ཅེས་པ་དེའོ། །དེ་ནས་ནང་ལོང་གི་ཁུད་དུ་ཐོན་པ་ལ་ལྕགས་ཀྱི་སྲན་མ་ཞེས་བྱ་སྟེ། རྒྱུད་འདིར། ནང་ལོང་ནང་ཁུད་ལྕགས་ཀྱི་སྲན་མ་གཉིས། །ཞེས་གསུངས་པ་དེའོ། །དེ་ནས་རྐང་མཐིལ་དུ་སོང་ངོ༌། །གཅིག་ངར་གདོང་ཐུར་བར་ཐོན་པ་ལ། གསེར་རྩ་ཀ་གདུང་ཞེས་བྱ་སྟེ། ངར་གདོང་ཐུར་བར་གསེར་རྩ་ཀ་གདུང་གཉིས། །ཞེས་པ་དེའོ། །དེ་ནས་བོལ་གོང་དུ་ཐོན་པ་ལ་འགུལ་རྩ་ནག་པོ་ཞེས་བྱ་སྟེ། བོལ་གོང་སྟེང་ན་འགུལ་རྩ་ནག་པོའི་གནད། །ཞེས་གསུངས་པ་དེའོ། །དེ་ནས་རྐང་མཐིལ་དུ་དོན་པ་ལ་མཐིལ་འཕྲོག་ཅེས་བྱ་སྟེ། རྒྱུད་འདིར། རྐང་པའི་མཐིལ་ན་བཞག་འདྲ་མཐིལ་འཕྲོག་གཉིས། །ཞེས་པ་དེའོ། །དེ་ལྟར་མཐིལ་འཕྲོག་དང་ནང་ལོང་ནས་ཐོན་པ་གཉིས་རྐང་མཐིལ་དུ་འདུས་སོ། །དེ་ཡང་ལྕགས་ཀྱི་སྲན་མ་ལ་སྙིང་རྩ། འགུལ་རྩ་ལ་བླ་རྩའི་ཚུལ་དུ་མཚུངས་ཏེ། སོ་མ་རཱ་ཛར། རྐང་མཐིལ་དག་ཏུ་འཕྲད་པ་ནི། །ཀུན་གཞི་རྩ་ཡི་འཁོར་ལོའོ། །ཞེས་དང༌། སྲོག་རྩ་ལྟེ་བར་འདུས་པ་ལ།

        སྨན་དཔྱད་ཟླ་བའི་རྒྱལ་པོར། ལྟེ་བ་དག་ཏུ་འདུས་པ་ནི། །སྲིད་པ་ཆགས་པའི་འཁོར་ལོའོ། །ཞེས་ཀྱང་གསུངས་སོ། །འདི་དག་ནི་རླུང་ཁྲག་གཉིས་འདོམས། སྟོད་སྨད་ན་གཉིས། གཡས་གཡོན་ན་གཉིས་ཏེ། རྩ་བཞི་ཁུག་པའི་ཕྱིར་འབུར་སྟེ། དེ་ལྟར་རྩ་བཞི་ཁུག་པར་རྒྱུས་པ་ལ། ཕྱི་རུ་འབུར་བས་གནད་དུ་བརྟགས་པ་ཡིན་ནོ། །དེ་བཞིན་དུ་སྲོག་རྩ་ནག་པོའི་ཡན་ལག་ཁྲག་རྩ་རྐྱང་པ་ཡང་ཤུགས་ཀྱིས་བསྟན་པར་བྱ་སྟེ། སྲོག་རྩ་རླུང་དང་བསྡོམས་པའི་སྲེག་དམིགས་རྣམས་བསྟན་ནས། ལོང་རྩ་རྩ་ཆེན་རྩེའུ་ཆུང་སྣོད་ཀ་གཏར། །ཞེས་པ་རྐང་པར་སྲོག་རྩའི་སྨད་ཀྱི་ཡན་ལག །བརླ་ནང་རྩ་བོ་ཆེ་དང་ལོང་རྩ། ལག་པར་སྣོད་ཀ སྐེ་ལ་ཨོལ་གོང་མིད་པའི་འདབ་ནས་མཚོན་དོ་བཅལ་བ་ན་གློ་སྙིང་བསྡོམས་པའི་ཁྲག་རྩ་རྩེ་ཆུང་གཉིས་སོ། །གསུམ་པ་ལོ་འདབ་ཕྲ་མོའི་གྱེས་ཚུལ་དཔེར་བརྗོད་པ་ནི། དེ་ལས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྲོག་རྩ་དཀར་ནག་དེ་གཉིས་ལས་གྱེས་པའི་དོན་དང་སྣོད་ཀྱི་ནང་རྩ་རྣམས་ནི་འབྲེལ་འབྲེལ་མང་བས་སྡོམ་གྱིས་བུང་བ་འཛིན་པའི་རྒྱ་བྲེས་པ་ལ་བ་མོ་ཐག་ཅེས་པ་དེ་འཛིངས་པ་དང་འདྲ་སྟེ་གང་ནས་གང་དུ་འབྲེལ་བའི་ངེས་པ་མེད་པའི་དོན་ནོ། །གཉིས་པ་ཕྱི་རྩའི་གནས་ལུགས་བཤད་པ་ནི། ཕྱི་རྩ་ཞེས་འབྲུ་དྲུག་གིས་བསྟན་པ་ལ་རྣམ་པ་བཅུ་གཅིག་ཡོད་དེ། སྙིང་རྩ་དང༌། གློ་རྩ་དང༌། མཆིན་རྩ་དང༌། མཆེར་རྩ་དང༌། མཁྲིས་རྩ་དང༌། ཕོ་རྩ་དང༌། ལོང་རྩ་དང༌། རྒྱུ་རྩ་དང༌། བསམ་སེའི་རྩ་དང༌། ལྒང་པའི་རྩ་དང༌། དེ་རྣམས་བཅད་བརྡུངས་ཀྱི་ཉེས་པ་བསྟན་པའོ། །དང་པོ་སྙིང་རྩ་ནི། སྙིང་རྩ་ཞེས་འབྲུ་གསུམ་དང་རྐང་པ་ལྔས་བསྟན་ཏེ། དོན་སྣོད་ལས་ལུས་ཕྱི་ལ་ཐོན་པའི་རྩ་ནི་བྱང་ཁོག་སྟོད་ལ་སྙིང་མང་འབྲེལ་བའི་རྩ་དྲུག་ཡོད་དེ་གང་ཞེ་ན། བྲང་རུས་གཡས་གཡོན་ནས་ནུ་མའི་མདུན་དུ་མཚོན་དོ་བཅལ་བའི་ས་ན་སྙིང་རྩ་ཕྲ་ཁབ་ཅེས་པ་དེའི་སྟེང་ཐད་ཀྱི་གོས་ལ་ཐོང་ཆུང་ངམ་ཐོང་ཁ་གཟེར་བ་དེ་ལ་ཁབ་བཙུགས་པ་དང་འདྲ་བ་གཉིས་གྱེན་དུ་འགྲེང་ངོ༌། །འདི་ལ་རྫོང་འཕྲང་དུ། སྙིང་རྩ་ཕྲ་ཁབ་བྲང་གཞུང་ནས་གཡས་གཡོན་སོར་བཞི་ན་ཡར་ཐོང་གར་ཁབ་བཙུགས་པ་ལྟར་གནས་སོ། །ཞེས་གསུངས་སོ། །སྒྲོག་རུས་པའི་དཀྱིལ་ནས་ཐུར་དུ་མཚོན་གང་བཅལ་བའི་ས་ན་སྙིང་རྩ་དངུལ་གྱི་འབུར་རུ་གཟེར་བཏབ་པ་ལྟར་མགོ་འབུར་ཙམ་ཡོད་པ་གཉིས་སོ། །ནུ་མའི་གཡས་གཡོན་གྱི་སྟེང་འོག་དང་ཕྱོགས་དང་བཅས་པར་མཚོན་རེ་བཅལ་བ་ན་རྩ་ཨ་ལོང་ལྟར་འཁོར་བ་གཉིས་ཡོད་དོ། །དེ་ལྟར་ཕྲ་ཁབ་གཉིས། དངུལ་འབུར་གཉིས། བུ་རྩ་གཉིས་ཏེ་དྲུག་ནི་སྙིང་རྩའོ།།

        གཉིས་པ་གློ་རྩ་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། གློ་བ་ཞེས་རྐང་པ་གཅིག་གིས་བསྟན་པ་ལ། གློ་བ་མ་བུའི་ཕྱི་རྩ་ཉི་ཤུ་རྩ་བཞི་ཡོད་དེ། དེ་རྣམས་རེ་རེ་ནས་གང་ཞེ་ན། གཡས་སུ་བཅུ་གཉིས་ད་གཡོན་དུ་བཅུ་གཉིས་ཡོད་དོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། གློ་མའི་རྩ་བཤད་པ་དང་གློ་བུའི་རྩ་བཤད་པ་དང༌། མ་བུའི་སྒྲེལ་དག་བཤད་པ་དང༌། གློ་བ་ཚང་ཚིང་ལས་བྱུང་བའི་རྩ་བཤད་པའོ། །དང་པོ་གློ་མའི་རྩ་ནི། གློ་མ་ཞེས་རྐང་པ་ཉེར་གཅིག་གིས་བསྟན་ཏེ། གློ་མ་རྩིབས་ལས་བྱུང་བའི་ཚིགས་འགྲམས་གཉིས་ནི། ཚིགས་པའི་གཡས་གཡོན་དུ་འཐེབ་ཚིགས་བཀུག་པའི་སེན་མོ་སྔོ་དམར་མཚམས་དང་ཚིགས་མགོ་ །བར་སོར་གཉིས་ཀྱིས་ཡུལ་དེ་མཚོན་ཞེས་པ་དེ་རེ་དང༌། དེའི་ཕྱེད་ལ་ཕུན་ཞེས་པ་དེ་རེ་རེའི་ས་ན་སྟོད་སྨད་ཀུན་ཏུ་རྒྱུ་སྟེ་བཞི་པའི་ཐད་ཀ་ནི་དོན་དམིགས་ཡིན་པས་དེ་གཉན་ཚིགས་པ་བཞི་པའི་ཐད་དེ་ནས་གཡས་གཉིས་གཡོན་གཉིས་རྣམས་སུ་བཞིར་གྱེས་ཏེ་གཉིས་ནི་ཕྲག་པ་ལ་བསྐལ་ནས་བྲང་ལ་འགྲིམས། གཉིས་ནི་ལྟག་པའི་ཆུ་ལེབ་ཀྱི་འདབ་ནས་མགོ་ལ་འགྲིམས་ཏེ་ལྟག་རྩ་ནག་པོའོ། །རྩ་དེ་ཚིགས་པ་བཅུ་གསུམ་པའི་ཐད་མཆིན་དྲི་ཡན་ཆོད་གློ་བ་དབང་བས་གློ་རྩའོ། །བཅུ་བཞི་མན་ཆད་ནི་མཁལ་མའི་རྩ་ཡིན་ལ། ཁྱད་པར་བཅུ་བཞི་པའི་ཐད་ཀར་མཚོན་རེ་དང་ཕུན་རེའི་ས་ན་མཁལ་མའི་རྩེ་ནག་ཅེས་སུ་གྲགས་སོ། །དེ་ནས་གཡས་སུ་བཞི། གཡོན་དུ་བཞིར་གྱེས་ནས་གཉིས་ནི་མདུན་ངོས་ཀྱི་དཔྱི་སྟེང་དུ་དོན་ནས་དཔྱིའི་ཁ་གཟར་དུ་རྒྱུ་བ་ལ། དཔྱིའི་ཁ་གཟར་མཁལ་རྩ་ན་གུ་ཞེས་བྱ། དེ་ནས་གཅིག་སྣེ་ས་ནས་ནང་ངོས་སུ་བརྒྱུད་མཚན་མ་དང་ལྒང་པར་འབྲེལ། གཅིག་བརླ་ནང་དུ་བརྒྱུད་པ་ལ་བརླ་སྒང་གི་སྟེང་གི་མཁལ་རྩ་རུས་ཞེན་ཞེས་བྱ་སྟེ་རྐང་པར་འབྲེལ། ཡང་གཉིས་ནི་བཅུ་བཞི་པའི་ཐད་ནས་ཐུར་དུ་གཅིག་བྱུང་གཞུག་ཐུང་བརྒྱུད་ནས་གནས། གཅིག་བརླའི་ཕྱི་སུལ་དུ་འགྲིམས་ནས་བརྒྱུད་པ་ལ། བརླའི་ཕྱི་སུལ་མཁལ་རྩ་རྐང་འདེགས་ཞེས་བྱའོ། །གོ་མ་ཚིགས་འགྲམས་ཀྱི་དགོངས་དོན་འདི་ནི་ཕྱག་དྲེག་མ་དང་བླ་རྟའི་འགྲེལ་པ་བཞིན་བཀོད་པའོ། གློ་མ་སྒང་ལས་བྱུང་བའི་ནང་རྒྱུག་གཉིས་ནི་ཚིགས་པ་དྲུག་པའི་སོར་ལྔའི་ས་ན་གནས་པའོ། །གློ་མ་སྟག་མགོ་ལས་བྱུང་བའི་གྲོག་སྐེད་གཉིས་ནི་ཚིགས་པ་བརྒྱད་པའི་སོར་བདུན་གྱི་ས་ན་གནས་སོ། །གློ་མ་ཟགས་སྣ་ལས་བྱུང་བའི་སྒེ་དོར་གཉིས་ནི་ཚིགས་པ་བཅུ་པའི་ཆག་གིས་བཅལ་བའི་ས་ན་གནས་སོ། །གློ་མ་བཤམ་ལས་བྱུང་བའི་འགྲེང་བུ་གཉིས་ནི་ནུ་མ་གཉིས་ཀྱི་ཐད་དྲང་ནས་སྒྲོག་རུས་ཀྱི་འོག་ཏུ་འགྲོ་བའོ། །ལར་གློ་བའི་མ་རྩ་འདི་དག་རང་རང་གི་ཚིགས་པའི་ཐད་དུ་གཉན་པར་བཤད་དོ།།

        གཉིས་པ་གློ་བུའི་རྩ་གནད་བཤད་པ་ནི་གློ་བུ་ཞེས་རྐང་པ་བཅུ་གཉིས་ཀྱིས་བསྟན་ཏེ། གློ་བུ་ཐུགས་ཁབ་ལས་བྱུང་བའི་རྩ་ཕྱིར་རྒྱུ་གཉིས་ནི་ནུ་མའི་མདུན་ངོས་མཚོན་རེ་ནས་སྒྲོག་རུས་ཀྱི་ཆར་འགྲོ་བ་ནི་སྐེ་སྟོང་ཕྱོགས་ཀྱི་སྒྲོག་རུས་འབྲེལ་མཚམས་སོ། །གློ་བའི་བུ་མཛོ་སྣ་ལས་བྱུང་བའི་བུ་རྩ་བསྣོལ་རྩ་གཉིས་ནི་ཕྱིར་རྒྱུག་གིས་སྟེ། ནུ་མདུན་གྱི་མཚོན་དོའི་ས་ནས་བྱུང་སྟེ་གཡས་པ་གཡོན་གྱི་སྒྲོག་རུས་ཀྱི་ཆར་བསྣོལ་ཞིང་གཡོན་པ་གཡས་ཀྱི་སྒྲོག་ཆར་བསྣོལ་ལོ། །གློ་བུ་བྱ་སྒབ་ལས་བྱུང་བའི་གཟེར་མགོ་གཉིས་ནི་མཆན་འོག་ནས་ཕྱི་ནང་སྟེ་མདུན་རྒྱབ་ངོས་དང་གྱེན་ཐུར་དུ་ཆག་གང་སར་གནས་སོ། །གློ་བུ་དགྲ་ལྕེ་ལས་བྱུང་བའི་ཟངས་མ་གཉིས་ནི་མཆན་འོག་ཕུག་ནས་ཐོན་ཏེ་དྲང་པོར་རྩིབས་རིང་གི་སྟེང་དུ་འགྲོའོ།།

        གློ་བུ་རྟེ་མིག་ལས་བྱུང་བའི་སྔོན་བུ་གཉིས་ནི་སོགས་པ་མེ་ལོང་གཉིས་ཀྱི་དཀྱིལ་གྱི་འོག་ན་སྦྲུལ་འཁྱིལ་བ་ལྟར་གནས་སོ། །གསུམ་པ་མ་བུ་གཉིས་མདུན་རྒྱབ་ཏུ་སྒྲོག་པའི་རྩ་ནི་མ་བུ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། གློ་བ་མ་དང་བུ་གཉིས་སྒྲོག་པའི་ལུང་འཛིན་གྱི་ཁུག་པ་གཉིས་ནི། དཔུང་ཚིགས་ནས་མགོ་བོའི་ཕྱོགས་སུ་ཆག་གང་བཅལ་ས་ན་ཨུ་ཟུར་ཏེ་རུས་པ་ཉག་པོར་ཡོད་པ་དེའི་ཁར་འཕྲེད་ལ་བཀལ་ནས་གནས་སོ།།

        བཞི་པ་གློ་བའི་ཚང་ཚིང་ལས་བྱུང་བའི་རྩ་བཤད་པ་ནི། ཚང་ཚིང་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། གློ་བའི་ཚང་ཚིང་ལས་བྱུང་བའི་གློ་རྩ་དུང་འབུད་གཉིས་ནི་དཔུང་ (འཇལ་བྱེད་ཡིན་པར་ཕྱག་དྲེག་མ་དང་བྱ་བ་མཐུན་པར་འདུག)  པའི་ནང་ངོས་ཀྱི་རྩ་ནས་ཐུར་དུ་ཆག་གངས་ན་གནས་སོ། །གསུམ་པ་མཆིན་རྩ་ནི། མཆིན་རྩ་ཞེས་རྐང་པ་བཞིས་བསྟན་ཏེ། མཆིན་དྲི་ནག་པོ་དང་མཆིན་པ་འབྲེལ་མཚམས་ནས་བྱུང་བའི་མཆིན་རྩ་ཤ་རུ་དང༌། གཡོན་མོན་རུ་རྣམ་པ་གཉིས་ནི་ལྷེན་སྣའི་འབྲེལ་མཚམས་ཀྱི་ཕུགས་གཉིས་ལས་བྱུང་སྟེ་གྱེན་དུ་སོང་བ་ནུ་མའི་དྲང་ཐད་ཀྱི་མདུན་དུ་མཚོན་དོའི་སར་གཉན་ཞིང༌། དེ་ནས་ཡར་ལ་ཆག་གང་བཅལ་བའི་ས་ནས་གཉིས་སུ་གྱེས་པ་རྩ་གཉིས་དཔུང་པ་དང་རྩ་གཉིས་རྒྱབ་ཏུ་རྒྱུའོ། །བཞི་པ་ནི། མཆེར་རྩ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། འདི་ལ་བླ་རྟའི་འགྲེལ་པར་དཔྱིའི་རྟ་ཟུར་གྱི་རྟ་སའི་གསེབ་ན་གནས་སོ། །འདིའི་རྩ་སྣ་ལ། རྣག་ཆེན་གཉེར་རིང་མཁྲིས་རྩ་སྐྱ་རེངས་གནད་ཅེས་ཀྱང་བྱུང་བས་མཆེར་རྩ་ཡིན་ནམ་བརྟག་གསུང་བར། དེ་ལྟར་ནི་མིན་ཏེ། རྗེ་བཙན་གཡུ་ཐོག་པས་མཛད་པའི་བྱང་ཁོག་གི་རྩ་བཀྲར། མཆེར་རྩ་བྱ་རྐང་ནི་སོག་པ་མེ་ལོང་གཉིས་ཀྱི་དཀྱིལ་ནས་མཛུབ་གང་བཅལ་བའི་ས་སོག་པའི་གཞུག་གི་ཤ་དེ་ལ་རྟ་ཤ་ཞེས་བྱ་སྟེ། ཤ་དེའི་གསེབ་ན་མཆེར་རྩ་བྱ་རྐང་ཞེས་པ་གྱེན་གསེགས་ལ་སོར་བཞི་ཙམ་ཞིག་གནས་པར་བཤད་དོ། །ལྔ་པ་ནི། མཁྲིས་རྩ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། མཁྲིས་པའི་རྩ་གསེར་གྱི་ཆུ་མིག་ཅེས་བྱ་བ་ནི་གློ་བའི་ཚང་ཚིང་གི་གསེབ་ན་གནས་སོ། །མཁྲིས་རྩ་གསེར་གྱི་ཀ་བ་ནི་དཔུང་སོག་གི་བར་ན་གནས་ཏེ། རྒྱུད་འདིར་སྐྱོགས་རའི་ཚིགས་མཚམས་གསེར་གྱི་ཀ་བའི་གནད། །ཅེས་པ་དེའོ། །དྲུག་པ་ཕོ་རྩ་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཕོ་རྩ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཁ་ཟས་ཀྱི་སྣོད་ཕོ་བ་ཞེས་པ་དེའི་རྩ་ལའང་སྦྲུལ་མིག་དང་ཀ་བ་དང་བོང་རྨེད་རྣམས་སོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་ནི། སྦྲུལ་མིག་ཅེས་རྐང་པ་གཅིག་གིས་བསྟན་ཏེ། ལྷེན་སྣའི་རྩེ་ནས་གཡས་གཡོན་གཉིས་སུ་མཚོན་རེ་བཅལ་བའི་ས་ན་ཕོ་རྩ་སྦྲུལ་མིག་ཅེས་བྱ་བ་དབྱིབས་སྦྲུལ་མིག་དང་འདྲ་བ་གཉིས་གནས་སོ། །གཉིས་པ་ནི། ཀ་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཕོ་རྩ་ཀ་བ་གཉིས་ནི་ཕོ་དཀྱིལ་ཏེ། མེ་མཉམ་གྱི་གསང་ནས་གཡས་གཡོན་གཉིས་སུ་སོར་གསུམ་རེ་བཅལ་བར་གནས་སོ། །གསུམ་པ་ནི། བོང་རྨེད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། ཕོ་རྩ་བོང་རྨེད་ནི་ལྟེ་བ་ནས་གྱེན་དུ་མཚོན་གང་བཅལ་བའི་ས་ན་འཕྲེད་ལ་གནས་པ་སྟེ་ཕོ་རྩ་ལྔའོ། །བདུན་པ་ནི། ལོང་རྩ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ལོང་རྩ་ནི་ལྟེ་བའི་ཟུར་ནསགཡས་གཡོན་དུ་མཚོན་རེ་བཅལ་བ་ན་གནས་སོ། །བརྒྱད་པ་ལ་གཉིས། རྒྱུ་མའི་ཕྱི་རྩ་དང་ནང་རྩ་བཤད་པའོ།།

        དང་པོ་ནི། རྒྱུ་རྩ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྒྱུ་མའི་རྩ་ནི་བཤད་མ་ཐག་པའི་ལོང་གི་རྩ་དེའི་མཇུག་ནས་སྣེ་ས་ཁུད་གཉིས་ན་འགྲིམས་སོ། །གཉིས་པ་ནི། རྒྱུ་ལོང་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཞར་བྱུང་རྒྱུ་ལོང་གི་ནང་རྩ་ནི་རང་རང་གི་འཁྱོག་མཚམས་ནས་རྒྱུ་ཚིལ་དང་འདྲ་བ་ལྟར་འབྲེལ་ལོ། །དགུ་པ་ནི། བསམ་སེའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། བསམ་སེའི་རྩ་གཉིས་ནི་དཔྱི་ནས་སྣེ་སར་རྒྱུའོ། །བཅུ་པ་ནི། ལྒང་པའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ལྒང་ཕུག་གི་རྩ་ལ་ཆུ་རྩ་སྲོག་རྩ་སྲིད་རྩ་དང་གསུམ་ཡོད་པ་དེ་ཡང་མཚན་མ་སྟེ་རླིག་པ་དང་བུད་མེད་མོ་མཚན་དང་དབྲག་གམ་དབྲག་དེའི་བར་གྱི་འོག་སྒོ་ངོས་སུ་དབུས་ན་གནས་པ་དང་ཐིག་ལེ་དང་བུད་མེད་ལ་དམར་ཆ་རྒྱུ་བས་སྲིད་རྩ་གཡས་སུ་གནས། ཆུ་རྒྱུ་བས་ཆུ་རྩ་གཡོན་དུ་གནས་སོ། ཞེས་བླ་རྟ་བཞེད་ཅིང༌། རྗེ་གཡུ་ཐོག་པའི་ཕྱག་དྲེག་མའི་མཆན་དུ། དབུས་ཆུ་རྩ། གཡས་སྲོག་རྩ། གཡོན་སྲིད་རྩ་ཞེས་གསུངས་འདུག གཞན་ཡང༌། བྱད་མོ་ཁུད་པ་ཡེ་ཤེས་བཟང་པོས་མཛད་པའི་ཐིག བྲང་ཏི་པས་མཛད་པའི་ཐིག གོང་སྨན་པ་སོགས་ཀྱིས་མཛད་པའི་ཐིག་འགྲེལ་སོགས་སུའང་དབུས་སུ་ཆུ་རྩ། གཡས་སྲོག་རྩ། གཡོན་སྲིད་རྩ་ཞེས་བཤད་ཅིང༌། རྗེ་གཡུ་ཐོག་པའི་བྱང་ཁོག་གི་རྩ་བཀྲར། སྲིད་རྩ་དང༌། བསམ་སེའི་རྩ་གཉིས་རྒྱུན་གཅིག་པར་བཀོད་འདུག་ཀྱང༌། རང་ལུགས་ནི་མཚན་མ་དང་འོག་སྒོའི་བར་རམ་དབྲག་གི་དབུས་ན་སྲོག་རྩ། གཡས་ན་སྲིད་རྩ། གཡོན་ན་ཆུ་རྩ་རྣམས་སོ། །གཞན་ཡང་སྲིད་རྩ་ནི་ཟིན་ཏིག་ལས་སྤུ་ནག་གུའི་གསེབ་གོང་དེའི་སྟེང་ན་རྩ་འགུལ་བ་ཞིག་མཆིས་ཏེ། དེ་བསྲེགས་ན་ཕོ་མཚན་ལྡང་མི་ནུས་ཏེ་མི་བསྲེག་གོ །ན་སོ་རྒན་རྒོན་དུ་སོང་བའམ། མ་ནིང་ངམ། བུ་མེད་པར་འདོད་ན་དེར་བཏབ་ཆོག་ཅེས་སོ། །བཅུ་གཅིག་པ་དེ་རྣམས་ཆོད་བརྡུང་གི་ཉེས་དམིགས་བསྟན་པ་ནི། དེ་ལྟར་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྔར་བཤད་པའི་རྩ་རྣམས་ཚོད་པར་གྱུར་ན་ཕལ་ཆེར་འཆི་ཞིང༌། ཕལ་ཆེར་གྱི་སྒྲས་ཆོད་ཀྱང་མི་འཆི་བ་ཡང་ཡོད་པར་ལྟའོ། བཙན་རྡུངས་ཞེས་པ་མ་ཆོད་ཀྱང་ཉམས་པར་བྱེད་པའམ་གནད་ན་གྱེས་གཞི་གང་ཡིན་པ་དེ་ཉིད་དུ་རྩ་ཐིགས་སུ་འགྱུར་རོ། །རྩའི་གནས་ཚུལ་འདི་དག་ཕལ་ཆེར་གྱིས་རྟོགས་པར་དཀའ་ཞིང༌། རྒྱུད་འདིར་མགོ་སྐེ་བྱང་ཁོག་ཡན་ལག་རྣམས་རང་རང་གི་སྐབས་དོན་བསྟན་ནས་ཐམས་ཅད་དུ་འབྲེལ་ཚུལ་མ་བཤད་སྣང་བས། རྗེས་འཇུག་གོ་སླ་བའི་དོན་དུ་གཞུང་རྣམ་དག་ཕྱག་དྲེག་མ་སོགས་ཡིག་རྙིང་གི་ཁུངས་བཙལ་ནས་འབྲུ་བཤད་མདའ་ཁྲོལ་གྱི་ཚུལ་དུ་བློ་གྲོས་ཀྱིས་གང་ནུས་རྣམ་པར་བཀྲལ་བ་ཡིན་ནོ། །དྲུག་པ་རྒྱ་དཀར་ལྟ་བུའི་གསང་བསྟན་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རྒྱ་དཀར་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། རྒྱ་མཐོངས་སམ་རྒྱ་སྐར་ཕྱེ་བ་ལྟ་བུའི་གསང་གི་གནས་ལུགས་རང་གསང་དང༌། མདའ་གསང་དང་ཕོག་གསང་དང་དབྱེ་གསང་རྣམས་སོ། །གཉིས་པ་རྒྱས་བཤད་ལ་བཞི་ལས། དང་པོ་རང་གསང་ནི། རང་གསང་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རང་བཞིན་གྱི་གསང་འདི་ལ། རྫོང་འཕྲང་དུ། ཁ་དང་འཕོངས་གཉིས་སུ་བཤད་པ་ལས། ཁ་ནི་དབུགས་རྒྱུ་ལམ་ཡིན་པར་བློ་སྦུབས་དང་ཟས་སྐོམ་རྒྱུ་བའི་ལམ་ཡིན་པས་ཕོ་སྟོད་ཀྱི་རང་གསང་ཡིན་ལ། འཕོངས་ཏེ་རྐུབ་དང་མཚན་མ་ནི་བཤང་བའི་རྒྱུ་ལམ་ཡིན་པས། རྒྱུ་ལོང་དང་གཅིན་གྱི་རྒྱུ་ལམ་ཡིན་པས་ལྒང་མཁལ་གྱི་རང་གསང་ཡིན་ནོ། །གཉིས་པ་མདའ་གསང་ལ་གནིས། གསང་གི་ཚད་བསྟན་པ་དང༌། མ་ངེས་པར་གསང་བསྟན་པའོ།།

        དང་པོ་གསང་ཚད་ནི། མདའ་གསང་ཞེས་རྐང་པ་དྲུག་གིས་བསྟན་ཏེ། མདའ་ལམ་གྱི་གསང་ལ་སྟོང་གསང་ཕྱལ་མོ་སྟེ་ཕུག་རོན་གྱི་གསང་ལ་མདུན་རྒྱབ་ཏུ་ཐལ་མོར་བཅུར་གྱིས་འབྱིན་ཐུབ་མཆིན་དྲི་ཁྲ་བོའམ་ཁུག་པའི་བར་དེར་མཛུབ་རེ་ཐུབ་སྟེ། རྫོང་འཕྲང་དུ། མཆིན་དྲི་དང་གློ་བའི་བར་དུ་བཅུར་འབྱིན་ཐུབ་བོ། །ཞེས་ཀྱང་འབྱུང༌། ཚིགས་པ་བརྒྱད་པ་ཡན་གྱི་རྒལ་འདབ་གཡས་གཡོན་དང༌། ནུ་མ་གཉིས་ཀྱི་མཚོན་གང་གི་འོག་ཏུ་ནི། རྩེ་སོར་བཞི་སོང་ཡང་དོན་ལ་མི་སླེབ་བོ། །མཆིན་དྲི་ཡན་སྟོད་དུ་གང་ཡང་སོར་གསུམ་གྱིས་དོན་ལ་མི་སླེབ་བོ། །སྨད་དུ་གང་ཡང་སོར་གཉིས་ཀྱིས་སྣོད་ལ་མི་སླེབ་སྟེ་བར་ཐག་དེ་ཙམ་རེ་ཡོད་པ་ཡིན་ལ། དོན་སྣོད་ལས་གཞན་ནི་མ་གཏོགས་སོ། །གཉིས་པ་མ་ངེས་པར་བསྟན་པ་ནི། གཞན་ཡང་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ལུས་ཀྱི་སྡོད་ལུགས་དང་མཚོན་གྱི་ཕོག་ལུགས་ལ་བརྟག་པ་གཅེས་སོ། །གསུམ་པ་ཕོག་གསང་ནི། ཕོག་གསང་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། མཚོན་ཕོག་པའི་གསང་ནི་ཐུར་མས་དབྱེ་བའི་གསང་རྣམས་སུ་མཚོན་ཕཽག་པས་མཚོན་དེའི་ཕྱིར་རམ་རྗེས་སུ་ཁྲག་ཐོན་པས་རྣག་སོགས་ཀྱི་རྒྱུ་དོན་པས་སླར་གསང་དབྱེ་མ་དགོས་པའོ། །བཞི་པ་དབྱེ་གསང་བཤད་པ་ལ་གཉིས། དབྱེ་གསང་དངོས་དང༌། མ་ངེས་པར་དབྱེ་ཐབས་སོ། །དང་པོ་ལ་གཉིས། སྟོད་གསང་དང༌། སྨད་གསང་ངོ༌། །དང་པོ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དབྱེ་གསང་ཞེས་རྐང་པ་བཞིས་བསྟན་ཏེ། ནད་ཞུགས་པ་ཐུར་མས་དབྱེ་བའམ་འབྱེད་པར་བྱེད་པའི་གསང་ནི་བྱང་ཁོག་སྟོད་ལ་བྲང་གི་སྙིང་གསང་དྲུག །གློ་བའི་རྒྱབ་གསང་བཞི་དང༌། བུ་གསང་གཉིས་དང༌། མ་བུ་གཉིས་ཀའི་རྣག་སོགས་རྒྱུ་བའི་ཟུར་གསང་དང་རྣམ་པ་དྲུག་སྟེ། དེ་ལྟར་གསང་ས་བཅོ་བརྒྱད་ནི་རྒྱ་སྐར་ཕྱེ་བ་དང་འདྲ་བར་ཤ་པགས་ཀྱི་འོག་ཏུ་དཀར་བུག་ཐལ་ལེ་ཡོད་པའོ། །གཉིས་པ་རྒྱས་བཤད་ལ་བཞི། སྙིང་གི་མདུན་གསང༌། གློ་བུའི་ཟུར་གསང༌། མ་བུ་གཉིས་ཀའི་རྣག་གསང་ངོ༌།།

        དང་པོ་སྙིང་གསང་ནི། དེ་ལ་ཞེས་རྐང་པ་དྲུག་གིས་བསྟན་ཏེ། ནུ་མ་གཡས་གཡོན་དུ་འཕྲེད་ཐིག་འཐེན་པའི་རྒྱ་གྲམ་དེ་དཀར་ནག་མཚམས་ཡིན། དེ་ནས་གྱེན་དུ་མཚོན་གང་བཅལ། དེ་ནས་གཡས་གཡོན་གཉིས་སུ་མཚོན་རེ་དང་ཕུན་རེ་སྟེ་མཚོན་ཕྱེད་དང་དོ་བཅལ་བ་དཔལ་ཁབ་གསང༌། དེ་ནས་གྱེན་དུ་མཚོན་རེ་བཅལ་བའི་ས་ཐུགས་ཁབ་གསང༌། དེ་སྟེང་མཚོན་རེ་བཅལ་བའི་ས་བྱ་རོག་མིག་སྟེ་སྙིང་གསང་དྲུག་གོ གཉིས་པ་རྒྱབ་ཀྱི་གློ་མའི་གསང་ནི། རྒྱབ་ཀྱི་ཞེས་རྐང་པ་དྲུག་གིས་བསྟན་ཏེ། ཚིགས་པ་བཞི་པའི་ཐད་དྲང་ནས་གཡས་གཡོན་དུ་སོར་བཞིའི་ས་ནི་གློ་བ་བྲུངས་ཁུད་རྣག་གི་བབས་གསང་ངོ༌། རྒྱབ་གསང་རིང་མོ་ནི་གློ་སུལ་ལམ་སྨད་ཀྱི་རྣག་གི་འབབ་པའི་གསང་ངོ༌། །གསུམ་པ་ཟུར་གསང་ནི། བུ་གསང་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ནུ་མ་གཉིས་ནས་མཆན་ཁུང་ངོས་སོར་བཞི་བཅལ། དེ་ནས་ཐུར་དུ་སོར་གསུམ་བཅལ་བ་དང༌། སྔར་ནུ་མ་གཉིས་ནས་ཆག་གང་བཅལ་ས་མཐུན་པ་ནི་བུའི་ཟུར་གསང་མཆན་གསང་ངོ༌། །བཞི་པ་ནི། མ་བུ་ཞེས་རྐང་པ་ལྔས་བསྟན་ཏེ། ཚིགས་པ་བཅུ་གཉིས་པ་དང་བཅུ་གསུམ་པའི་མཚམས་ནས་མདུན་དུ་ཆག་གང་དང་མཁྱིད་གང་དང་མཛུབ་གང་བཅལ་བའི་ཐུང་རིང་གི་ཁྱད་ཀྱི་ས་དང༌། རྩིབས་མའི་ཞེང་ཚད་སྦྱར་བའི་ཞེང་གཅིག་གསུམ་གྱི་བར་ནི་རྣག་འབྱུང་བའི་ཐེམ་བུའི་ཁ་དང་པོ་བར་བ་ཐ་མ་གསུམ་སྟེ་གློ་བ་མ་བུ་གཉིས་ཀའི་རྣག་གི་བབས་གསང་ངོ༌། །གཉིས་པ་སྨད་གསང་བཤད་པ་ནི། སྨད་ཀྱི་ཞེས་རྐང་པ་དྲུག་གིས་བསྟན་ཏེ། བྱང་ཁོག་སྨད་ཀྱི་དབྱེ་གསང་ནི། ཚིགས་པ་བཅུ་བཞི་པ་ནས་གཡས་གཡོན་དུ་སོར་དྲུག་བཅལ་བའི་ས་ནི། མཁལ་མའི་རྣག་བབས་གསང་ངོ༌། །ལྟེ་བ་ནས་སྣེ་སའི་དཀྱིལ་དུ་འཐེན། དཔྱི་ཟུར་ནས་མཚན་མའི་དཀྱིལ་དུ་འཐེན་པ་རྒྱ་གྲམ་དུ་ཐིག་གདབ་པའི་ཐིག་འོག་རྒྱ་གྲམ་གྱི་ས་ནི་ལྟོ་བ་སྤྱིའི་གསང་ཡིན་ནོ། །མཆན་མ་དོན་པའི་ཨ་ལོང་ཁ་ནས་ནང་དུ་སོར་བཞི་བཅལ་བའི་ས་ན་འཇང་ངམ་གཞང་གསང་ཞེས་བྱ་སྟེ། སྨད་ཀྱི་རྣག་འབབ་པའི་གསང་ངོ༌། །གཉིས་པ་མ་ངེས་པར་དབྱེ་ཐབས་ནི། འོན་ཀྱང་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རྣག་ཕལ་ཆེར་ནི་གོང་དུ་བསྟན་པ་ལྟར་ནས་འབྱུང་མོད་ཀྱི་མ་ངེས་པ་ཡང་ཡོང་བས་འོན་ཀྱང་སྟོད་སྨད་ཀྱི་དབྱེ་གསང་འདིར་བསྟན་པ་མ་ཡིན་པར་གཞན་དུ་ཡང་རྣག་གི་བབས་ས་མ་ངེས་པ་འོང་བས་རྣག་གར་བབས་སུ་དབྱེ་དགོས་ཏེ། ནད་ཞུགས་ཆེ་ན་ནད་ཀྱང་རྫུན་ཞེས་པ་ལྟར་རོ། གཉིས་པ་བརྟག་ཐབས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། གཉིས་པ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། མཚོན་རྨའི་ནང་ངོས་འཛིན་པ་དེ་ལ་ཡང་བརྟག་པའི་ཐབས་རྣམ་པ་བདུན་ཏེ། ཕོག་པའི་ཡུལ་ལ་བརྟག་པ། མཚོན་གྱི་བགྲོད་ལམ་ནང་དུ་རྡོལ་དང་མ་རྡོལ། ཁྲག་ངན་བབས་དང་མ་བབས། དོན་སྣོད་ཟིན་མ་ཟིན། འཚོའམ་འཆིབའི་ལ་ཤན་འབྱེད་པ། མདོ་རུ་བསྡུས་ཏེ་ཁ་མར་གདགས་པ་བཤད་པའོ། གཉིས་པ་རྒྱས་བཤད་ལ་བདུན་ལས། དང་པོ་ཕོག་ས་ཡུལ་ལ་བརྟག་པ་ནི། དང་པོ་ཞེས་རྐང་པ་བཅུ་དགུས་བསྟན་ཏེ། གཞུང་ཟིན་གྱི་སྨད་འཕྱེས་པ་ནི་སྨད་ཞ་བའོ།།

        གཉིས་པ་འགྲོ་ལམ་ལ་བརྟག་པ་ནི། གཉིས་པ་ཞེས་རྐང་པ་བཅོ་བརྒྱད་ཀྱིས་བསྟན་ཏེ། མཚོན་གྱིས་ཕྱི་ནས་ནང་དུ་བགྲོད་ལམ་རིང་ཐུང་ལས་བརྟག་པ་ནི། གར་ཕོག་ཀྱང་བགྲོད་ལམ་ལ་རག་ལས་ཏེ་བཟང་བར་ཕོག་ཀྱང་གནད་ལ་རྙེགས་པ་བརྙགས་པ་དེད་པ་བརྡབས་པ་རྣམས་དོན་གཅིག་པས་གནད་ལ་ཟིན་ནམ་ཟིན་པར་བཅོམ་པའོ། །དཔེར་ན་སྟོད་གསང་ལ་ཕོག་ཀྱང་མཚོན་ལམ་རིང་ན་དོན་ལ་ཟིན་པ་ལྟ་བུའོ། །ཕོག་ས་ངན་པར་ཕོག་ཀྱང་གནད་ལམ་སོང་བ་དང་གནད་མེད་སར་ཕོག་ཀྱང་འཚེབས་པའམ་རྩེབས་པ་ཡོད་པས་བགྲོད་ལུགས་བརྟག་པ་གཅེས་སོ། །ཤ་གཤགས་པ་རུས་ཕུག་པ་རྩ་ཆོད་པ་དོན་སྣོད་ཟིན་པ་རྣམས་རིམ་པས་ཉེན་ཆེ་སྟེ། ཤ་གཤགས་པ་བས་རུས་ཕུག་པ་ཉེནཆེ། དེ་བཞིན་དུ་རུས་ལས་རྩ། རྩ་ལས་དོན་སྣོད་ཟིན་ན་འཆིའོ། །དེ་བཞི་ཀ་སྦྲགས་པའི་ནི་འཆིའོ། །གློ་མ་ལ་སྟེང་དུ་ཕོག་པའི་རྨ་འཚོ། འོག་གི་རྨ་ཐིགས་བསོག་པས་འཆི། དྲང་ཐད་ཀྱི་རྨ་གསོ་ཐས་ཀྱི་རྐྱེན་ལ་རག་ལས་སོ། །གློ་སྟོད་དུ་མཚོན་ལམ་རིང་ན་རང་རང་རྩ་ལ་སྙེགས་ནས་རྩ་ཁ་ཤོར་ཉེན་ཆེ་བས་ཐབས་ཀྱིས་རྩ་ཁ་ཟིན་ནམ་ཁྲག་འབྱོར་བྱུང་ན་རྩ་ཁ་འབུད་པའི་ཟས་རྩ་སྒོ་འབྱེད་པ་དང༌། སྤྱོད་ལམ་དྲག་ཤུལ་བཙིར་བ་སོགས་མི་བྱེད་པར་གཟབ་བོ། །གསུམ་པ་ནང་དུ་རྡོལ་མ་རྡོལ་བཤད་པ་ནི། གསུམ་པ་ཞེས་རྐང་པ་བཅུ་དགུས་བསྟན་ཏེ། དེ་དགུ་ཚང་ན་ཞེས་པ། སྨྲ་བཅུག་ན་སྐད་ཀྱི་འཇུག་ཆད་པ། འགྲོ་བའི་སྟངས་ཞན་ཏེ་འགྲོ་སྟངས་ཤོར་བ། ཁོང་ལྕི་བ་དབུགས་མི་བདེ་བ། གློ་སོར་མང་པོ་ལངས་པ། རྐང་པ་གང་རྒྱབ་ཕྱོགས་སུ་གོམ་པ་འཁྱོགས་པ། ཟས་མི་འཇུ་བ། ཟུག་ཆེ་བ། སྐྲ་མཚམས་སུ་རྔུལ་བ་སྟེ་དེ་དགུ་ཚང་ན་ནང་དུ་བརྟོལ་བར་ངེས་སོ། །ཤ་གཉན་དང་རུས་གཉན་བཅད་དམ་བརྡུངས་ནའང་ཟུག་གཟེར་བས་མ་བརྡོལ་ཀྱང་བརྡོལ་བར་གོལ་ས་ཡོད་པས་ཞིབ་ཏུ་བརྟག་གོ །བཞི་པ་ཁྲག་ངན་བབས་མ་བབས་ལ་བརྟག་པ་ནི། བཞི་པ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། ཁུག་མ་ལྷེན་ཏེ་མཆན་ཁུང་དང་འོག་སྟེ་བརླ་ཁུག་གཟེར་བའོ། །ཞེས་ཕྱག་དྲེག་མར་གསུངས། ཡང་ན་རྫོང་འཕྲོང་དུ། ཁྲག་བབ་ན་མཆིན་དྲི་ཁུག་པ་དང་ལྷེན་འོག་གཟེར་ཞེས་འབྱུང་ངོ༌། །ལྔ་པ་ནི། ལྔ་པ་ཞེས་རྐང་པ་དགུ་ཅུ་གོ་དྲུག་གིས་བསྟན་ཏེ། དོན་ཟིན་སྤྱི་རྟགས་ཀྱི་པང་འཚོས་ནི་བུ་ཆུང་ལྟར་པང་དུ་འཚོ་དགོས་པའོ། །སྙིང་ག་ལ་ཕོག་ན་མཚོན་བཏོན་དུས་འཆི་སྟེ་སྲོག་ཆེན་པོའི་རླུང་ཐོན་འགྲོ་བའོ། །སྙིང་ཚིལ་གྱི་ཁུས་བཏབ་པ་ནི་རྣ་བར་ཁ་གཏད་ཁུས་འདེབས་པའོ། །དེ་རྗེས་གྲུངས་པ་ནི་དབང་པོ་དྭངས་པའོ། །ལར་བཙན་བརྡུངས་ཞེས་པའི་བཙན་པ་ནི་བཅར་བའམ་བར་དུ་ཐེབས་ནས་བསྣད་པའོ། །བརྡུངས་པ་ནི་ཆད་ཕུག་མིན་ཡང་ཆམ་ཆོམ་དུ་གྱུར་པའོ། །གློ་རྩ་ཆོད་ན་ལུད་པ་བཙན་དམར་ལུ་བ་ནི། ལུད་པར་ཁྲག་འདྲེས་པའོ། །ཆར་བུ་ནི་ཕྱིར་རྒྱུག་གོ་ མཆིན་དྲི་ནག་པོ་བཙན་བརྡུངས་ཀྱི་ཞེ་ས་མཁས་པ་ནི་སྙན་མིང་ནས་འབོད་པའོ། མཆེར་བའི་ཆ་ག་ནི། མཐའི་མུའོ། །ཕོ་བ་ཕུག་ན་མི་སྦོ་ཞེས་པ་ཕོ་བ་ཕུག་ན་དབུགས་ཤོར་ནས་མི་སྦོ་ལ། བཙན་པ་དང་ཐེབས་ན་མེ་མཉམ་གྱི་ལས་ལོག་པས་སྦོས་པའོ། །གཞན་ཡང་ཞག་གྲངས་ཀྱི་ངེས་པ་ནི་རླུང་གིས་བྱེད་པ་ཡིན་ལ། རྟགས་རེ་ལ་རྒྱུ་མཚན་རེ་སྦྱར་འོས་ནའང་ཧ་ཅང་ཕྲ་བ་རྟོགས་པར་དཀའ་ཞིང་ཡི་གེས་ཀྱང་ངལ་ལོ། །དྲུག་པ་འཚོ་འཆིའི་ལ་ཤན་འབྱེད་པ་བཤད་པ་ལ་གཉིས། མདོར་རྒྱས་སོ།།

        དང་པོ་ནི་དྲུག་པ་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་འཚོ་བ་དང་འཆི་བའི་ཤན་འབྱེད་པའོ། །གཉིས་པ་རྒྱས་བཤད་ལའང་འཆི་བ་དང་འཚོ་བ་གཉིས་ལས། དང་པོ་ནི། རྒྱབ་པའི་ཞེས་རྐང་པ་བཅུ་གཉིས་ཀྱིས་བསྟན་ཏེ། འཆི་བའི་བྱ་གཏོང་གསུམ་ནི། བཤད་མ་ཐག་པའི་མདངས་ཉམས་ཤིང་འཛུམ་དཀའ་གྱེན་དུ་ལྡོག་པ་རྩའི་བྱ་གཏོང༌། ཁ་སྣའི་དབུགས་གྲངས་གདོང་ལ་རྡུལ་ཆགས་པ་རླུང་གི་བྱ་གཏོང༌། ལུས་ཀྱི་སྟོབས་ཤོར་གདན་ལ་འབྱར་བ་ཟུངས་ཀྱི་བྱ་གཏོང་གསུམ་དེ་གསུམ་ནི་ནད་པ་ཁྱོད་འཆིའོ་ཞེས་བྱ་གཏོང་བ་ཡིན་པས། དེ་གསུམ་དྲུང་དུ་བརྟོལ་བ་ནི་སླེབ་པའོ། །གཉིས་པ་འཚོ་རྟགས་ནི། རྩ་རྒྱུད་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རྩ་རྒྱུད་མ་སྟོངས་པ་ནི་རྩ་ཚང་བའོ། །བདུན་པ་ཁ་མར་གདགས་པ་ནི། བདུན་པ་ཞེས་རྐང་པ་བཅུ་དགུས་བསྟན་ཏེ། བྱ་གཏོང་ནི་གོང་བཤད་ལྟར་ཡིན་ལ། མཁས་པས་རྩལ་བཞི་སྤྲུག་པ་ནི། ཟས་སྤྱོད་སྨན་དཔྱད་བཞི་ཆེད་དུ་སྤྲུག་པའོ། །ཁ་དམར་ནི་ཁས་བླངས་པའམ་ཁས་འཆི་བའམ་དམ་བཅས་པའི་དོན་ནོ། །གསུམ་པ་གསོ་ཐབས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བཅོས་པའི་ཞེས་རྐང་པ་བཞིན་བསྟན་ཏེ། ཟུག་རྔུ་མཚོན་དང་སྦྱར་ཏེ་བཅོས་པ། ཕོག་ས་གནས་དང་སྦྱར་ནས་བཅོས་པ། སྟོད་སྨད་ཡུལ་དང་སྦྱར་ནས་བཅོས་པའོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཟུག་རྔུ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལ། རྨ་མེད་འགྲམ་པའི་རྟགས་བཅོས་གཞན་དུ་ཁ་འཕངས་པ། རྨ་ཅན་སྤྱིའི་བཅོས་ཐབས། ཁྱད་པར་མདའ་རྨ་བཅོས་པའོ། །དང་པོ་རྨ་མེད་འགྲམས་བཅོས་བཤད་པ་ནི། རྡོ་དབྱུག་ཅེས་རྐང་པ་བདུན་གྱིས་བསྟན་ཏེ། སྨུག་ཟིལ་འབྱུང་ཞེས་པ་ཁྲག་རླངས་ཀྱི་ཟིལ་པ་ཆགས་པ་སྟེ་འོག་ཏུ་ཁྲག་ཚད་རྒྱས་པ་གཏར་སྨན་གྱིས་མ་ཚེམས་པས་ཚ་བའི་རླངས་འཁྱིམས་ཁ་གཡམ་ཟིལ་པ་འདྲ་ཞེས་པ་ལྟར་རོ། །གཉིས་པ་རྨ་ཅན་གྱི་སྤྱི་བཅོས་བཤད་པ་ནི། གྲིའམ་ཞེས་རྐང་པ་བཞིས་བསྟན་ནོ། །གསུམ་པ་ཁྱད་པར་མདའ་རྨ་བཅོས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། མདའ་ཡིས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཟུག་རྔུ་སྟེ་མདེའུ་ལུས་པ་དང༌། མ་ལུས་པ་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས། ཟུག་རྔུ་མ་ལུས་པ་དང་ལུས་པ་གཉིས་ལས། དང་པོ་ནི། ཟུག་རྔུ་ཞེས་རྐང་པ་བཞིས་བསྟན་ཏེ། ཀྱི་རྨར་བཞག་པ་ནི། ཀྱི་རྨ་ལྟར་ཁ་ཡན་དུ་བཞག་པའོ། །གཉིས་པ་མདེའུ་མ་ལུས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཟུག་རྔུ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཟུག་རྔུ་དེ་ཉིད་གནོད་པ་མེད་པར་སྡོད་རྟགས་དང༌། གནོད་པ་ཅན་མི་སྡོད་པའི་རྟགས་ཀྱི་ལྟས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས།

        དང་པོ་ནི། སྡོད་རྟགས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། མལ་བཅའ་གོས་བསྐོན་ལ་གང་བདེ་བ་ལྟར་ཉལ་ཏེ་རྟོད་ལ་མནན་ཐབས་ནི་ཨ་རུ་རའི་ཐང་བཏང་འབྲུ་མར་དང་ཤ་མང་དུ་བསྟེར། གཞུག་ཏུ་མེ་རྩ་གདབ་བོ་ཞེས་ཕྱག་དྲེག་མར་བཤད། གཉིས་པ་མི་སྡོད་པའི་རྟགས་ཀྱི་ལྟས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྡོད་དུ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །སྟོར་བ་བཙལ་ཐབས་དང༌། དབྱུང་ཐབས་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་སྟོར་བ་བཙལ་བ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྟོར་བའི་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་ཕྱི་དང་ནང་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ནི་ཕྱི་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནང་སྟོར་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ནང་དུ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཕྱི་ནང་གསང་རྟགས་སོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་ཕྱི་ནི། ཕྱི་རྟགས་ཞེས་རྐང་པ་ཉེར་བརྒྱད་ཀྱིས་བསྟན་ཏེ། གློ་བའི་སུལ་ན་མདེལ་ཡོད་ཀྱི་ཆག་འདོད་པ་ནི། ཕར་ཅམ་ཚུར་ཅམ་བྱེད་འདོད་པའོ། །སྐེ་རྩ་འགྲེང་བ་ནི་སོ་རྩ་གཉིས་ཤིང་ལྟར་ཤེད་ཆེ་བའོ། མཆིན་དྲིར་ཏེ་དཀར་ནག་མཚམས་སོ། །མཆིན་དྲིས་ཀྱི་དཔྱང་ལ་བཏང་སྙམ་བྱེད་པ་ནི། ལང་ར་མཆིན་པ་དཔྱང་ཐག་ལ་བཏགས་ནས་མར་བཏང་སྙམ་བྱེད་པའོ། །མཆིན་སྟེང་དུ་མདེལ་ཡོད་རྟགས་ཀྱིས་པུས་བྲང་བཅའ་དང་གཅུ་མི་ཤེས་པ་ནི། པུས་མོ་དང་བྲང་གཉིས་རེག་པར་བཅའ་བ་དང༌། ལུས་བཟའ་གཅུ་མི་ཤེས་པའོ། །གཉིས་པ་ནང་རྟགས་ནི། ནང་རྟགས་ཞེས་རྐང་པ་ལྔས་བསྟན་ཏེ། བྱ་མོ་ནག་མོའི་སྒོ་ང་དང༌། ཁྲག་ཀྱང་བྱ་གག་ནག་མོའི་ཁྲག་གོ སྨྱུག་མ་འཚུབ་སོགས་ནི། དེ་དག་བྱུགས་ནས་རིང་ཞིག་བཞག་པས་སྨྱུག་མ་ཡིན་ན་གར་ཡོད་ཀྱི་བ་སྤུ་འཚུབ་མདེའུ་ལ་སྤུ་ཉལ། རྭ་ཤིང་ལ་བ་སྤུ་རྣམས་གྱེན་དུ་འགྲེང་ཡོང་བ་ཡིན་ནོ། །མཐེབ་སྙིང་ནི་མཐེ་བོང་གི་ནེའུ་ལེའོ། །གསུམ་པ་གསང་རྟགས་ནི། གསང་རྟགས་ཞེས་རྐང་པ་བཅུ་བཞིས་བསྟན་ཏེ། སྲིན་བྱ་ནི་འུག་ཆུང་ངོ༌། །སྦྱར་ཚད་ནི་ཕྱག་དྲེག་མར། ཁྱི་དཀར་སོགས་ཤ་བཞི་པོ་ཆ་མཉམ་བྱེད་པར་བཤད། དོགས་པར་ལྕགས་གཡའ་ནི་འདི་ན་ཡོད་དམ་སྙམ་པར་དར་དཀར་ཤོག་བུས་བཀབ་པས། ལྕགས་གཡའ་བྱུང་བ་ནི་སྨན་རྣམས་ཐོ་རངས་ཁྱོར་རེ་ལན་ལྔ་བཏང༌། ཞག་བཞི་སོང་དུས་ཁབ་ལེན་ར་ཐུག་ཆུ་སྦྱར་བྱུགས། དེ་སྟེང་དར་དཀར་དྲི་མེད་དང་ཤོག་བུ་བཀབ། ནང་པར་བལྟས་པས་དར་དང་ཤོག་བུ་ལ་ལྕགས་གཡའ་འབྱུང་བ་དེའི་འོག་ཏུ་ཡོད། གཉིས་པ་དབྱུང་ཐབས་བཤད་པ་ལ་གཉིས། མདོར་རྒྱས་སོ། དང་པོ་ནི་འདོན་པའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྨན་གྱི་སྒོ་ནས་འདོན་ཐབས་དང༌། དཔྱད་ཀྱི་སྒོ་ནས་འདོན་ཐབས་སོ། །གཉིས་པ་རྒྱས་བཤད་ལའང་དཔྱད་ཀྱིས་དབྱུང་ཐབས་དང་སྨན་གྱིས་དབྱུང་ཐབས་གཉིས་ལས། དང་པོ་དཔྱད་ཀྱི་དབྱུང་ཐབས་ནི། གནད་མེད་ཅེས་རྐང་པ་གཉིས་ཀྱིས་བསྟན་ནོ།།

        གཉིས་པ་སྨན་གྱི་དབྱུང་ཐབས་ནི། ལམ་གཉེར་ཞེས་རྐང་པ་བཅུ་དགུས་བསྟན་ཏེ། ཁབ་ལེན་ཞེས་པ་ལ་འགུགས་བྱེད། གཅོད་བྱེད། འབིགས་བྱེད། སྐོར་བྱེད་དང་བཞི་བཤད་པ་ལས། འདིར་ཁབ་ལེན་མདོག་སྨུག་པོ་འགུགས་བྱེད་ཅེས་ལྕགས་འགུགས་ནུས་པ་དེའོ། །ཁྱིམ་བྱ་ནག་པོའི་ཤ་གསར་ལེབ་མོར་དྲས་པའི་ནང་དུ་ཏིལ་གྱི་ལྟོ་བའི་སྙིང་པོ་བྱུང་བའི་ནང་དང༌། སོ་བ་སོགས་བླུག་ལ་བཙེམ་བཅོས་སྐམས་པ་སྦུགས་བསྲེགས་བྱས་པའི་ཐལ་བའོ། །ད་བྱིད་ཤ་ནི་གངས་སྦལ་གྱི་ཤའོ། །རྨོན་ལྕགས་ནི་ཞིང་རྨོ་བའི་ཐོང་ལྕགས་སོ། །དེའི་རྩེ་སེག་བརྡར་གྱིས་བརྡར་བའི་ལྕགས་ཕྱེ་བྱེའུའི་སྒོ་ང་གང་ལྕགས་དང་བཙའ་འབྱེད་པ་ལ་བརླན་གྱིས་སྦྲུས་ལ་བཞག་པས་བཙའ་རུ་སོང་བ་དེ་ཆང་ལ་བསྡུའོ། །ཤ་ལྷུ་ནི་གཟུགས་ཀྱི་བར་ལྷུའོ། །གཉིས་པ་ཕོག་ས་གནས་དང་སྦྱར་ནས་བཅོས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཕོག་ས་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལ་གསུམ་ཤ་རུས་རྩ་གསུམ་གྱི་བཅོས་སོ། །དང་པོ་ནི། ཤ་གནད་ཅེས་རྐང་པ་བཅུ་བདུན་གྱིས་བསྟན་ཏེ། འཇིབས་ལུམས་སོགས་ཀྱི་ངེས་ཚིག་ནི་རྨ་སྤྱི་གསོ་བར་བཤད་ཡོད་ལ། ལག་ལེན་དངོས་ནི་རིམ་པས་བསྟན་ཏོ། །བསིལ་ལུམས་ནི་བསིལ་བའི་སྔོ་དང་ཞོ་བཙག་སྦྱར་བའོ། །དྲོད་ལུམས་ནི་མཁན་སྦང་ཚ་ཕབས་སོ། །ཞུན་གྱི་ཀླད་པ་ཉེའུ་ནི། ལུག་གི་ཀླད་པ་དང་ཆང་གླུམ་མ་མ་སྦང་གླུམ་མོ། །ཚིག་མ་ནི་ཡོས་ཚིག་གོ།  །བསེ་ཁྲབ་འཆིངས་ནི་འོག་ཏུ་སྟོན་ནོ།།

        གཉིས་པ་རུས་ནི། རུས་གནད་ཅེས་རྐང་པ་ཉེར་ལྔས་བསྟན་ཏེ། འཇིབས་ཀྱི་ཨ་བྱག་ནི་འདིར་ཚེར་སྔོན་ནོ། །གཞུག་རུས་ཀྱི་སྤའུ་ནི་ཕ་གུའམ་སོ་ཕག་གོ ཞེས་བླ་རྟའི་འགྲེལ་པར་གསུངས་ཀྱང༌། ཕྱག་དྲེག་མར་སྤའུ་རས་པ་ཞེས་གསུངས་འདུག སྐེ་ཆག་གི་ཨ་ཝ་ཨ་བྱག་ནི་ཚེར་སྔོན་དེ་གཉིས་གང་རུང་གཅིག་ལ་སྲང་གཉིས་ནི་གསེར་ཞོ་བརྒྱད་ལ་སྲང་རེ་བྱས་པའི་ཞོ་བཅུ་དྲུག་གོ་ བུ་རམ་དཀར་པོ་ནི་བུ་རམ་ལ་དཀར་ནག་གཉིས་ཡོད་པི་འདུར་པོ་ལ་ནག་པོ་དང༌། བུར་སག་ལ་དཀར་པོ་ཞེས་བྱའོ། ཀུན་ལ་ནང་མ་གསུམ་གསུམ་སྤེལ་ལ་བཏང་བ་ནི། ནང་མ་གཅིག་སྦྲང་སྦྱར། དེའི་དགོངས་མི་མར་སྦྱར། ནང་ཞོགས་འོ་མ་སྦྱར། དགོང་མོ་བུ་རམ་དང་སྦྱར་བ་རིམ་པས་བཏང་བར་བྱའོ། །གསུམ་པ་རྩ་བཅོས་ལ་གསུམ། སྤྱིར་བཅོས་མདོར་བསྟན་པ། སྒོས་བཅོས་སོ་སོར་བསྟན་པ། ཁྱད་པར་སྲོག་རྩ་བཅོས་པའོ། །དང་པོ་སྤྱི་བཅོས་མདོར་བསྟན་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི་རྩ་གནད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། རྩ་གནད་ལ་མེ་བཙའ་གཏར་ག་སྨན་གྱིས་བཅོས་པའོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་མེ་བཙས་བཅོས་པ་ལ་གཉིས། དངོས་དང༌། མགྱོགས་མེས་བཅོས་པའོ། །དང་པོ་ནི། དང་པོ་ཞེས་རྐང་པ་བདུན་གྱིས་བསྟན་ནོ། །གཉིས་པ་ནི། མཁྲིས་སྣ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། མཚེ་ཐལ་ནི་རྩ་མཚེའི་ཐལ་བའོ། །སྒྲོ་གཞོབ་ནི་རྨ་བྱ་སྦ་བ་ཟེར་གྱི་སྒྲོ་གཞོབ་བོ། །ཕྱག་དྲེག་མ་དང་བླ་རྟའི་འགྲེལ་པ་མཐུན་པར་འདི་བཞིན་འདུག་ཅིང༌། ལ་ལར་རྨ་བྱ་དང་ཟེར་མོའི་སྒྲོ་གཞོབ་ཟེར་བའང་སྣང༌། སྨྱུག་མའི་རྩི་ནི། ཕྱིའི་རྩི་མེ་ལ་བསྲོས་ནས་ཚི་ཡོད་པ་དེའོ། །ཁང་བུ་ནི་རྩ་ནང་དང་རྩ་སྣེའི་ཁྲག་ཐམས་ཅད་གར་པོར་བྱེད་པའོ། །གཉིས་པ་གཏར་བཅོས་ནི། གང་ཆད་ཅེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་སྨན་བཅོས་ནི། རྩ་ཆད་ཅེས་རྐང་པ་བཞིས་བསྟན་ཏེ། མེ་ཏོག་རྩི་ནི། མེ་ཏོག་དམར་པོ་ཞིག་རྒྱ་གར་ན་ཡོད་པ་བོད་དུ་མི་འདུག་ཀྱང་ལ་ལས་སྔོ་རྒྱབ་དམར་སོགས་ལ་བྱེད་པ་ནི་རྣམ་པར་འཁྱམས་སོ། །འོན་ཀྱང་བལ་པོ་གུར་གུམ་གྱིས་ཚབ་རུང་བ་གཞུང་རྣམ་དག་མང་པོ་ནས་བཤད། དར་ཡ་ཀན་ཞེས་པ་ནི་བྱང་ཁོག་གི་སྐབས་འདིར་ཚེར་སྔོན་ལ་བྱའོ།།

        གཉིས་པ་སྒོས་བཅོས་སོ་སོར་བསྟན་པ་ནི། གློ་རྩ་ཞེས་རྐང་པ་དྲུག་གིས་བསྟན་ཏེ། གློ་རྩལ་ཨ་བྱག་ནི་ཨ་བྱག་གཟེར་འཇོམས་སོ། །ཤེལ་ཏ་ནི་མདུང་ཤིང་ནགས་མའི་ཐང་ཆུའོ། །མཆིན་རྩའི་མཁྲིས་ཆེན་ནི་མི་མཁྲིས་སོ། །གསུམ་པ་ཁྱད་པར་སྲོག་རྩ་བཅོས་པ་ནི། རྩ་ཡིས་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། ལྟེ་འོག་སོར་བཞི་ནི་སྲོག་རྩའི་མར་སྣ། མིག་དམར་ནི་སྣེ་ཁུད་ཀྱི་མིག་དམར། ཨ་སོ་ནི་ལག་པའི་སྣོད་ཀའི་འཕར་རྩ། སྒྲོག་རུས་གཤོངས་ནི་སྲོག་རྩའི་ཡལ་ག་སྟེ་རླུང་རྩའི་ཆ་ཤས་རྣམས་བསྲེག་གོ རྩ་ཆེན་བརླ་ནང་གི་རྩ་བོ་ཆེ་སྟེ་ཁྲག་རྩ་འདི་རྣམས་ནི་སྲོག་རྩ་ནག་པོའི་ཡན་ལག་སྟེ་དེ་རྣམས་གཏར་རོ། །རྒྱལ་བློན་གསུམ་པ་ནི་ག་བུར་རྒྱལ་བློན་གསུམ་པའོ། །གསུམ་པ་སྟོད་སྨད་ཡུལ་དང་སྦྱར་ནས་བཅོས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྟོད་སྨད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། བྱང་ཁོག་སྟོད་དང་སྨད་གཉིས་ཡུལ་ནས་སྦྱར་ནས་བཅོས་པའོ། །གཉིས་པ་རྒྱས་བཤད་ལ་གཉིས་ལས། དང་པོ་བྱང་ཁོག་སྟོད་བཅོས་པ་ལ་གཉིས། མདོར་རྒྱས་སོ། དང་པོ་ནི། བྱང་ཁོག་ཅེས་རྐང་པ་གསུམ་གྱིས་བསྟན་ཏེ། བྱང་ཁོག་སྟོད་ལ་བཅོས་ཚུལ་རྣམ་པ་གཉིས་ཡོད་དེ། དེ་ཡང་བགྲོད་པ་ལམ་དང་སྦྱར་ཏེ་བཅོས་པ་དང༌། ཉེས་པ་དུས་དང་སྦྱར་ལ་བཅོས་པའོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་བགྲོད་པ་ལམ་དང་སྦྱར་ནས་བཅོས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བགྲོད་ས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། བགྲོད་པ་ལམ་དང་སྦྱར་ནས་བཅོས་པ་དེ་ལའང་ནད་དུ་བརྡོལ་བ་དང༌། ཁྲག་བབས་དང༌། དོན་ལ་ཟིན་པའི་བཅོས་ཐབས་སོ། །གཉིས་པ་རྒྱས་བཤད་ལ་གསུམ་ལས། དང་པོ་ནི། ནང་དུ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། ནང་དུ་རྡོལ་ན་རྩ་ཁྲག་མ་ཤོར་ཀྱང་མཚོན་གྱི་ཕྱིར་ཁྲག་བབས་པའི་ཞགས་མ་ཞད་གཅིག་འབྱུང་བའི་ཕྱིར། དང་པོ་ཕོག་མ་ཐག་ནས་མགྱོགས་མེའི་སྦྱོར་བས་ཁྲག་ཐིག་སྐམ་དགོས་པས་དེའི་སྨན་གུར་གུམ་རྒྱ་སྐྱེགས་མཁྲིས་སྣ་ཚོགས་ཚད་ཆུ་གྲང་ལ་སྦངས་ནས་སྐབས་སྐབས་སུ་གཏོང་བ་ལ་མགྱོགས་མེ་ཞེས་བྱ་སྟེ་ཤིན་ཏུ་མགྱོགས་པའི་མེས་ཁྲག་ཐིག་སྐམ་ནུས་པའོ། །རྨ་ཁ་མི་སྐམ་ཆས་ཞེས་པ་སྔོའམ་སྦང་རོ་སྲབ་མོའོ། །གཉིས་པ་ཁྲག་བབས་བཅོས་པ་ལ་བཞི། ཁད་བུ་གཞུག་པ་དང༌། ཟུག་གཟེར་བཅག་པ། ཁྲག་བཤལ་བཤད་པ། ཁྲག་ཚད་བསད་པའོ།།

        དང་པོ་ནི། ནང་བརྡོལ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ཕུར་ཐལ་ནི་ཕུར་མོ་དཀར་པོའི་ཐལ་བའོ། །གཉིས་པ་ཟུག་གཟེར་བཅག་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཁྲག་འཁྱགས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དུགས་དང༌། ཐང་དང༌། ཁུགས་ཀྱི་བཅག་པའོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་དུགས་ནི། སྦང་གར་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། རྟ་སྦངས་སེར་ག་མ་ནི། རྟའི་དབྱར་གྱི་སྦང་ཆར་ཉིས་ཁྱེར་བ་ཡིན་ཞེས་བླ་རྟས་གསུང༌། ལག་ལེན་ནི། ཕྱག་དྲེག་མར་རྟ་སྦངས་སེར་ག་མ་ལ་ཆང་གིས་ཁ་ཕྲུ་གདབ། སླ་ངར་བསྲོ། ཧེལ་ཀེས་དྲིལ་ཤ་ལ་རེ་བལ་གྱིས་གླན་ནོ་གསུང༌། གཉིས་པ་ཐང་ནི། གླ་ཤིང་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། གླ་ཤིང་སྙིང་པོ་ནི་གླ་བ་ཤིང་ཡིན་ཏེ། སྨན་མིང་རྒྱ་མཚོར། གླ་ཚེར་མ་ཡང་བསིལ་བར་གཏོགས། །ཞེས་སོ། །འདི་ལ་ཕོ་རིགས་དང་མོ་རིགས་གཉིས་ཡོད་པའི་མོ་རིགས་འབྲས་བུ་ཡོད་པ་ལ་སྟར་བུ་ཟེར། ཕོ་རིགས་འབྲས་བུ་མེད་པ་ལ་གླ་བ་ཤིང་ཟེར་དེ་གཉིས་གང་རུང་གི་སྙིང་པོ་སྟེ་རྐང་དམར་ཆ་གཅིག །བསེ་རུ་ཆ་གཅིག འོ་མ་ཕུལ་ཕྱེད། ཆུ་ཕུལ་ཕྱེད་ལ་བསྡུའོ་ཞེས་ཕྱག་དྲེག་མར་བཤད། བླ་རྟའི་འགྲེལ་པར་ཤིང་ར་གཉིས་པོ་ཆ་གཉིས་རེ་ཟེར་བའང་སྣང༌། སྒེ་གཤེར་ནི། སྒ་ལ་སྒ་རྒོད་དང་སྒ་གཡུང་གཉིས་ལས། སྒ་རྒོད་ལ་ཡང་དཀར་དམར་གཉིས། དམར་པོ་ལ་སྒེ་གཤེར་ཞེས་པ་དེའོ། །གསུམ་པ་ཁུགས་ལ་གསུམ། རུང་ཡུལ་དང༌། བྱ་ཐབས་དང༌། ཕན་ཡོན་ནོ། །དང་པོ་རུང་ཡུལ་ནི། འཚབས་མེད་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དོན་སྣོད་གཉན་སར་འཚབས་པ་མེད་པ་དང༌། རྨ་ཁ་ཆེ་བ་དང༌། ནང་རྩ་ཆོད་པ་དང༌། གསང་དུ་ཕོག་པ་རྣམས་ལ་ཁྲག་ཁུག་མར་རམ་རྨ་རུ་འདྲེན་པ་ཤིས་སོ།།

        གཉིས་པ་བྱ་ཐབས་ནི། དཀུ་སྟོང་ཞེས་རྐང་པ་ལྔས་བསྟན་ཏེ། དཀུ་ཞེས་པ་མཁལ་མའི་བརྡ་ཆད་ཡིན་ལ། བུད་མེད་ཀྱི་མངལ་དང་ཡང་དོན་གཅིག་ཅིང༌། སྐྱེས་པའི་རླིག་པ་ལ་ཡང་འཇུག་པས་ན་འདིར་དཔྱིའི་ཁ་ཟུར་དང་ལྟེ་ཟུར་འོག་ཙམ་གྱི་བར་སྟོང་གཡས་གཡོན་གཉིས་ལ་ངོས་འཛིན་དགོས་ཏེ། རྡོར་སེམས་ཀྱི་མངོན་རྟོགས་སུ་དྲིལ་བུ་དཀར་བརྟེན་པ་ཟེར་བ་ཡང་ཐད་དེར་བཞག་དགོས་པས་དེ་གཉིས་དང༌། ལྷེན་འོག་ལྟེ་ལྷེན་སྣེའི་འོག་གསུམ་དུ་གྲུ་གུ་ནད་པ་རང་གི་སྙིམ་པ་ཁ་སྦྱར་ཙམ་རེ་བཅུག་བྲང་དང་པུས་མོ་སྦྱར་ལག་པ་དང་ལག་ཡུས་གྲུ་གུ་བརྟེན་ལུས་ཀྱི་བཅའ་གཞི་བཅས་བྱས་ལ་གྲུ་གུ་དང་ལུས་ཀྱི་ཡན་ལག་ལྷག་པའི་མཐའ་ལམ་ཤམ་བུ་རྣམས་སུ་གོས་ཀྱིས་དམ་དུ་བཅིངས། ཁུག་ཤིང་རིང་ཐུང་ལུས་ཤོང་ཙམ་སྦོམ་ཕྲ་ལག་ངར་ཙམ་བཞི་རེ་མིག་ལྟར་བསྣོལ་བའི་སྟེང་དུ་རྨ་ཁར་མིག་ནང་དུ་ཐུར་དུ་བསྟན་རྨ་ཁ་ཆུང་ནས་ཁྲག་མ་ཐོན་ན་ཐུར་མས་གསེང༌། དབུགས་བསྡམས་ནས་འཆིར་བའམ་ནང་ནས་ཕྱིར་འཕུལ་བ་ལྟར་བྱས་ནས་རྨ་ཁ་ནས་ཁྲག་ཅི་འཐོན་བྱ། ཁྲག་ལ་ལྦུ་བ་བྱུང་ན་ཁྲག་ཟད་རླུང་དུས་སླེབས་པ་ཡིན་པས་ཁུགས་འཕྲོ་བཅད་དོ། །གསུམ་པ་ཕན་ཡོན་ནི། ཡོན་ཏན་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་ཁྲག་བཤལ་ནི། རྨ་ཁར་ཞེས་རྐང་པ་ལྔས་བསྟན་ཏེ། ཁྲོན་བུ་ནི་སྤང་གི་ལ་ཕུག་ཅེས་པ་ངོ་བོ་ཐར་ཆུང་བའོ། །བཞི་པ་ཁྲག་ཚད་བསད་པ་ལ་བཞི། སྨན་དཔྱད་སྤྱོད་ལམ་ཟས་སོ། །དང་པོ་སྨན་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཁྲག་ཚད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། ཐང་དང་ཕྱེ་མའོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ནི། ཐང་སྦྱོར་ཞེས་རྐང་པ་དགུས་བསྟན་ནོ། །གཉིས་པ་ནི་ཕྱེ་མ་ཞེས་རྐང་པ་གཅིག་གིས་བསྟན་ཏེ་རྒྱས་པར་འོག་ཏུ་སྟོན་ནོ། །གཉིས་པ་དཔྱད་ནི། ཁྲག་མཚོ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཁྲག་མཚོ་ལྟར་འཁྱིལ་བ་རྩའི་ཡུར་བ་ནས་གཏར་གྱིས་དྲངས་སོ། །གསུམ་པ་ནི་སྤྱོད་ལམ་ཞེས་འབྲུ་བཞིས་བསྟན་ནོ། །བཞི་པ་ནི་ཁ་ཟས་ཞེས་འབྲུ་ལྔས་བསྟན་ནོ། །གསུམ་པ་ནང་བརྡོལ་བཤད་པ་ནི། ནང་བརྡོལ་ཞེས་རྐང་པ་སུམ་ཅུས་བསྟན་ཏེ། མགྱོགས་མེའི་ལི་ཁྲི་ནི། བརྡ་སྤྲོད་དྲུག་པར། ལི་ཁྲི་སིནྡྷུ་ར་གཉིས་གཅིག ཅེས་གསུངས་པས་དོན་གཅིག་ལ། སིནྡྷུ་རྒྱ་མཚོ་རཱ་ག་ཆགས་པའམ་ཁྲག་ལ་འཇུག་པ་དེ་གཉིས་ཀྱི་སྒྲ་བསྡུས་པས་རྒྱ་མཚོའི་ཁྲག་ཏུ་བསྒྱུར་བས་ས་སྨནགྱི་སྡེར་བཤད། འདིར་རབ་རྩ་རི་ཕག་མོ་རང་བྱུང་དང་དམན་པ་ཆུ་དྲེག་དམར་པོ་ཡིན། ཚོན་བྱེད་པའི་ལི་ཁྲི་བལ་པོ་སོགས་སུ་ཞ་ཉེ་ལ་བཟོས་པ་ཡིན་པས་མི་བཏང་ངོ༌། །དར་ཡ་ཀན་ནི་རྨའི་སྐབས་འདིར་ཨ་བྱག་གོ གསེར་ཐིག་ནི་བྲེ་གུ་གསེར་ཐིག་གོ །གཉིས་པ་ཉེས་པ་དུས་དང་སྦྱར་ནས་བཅོས་པ་ལ་གཉིས། བཅོས་ཚུལ་མདོར་བསྟན་པ་དང༌། བཅོས་ཐབས་རྒྱས་པར་བཤད་པའོ།།

        དང་པོ་བཅོས་ཚུལ་མདོར་བསྟན་པ་ལ་གཉིས། མདོར་རྒྱས་སོ། དང་པོ་ནི། ཉེས་བྱེད་ཅེས་རྐང་པ་བདུན་གྱིས་བསྟན་ཏེ། ཉེས་བྱེད་དུས་ཀྱི་སྒོ་ནས་བཅོས་པ་དེ་ལའང་དང་པོའི་ཞག་བདུན་ཞུགས་པ་ཁྲག་གིས་དུས་སུ་བྲམ་ཟེ་ལྟ་བུར་གཙང་སྒྲའི་སྒོ་ནས་བཅོས་པ་དང༌། བར་དུ་ཞག་བདུན་ནད་རྒྱས་པ་ཆུ་སེར་གྱི་དུས་སུ་དགེ་སློང་ལྟ་བུར་སྤྱོད་ལམ་ཞིབ་མོའི་སྒོ་ནས་བཅོས་པ་དང༌། ཐ་མའི་ཞག་བདུན་ནང་སྨིན་པ་རྣག་གི་དུས་སུ་རྒྱལ་པོ་ལྟ་བུར་ཟས་ཀྱི་སྒོ་ནས་བཅོས་པའོ། །གཉིས་པ་རྒྱས་བཤད་ལའང་ཁྲག་དུས་ཆུ་སེར་གྱི་དུས་རྣག་དུས་དང་གསུམ་ལས། དང་པོ་ཁྲག་གི་དུས་བྲམ་ཟེ་ལྟར་བཅོས་པ་ལའང་གསུམ། མདོར་རྒྱས་མཇུག་གོ དང་པོ་ནི། དང་པོ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ཟུག་གཟེར་བཅག་པ་དང༌། རྩ་ཁ་བསྡམ་པ་དང༌། རོལ་དུ་བསད་པ་དང༌། ཉེས་བྱེད་རྩར་དྲངས་པ། ཆུའི་ཕྱི་ཚད་བཅག་པའོ། །གཉིས་པ་རྒྱས་བཤད་ལའང་ལྔ་ལས། དང་པོ་གཟེར་བ་བཅག་པ་ནི། དང་པོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཁྲག་གཟེར་དུགས་ཀྱིས་བཅག་པ། རྩ་གཟེར་མེ་བཙས་བཅག་པ། དོན་གཟེར་གཏར་གྱིས་བཅག་པའོ། །གཉིས་པ་ནི། རྩ་ཁ་ཞེས་རྐང་བརྒྱད་ཀྱིས་བསྟན་ཏེ། ཕུར་ཞེས་པ་ནི། སྨན་དེ་རྣམས་དར་ཁུག་ཏུ་གཏུམ་པའོ། །གསུམ་པ་ཁྲག་ཚད་རོལ་དུ་བསོད་པའི་རྟགས་བཅོས་ནི། ནང་རྡོལ་ཞེས་རྐང་པ་ཉེར་བརྒྱད་ཀྱིས་བསྟན་ཏེ། ཟབ་ཐལ་ནི་གོས་ཆེན་ཚོས་སྣ་འཛོམས་པ་རྒྱབ་ལྷུག་ཐགས་ཡོད་པ་ཟ་འོག་གམ་ཟབ་ཆེན་ཟེར་བ་དེའོ། །བཞི་ཡར་དྲུག་ཡར་ནི་ཞག་རེ་ཞོགས་དགོང་གཉིས་གུང་གཉིས་བཏང་བ་ལ་བཞི་ཡར། སྔ་དྲོ་གུང་ཕྱི་དྲོ་སྲོད་གུང་ཐོ་རངས་སུ་གཏོང་བ་དྲུག་ཡར་རོ། །ག་བུར་དགུ་སྦྱོར་གྱི་སྟོང་རྣག་ཅེས་པ། འགའ་ཞིག་ཏང་ཀུན་ལ་འདོད་ན་ཡང༌། འདིར་ནི་ལྕ་དཀར་གྱི་རིགས་ཟག་ཅེས་པ་ལ་སྟོང་རྣག་ཚོད་མ་ཟེར་བ་དེའོ། །ཞེས་བླ་རྟ་གསུངས་ཀྱང༌། ནུས་པའི་དབང་དུ་བྱས་ན་གཡའ་ལ་སྐྱེ་བ་དེ་ཡིན་ནམ་སྙམ། བསེ་རུ་བརྒྱད་པའི་གྲྭ་དོར་ནི་ཤ་བའི་ཁོང་རྭའོ། །སྲོད་ཁྱེས་ནི་སྲོད་དུས་ཁྱེས་སུས་བཏང་བའོ། །བཞི་པ་ཉེས་བྱེད་རྩར་དྲངས་པ་ནི། ཉེས་བྱེད་ཅེས་རྐང་པ་བཅུ་བདུན་གྱིས་བསྟན་ཏེ། སྟག་གདོང་ས་གཏོར་འདྲ་ཞེས་པ་ནི་སྟག་དང་ཐུག་ན་མྱུར་དུ་མཚོན་གྱིས་ལས་མི་གཏོང་བར་ས་གཏོར་ཞིང་འགྲོག་འགུག་བྱས་ན་སྟག་གིས་རང་འཇོམས་པ་དང་འདྲ་བར་ཁྲག་འཕྲལ་མ་ཁ་དྲངས་པར་སྨིན་ཅིང་བསྡད་ན་སྲོག་འཇོམས་པའོ། །མདའ་ཟད་དགྲ་བྱུང་ཞེས་པ་ནི། གཏར་ཁྲག་ཆུ་རུ་བྱུང་ན་གཏར་ཚོད་བཟུང་དགོས་ཏེ། ཚོད་མ་ཟིན་པར་བུངས་ཆེར་གཏར་ན་རྣག་གི་དུས་སུ་ཟུངས་ཟད་ནས་བཅོས་མི་གཏུབ་པ་སྟེ། མདའ་ཟད་ནས་དགྲ་བྱུང་བ་དང་འདྲ་སྟེ་བྱ་རྒྱུ་ཟད་ཉེན་ཆེ་བའོ། །ལྔ་པ་ཆུའི་ཕྱི་ཚད་བཅག་པ་ནི། ཕྱི་ཡི་ཞེས་རྐང་པ་བཞིས་བསྟན་ནོ། །གསུམ་པ་མཇུག་བསྡུ་ནི། དེ་ལྟར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནད་རྒྱས་ཆུ་སེར་གྱི་དུས་སུ་དགེ་སློང་ལྟ་བུའི་སྤྱོད་ལམ་གྱིས་བཅོས་པ་ལ་གཉིས། དུས་ངོས་བཟུང་བ་དང༌། བཅོས་སོ། །དང་པོ་ནི། དེ་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་བཅོས་ལ་གཉིས། མདོར་རྒྱས་སོ། དང་པོ་ནི། དེ་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། བར་དུ་རྒྱས་པ་ཆུ་སེར་གྱི་དུས་དེ་ལའང་རྒྱུ་དང་རིགས་དང་རྟགས་དང་སྐམ་ཐབས་སོ། །གཉིས་པ་རྒྱས་བཤད་ལའང་བཞི་ལས། དང་པོ་རྒྱུ་ལའང་མདོར་རྒྱས་སོ།།

        དང་པོ་ནི། དེ་རྒྱུ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཆུ་སེར་དེའི་རྒྱུ་ལའང་བྱ་ཆད་དང་བྱ་ཤོར་དང་ཐིགས་སྡོད་དང་སྨུག་ཟིལ་རྣམས་སོ། །གཉིས་པ་རྒྱས་བཤད་ལའང་བཞི་ལས། དང་པོ་བྱ་ཆད་ནི། བྱ་ཆད་ཅེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། བྱ་ཤོར་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། འདི་གཉིས་བྱ་གཏོང་ལ་དཔེ་བཞག་སྟེ་སྔ་མ་ནི་བྱ་མ་བྱུང་བས་སྐྱོན་བྱས་པ་ལྟ་བུ། ཕྱི་མ་ནི་བཅོས་ཀྱི་སྔོན་ལ་བྱ་ཤོར་བ་ལྟ་བུའོ། །གསུམ་པ་ཐིགས་སྡོད་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཐིགས་སྡོད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། རྩ་ཐིགས་དང་དོན་ཐིགས་དང་བདེ་ཐིགས་བཤད་པའོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་རྩ་ཐིགས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ནང་རྩའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྩ་ཕྲན་ཆོད་ནས་སོག་སྦུབས་ནས་ཆུ་འཛག་པ་ལྟ་བུ་དང༌། རྩ་ཆེན་བསྣད་ནས་ཤུགས་ཀྱི་ངུ་བ་ལྟ་བུའོ། །གཉིས་པ་ལ་གཉིས་ལས། དང་པོ་ནི། རྩ་བྲན་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། རྩ་ཆེན་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་དོན་ཐིགས་ནི། དོན་རྨ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ནི། མདེའུ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཞི་པ་སྨུག་ཟིལ་བཤད་པ་ནི། ཁྲག་ཚད་ཅེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་རིགས་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དེས་བསྐྱེད་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཆུ་སེར་ཚ་བབས། གྲང་བབས་དང༌། ཁྲག་བབས་དང༌། ཆུ་སེར་རྐྱང་པ་བར་བཅོས་ཐབས་སོ། །གཉིས་པ་རྒྱས་བཤད་ལའང་བཞི་ལས། དང་པོ་ཆུ་སེར་ཚ་བབས་ནི། ཚ་བབས་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། བྱ་འབྲུམ་ནི་བྱ་སྤུ་བཏོགས་པའི་ཤུལ་འདྲ་བའམ་ཡུངས་ཀར་གཏོར་བ་ལྟ་བུའི་འབྲུམ་ཕྲན་འོང་བའོ། །གསང་སྒོར་དབྱུང་བ་ནི་གསང་དབྱེ་དགོས་པའོ། །གཉིས་པ་ནི། གྲང་བབས་ཞེས་རྐང་པ་དགུས་བསྟན་ཏེ། ཚབས་ཆུང་དུས་ཀྱང་ཁྲག་དང་བཅས། ཞེས་པ་ནི། ཚབས་ཆུང་ལ་ཁྲག་དུས་ཆུ་སེར་རྣག་དུས་དང་གསུམ་རང་རང་གི་སྐབས་ལྟར་བཅོས་སོ། །གསུམ་པ་ནི།  ཁྲག་གི་ཞེས་རྐང་པ་དྲུག་གིས་བསྟན་ཏེ། ཕྱིང་དྲིལ་ནི། དཔེར་ན། ཕྱིང་བ་བཅགས་པའི་ཚེ་ཐམས་ཅད་ལྷན་དུ་དྲིལ་ནས་བཅགས་པ་ལྟར་འདིར་ཡང་ཆུ་སེར་དང་ཁྲག་ལྷན་དུ་བཅོས་པའོ། །བཞི་པ་ཆུ་སེར་རྐྱང་པར་བཅོས་པ་ལ་གསུམ། མདོར་རྒྱས་འཕྲོད་རྟགས་སོ། །དང་པོ་ནི། ཆུ་སེར་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཆུ་སེར་སྐེམ་པའི་ཐབས་དེ་ལའང༌། ཐོག་མར་ཟས་དེ་ནས་སྤྱོད་ལམ་དེ་ནས་སྨན་དེ་ནས་དཔྱད་ཀྱི་སྒོ་ནས་བཅོས་པའོ།།

        གཉིས་པ་རྒྱས་བཤད་ལའང་བཞི་ལས། དང་པོ་ནི། ཟས་ནི་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། གཉིས་པ་ནི། སྤྱོད་ལམ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ཁྲིམས་ལྟར་བསྲུང་བ་ནི་དཔེར་བརྗོད་པ་ཡིན་ཏེ། རྒྱལ་པོའི་ཁྲིམས་ལྟར་མི་འདའ་བར་བསྲུང་བའོ། །གསུམ་པ་སྨན་བཅོས་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྨན་གྱིས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྨན་གྱིས་བཅོས་པ་དེ་ལའང་སྤྱིར་བཅོས་པ་དང༌། བྱེ་བྲག་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་སྤྱི་དང་བྱེ་བྲག་དང་མཇུག་བསྡུ་བ་དང་གསུམ་ལས། དང་པོ་སྤྱི་ལའང་གཉིས། མདོར་རྒྱས་སོ། །དང་པོ་ནི། སྤྱི་ལ་ཞེས་རྐང་པ་བཞིས་བསྟན་ཏེ། སྨན་བཅོས་སྤྱིར་བསྟན་པ་དེ་ལའང་ཕྱེ་མ་དང༌། ལྡེ་གུ་དང༌། སྨན་མར་གསུམ་ལས། དེ་ཡང་ཁྲག་དང་བཅས་པའི་དུས་སུ་བསྟེན་པ་ཕྱེ་མ། ཆུ་སེར་རྐྱང་པའི་དུས་སུ་བསྟེན་པ་ལྡེ་གུ། རྣག་ཏུ་ཁུགས་དུས་བསྟེན་པ་སྨན་མར་བཅས་པའི་བཅོས་རིམ་པར་བཤད་པའོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་ཕྱེ་མ་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཕྱེ་མའི་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི། འཇིག་རྟེན་འཇིག་པའི་དུས་ན་ཉི་མ་ལྔ་ཤར་ནས་འོག་གི་རྒྱ་མཚོ་ཡང་སྐེམས་པ་ལྟར་རྣག་ཁྲག་ཆུ་སེར་གྱི་རྒྱ་མཚོ་སྐེམས་པ་ཉི་མ་ལྔ་པའི་སྦྱོར་བ། གཞན་སྡེ་འཇོམས་པའི་སྟོབས་ལྷག་པར་ཆེ་བ་རྒྱལ་བློན་དཔུང་བཅས་ཀྱི་སྦྱོར་བ། ནུས་མཐུ་མཆོག་ཏུ་གྱུར་པ་རྩལ་ཆེན་ཐམས་ཅད་འདུས་པའི་སྦྱོར་བ་དེ་རྣམས་ཀྱི་སྤང་བྱ་དང༌། ལོག་གནོན་བསྟན་པའོ།།

        དང་པོ་ནི། ཉི་མ་ཞེས་རྐང་པ་བཅུས་བསྟན་ཏེ། ག་དོར་གསུམ་ནི། བསེ་རུ་དང༌། ཁ་ཤ་དང༌། ཤ་བའི་ཁོང་རའོ། །ཤི་ལ་ཛ་ཏུ་ནི་བྲག་ཞུན་ཡིན་ཞིང་འདི་ལའང་སྐྱེ་གནས་ཀྱི་དབང་གིས་རིགས་ལྔར་ཡོད་པར་ཡན་ལག་བརྒྱད་པ་སོགས་སུ་གསུངས་ཤིང༌། མིང་ལ་ཡང་ཁ་ཆེ་ཟླ་དགས་མཛད་པའི་སྨན་མིང་སྒྲ་སྦྱོར་ངེས་པར། ཤི་ལ་ཛ་ཏུ་ཞེས་སོགས་དང༌། གཞན་ཡང་པནྜི་ཏ་གོ་དཱ་རའི་གསུང་ལས། སི་རཾ་ཛ་ཞེས་དང༌། གཞན་ཡང་ཨུ་མའི་མངལ་ཁྲག ས་སྟེང་ནད་འཇོམས། བྲག་གི་བདུད་རྩི། མཆིན་དྲིས་ཚད་སེལ། ཉ་དུག་པ། སྲིད་པའི་བྱང་སེམས་དམར་པོ་སོགས་སོ། །འདིའི་དཔྱད་པ་རྒྱས་པ་ལ་སྤྲོ་བ་རྣམས་ཁོ་བོས་བྲིས་པའི་རྐྱང་སེལ་གྱི་འགྲེལ་པ་མེས་པོའི་དགོངས་པ་རྒྱན་དུ་རྒྱས་པར་བྲིས་ཡོད་པས་དེར་ལྟོས་ཤིག །ཉི་མ་ལྔ་ཞེས་པ། གསེ་རུ་རྭའི་ཉི་མ། ཙན་དཀར་ཤིང་གི་ཉི་མ། གུར་གུམ་རྩའི་ཉི་མ། དོམ་མཁྲིས་མཁྲིས་པའི་ཉི་མ། ཕུར་ཐལ་ཐལ་བའི་ཉི་མ་སྟེ་ཉི་མ་ལྔའོ། །གཉིས་པ་ནི། རྒྱལ་བློན་ཞེས་རྐང་པ་བཅུས་བསྟན་ཏེ། རྒྱལ་བློན་དམག་དཔུང་ཞེས་པ་ནི། མུ་ཟི་ནི་སའི་རྒྱལ་པོ། སྟར་བུ་འབྲས་བུའི་བཙུན་མོ་ཞེས་ཕྱག་དྲེག་མར་བཤད་ཅིང༌། ཟུར་མཁར་བའི་སྒམ་ནང་མར། ད་ཆུ་ལ་བཙུན་མོ་ཟེར་བ་སྣང༌། བསེ་རུ་རྭའི་བློན་པོ། ཙན་དན་ཤིང་གི་བློན་པོ། གུར་གུམ་རྩིའི་བློན་པོ། བ་ལེ་ཀ་ཐང་གི་བློན་པོ། དོམ་མཁྲིས་མཁྲིས་པའི་བློན་པོ། ཧོང་ལེན་སྔོའི་བློན་པོ། །དུང་འགྲོན་གྱི་ཐལ་བ་ཐལ་བའི་བློན་པོའོ། །ད་ཆུ་ནི་རྒྱ་མཚལ་ལ་རིགས་དཀར་ནག་གཉིས་ལས། འདིར་མཚལ་ནག་རྒྱ་ཁབ་བཤིབས་པ་འདྲ། དེ་ལས་བྱུང་བའི་དངུལ་ཆུ་དེ་ཞོ་གཅིག་གི་དུག་ཕྲལ་བ་ལ་སྟར་བུ་ཞོ་གསུམ། གོང་གི་རྒྱལ་པོ་མུ་ཟི་བཏུལ་མ་གསེར་འདྲ་ཁྱོར་ཕྱེད། དེ་རྣམས་ལྷན་དུ་རྡོ་གཞོང་དུ་སྔ་དྲོ་གཅིག་མཉེའོ།། 

        གསུམ་པ་ནི། རྩལ་ཆེན་ཞེས་རྐང་པ་བཅུ་བཞིས་བསྟན་ཏེ། རྩལ་ཆེན་ཞེས་པ་ནི། པ་ཊ་སྟེ་གསེར་མུ་ཟི་ནི་སའི་རྩལ་ཆེན། མིའི་སྙིང་པོ་ནི། སོལ་བའི་མེ་ལ་བཞུ་བའོ། །བསེ་རུ་སོགས་རའི་རྩལ་ཆེན། ཙན་དན་སོགས་ལ་ཤིང་གི་རྩལ་ཆེན། ག་བུར་སོགས་གསུམ་ལ་རྩིའི་རྩལ་ཆེན། དོམ་མཁྲིས་སོགས་མཁྲིས་པའི་རྩལ་ཆེན། གྲི་རུས་ཏེ་མི་གྲིར་ཤི་བའི་རུས་པའི་ཐལ་བ་སོགས་རུས་ཐལ་གྱི་རྩལ་ཆེན། ཏ་བྱ་སྟེ་གསེར་རྡོ་ནི་རྡོའི་རྩལ་ཆེན། འདིར་ཏ་བྱ་ལ་མཆན་ལ་ལར། རྒྱ་སྐྱེགས་ཟེར་བའང་སྣང་ཀྱང༌། འདིར་ནི་ཕྱག་དྲེག་མའི་དགོངས་དོན་སོར་བཞག་བྲིས་པ་ཡིན། འདི་ལ་རྟོགས་དཔྱོད་དང་ལྡན་པ་དག་ན་རེ། གོང་དུ་དམུ་ཆུའི་སྐབས་སུ་ཏ་བྱ་ཞེས་པ་འུ་སུ་ཡིན་པར་བཤད་པ་དང༌། འདིར་གསེར་རྡོ་ལ་ངོས་བཟུང་པས་འདི་གཉིས་འགལ་ལོ་ཞེ་ན། མི་འགལ་ཏེ་ཏ་བྱ་ཞེས་པ་གསེར་རྡོ་དང་འུ་སུ་གཉིས་ཀར་གྱི་སྤྱི་མིང་ལ་འཇུག་པ་བརྡ་སྤྲོད་དྲུག་པ་དང༌། ལེགས་སྦྱར་སོགས་སུ་རིམ་བཞིན་བཤད་ཅིང༌། འདིར་ནི་རོ་ནུས་བྱེད་ལས་དབང་གིས་སྐབས་ཐོབ་དམིགས་བསལ་ཡིན་ཏེ། ཅིའི་ཕྱིར་ན་བཤད་རྒྱུད་དུ། གསེར་རྡོ་དངུལ་རྡོ་ཆུ་སེར་འདྲེན་པ་བྱེད། །ཅེས་དང༌། འུ་སུས་ཕོ་བའི་བད་ཀན་ཚ་བ་སེལ། །ཞེས་དང༌། ཡན་ལག་བརྒྱད་པར། གཅིན་མང་མཁྲིས་པ་བསྐྱེད་མ་ཡིན། །ཞེས་སོགས་གསུངས་པའི་ཕྱིར་རོ། །ར་མཉེ་སོགས་ནི་རྩ་བའི་རྩལ་ཆེན། ཨ་རུ་ར་ནི་འབྲས་བུའི་རྩལ་ཆེན། ཨ་བ་སོགས་སྔོའི་རྩལ་ཆེན། ཕུར་ཐལ་སོགས་ཐལ་བའི་རྩལ་ཆེན་ཏེ། དེ་རྣམས་འདུས་པའི་སྦྱོར་བ་ལ་རྩལ་ཆེན་ཕྱེ་མའི་སྦྱོར་བ་ཞེས་བྱ་བ་ཡིན་ནོ། །བཞི་པ་དེ་རྣམས་ཀྱི་སྤང་བྱ་དང་ལོག་གནོན་བཤད་པ་ནི། ས་རླན་ཞེས་རྐང་པ་བཞིས་བསྟན་ཏེ། སྨན་བཅད་ནི་སྨན་འཕྲོ་བཅད་པའོ། །འགོར་བ་ནི་སྨན་སོགས་ཕོ་བར་འགོར་བའོ། །གཉིས་པ་ལྡེ་གུས་བཅོས་པ་ནི། དེ་ནས་ཞེས་རྐང་པ་ཉེར་བཞིས་བསྟན་ཏེ། མར་གྱི་ལྦུ་སྙིང་ཕྱུང་ལུགས་ནི་ཁོ་བོས་བྲིས་པའི་ཕྱི་རྒྱུད་ལྡེ་གུའི་ལེའུ་ལྟོས་ཤིག །ཏིང་ཁྲོལ་ནི་སྦྱོར་བའི་མིང་ཡིན་ནོ། ཚད་དུ་ཕྱིན་པ་ནི་མུ་ཟི་དང་མར་ནག་སྦྱར་བ་མེ་ཆུང་བ་ལ་དལ་བུས་བསྡུས་པས་གར་སླ་ཞོ་ཙམ་སོང་བ་དེ་ལ་བྱའོ། །སེང་ལྡེང་ལྡེ་གུའི་སྦྱར་ཚད་ནི། ཕྱག་དྲེག་མར། སེང་ལྡེང་བྲེ་གང༌། ར་མཉེ་ཕུལ་གང༌། ཉེ་ཤིང་པ་ཞོ་གཅིག མུ་ཟི་ཁྱོར་ཕྱེད། གཞན་རྣམས་ཐུན་བཟང་རེ་རེ་གཏོང་ངོ༌། །གེ་སར་གཉིས་ནི། ན་ག་གེ་སར་དང༌། པདྨ་གེ་སར་གཉིས་སོ། །གསུམ་པ་སྨན་མར་གྱི་སྦྱོར་བ་བཤད་པ་ནི། རྣག་ཏུ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྦྱོར་བ་དངོས་ནི་འོག་ཏུ་རྣག་གི་སྐབས་སུ་ཤེས་པར་བྱའོ། །གཉིས་པ་བྱེ་བྲག་གི་བཅོས་བཤད་པ་ནི། ཁྱད་པར་ཞེས་རྐང་པ་བཅོ་བརྒྱད་ཀྱིས་བསྟན་ཏེ། རྒོད་ཅེས་པ་ནི་བྱང་གི་འབྲོང༌། གཡུང་ཞེས་པ་ནི་མིས་བདག་བྱེད་ཀྱི་གཡག་གོ །སོགས་ཁོངས་ནས་རྭ་ཐམས་ཅད་བསྡུས་པའོ། །བཞི་པ་དཔྱད་ནི། དཔྱད་ཀྱི་ཞེས་རྐང་པ་ལྔས་བསྟན་ནོ། །གསུམ་པ་མཇུག་བསྡུ་བཤད་པ་ནི། དེ་ལྟར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ཐ་མའི་ཞག་བདུན་ནད་སྨིན་པ་རྣག་གི་དུས་སུ་རྒྱལ་པོ་ལྟ་བུར་ཟས་ཀྱིས་བཅོས་པ་ལ་གཉིས། དུས་ཀྱི་ངེས་པ་བསྟན་པ་དང༌། དུས་ཀྱི་གསོ་བའོ།

        དང་པོ་ནི། དེ་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་དུས་ཀྱི་གསོ་བ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དེ་ལ་ཞེས་རྐངཔ་གཅིག་གིས་བསྟན་ཏེ། བརྟག་པའི་ཐབས་དང༌།  གསོ་ཐབས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས་དང་པོ་བརྟག་ཐབས་ལའང་གཉིས། མདོར་རྒྱས་སོ། དང་པོ་ནི། བརྟག་པའི་ཞེས་རྐང་པ་བཞིས་བསྟན་ཏེ། ཕྱི་རྟགས་དང༌། ནང་རྟགས་དང༌། གསང་རྟགས་སོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་ཕྱི་རྟགས་ལ་གཉིས། སྤྱིར་བརྟག་པ་དང༌། དམིགས་བསལ་བརྟག་པ་ངོས་བཟུང་བའོ། །དང་པོ་ནི། དང་པོ་ཞེས་རྐང་པ་དགུས་བསྟན་ཏེ། སྟོད་རྒུར་བ་ནི་རོ་སྟོད་སྒུར་བའོ། །གཉིས་པ་དམིགས་རྟགས་ངོས་བཟུང་བ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རྣག་གི་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལ་གསུམ། གློ་སྦུབས་ནང་ན་ཡོད་པའི་དམིགས།  གློ་བའི་ཚང་ཚིང་ན་ཡོད་པའི་དམིགས། གསང་དུ་བབས་པའི་དམིགས་སོ། །དང་པོ་ནི། ངམ་ནག་ཅེས་རྐང་པ་ལྔས་བསྟན་ཏེ། མིག་བོལ་སྐྲངས་པ་ནི། མིག་ལྕིབས་དང༌། བོལ་གོང་སྐྲངས་པའོ། །གཉིས་པ་ནི། གློ་རྩ་ཞེས་རྐང་པ་དྲུག་གིས་བསྟན་ནོ། །གསུམ་པ་གསང་དུ་བབས་པའི་དམིགས་ངོས་བཟུང་བ་ལ་གཉིས། མདོར་རྒྱས་སོ།།

        དང་པོ་ནི། བེམ་ཏོལ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། གསང་ལ་བརྟག་པ་དེ་ལའང་བེམ་ཏོལ་དང༌། བ་སྤུ་ལ་བརྟག་པ། ཐིག་གིས་བརྟག་པ། སྦྲུག་པའི་སྐད་ལ་བརྟག་པ། མེ་ཏོག་ལ་བརྟག་པ། སད་མདའ་ལ་བརྟག་པའོ།།

        གཉིས་པ་རྒྱས་བཤད་ལའང་དྲུག་ལས། དང་པོ་ནི། བེམ་ཏོལ་ཞེས་རྐང་པ་བཞིས་བསྟན་ཏེ། བེམ་ཏོལ་ནི་ཨོཾ་ཐག་རྒྱབ་པའི་སྐད་ལ་བརྟག་པའོ། །གཉིས་པ་ནི། དེ་ནས་ཞེས་རྐང་པ་དྲུག་གིས་བསྟན་སྟེ། དེ་ལྟར་བ་སྤུའི་སྡོད་ཚུལ་ལ་བརྟག་པ་དེ་ཡང་བས་ལྡག་ཅེས་པ་བའི་ལྕེས་ལྡག་པ་ལྟར་བ་སྤུ་རྣམས་ཉལ་བ་ལ་བྱའོ། །གསུམ་པ་ཐིག་གི་བརྟག་པ་ནི། དེ་ནས་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། བེམ་ཏོལ་དང་བ་སྤུ་ལ་བརྟག་པས་འདིར་ཡོད་ཀྱི་འོལ་སྤྱི་རྟོགས་པ་དེ་ནས་གཞལ་བ་ཐིག་གིས་བརྟག་སྟེ། དེ་ཡང་ལུས་སྐྱིལ་ཀྲུང་དྲང་པོ་བསྲང་ལ། མདུན་རྒྱབ་གཉིས་སུ་ཚངས་ཐིག་དང༌། དཔུང་འཛུམ་གཉིས་ནས་ཚིགས་པ་གཉིས་པ་དང་སྐེ་སྟོང་དུ་འོང་བའི་གནམ་ཐིག་འགྲུས་པ་མེད་པར་གདབ། དེ་ནས་གཡས་གཡོན་དུ་གཞུང་ཐིག་གཉིས་ལ་ཐུག་པར་འཐེན་པའི་ཐིག་སྐུད་བཏབ་པའི་སྣ་གཉིས་ཟུར་ཐིག་གཉིས་དང་པོར་མཆན་ཟུར་ནས་རྩིབ་ཐུང་བར་དུ་གདབ། དེ་རྗེས་ཕྱེ་མར་ལན་གཉིས་བཅལ་ཅེས་པས། ཟུར་ཐིག་གཉིས་དང་གཞུང་ཐིག་གཉིས་ཀྱི་བར་བཞི་པོ་ཕྱེད་གཤགས་སུ་བཏང་བའི་ཐིག་རེ་གབ། ལན་གཉིས་བཅལ་ཞེས་པས་དེ་རྣམས་ཀྱི་བར་དུ་ཐིག་རེ་རེ་གདབ་སྟེ་འདྲེན་ཐིག་བཅུ་དྲུག་འབྱུང༌། དེ་ནས་ཚིགས་པ་བཅུ་གསུམ་པ་ནས་ལྟེ་བར་འཐེན་པའི་ཕྲེད་ཐིག་གདབ། དེ་སྟེང་ཕྲེད་ལ་གཉིས་གདབ་ཅེས་པས། གནམ་ཐིག་དང་ཕྲེད་ཐིག་འོག་མའི་བར་སུམ་ཆར་བཅད་པའི་བར་ཐིག་གཉིས་གདབ། ཕྱེ་མར་བཙལ་ཞེས་པས་སླར་ཐིག་བར་གསུམ་པོའི་ཕྲེད་དུ་ཐིག་རེ་བཏབ་པས་ཕྲེད་ཐིག་བདུན་འབྱུང་བ་ལ་འདྲེན་ཐིག་བཅུ་དྲུག་ཕྲེད་ཐིག་རྣམས་བདུན་གྱིས་བྱ་རྗེས་ཐིག་བར་གར་ཉམས་རྣག་ཡོད་རྟགས་ཞེས་བྱ་རྗེས་ཏེ་བསྣོལ་མཚམས་དང་ཐིག་གྲུ་བཞི་གར་ཉམས་པ་སྟེ་གཞན་ལས་ཆེ་བའོ། །དེ་ཡང་གསང་ས་གཙང་ངེས་དེ་ཚད་དང་དཔེ་རུ་མཚོན་པར་བྱས་ལ་ཆེ་ཆུང་ཡོད་པའི་ཉམས་པ་དེར་རྣག་ཡོད་པའི་རྟགས་སོ། །འདི་ལ་རྫོང་ཕྲང་དུ། ཐིག་གདབ་ན་སྦོམ་ཞེས་འབྱུང་ངོ༌། །བཞི་པ་སྤྲུག་པའི་སྐད་ལ་བརྟག་པ་ལ་གཉིས། སྐྱིལ་ཀྲུང་འདུག་ལ་བརྟག་པ་དང༌། ཉལ་ནས་བརྟག་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་དགུས་བསྟན་ཏོ། །གཉིས་པ་ནི། དེས་མ་ཞེས་རྐང་པ་ལྔས་བསྟན་ཏེ། འདི་ནི་ཉན་པའི་སྐད་ཀྱིས་ཀྱང་ངེས་པ་སྟེར་ལ་ལག་པས་རེག་པས་ཀྱང་རྟོགས་སོ། །ལྔ་པ་མེ་ཏོག་ལ་བརྟག་པ་ནི། དེ་ནས་ཞེས་རྐང་པ་དྲུག་གིས་བསྟན་ཏོ། །དྲུག་པ་སད་མདའ་ལ་བརྟག་པ་ནི། དྲུག་པ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། བྱི་བྲུན་ནི་བྱི་བའི་བྲུན་ནོ། །བྱི་བའི་པགས་པ་ནི་རློན་པ་བརླན་ནོ། །ཁྱེ་སུས་བཏང་བ་ནི་ཉུང་ཉུང་ཡང་ཡང་བཏང་བའོ། །སྲོ་ལོས་བདུག་པ་ནི་སྲོ་ལོ་ཆང་དུ་བཙོས་པའོ། །རྣག་གསང་དུ་སྨྲ་བ་ནི། རྣག་ཡོད་པའི་གསང་དུ་བ་སྤུ་ཉལ་ལམ་འཁྱིལ་ཟུག་ཆེ་བའམ་སྐྱ་ལོག་པའམ་བྱ་རྗེས་སམ་འབྲིད་མིགས་སམ་སེར་ག་འོང་བས་རྣག་གི་གསང་འདིར་ཡོད་སྨྲ་བ་ལྟ་བུ་ཡིན་ནོ། །ཐབས་འདི་ཁྱད་པར་དུ་ཡོལ་བས་བར་དུ་བཅད་པ་ལྟ་བུ་དང༌། ཡང་ན་ཡོལ་བ་སྟེ་མཆིན་དྲི་དཀར་པོའི་སྟེང་ངོ༌། །བར་རྣག་སྐྱེ་ཕུར་གྱི་རྣག་རྟོགས་པར་ངེས་སོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་ཞེས་རྐང་པ་ལྔས་བསྟན་ཏེ། སེ་བ་རྒན་པོའི་པགས་པ་འདྲ་བ་ནི་ཤ་སྐྱི་སེར་ག་ཤིག་གེ་བའོ། །རྣག་དབྱུང་བ་ཕྱིས་ན་ཡོལ་ནུབ་རུལ་མྱགས་ཞེས་དུས་ཡོལ་ན་དོན་རྣམས་རྣག་ཏུ་ནུབ་ཅིང་རུལ་མྱགས་སུ་འགྱུར་བས་གསང་དབྱེ་ཕྱིས་ན་དེའི་སྲོག་འདོར་རོ། །གསུམ་པ་གསང་རྟགས་ལ་གསུམ། མདོར་རྒྱས་གཅེས་པར་གདམས་པའོ།།

        དང་པོ་ནི། གསང་རྟགས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཡོད་འདྲ་མེད་པ་དང༌། མེད་འདྲ་ཡོད་པའོ། །གཉིས་པ་རྒྱས་བཤད་ལ་གཉིས་ལས། དང་པོ་ནི། དེ་ལ་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། གཏར་ཕྲན་ནི་རྩ་ཕྲན་གཏར་བའོ། །ཁྱམས་སུ་ནི་གློ་སྙིང་མེད་པའི་བྱང་ཁོག་གི་ཁྱམས་མོ། གཉིས་པ་ནི། གཉིས་པ་ཞེས་རྐང་པ་ལྔས་བསྟན་ཏེ། ཡོལ་བཅད་ཀྱི་སྐྱི་ཕུར་ནི་ཡོལ་བས་བཅད་པ་ལྟར་བསྟུམས་པའོ། །གསུམ་པ་གཅེས་གདམས་ནི། དེ་ཕྱིར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་གསོ་ཐབས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ངོས་འཛིན་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། སྨན་དང་དཔྱད་དང་ཟས་དང་སྤྱོད་ལམ་མོ།།

        གཉིས་པ་རྒྱས་བཤད་ལ་གསུམ། བཅོས་པའི་ཐབས་ཟས་སྤྱོད་སྨན་དཔྱད་བཞིས་བློ་རྣག་གྱེན་དུ་དྲང་བ་དང༌། སྐྱི་ཕུར་རྣག་རྒྱ་དབྲལ་བ། གསང་དུ་བབས་པ་བསུས་ལ་ཕྱིར་དྲང་བའོ། །དང་པོ་གློ་ནག་གྱེན་དུ་དྲང་བ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དང་པོ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། སྐྱུགས་ཀྱིས་དྲང་བ་དང༌། གསོ་བ་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་སྐྱུགས་ཀྱིས་དྲང་བ་ལ་གསུམ། དེ་འདྲེན་ཐབས་དང༌། འདྲོངས་ཚད་དང༌། དྲགས་སྐྱོན་བཅོས་པའོ། །དང་པོ་འདྲེན་ཐབས་ལ་གཉིས་སྐྱུགས་དང༌། དུད་པའོ། །དང་པོ་ནི། དང་པོ་ཞེས་རྐང་པ་བཅུས་བསྟན་ཏེ། བླ་རྟའི་འགྲེལ་པར་སོ་ཏོའི་གྲེ་བ་ལ་ཁུངས་མ་རྙེད། །གཞུང་ལ་ལར་སོ་བྱ་ཞེས་འབྱུང་བས་གཅིག་གམ་བརྟག་གསུང་བར།  མིང་གི་མངོན་བརྗོད་ཀྱི་བསྟན་བཅོས་རྣམ་དག་མང་པོར་སོ་བྱ་ཡིན་པར་བཤད་ཅིང་ངོ་བོ་ནི་ཉ་ཟ་བའི་ཆུ་བྱ་སྐེ་རིང་པོ་མདོག་ནག་པོ། དེ་ལ་ཡུལ་སྐད་ཕལ་ཆེར་དུའང་སོ་ཏོ་རོག་པོ་ཞེས་བྱ་བ་དེ་ཡིན་ནོ། །སྦྱོར་སྡེ་གོང་མའི་སྦྱོར་ཚད་དམར་ཁྲིད་ཡིག་ཆུང་དུ་གསལ་བས་དེར་བལྟའོ། གཉིས་པ་དུད་པ་ནི། དེས་མ་ཞེས་རྐང་པ་དགུས་བསྟན་ནོ། །གཉིས་པ་འདྲོངས་ཚད་ནི། རྣག་ཐོན་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྣག་ཤུགས་ཞེས་པ་བྲིས་ནོར་བ་སྟེ་དོན་དུ་རྣག་ཤུལ་ལམ་རྣག་གི་ཀོགས་སོ། །གསུམ་པ་རྟགས་སྐྱོན་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བརྐོ་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། བརྐོ་བ་དྲགས་ནས་རྣག་རྣམས་ཟད་ནས་ཁྲག་ཤོར་ན་རྩ་ཁ་བསྡམ་པ་དང༌། རྣག་གི་རྗེས་བཅད་པའོ། གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ནི། དང་པོ་ཞེས་རྐང་པ་བཅུ་གསུམ་གྱིས་བསྟན་ནོ། །གཉིས་པ་ནི། རྣག་རྗེས་ཞེས་རྐང་པ་བདུན་གྱིས་བསྟན་ནོ། །གཉིས་པ་སྐྱི་ཕུར་རྣག་རྒྱ་དབྲལ་བ་བཤད་པ་ནི། བར་གྱི་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། ཕུའི་རྒྱལ་པོ་ཞེས་པ་ལ་བླ་རྟ་ལྟར་ན་ཁྱི་གུ་མིག་མ་ཕྱེ་བ་ཡིན་པར་འདོད་ལ། རང་ལུགས་ནི་ཕྱག་དྲེག་མར་གངས་སྦལ་ཡིན་པར་བཤད་པས་དེའོ། །མདའི་རྔ་མོ་ནི་ཉ་ཤའོ། །བར་གྱི་སྡེར་ཆགས་ལ་བླ་རྟ་ལྟར་ན་སྦལ་བའི་ཤ་ལ་འདོད་ཀྱང༌། རང་ལུགས་ནི་ཕྱག་དྲེག་མར། རྩངས་པའི་ཤ་ཡིན་པར་བཤད་པ་དེའོ། །ཀླུའི་ཤ་ནི་སྦྲུལ་ཤའོ། །རྫོང་འཕྲང་དུ་ནི་འདི་ལྟར་བཤད་དེ། སྦལ་སྦྲུལ་རྩངས་པའི་ཤ་ཚོད་བཏང༌། ཞེས་གསུངས་སོ། །ལུམས་ཀྱི་ཨ་ཀྲོང་རྒོད་ནི། སྤྱིར་ཨ་ཀྲོང་ལ་ཕུར་མོང་ཨ་ཀྲོང༌། རྩྭ་ཨ་ཀྲོང༌། མཁན་པ་ཨ་ཀྲོང་གསུམ་དང༌། ཟུར་སྨན་དྷརྨ་སྭ་མིས་མཛད་པའི་སྨན་མིང་གསལ་བྱེད་དུ། ཨ་ཀྲོང་ལ་རིགས་བཞིར་བཤད་ཅིང་རྒོད་གཡུང་གི་ཁྱད་པར་ནི་གཡུང་ལ་མཁན་སྐྱ་ཆེ་ཆུང་ཞེས་བྱ་རྒོད་ལ་མཁན་དམར་རམ་ཚར་བོང་ཞེས་བྱའོ། །འདིར་ཡང་ཕྱག་དྲེག་མའི་དགོངས་དོན་ལྟར་ཚར་བོང་ཡིན་ཏེ། སྨན་མིང་རྒྱ་མཚོར། མཁལ་མར་གྲང་སྐྲན་འདུལ་བའི་མཆོག །ཅེས་གསུངས་པའི་དོན་གྱིས་སོ། །གསུམ་པ་གསང་དུ་བབས་པ་གསང་ཕྱིར་དྲང་བ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། གསང་དུ་ཞེས་རྐང་པ་ལྔས་བསྟན་ཏེ། དེ་ཡང་དབྱེ་དུས། གསང་དམིགས། དབྱེ་ཐབས། དབྱུང་ཆེད། སྤྲ་རྨ། ཐེམ་བུ། བཀྲུ་བཤལ། སྨན། ཟས། སྤྱོད་ལམ། རྣག་གི་ཆད་དུས་བསྟན་པའོ།།

        གཉིས་པ་རྒྱས་བཤད་ལའང་བཅུ་གཅིག་ལས། དང་པོ་ནི། དབྱེ་དུས་ཞེས་རྐང་པ་བཞིས་བསྟན་ཏེ། གཞན་རྣམས་གསང་ལ་བབས་དུས་ཞག་གྲངས་ལྟར་ངེས་ལ། བཙན་བརྡུངས་ཀྱི་འགྲམས་པ་རྩའི་བྱ་ཤོར་བ་ལ་དབྱེ་དུས་ངེས་པ་མེད་པས་ནམ་རན་དུས་དབྱེའོ། །གཉིས་པ་ནི། གསང་དམིགས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། གོང་བཤད་ཀྱི་རྟགས་དྲུག་གོ་ །གསུམ་པ་ནི། དབྱེ་ཐབས་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། གཟའ་སྐར་ཚེས་བཟང་བ་ནི། གཟའ་བཟང་བ་ནི་ཟླ་བ་ཕུར་བུ་ལྷག་པ་པ་སངས་ཏེ་ཞི་གཟའ་དང༌། སྐར་མ་རྒྱལ་སོགས་དགེ་བ་ཅན། ཚེས་ཡར་ངོའི་གསུམ་ལྔ་སོགས་ཆ་མ་ཡིན་པ་བཟང༌། དུས་སྔ་དྲོ་བཟང༌། ལོ་མཐུན་གཡོག་གིས་བརྟེན་པ་ནི། ལོ་མཐུན་གཡོག་གི་ནད་པ་དང་ནད་གཡོག་གི་སྐྱེ་ལོའི་སྲོག་ལུས་དབང་ཐང་རླུང་རྟ་མ་དང་གྲོགས་སུ་གྱུར་པ་སྟེ་འདི་ཡང་ནག་རྩིས་ལ་བལྟོས་སོ། །རྟ་རྒབ་སྣེ་བསྣོལ་མེད་པའི་རྟ་རྒབ་ནི་ཐུར་གསེབ། སྣེ་བསྣོལ་ནི་གཡས་གཡོན་བཅུས་པ་མེད་པའོ། །གཞན་ཡང་ཕྱི་རྒྱུད་ཐུར་མ་དང་བསྟུན་ནོ། །འདིའི་ལག་ལེན་ནི་དམར་ཁྲིད་དུ། རྣག་འདྲེན་པའི་དམར་ཁྲིད་ལ་ཞེས་སོགས་གསུངས་པ་དེའོ། །བཞི་པ་ནི། དབྱུང་བའི་ཞེས་རྐང་པ་བཞིས་བསྟན་ཏེ། ཐལ་བྲན་ནི་ཀ་ར་དང་བུ་རམ་བཏབ་པ་བཏང་བའོ། །ཟ་བཞོས་ཞེས་པ་རྣག་དེ་ཉིད་ཞག་རེ་ལ་ཟ་བའི་གྲངས་ལྟར་ལན་གསུམ་རེ་བཞོས། དེ་ནས་ཞག་རེ་ལ་ལན་རེ་བཞོས་སོ། །ལྔ་པ་ནི་རྣག་སྲ་ཞེས་པ་རྐང་པ་བདུན་གྱིས་བསྟན་ཏེ། རྐྱང་ཆུ་ཉི་མས་ཚིག་པ་འདྲ་ནི། སྨུག་ནག་རི་མོ་ཅན་ནོ། །དྲུག་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི་ཐེམ་བུ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཐུར་ཤུལ་ཐེམ་བུ་དང་དེ་སྟེང་རྨ་ཆས་དང་གཉིས་དུས་གསུམ་དུ་རིམ་པས་བསལ་ཏེ་བསྟེན་པའོ། །གཉིས་པ་རྒྱས་བཤད་ལ་དང་པོ་བར་ཐ་མ་དང་གསུམ་ལས། དང་པོ་ནི། ཐུར་མ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ཐུར་མ་བཏོན་རྗེས་དར་ལེ་བརྒན་དམར་པོ་བཏབ་པའི་ཐེམ་བུ་གཞུག །དེ་སྟེང་ཨ་ས་བས་ཐེམ་ཁར་བདུག དེ་རྗེས་རྣག་མ་ཟད་པར་སྐྱ་སྦྱོར་དང་ཕྱིང་འབྱར་བྱ་སྟེ། དུས་མིན་རྣག་ལུག་ན་སྲོག་དང་འབྲལ་ལོ། །གཉིས་པ་ནི་བར་དུ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། བར་དུ་རྣག་ཉུང་དུ་སོང་དུས་དར་ལེ་བརྒན་བཅུག་པའི་ཐེམ་བུ་དང་ཉུང་མའི་ཐེམ་བུ་རེ་མོས་སྤེལ་ཏེ། དར་ཐེམས་ཀྱི་རྣག་དུས་མིན་དུ་བྱུང་བ་བགག་ཉུང་ཐེམས་ཀྱིས་རྨ་ཁ་ཆེར་བྱེད་ཅིང༌། འདིའི་ལག་ལེན་རྒྱས་པར་དམར་ཁྲིད་དུ་བལྟའོ། །གསུམ་པ་ནི་ཐ་མ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །འདིའི་ལག་ལེན་དམར་ཁྲིད་དུ་རྒྱས་པར་གསུངས་པས་དེར་བལྟའོ། །བདུན་པ་ནི། བཀྲུ་བཤལ་ཞེས་རྐང་པ་དགུས་བསྟན་ཏེ། ཁྲུས་ཆུ་ཕར་བཏང་བ་ལས་མང་བར་བྱུང་ན་གསང་དམ་པས་གང་འབྱམས་འོང་ཉེན་ཡོད་ཁྲུས་ཉུང་དུ་བྱ། ཉུང་དུ་བྱུང་ན་གསང་མ་ཐོས་པ་ཡིན་ཁྲུས་མང་དུ་བྱ། ལྷག་ཆད་མེད་ན་རྣག་ཚོག་སླ་བར་འོང་བས་ཐེམ་བུ་ཕྱེད་ཕྲར་གཞོམ་རན་པའི་ཚད་ཡིན་ནོ། །དབྱར་ཞག་གསུམ་དགུན་བདུན་སོང་དུས་བཀྲུའོ། །བརྒྱད་པ་ཟས་ནི། ཁ་ཟས་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ནོ། །དགུ་པ་ནི། སྨན་ནི་ཞེས་རྐང་པ་བཞི་བཅུ་ཞེ་གཉིས་ཀྱིས་བསྟན་ཏེ། འདི་སྐབས་ཀྱི་དངུལ་ཆུ་དུག་འདོན་ཐམས་ཅད་བཙོ་བཀྲུ་སྦྱང་བསད་བྱས་པ་ཁོ་ན་དགོས་སོ། །དབང་ཕྱུག་ས་བོན་ཞེས་པ་ནི་ཕྱི་བ་རྣམས་དབང་ཕྱུག་གི་ས་བོན་ནང་པས་འཁོར་ལོ་སྡོམ་པའི་ས་བོན་དུ་འདོད་པ་དོན་དུ་དངུལ་ཆུའོ། །བཅུ་པ་ནི། སྤྱོད་ལམ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཅུ་གཅིག་པ་ནི། དེ་ལྟར་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། འཁྱགས་པ་ཨར་ལ་ཐེབས་པ་ནི། དགུན་འཁྱགས་པ་ཨར་རམ་བསྒང་ལ་ཐེབས་ཞེས་པའི་དོན་ནོ། །ལོག་གནོན་རྗེས་གཅོད་ནི་འོག་ཏུ་སྟོན་ནོ། །གཉིས་པ་བྱང་ཁོག་སྨད་གསོ་བ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ད་ནི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྤྱིར་གསོ་བ་བཤད་པ་དང༌། བྱེ་བྲག་ཏུ་གསོ་བ་བཤད་པའོ།། 

        གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་སྤྱིར་གསོ་བ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྤྱི་ལ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། སྤྱི་ལ་བཅོས་དོན་རྣམ་པ་དགུ་ཡོད་དེ། ཟས་ཀྱི་གཞི་བཟུང་བ། དུགས་ཀྱིས་གཟེར་བ་བཅག་པ། ཆས་ཀྱིས་དྲོད་བསྐྱེད་པ། འདྲེན་གྱིས་འགགས་པ་བསལ་བ། སྨན་གྱིས་དོན་སྣོད་ཀྱི་ཚ་བ་བསད་པ། ངན་ཁྲག་རྩར་དབྱུང་བ། བཤལ་གྱིས་མཁྲིས་ཚད་འོར་དུ་སྒྱུར་བ། མེ་ཡི་རྩ་འཕྲང་བསྡམ་ཞིང་སྦོས་པ་གཞོམ་པ། རྣག་ཁྲག་བབས་པ་གསང་དུ་འདོན་པར་བྱ་བ་རྣམས་སོ། །གཉིས་པ་རྒྱས་བཤད་ལའང་དགུ་ལས། དང་པོ་ཟས་ཀྱིས་གཞི་བཟུང་བ་ནི། དང་པོ་ཞེས་རྐང་པ་བཅུ་བཞིས་བསྟན་ཏེ། འབྲས་དང་ཡོས་ཐུག་ཉག་གི་ཚོས་པ་ནི་ཧྲབ་ཧྲོབ་མ་ལས་པ་འདག་པར་སོང་བ་ལ་བྱའོ། །ལྟོ་ལུ་ནི་འདུ་རེ་བ་ལ་བྱའོ། །གོང་སྒོང་ནི། གོང་མོའི་སྒོ་ང་ཙམ་རེ་སྦྱིན་པའོ། །གཉིས་པ་དུགས་ཀྱིས་གཟེར་བ་གཅག་པ་ནི། གཉིས་པ་ཞེས་རྐང་པ་དྲུག་གིས་བསྟན་ནོ། །གསུམ་པ་ནི། གསུམ་པ་ཞེས་རྐང་པ་བདུན་གྱིས་བསྟན་ནོ། །བཞི་པ་ནི། བཞི་པ་ཞེས་རྐང་པ་དྲུག་གིས་བསྟན་ནོ། །ལྔ་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ལྔ་པ་ཞེས་རྐང་པ་གཅིག་གིས་བསྟན་པ་ལ། དོན་ཚད་བཅག་པ་དང༌། སྣོད་ཚད་བཅག་པའོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་དོན་ཚད་བཅག་པ་ལའང་གཉིས། མདོར་རྒྱས་སོ། །དང་པོ་ནི། སྨད་ཀྱི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། གཙོ་བོ་གསུམ་གྱིས་སྡེ་ཚན་བསྟན་པ་དང༌། ཁ་བསྒྱུར་སྣ་ཁྲིད་གང་དགོས་སུ་བསྒྱུར་བའོ། །དང་པོ་གཙོ་བོ་བཤད་པ་ནི། དང་པོ་ཞེས་རྐང་པ་ལྔས་བསྟན་ནོ། །གཉིས་པ་ནི། གཙོ་བོ་ཞེས་རྐང་པ་བདུན་གྱིས་བསྟན་ནོ། །གཉིས་པ་སྣོད་ཚད་བཅག་པ་ལའང་གཉིས། མདོར་རྒྱས་སོ། །དང་པོ་ནི། དེ་བཞིན་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྣོད་ཚད་སེལ་བ། ཉམས་པ་གསོ་བ། དྲོད་བསྐྱེད་པ། ཁ་བསྒྱུར་བཤད་པའོ། །གཉིས་པ་རྒྱས་བཤད་ལའང་བཞི་ལས། དང་པོ་ནི། གི་ཝང་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ནི། དོམ་མཁྲིས་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་ནི། སེ་འབྲུ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བཞི་པ་ནི། ཕོ་བ་ཞེས་རྐང་པ་དགུས་བསྟན་ཏེ། རྫོང་འཕྲང་དུ། སྙེ་མ་ལ་བྱི་ཏང་ག་དང་མ་རུ་རྩེ་འབུ་སྐྱོགས་བསྣན་ཞེས་གསུངས་སོ། །དྲུག་པ་ནི། དྲུག་པ་ཞེས་རྐང་པ་དྲུག་གིས་བསྟན་ནོ། །བདུན་པ་ནི། བདུན་པ་ཞེས་རྐང་པ་ལྔས་བསྟན་ནོ། །བརྒྱད་པ་ནི། བརྒྱད་པ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ནོ། །དགུ་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དགུ་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ། མ་ཞུ་བའི་གནས་བབས་སྐྱུགས་ཀྱི་རྟགས་བཅོས། ཞུ་བའི་གནས་བབས་བཤལ་གྱི་རྟགས་བཅོས། གསང་དུ་བབས་པ་དབྱེ་བའི་རྟགས་བཅོས་སོ།།

        དང་པོ་ནི། མགོ་ན་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། དུས་གསུམ་རྟས་བསྒྱུར་བ་ནི། ཁྲག་གི་དུས་ཆང༌། ཆུ་སེར་གྱི་དུས་སུ་བའི་ཆུ། རྣག་གི་དུས་སུ་སྦྲང་དང་གསུམ་མོ། །གཉིས་པ་ནི། དྲི་ཆུ་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། ཆུ་དང་བ་ཆུ་ཆང་བསིངས་རྟ་ཡིས་བསྒྱུར་ཞེས་པ། ཁྲག་གི་དུས་ཆུ་དང༌། ཆུ་སེར་གྱི་དུས་བ་ཆུ། རྣག་གི་དུས་ཆང་བསིངས་ཀྱིས་རྟ་ཡིས་བསྒྱུར་བའོ། །གསུམ་པ་ནི། རྩ་ཆུ་ཞེས་རྐང་པ་དགུས་བསྟན་ཏེ། འཕྲུལ་གསང་ནི་འཕོང་རྩེ་སོར་བཞིའི་བར་ཕུག་དེ་ལས་རིང་ན་འཇང་ན་བ་པོ་ལ་འགྲོའོ། །གཉིས་པ་བྱེ་བྲག་ཏུ་བཅོས་པ་བཤད་པ་ནི། སྨད་ཀྱི་དོན་སྣོད་ཞེས་རྐང་པ་བརྒྱད་ཅུ་གྱ་དགུས་བསྟན་ཏེ། མཆིན་དྲིའི་སྐམ་ནན་ནི་སྤང་འཇིགས་སོགས་མི་བྱ་བར་སྨན་གྱི་སྐྱོ་མ་བྱུག་པའོ། །ངར་གདོང་གཏར་བ་ནི་རྟ་མཐུར་ལ་གཏར་བའོ། །སྒྱིད་ཁུང་བསྲེག་པ་ནི། སྒབ་ཁུང་འཕར་རྩ་བསྲེག་པའོ། །རུ་ཐུང་ལོང་རྩ་བཞི་གཏར་བ་ནི་ལོང་རྩ་གཉིས་རུ་ཐུང་གཉིས་དང་བཞིའོ། །མཚོགས་དཀྱིལ་ནི་མཚོགས་མའི་གནམ་འཐེན་ནོ། མེ་ཏོག་ཁནྜ་སྦྱར་བ་ནི། བ་ལུ་སྨྱག་ཤད་ཀྱི་ལྕེ་པྲི་ཡང་ཀུ་སོགས་ལ་དོམ་མཁྲིས་བཏབ་པའི་ཁནྜའོ། །མཆེར་བ་ལ་ངར་གདོང་རྟ་མཐུར་གཉིས་རུ་ཐུང་གཉིས་བཞི་གཏར། ལྡུམ་བུ་གསུམ་ནི། ལྡུམ་བུ་རེ་རལ་བྲག་སྐྱེས་བེ་སྐྱེས་ཐང་སྐྱེས་གསུམ་མོ། །ཞེས་ཕྱག་དྲེག་མར་བཤད། ལ་ལར་སེ་རྒོད་འོམ་བུ་སྐྱེར་པ་གསུམ་ལ་འདོད་པའང་སྣང་ངོ༌། །ལོ་མར་བྱུག་པ་ནི་ལོ་ལོན་པའི་མར་རོ། །འཇམ་བཤལ་ནི་གོང་གི་ཐང་བཤལ་ལོ། །ཕོ་བའི་འབྲས་འཁུར་ནི། འབྲས་རྟགས་ཕྱེ་འཁུར་བར་བྱས་པའོ། །འབྲས་ཡོས་ནི་འབྲས་སེར་ཙམ་བརྔོས་ནས་བཙོས་པའོ། ཕོ་ཐེར་ལ་གཡས་ལེན་གཡོན་ལེན་སྦལ་འགྲོས་སུ་རྟ་རྐྱང་རྒྱུས་པས་གཙེམ། ཤའུ་སྐྱེ་སྨན་གུར་གུམ་དོམ་མཁྲིས་ཅུ་གང་ཚ་ལ་བཏུལ་མ་བཏབ་དེ་སྟེང་དར་གྱིས་སྒེབ་དེ་སྟེང་འཕྱིང་བ་མར་བཙོས་བརླན་དེ་སྟེང་ཐེར་སྲབ་དཀྲི། རྒྱུ་མའི་རྩ་ལ་གཏར་བ་ནི་ལོང་གཉིས་ལ་བྱུང་བ་རྒྱུ་མ་ཁུག་གི་རྩ་གཉིས་གཏར། རྒྱུ་མ་ཕུག་པའི་ནུར་ཐུག་ནི་ཐུག་པར་འདུར་པོའོ། །གཞང་ལ་དུགས་ནི་ཚ་བསྲོས་དུགས་སོ། །བསམ་སེའི་རྩ་རྣམས་སྒོ་ཕྱེ་ཙམ་དུ་གཏར་ཞེས་པ་ལོང་རྩ་དང་བྱིན་གཞུག་གོ་ །བཞི་པ་ལོག་གནོན་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ད་ནི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཐ་མ་ལོག་གནོན་རྗེས་བཅད་པ་དེ་ལའང་འབྱམས་པའི་རྒྱུ་དང༌། འབྱམས་རྟགས་དང༌། འབྱམས་པ་བཅད་པ་བཤད་པའོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་འབྱམས་རྒྱུ་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི་དེ་རྒྱུ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཚ་འབྱམས་དང་གྲང་འབྱམས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ཚ་འབྱམས་བཤད་པ་ནི། དང་པོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དོན་གྱི་རྨ་ལ་རིམ་གྱི་རྣག་གི་ཟ་བ་ཟས་སྐོར་སོང་བ་དང༌། རྩ་ཁ་ཤོར་ཞིང་བུད་པ་དང་རུལ་བའི་དྲི་ཆགས་པ་དང༌། དབྱེ་བའི་ཐེམ་ཁ་མཐོས་པའོ། །གཉིས་པ་གྲང་འབྱམས་ནི། གཉིས་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། གྲང་འབྱམས་ལ་བསིལ་སྦྱོར་ཐལ་བ་དང་ཁ་ཟས་དམན་པ་སྟེ། དེ་དྲུག་གི་ཚ་གྲང་གི་རྣག་མཇུག་མི་ཆད་པའོ། །གཉིས་པ་ནི། འབྱམས་རྟགས་ཞེས་རྐང་པ་བཅུ་དྲུག་གིས་བསྟན་ཏེ། རུལ་ཆགས་ཀྱི་འབྱམས་པ་ནི། གསང་དབྱེ་ཕྱིས་པ་དང༌། རྣག་ཁྲུས་ཞན་པ་དང༌། རྣག་ཤ་ལྷོག་རོ་མ་ཐོན་པའོ། །གསུམ་པ་འབྱམས་པ་བཅད་པ་ནི། བཅད་ཐབས་ཞེས་རྐང་པ་ཉེར་གསུམ་གྱིས་བསྟན་ཏེ། དོན་རྨའི་བསིལ་ལ་ཡང་བའི་ཟས་ནི། རི་དྭགས་ཤ་སྐོམ་ཤ་ཇ་ཞོ་སོགས་སོ།།

        གློ་གསོའི་སྨན་ནི། ཝ་གློའི་ཚོད་མ་བཏང་རེའུ་དང་རྟའི་གློ་བ་འོ་མས་བརྒྱངས་པ་བཏང༌། ལ་ལར་རེའུ་རྩ་ཟན་ཞོ་འཐུང་གི་གློ་བ་མ་སུངས་པ་རྟ་བོང་གི་འོ་མས་བརྒྱངས་ལ་བཏང༌། སྨན་མར་ནི་མངར་གསུམ་དང་ཤུ་མོ་ཟའི་སྨན་མར་བསྟན་པའམ། ཡང་ན་རེ་ཀོན་ཨ་བ་རྒུན་འབྲུམ་ཤིང་མངར་སྦྱར་ལ་བཏང་ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་བརྒྱད་ཅུ་གྱ་ལྔ་པའོ་ཞེས་སོ།།

མཐའ་མའི་འདོན་ཐེངས་།: 23.08.2011 ཉིན། 3:14 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།