སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གྱ་ལྔ་པ། བྱང་ཁོག་སྟོད་སྨད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 09.02.2011
མན་ངག་རྒྱུད། >> ལེའུ་གྱ་ལྔ་པ། བྱང་ཁོག་སྟོད་སྨད་གསོ་བ།



ལེའུ་གྱ་ལྔ་པ། བྱང་ཁོག་སྟོད་སྨད་གསོ་བ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །བྱང་ཁོག་སྟོད་སྨད་གཉིས་ལ་མཚོན་ཕོག་ན། །དེ་ལ་རྟགས་དང་བཅོས་ཐབས་ཇི་ལྟར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་དང༌།  དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག འགྲོ་བ་མི་ལུས་བྱང་ཁོག་སྟོད་སྨད་ལ། །གནས་ལུགས་རྟགས་དང་གསོ་ཐབས་རྗེས་བཅད་བཞི།།

དང་པོ་བྱང་ཁོག་གནས་ལུགས་རྣམ་དྲུག་སྟེ། །བརྟེན་པ་རུས་པའི་གནས་ལུགས་བསྟན་པ་དང༌། །གཡོགས་པ་ཤ་ལྤགས་གནས་ལུགས་བསྟན་པ་དང༌། །གཉན་པ་དོན་སྣོད་གནས་ལུགས་བསྟན་པ་དང༌། །ས་བཅད་ཡུལ་གྱི་གནས་ལུགས་བསྟན་པ་དང༌།  །འབྲེལ་བ་རྩ་ཡི་གནས་ལུགས་བསྟན་པ་དང༌། །རྒྱ་སྐར་གསེང་གི་གནས་ལུགས་བསྟན་པའོ། །དང་པོ་བརྟེན་པ་རུས་པའི་གནས་ལུགས་ནི། །སྒལ་ཚིགས་བྲང་རུས་རྩིབ་མ་ལྷ་རུ་ཙེ། །སྒྲོག་རུས་དཔྱི་དང་སོག་པ་གཞུག་ཆུང་བརྒྱད། །ཚིགས་ལ་མཁར་དང་མཁར་མཚམས་བྱ་འདབས་གསུམ། །དེ་དག་ལུས་ཀྱི་གཞི་རྟེན་གུར་ཕུབ་འདྲ། །དེ་ལ་གཡོགས་པ་ཤ་ཡི་གནས་ལུགས་ནི། །སྒལ་འདབས་བཤུལ་ཤ་ནག་པོ་ཕྱི་ནང་གཉིས། །བྲང་གི་ནུ་ཤ་སྟ་ཟུར་རྟ་ཤ་གཉིས། །མཆན་ཁུང་བཞག་ཤ་དཀར་ནག་རྣམ་པ་གཉིས། །ཐལ་གོང་གཉའ་ཤ་གཉའ་འཁོར་འདར་ཤ་དང༌།  །སོག་མཐིལ་འབྲོས་ཤ་དེ་ལྟར་ཤ་རིགས་དགུ །བྱེར་ཞིང་སྐྲངས་པའི་གནད་དུ་བསྟན་པ་ཡིན།  །གཉན་པ་དོན་ལྔ་སྣོད་དྲུག་གནས་ལུགས་ནི། །སྙིང་ནི་རྒྱལ་པོ་ཚེ་སྲོག་སེམས་ཀྱི་རྟེན། །བུ་ལྔ་རྒྱལ་སྲས་མ་ལྔ་བློན་གྱི་ཚུལ། །གློ་མའི་ཕང་དུ་སྙིང་ནི་བུ་ཐོགས་འདྲ། །མཆིན་དྲི་དཀར་པོ་དར་དཀར་ཡོལ་བ་འདྲ། །མཆིན་པ་བྲག་གཡང་གཟར་འདྲ་གྱེན་དུ་བསླང༌། །མཆེར་པ་མཐའ་མཐུག་དཀྱིལ་སྲབ་མཁུར་བ་འདྲ། །མཁལ་མ་གཡས་གཡོན་གྱད་ཀྱི་གདུང་འདེགས་འདྲ། །ཕོ་བ་ཟས་སྣོད་ལ་ཕུག་སུལ་བཞི་འདྲ། །མཁྲིས་པ་མཆིན་འདབས་གསེར་རྐྱལ་བཀལ་བ་འདྲ། །ལོང་ག་གསུམ་ཁྱོག་གསེར་སྦྲུལ་ལྕག་བྲབས་འདྲ། །རྒྱུ་མ་སྟོད་སྨད་ཡུར་བ་ཆུས་བཀང་འདྲ། །གཉེ་མ་ལོང་འབྲེལ་གཡང་བཞག་བསྐོར་བ་འདྲ། །ཚིལ་ཤུབས་དཀར་ནག་ལྕགས་སྦྲུལ་དཀྱུས་པ་འདྲ། །ལྒང་ཕུག་ཁ་ནི་ཐུར་བལྟས་ཆུ་རྐྱལ་འདྲ། །བསམ་སེ་རྩ་ཡི་མདུད་པ་ཤ་རྨེན་འདྲ། །དེ་དག་གཉན་པས་འཆི་བའི་གནད་དུ་བསྟན། །བགོ་སྐལ་ས་བཅད་ཡུལ་གྱི་གནས་ལུགས་ནི། །བྱང་ཁོག་སྟོད་སྨད་མཆིན་དྲིས་དབྱེ་བ་སྟེ། །ལྷེན་རུས་འབྲེལ་མཚམས་ཚིགས་པ་བཅུ་གསུམ་པར། །ཆུ་བབས་ཐིག་གདབ་མཆིན་དྲི་ནག་པོའི་ཡུལ། །ཚིགས་པ་བརྒྱད་ནས་རྩིབ་རིང་གྱེན་མཚོན་གང༌། །ཡོལ་གྱིས་བཅད་པ་མཆིན་དྲི་དཀར་པོའི་ཡུལ། །མཆིན་དྲི་ཁུག་པ་བརྒྱད་དང་བཅུ་གསུམ་བར། །རྩིབ་སྟེང་དཀར་ནག་མཚམས་ཏེ་ཁྲ་བོར་འདོད། །སྟོད་སྨད་དོན་སྣོད་ཡུལ་སྐལ་ཐིག་གིས་བཙལ། །ཁད་སྙམ་སྟན་ལ་ལུས་བསྲང་སྐྱིལ་ཀྲུང་འདུག  །མདུན་རྒྱབ་དཔུང་འཛུམ་གཉིས་སུ་གནམ་ཐིག་གདབ། །ཨན་སྟོང་གཞུག་ཆུང་སྐེ་སྟོང་མཚན་མའི་སྟེང༌། །མདུན་རྒྱབ་གཉིས་སུ་མ་འདྲུས་གཞུང་ཐིག་གདབ། །སྟོད་ན་གློ་བ་མ་བུ་སྙིང་དང་གསུམ། །གློ་མ་རྒྱབ་ལ་སྙིང་དང་བུ་རྣམས་མདུན། །ཚིགས་པ་བཞི་ནས་གྱེན་གསེགས་ཆག་གང་ས། །བརྒྱད་ནས་ཐུར་གསེགས་མཛུབ་གང་བཅལ་བའི་སར། །གྲུ་བཞིར་ཐིག་གདབ་དེ་ཡི་གྲ་བཞིར་བཅད། །དབུས་མ་སུམ་ཆ་སུམ་གཉིས་དེ་དབུས་བཅལ། །སྟག་མགོ་སྒང་རྩིབས་གཤམ་དང་ཟགས་སྣ་ལྔ། །གློ་བ་མ་ལྔའི་ཡུལ་དུ་འདོད་པ་ཡིན། །ནུ་མ་གཉིས་ནས་སྐེ་སྟོང་སོར་བཞིའི་འོག །གྲུ་གསུམ་ཐིག་གདབ་དབུས་ན་རྒྱལ་པོ་སྙིང༌། །མཛོ་སྣ་དང་ནི་བྱ་སྒབ་ཐུགས་ཁབ་དང༌། །རྟེ་མིག་དགྲ་ལྕེ་བུ་ལྔ་སྙིང་ལ་བསྐོར། །གློ་བུ་སྙིང་གི་ཡུལ་དུ་འདོད་པ་ཡིན། །ནུ་མ་གཉིས་ནས་ཕྱིར་ལ་སོར་གཉིས་བཅལ། །དེ་ནས་སྐེ་སྟོང་ཙ་ར་ཁུང་དུ་གདབ། །གློ་བ་མ་ཡི་མཐའ་ཆག་གནས་པ་ཡིན། །ཡུལ་ཐིག་དེ་ཡི་སྟེང་འོག་སྟོང་པར་གནས། །ནུ་མ་བྲང་དཀྱིལ་ཐིག་ཚད་ལྷེན་སྣ་ནས། །ཕོ་བའི་ཟུར་འཐེན་དེ་ནས་ལྟེ་བར་གདབ། །དཔངས་སུ་སོར་བརྒྱད་ཞེང་སོར་བཅུ་གཉིས་ཏེ། །ཟས་སྣོད་ཕོ་བའི་ཡུལ་དུ་བཤད་པ་ཡིན། །ལྷེན་རུས་ཚིགས་པ་བརྒྱད་ནས་གཡས་ངོས་སུ། །མཚོན་གང་གྲེ་མོས་གར་སླེབ་མཆིན་པའི་ཡུལ། །རྩིབ་ཐུང་གཡོན་ནས་ཕོ་ཟུར་མཛུབ་བཅལ་བའི། །དཔངས་སུ་སོར་ལྔ་མཆེར་པའི་ཡུལ་དུ་འདོད༌།  །ཕོ་གསང་དབུས་ནས་གཡས་སུ་སོར་བདུན་ན། །དཀྱུས་སུ་སོར་དྲུག་ཞེང་གསུམ་མཁྲིས་པའི་ཡུལ། །ལྟེ་བའི་གོང་འོག་མཚོན་རེ་དཀྱུས་མཚོན་བརྒྱད། །ལོང་གི་ཡུལ་ཡིན་ཁྲག་ལོང་གཡས་ན་གནས། །སྲིན་ལོང་གཡོན་ལ་རྩམ་ལོང་དབུས་ན་གནས། །དེ་འོག་མཚོན་དོ་རྒྱུ་སྟོད་རྒྱུ་སྨད་ཡུལ། །དེ་འོག་ལྒང་པ་མདུན་ལ་གཉེ་མ་རྒྱབ། །ཚིགས་པ་བཅུ་བཞིའི་གཡས་གཡོན་སོར་བདུན་དང༌། །དཔངས་སུ་སོར་ལྔ་མཁལ་མའི་ཡུལ་སྐལ་ཡིན། །བསམ་སེ་ཚིགས་པ་བཅུ་གསུམ་འོག་ན་གནས། །དེ་ལྟར་ཡུལ་གྱི་ཐོབ་སྐལ་སོ་སོར་བསྟན། །འབྲེལ་བ་རྩ་ཡི་གནས་ལུགས་ཕྱི་ནང་གཉིས། །ནང་རྩ་སྲོག་རྩ་དཀར་ནག་སྡོང་པོ་སྟེ། །སྒལ་པའི་ནང་གཞུང་ཐང་ཤིང་བསླང་བ་འདྲ། །དེ་ལས་ཡལ་གའི་རྩ་ཕྲན་ཀུན་ཏུ་གྱེས། །ཚིགས་པ་གསུམ་ནས་རྩ་གསུམ་མདུན་དུ་བྱུང༌། །དབུས་ཀྱི་རྩ་ལས་སྙིང་ནི་འབྲས་བུའི་ཚུལ། །སུལ་གསུམ་ནང་ན་རྩ་ལྔ་རླུང་རྩ་དབུས། །རླུང་ཁྲག་འདྲེས་པའི་རྩ་བཞི་ཕྱོགས་བཞིར་གནས། །གཡས་གཡོན་རྩ་ནི་གློ་བུ་གཉིས་ལ་ཟུག །གློ་ཡི་ནང་རྩ་སོག་ཕོན་ལྤགས་གཡོགས་འདྲ། །གསོབ་པས་འཇུག་སླ་མང་བས་ནད་གདོན་དཀའ། །སྲོག་རྩའི་ཡལ་ག་རྣམ་གཉིས་ལག་པར་རྒྱུ། །རྩེ་ནག་གཉིད་ལོག་རྩ་གཉིས་མགོ་ལ་གྱེས། །ཚིགས་པ་དགུ་ནས་རྩ་གཅིག་མཆིན་པར་ཟུག །མཆིན་པའི་ལུང་ཆེན་མཆིན་དྲི་ནག་པོར་འབྲེལ། །དེ་བཞིན་མཆེར་པ་མཁལ་མ་བསམ་སེར་འབྲེལ། །བཅུ་བཞི་པ་ནས་སྲོག་རྩ་གཉིས་སུ་གྱེས། །སྣེ་སར་དོན་ནས་རྐང་པ་གཉིས་ལ་རྒྱུ། །དེ་ལས་གྱེས་པའི་དོན་སྣོད་ནང་རྩ་རྣམས། །འབྲལ་འབྲེལ་མང་བས་ཐག་པ་འཛིངས་པ་འདྲ། །ཕྱི་རྩ་བྱང་ཁོག་སྟོད་ལ་སྙིང་རྩ་དྲུག །བྲང་རུས་གཡས་གཡོན་ནུ་མདུན་མཚོན་དོ་ན། །སྙིང་རྩ་ཕྲ་ཁབ་ཐོང་གར་ཁབ་བཙུགས་འདྲ། །སྒྲོག་རུས་དཀྱིལ་ནས་ཐུར་དུ་མཚོན་གང་ན། །སྙིང་རྩ་དངུལ་གྱི་འབུ་རུ་གཟེར་བཏབ་འདྲ། །ནུ་མའི་སྟེང་འོག་མཚོན་རེ་བུ་རྩ་ཡོད། །གློ་བ་མ་བུའི་ཕྱི་རྩ་ཉི་ཤུ་བཞི། །གློ་མ་རྩིབས་ལས་བྱུང་བའི་ཚིགས་འགྲམས་གཉིས། །ཚིགས་པའི་གཡས་གཡོན་མཚོན་རེ་ཕུན་རེ་ན། །ཀུན་ཏུ་རྒྱུ་སྟེ་བཞི་པའི་ཐད་ཀར་གཉན། །དེ་ལས་བཞིར་གྱེས་གཉིས་ནི་བྲང་དུ་འགྲིམས། །གཉིས་ནི་ལྟག་ཆུའི་འདབས་ནས་མགོ་ལ་འགྲོ། །རྩ་དེ་མཆིན་དྲི་ཡན་ཆད་གློ་བ་དབང༌། །མན་ཆད་མཁལ་མའི་རྩ་ཡིན་བཅུ་བཞི་པའི། །ཐད་ཀར་མཁལ་མའི་རྩ་ནག་ཅེས་སུ་གྲགས། །དེ་ནས་བཞིར་གྱེས་གཉིས་ནི་དཔྱི་སྟེང་དོན། །བརླ་གང་སྣེ་ས་བརྒྱུད་ནས་ལྒང་པར་འབྲེལ། །རྩ་གཉིས་མཇུག་ཐུང་བརླ་ཡི་ཕྱི་སུལ་རྒྱུ། །གློ་མ་རྩིབས་ལས་བྱུང་བ་ཀུན་ཏུ་རྒྱུ། །ཚིགས་པ་བཞི་པའི་གཡས་གཡོན་མཚོན་རེར་གནས། །གློ་མ་ལྒང་ལས་བྱུང་བའི་ནང་རྒྱུག་གཉིས། །ཚིགས་པ་དྲུག་པའི་སོར་ལྔའི་ས་ན་གནས། །གློ་མ་སྟག་མགོ་ལས་བྱུང་གྲོག་རྐེད་གཉིས། །ཚིགས་པ་བརྒྱད་པའི་སོར་བདུན་ས་ན་གནས། །གློ་མ་ཟགས་སྣ་ལས་བྱུང་སྒེ་དོར་གཉིས། །ཚིགས་པ་བཅུ་པའི་ཆག་གང་ས་ན་གནས། །གློ་མ་གཤམ་ལས་བྱུང་བའི་འགྲེང་བུ་གཉིས། །ནུ་མའི་ཐད་དྲང་སྒྲོག་རུས་འོག་ཏུ་འགྲོ། །གློ་བུ་ཐུགས་ཁབ་ལས་བྱུང་ཕྱིར་རྒྱུ་གཉིས། །ནུ་མཆན་མཚོན་རེའི་ས་ནས་སྒྲོག་ཆར་འགྲོ། །གློ་བུ་མཛོ་སྣ་ལས་བྱུང་བསྣོལ་མ་གཉིས། །ཕྱིར་རྒྱུག་རྩ་ནས་སྒྲོག་ཆར་གཡས་གཡོན་བསྣོལ། །གློ་བུ་བྱ་སྒབ་ལས་བྱུང་གཟེར་མགོ་གཉིས། །མཆན་འོག་ཕྱི་ནང་གྱེན་ཐུར་ཆག་གང་སར། །གློ་བུ་དགྲ་ལྕེ་ལས་བྱུང་ཟངས་མ་གཉིས། །མཆན་ཁུང་འོག་ནས་རྩིབ་རིང་སྟེང་དུ་འགྲོ། །གློ་བུ་རྟེ་མིག་ལས་བྱུང་སྔོན་བུ་གཉིས། །སོག་པ་མེ་ལོང་དཀྱིལ་གྱི་འོག་ན་གནས། །མ་བུ་སྒྲོག་པ་ལུང་འཛིན་ཁུག་པ་གཉིས། །དཔུང་ཚིགས་ཆག་གང་ཨུ་ཟུར་ཁ་ལ་བཀལ། །ཚང་ཚིང་ལས་བྱུང་གློ་རྩ་དུང་འབུད་གཉིས། །དཔུང་པའི་ནང་ངོས་ཆག་གང་ས་ན་གནས། །མཆིན་རྩ་ཤ་རུ་མོན་རུ་རྣམ་པ་གཉིས། །ལྷེན་སྣ་ལས་བྱུང་ནུ་བདུན་མཚོན་དོའི་སར། །ཡར་ལ་ཆག་གང་ས་ནས་གཉིས་སུ་གྱེས། །རྩ་གཉིས་དཔུང་པ་རྩ་གཉིས་རྣ་རྒྱབ་རྒྱུ། །མཆེར་རྩ་བྱ་རྐང་རྟ་ཤའི་གསེབ་ན་གནས། །མཁྲིས་རྩ་ཆུ་མིག་གློ་ཡི་ཚང་ཚིང་གསེབ། །གསེར་གྱི་ཀ་བ་དཔུང་སོག་བར་ན་གནས། །ཕོ་རྩ་སྦྲུལ་མིག་ཀ་བ་བོང་རྨེད་གསུམ། །སྦྲུལ་མིག་ལྷེན་སྣའི་གཡས་གཡོན་མཚོན་རེའི་སར། །ཀ་བ་ཕོ་དཀྱིལ་གཡས་གཡོན་སོར་གསུམ་ན། །བོང་རྨེད་ལྟེ་བའི་གྱེན་མཚོན་གང་ན་གནས། །ལོང་རྩ་ལྟེ་ཟུར་གཡས་གཡོན་མཚོན་རེ་ན། །རྒྱུ་རྩ་དེའི་མཇུག་སྣེ་ཁུད་གཉིས་ན་འགྲིམས། །རྒྱུ་ལོང་ནང་རྩ་འཁྱོག་མཚམས་རྒྱུ་ཚིལ་འབྲེལ། །བསམ་སེའི་རྩ་ནི་དཔྱི་ནས་སྣེ་སར་རྒྱུ། །ལྒང་པའི་ཆུ་རྩ་སྲོག་རྩ་སྲིད་རྩ་གསུམ། །མཚན་དབྲག་བར་གྱི་དབུས་དང་གཡས་གཡོན་གནས། །དེ་ལྟར་བཤད་པའི་རྩ་རྣམས་ཆད་གྱུར་ན། །ཕལ་ཆེར་འཆི་ཞིང་བཙན་བརྡུངས་ཐིགས་སུ་འགྱུར། །རྒྱ་སྐར་ལྟ་བུའི་གསང་ས་བསྟན་པ་ནི། །གསང་ལ་རང་གསང་མདའ་གསང་ཕོག་གསང་དང༌། །དབྱེ་བའི་གསང་དང་རྣམ་པ་བཞི་རུ་འདོད། །རང་གསང་ཁ་ནི་གློ་སྦུབས་ཕོ་སྟོད་གསང་། །འཕོངས་ནི་རྒྱུ་ལོང་ལྒང་མཁལ་རང་གསང་ཡིན། །མདའ་གསང་སྟོད་གསང་ཕྱལ་མོ་ཅུར་འབྱིན་ཐུབ། །མཆིན་དྲི་ཁུག་པ་ཁྲ་བོས་མཛུབ་རེ་ཐུབ། །སྒལ་འདབས་གཡས་གཡོན་ནུ་ཚོན་གང་གི་འོག །རྩེ་སོར་བཞི་བཞི་སོང་ཡང་དོན་མི་སླེབ། །སྟོད་དུ་གང་ཡང་སོར་གསུམ་དོན་མི་སླེབ། །སྨད་དུ་གང་ཡང་སོར་གཉིས་སྣོད་མི་སླེབ། །གཞན་ཡང་ལུས་ཀྱི་སྡོད་ལུགས་ཕོག་ལུགས་ཀྱིས། །གསང་མེད་སར་ཡང་ཅུར་འབྱིན་ཐུབ་པ་ཡོད། །གསང་དུ་ཕོག་ཀྱང་དོན་སྣོད་སླེབ་པ་ཡོད། །ཕོག་གསང་དབྱེ་གསང་རྣམས་སུ་མཚོན་ཕོག་པས། །མཚོན་ཕྱིར་ཁྲག་ཐོན་གསང་དབྱེ་མི་དགོས་སོ། །དབྱེ་གསང་སྟོད་ལ་བྲང་གི་སྙིང་གསང་དྲུག །གློ་མའི་མ་གསང་བཞི་དང་བུ་གསང་གཉིས། །མ་བུ་གཉིས་རྒྱུག་ཟུར་གསང་རྣམ་པ་དྲུག །གསང་ས་བཅོ་བརྒྱད་རྒྱ་སྐར་འབྱེད་པ་འདྲ། །དེ་ལ་བྲང་གི་སྙིང་གསང་དྲུག་པོ་ནི། །དཀར་ནག་མཚམས་ནས་གྱེན་དུ་ཚོན་གང་བཅལ། །དེ་ནས་གཡས་གཡོན་གཉིས་སུ་ཚོན་རེ་དང༌།  །ཕུན་རེ་བཅལ་བ་དཔལ་ཁབ་གསང་ས་ཡིན། །དེ་སྟེང་ཚོན་གང་བཅལ་བ་ཐུགས་ཁབ་གསང༌།  །དེ་སྟེང་ཚོན་གང་བཅལ་བ་བྱ་རོག་མིག །རྒྱབ་ཀྱི་གློ་བའི་མ་གསང་རྣམ་བཞི་ནི། །ཚིགས་པ་བཞི་པའི་གཡས་གཡོན་སོར་བཞིའི་ས། །གློ་བ་དྲུངས་ཁུད་རྣག་གི་འབབ་ས་ཡིན། །ཚིགས་པ་བརྒྱད་ནས་དགུ་པའི་ཐད་ཀ་རུ། །མཛུབ་གང་བཅལ་བ་སོག་པ་སོར་གཉིས་འོག །རྒྱབ་གསང་རིང་མོ་གློ་ཡུལ་རྣག་འབབ་ས། །བུ་གསང་ནུ་མ་གཉིས་ནས་མཆན་ཁུང་ངོས། །སོར་བཞི་དེ་ནས་ཐུར་དུ་སོར་བཞི་བཅལ། །ནུ་མ་ཆག་གང་བུ་ཡི་ཟུར་གསང་ཡིན། །མ་བུ་གཉིས་རྒྱུག་བཅུ་གཉིས་བཅུ་གསུམ་མཚམས། །ཆག་གང་མཁྱིད་གང་མཛུབ་གང་བཅལ་བའི་ས། །རྩིབ་མ་བཅུ་དང་བཅུ་གཅིག་བཅུ་གཉིས་དབར། །ཐེམ་ཁ་དང་པོ་བར་པ་ཐ་མ་གསུམ། །གློ་བ་མ་བུ་གཉིས་ཀའི་རྣག་འབབ་ས། །སྨད་ཀྱི་དབྱེ་གསང་ཚིགས་པ་བཅུ་བཞི་ནས། །གཡས་གཡོན་སོར་དྲུག་མཁལ་མའི་རྣག་འབབ་གསང༌། །ལྟེ་བ་སྣེ་དཀྱིལ་དཔྱི་ཟུར་མཚན་མའི་སྟེང༌། །ཐིག་བཏབ་རྒྱ་གྲམ་ལྟོ་བའི་སྤྱི་གསང་ཡིན། །ཨ་ལོང་ཁ་ནས་རྒྱབ་ཏུ་སོར་བཞི་ན། །གཞང་གསང་ཞེས་བྱ་ནང་གི་རྣག་འབབ་སའོ། །འོན་ཀྱང་སྟོད་སྨད་དབྱེ་གསང་མ་ཡིན་གཞན། །རྣག་གི་འབབ་ས་མ་ངེས་གར་བབས་དབྱེ།།

གཉིས་པ་ངོས་འཛིན་རྟགས་ལ་རྣམ་པ་བདུན། །དང་པོ་ཕོག་ས་ཡུལ་ལ་བརྟག་པ་དང༌། །གཉིས་པ་མཚོན་གྱི་བགྲོད་ལམ་བརྟག་པ་དང༌། །གསུམ་པ་ནང་དུ་རྡོལ་དང་མ་རྡོལ་བརྟག །བཞི་པ་ཁྲག་ངན་བབས་དང་མ་བབས་བརྟག །ལྔ་པ་དོན་སྣོད་ཟིན་དང་མ་ཟིན་བརྟག །དྲུག་པ་འཚོ་འམ་འཆི་བའི་ལ་ཤན་དབྱེ། །བདུན་པ་མདོར་བསྡུས་ཁ་དམར་གདགས་པར་བྱ། །དང་པོ་ཕོག་ས་ཡུལ་ལ་བརྟག་པ་ནི། །མཁར་དང་མཁར་མཚམས་གཞུག་རུས་གཉན་པ་སྟེ། །རྒྱུངས་པར་མ་སླེབ་མདེའུ་མ་ལས་འཚོ། །རྒྱུངས་ཟིན་ལྟག་པ་དགྱེ་ལ་སྒྱིད་པ་འཁྲིལ། །སྨད་འཕྱེས་དྲི་ཆུ་སྡོམ་ན་བདུན་ན་འཆི།  །བྲང་རུས་གཉན་ཏེ་ལྷ་བྱེར་འབྲས་སུ་འགྲོ། །བྱ་འདབས་ལྷ་རུ་རྩེ་དང་དཔྱི་སོགས་འབྲིང༌། །སྒྲོག་རུས་རྩིབ་མ་ཉེན་ཆུང་ཟུག་གཟེར་ཆེ། །ཕྱི་བཤུལ་བཅད་ན་སྐྲངས་ཤིང་སྒུར་པོར་འགྲོ། །བཞག་ཤ་དཀར་ནག་གསོག་ལ་གཟེར་ཞིང་འབྱེར། །དེ་དག་རབ་གཉན་ཤ་གནད་ཕྱི་མ་འབྲིང༌། །ནང་རྩ་ཀུན་དང་གློ་བུ་སྙིང་རྩ་གཉན། །གློ་མ་མཁལ་རྩ་འབྲིང་སྟེ་རྩ་གཞན་ཐ། །སྙིང་དང་གློ་བུ་མཆིན་མཁལ་རྒྱུ་མའི་ཡུལ། །ཕོག་པའི་སར་ངན་གློ་མ་མཆེར་པ་དང༌། །ཕོ་ལོང་ལྒང་པའི་ཡུལ་རྣམས་འབྲིང་པོ་ཡིན། །དོན་སྣོད་ཡུལ་མིན་གསང་སྟོང་ཕོག་ས་བཟང༌། །གཉན་དང་མི་གཉན་ཡུལ་ལ་བཟང་ངན་ཤེས། །དེ་ཕྱིར་དང་པོ་ཕོག་ས་བརྟག་པར་བྱ། །གཉིས་པ་མཚོན་གྱི་བགྲོད་ལམ་བརྟག་པ་ནི། །ཕོག་པའི་ས་ལ་ངེས་མེད་གར་ཕོག་ཀྱང༌། །གནད་ལ་སྙེག་དང་གནད་མེད་འཚེབས་པ་ཡོད། །དེ་ཕྱིར་མཚོན་གྱི་བགྲོད་ལུགས་ཤེས་པ་གཅེས། །ཤ་གཤགས་རུས་ཕུག་རྩ་ཆོད་དོན་སྣོད་ཟིན། །རིམ་པས་ཉེན་ཆེ་བཞི་སྦྲགས་ཕུག་པ་འཆི། །གློ་བ་མ་ལ་སྟེང་འོག་དྲང་ཐད་རྨ། །རིམ་པས་འཚོ་འཆི་རྐྱེན་ལ་རག་ལས་འགྱུར། །གློ་སྟོད་མཚོན་ལམ་རིང་ན་ནང་རྩ་སྙེག །མོད་ལ་ཁྲག་གིས་འབྱོར་ན་འཚོ་བ་ཡིན། །རྩ་ཁ་ཤོར་ན་ལུས་ཀུན་བུས་ལྟར་སྐྲངས། །ཁྲག་གིས་བྱང་ཁོག་ཁེངས་ནས་འཆི་བར་འགྱུར། །དེ་ཕྱིར་རྩ་ཁ་འབུད་པའི་ཟས་སྤྱོད་གཟབ། །མཚོན་ལམ་ཐུང་ན་རྩ་ཁ་མི་ཟིན་ཞིང༌། །ཆུ་སེར་ལྗིད་མི་ལྟུང་བས་མཁས་ན་འཚོ། །གློ་སྨད་མཚོན་ལམ་ཐུང་ཡང་ཆུ་སེར་གསོག །མཚོན་ལམ་རིང་ཡང་རྩ་ལ་ཟིན་པ་ཉུང༌། །དེ་ཕྱིར་དོན་ཐིགས་གསོག་པས་གསོ་དཀའ་སྦྱོང༌། །གསུམ་པ་ནང་བརྟོལ་མ་བརྟོལ་བརྟག་པ་ནི། །ནང་བརྟོལ་སྨྲར་བཅུག་སྐད་ཀྱི་མཇུག་ཆད་ཅིང༌། །འགྲོ་བའི་སྟངས་ཞན་ཁོང་ལྕི་དབུགས་མི་བདེ། །གློ་སོར་ལངས་པས་གང་རྒྱབ་ཕྱོགས་སུ་འཁྱོག །ཁ་ཟས་མི་འདོད་ཟུག་ཆེ་སྐྲ་མཚམས་རྔུལ། །དེ་དགུ་ཚང་ན་ནང་དུ་བརྟོལ་བ་ཡིན། །གསང་སྟོང་ཕོག་དང་དོན་སྣོད་མ་ཟིན་ཞིང༌། །ཁྲག་མ་ཤོར་ན་མདའ་ལམ་རིང་གྱུར་ཡང༌། །ཟུག་ཆུང་དབུགས་བདེ་མདངས་གསལ་འགྲོས་མ་ཉམས། །ཚད་པ་མ་སྐྱེས་ཟས་ཞིམ་སྐད་གདངས་དྲག །དེ་ནི་བརྟོལ་བའི་མ་བརྟོལ་བ་ཞེས་བྱ། །རྩ་གཉན་ཆོད་ན་ངོམས་ནག་གདོང་པ་སྣུམ། །ལུས་ལྕི་སྐོམ་དད་ཆེ་ལ་དང་ག་འགག །ཉིན་མོ་གཉིད་དང་ཟུག་ཆེ་གློ་མང་སོར། །རྩ་ཐིགས་གསོག་པས་མ་བརྟོལ་བརྟོལ་དང་འདྲ། །ཤ་གཉན་རུས་གཉན་བཅད་བརྡུངས་ཟུག་གཟེར་ཆེ། །མ་བརྟོལ་བ་ཡང་བརྟོལ་བར་གོལ་ས་ཡོད། །སྦོ་སྒྲེག་དྲི་ཆུ་སྲི་དང་ལྡང་དུབ་བྱེད། །བྱང་ཁོག་སྨད་ཀྱི་ནང་བརྟོལ་སྤྱི་རྟགས་ཡིན། །བཞི་པ་ཁྲག་ངན་བབས་པའི་རྟགས་བསྟན་པ། །གླང་ཐབས་ན་ཞིང་ཁུག་པ་ལྷེན་འོག་གཟེར། །ཙོག་པུར་མི་ཟུག་སྔས་ལ་ཉལ་མི་ཤེས། །ལུས་འདར་སྐྲ་འདབ་རྔུལ་ཞིང་སོ་དྲེག་ཆགས། །གྲང་ན་ཟུག་ཆེ་དྲོས་ན་བདེ་བར་ཚོར། །ཞག་ཏུ་ལོན་ནས་ལྕེ་མཆུ་རྙིལ་བཀྲག་འཆོར། །རྩ་གྲིམས་ཆུ་དམར་སྟོད་དགུ་ཤེད་ཉམས་བྲི། །དེ་རྟགས་ལྡན་ན་ཁྲག་ངན་བབ་པར་ངེས། །ལྔ་པ་དོན་སྣོད་ཟིན་པའི་རྟགས་བསྟན་པ། །དོན་ཟིན་ཕོག་དུས་ཤེས་པ་ཟི་ཞིང་འཚུབ། །གང་ཟིན་ཚིགས་གསང་ཁ་བྱེ་མནན་ན་ན། །དབུགས་ཐུང་དགྱེ་དགུ་མི་ཤེས་པང་འཆོས་དགོས། །མོད་ལ་རྩ་ཆུའི་ཚ་བ་འུར་གྱིས་སྐྱེ། །དེ་དག་དོན་ལ་ཟིན་པའི་སྤྱི་རྟགས་ཡིན། །ཁྱད་པར་སྙིང་ལ་མཚོན་ཕོག་བཏོན་དུས་འཆི། །སྙིང་ཚིལ་བརྒྱལ་འབོག་དངང་འདར་བཞིན་མདངས་ཉམས། །ཆུ་གཏོར་ཁུས་གདབ་བསྐུ་བྱུག་འོ་དྲོན་གཏིག །དེ་རྗེས་གྲུངས་ནས་དྲན་གསལ་གསོ་གླགས་ཡོད། །སྙིང་རྩ་བཙན་ཆོད་སྨྱོ་འདར་དངང་ཆུང་འབྱུང༌། །རྩ་ཐིགས་ཤོར་ན་སྙིང་ལ་རྣག་ཆུ་གསོག །སྲོག་རྩ་ཆད་ཕུག་རྒྱབ་པའི་མོད་ལ་འཆི། །བཙན་བརྡུངས་ཟུག་གཟེར་ཆེ་ཞིང་འདྲེ་ལོག་བྱེད། །ལག་པས་ས་འབྲད་ཚབས་ཆུང་འཚོ་བ་སྲིད། །གློ་ཕུག་གློ་ལུ་མི་ཤེས་ཟ་ཟི་སྨྲ། །དབུགས་ནི་ཉི་མས་འཚིག་པའི་ཁྱི་དང་འདྲ། །རྨ་ནས་དབུགས་འབྱུང་ཁྲག་ལྦུ་ཅན་དུ་སྐྱུག །སྟག་མགོ་ཟིན་ན་ཞག་བདུན་ལོ་དུས་འཆི། །གློ་སྒང་བདུན་དགུ་རྩིབས་ལ་དགུ་བཅུ་གཅིག །གློ་གཤམ་བཅུ་བདུན་བཅུ་དགུའི་དུས་ན་འཆི། །གློ་བུ་གང་ལ་ཕོག་ཀྱང་མོད་ལ་འཆི། །འགོར་ཡང་ཞག་གསུམ་དག་ལས་རིང་མི་སྡོད། །གློ་རྩ་ཆོད་ན་ལུད་པ་ཙན་དམར་ལུ། །རྩ་སྟེང་ཁྲིད་ཅིང་གཟེར་ལ་ཚ་བ་སྐྱེ། །གདོང་སྣུམ་དབུགས་མི་བདེ་ལ་གྲང་ཤུམ་བྱེད། །རྩ་ཐིགས་ཤོར་ན་གློ་ལ་རྣག་ཆུ་གསོག །ཁྱད་པར་ཚིགས་འགྲམས་སྟོད་དུ་མཇིང་པ་རེངས། །སྨད་དུ་མཁལ་རྐེད་ན་ཞིང་རྐང་པ་འཕྱེས། །ཁུག་པ་ལྡང་དུབ་སྔོན་བུ་སྐྱིགས་བུས་འདེབས། །གཟེར་མགོ་སྐད་འཛེར་མགོ་དམའ་དུང་འབུད་སྐྲངས། །བསྣོལ་མ་ཉལ་དཀའ་ཆར་བུ་སོག་དབྲག་གཟེར། །མཆིན་དྲི་དཀར་པོ་བཅད་ན་སྐད་མི་ཕྱིན། །དབུགས་བསྡམ་འབུར་ཚུགས་བལྟ་ཞིང་ཡན་ལག་གཡོབ། །ཟུག་ཆེ་སྒྲེག་པ་མང་ལ་ཟས་ཟོས་ན།།ཚབས་ཆུང་མཁས་པས་མོད་དུ་གསོས་ན་འཚོ། །རྟགས་ཚང་ལྔ་ལ་ནད་ལྡོག་བདུན་ན་འཆི། །ཡོལ་བ་ཕུག་ན་སྟོད་ཁྲག་སྨད་དུ་འཆོར། །སྨད་རླུང་སྟོད་དུ་འཆོར་བས་འཕྲལ་དུ་འཆི། །ནག་པོ་མགོ་ལྕི་མིག་འཛུམ་ཁྲག་ནག་སྐྱུག །ཕུས་འདེབས་མིག་རྩ་རྒོད་ལ་བར་སྣང་བལྟ། །འདུག་སར་མི་ཚུགས་དགུ་ཡི་དུས་ན་འཆི། །སྨྲ་འདོད་ཞེ་ས་མཁས་ལ་འགྲོ་འདུག་བྱེད། །ཆང་འདོད་བླུད་ན་ཡི་གར་མི་ཡོང་བ། །ནག་པོ་བཙན་བརྡུངས་རྟགས་དེ་གསོ་བར་ནུས། །མཆིན་པ་རྩི་ཉམས་གྱུར་པས་འཆི་བ་སྟེ། །ཚབས་ཆེ་ཁྲག་ཏུ་འཁྲུ་སྐྱུག་ཕོག་དུས་འཆི། །བརྡབས་བརྡུངས་མིག་དམར་མདོག་སྔོ་འཁུན་བུ་འབྱུང༌། །གདོང་སྣུམ་འགུལ་ན་རྩ་རྒྱས་ལྡང་དུབ་བྱེད། །ཚབས་ཆུང་གྱུར་ན་མོད་དུས་གསོ་གླགས་ཡོད། །མཆིན་རྩ་བཙན་ཆོད་མགོ་དང་དཔུང་པ་ན། །ངོ་གདོང་སྣུམ་ཞིང་མིག་སྤྲིན་དམར་པོར་འགྲོ། །མཆེར་པའི་ཆ་ག་སྙིང་འདར་གྲང་ཤུམ་བྱེད༌།  ཁོང་སྦོ་ཕྱི་ས་འགགས་ཏེ་ལྔ་ན་འཆི། །བརྡབས་བརྡུངས་མཐིལ་དུ་ཕུག་ན་ཁོང་པ་སྦོ། །འཁྲུ་འམ་རྒྱུན་འགག་གཡལ་སྦྲིད་མཆུ་རྙིལ་སྐྱ། །གདོང་མིག་ནག་ཐིག་འབྱུང་སྟེ་མཁས་པས་འཚོ།  །མཁལ་མ་གཉིས་ལ་རྩི་ཉམས་གྱུར་པས་འཆི། །མཁལ་ཐག་ཆད་ན་རྐང་པ་སྡུད་མི་ཤེས། །ཕུས་འདེབས་ལུས་བགྲད་ཞག་གཅིག་ལོན་ནས་འཆི། །བརྡབས་བརྡུངས་མཁལ་ཚིལ་ཟིན་ན་ལུས་པོ་ལྕི། །རྐང་ལག་སྡུད་དཀའ་ཆུ་སྲི་རྣ་བ་འོན། །དེ་ནི་མཁས་པས་འཚོ་བ་མང་བ་ཡིན། །མཁལ་མའི་རྩ་ལ་སོང་ན་རྐང་པ་བཤལ། །དྲི་ཆུ་སྡོམ་ཞིང་རྩ་རྒྱུད་ཁྲིད་ནས་གཟེར། །སྣོད་ཕུག་ཕྱི་རྟགས་རྩིབ་མ་ནང་ཟུག་འཁྲུ། །ཕོ་བ་ཕུག་པ་མི་སྦོ་བཙན་ཐེམས་སྦོ། །ཐེར་ཕོག་འཚོ་སྟེ་རྫེམས་ལ་ཕོག་པ་འཆི། །དེ་རྟགས་གླང་ཐབས་ན་ལ་དྲི་ཆུ་སྡོམ། །ལུས་ཀྱི་སྟོབས་ཤོར་ཅི་ཟོས་མི་ཆགས་སྐྱུག །འཚོ་སྙམ་བྱེད་ཀྱང་བཅུ་བཞི་ཉི་ཤུ་གསུམ། །སུམ་ཅུ་ལྔ་ལ་འཆི་བདག་ལག་ཏུ་འགྲོ། །མཁྲིས་པ་ཕུག་ན་མཁྲིས་པ་འཁྲུ་སྐྱུག་འཆི། །བརྡབས་བརྡུངས་མིག་ཆུ་ཤ་མདངས་སེར་པོར་འགྲོ། །མོད་དུས་མ་བཅོས་ཞག་ལྔའི་དུས་ན་འཆི། །ལོང་སྟོད་ལུ་གུ་མགོར་ཕོག་གླང་ཐབས་ན། །ཁྲག་རུལ་འཁྲུ་སྐྱུག་དགུ་ཡི་དུས་ན་འཆི། །སྲིན་ལོང་སྲིན་བུ་འཁྲུ་སྐྱུག་གླང་ཐབས་འབྱུང༌། །ལོང་ཐེར་སྦོ་ལྡེང་དྲི་ཆུ་སྲི་བར་བྱེད། །དེ་ཉིད་མཁས་པས་གསོས་ན་ཕལ་ཆེར་འཚོ། །རྒྱུ་མ་ཕུག་ན་ལུས་པོ་འདུག་མི་ཚུགས། །ཟུག་ཆེ་མཚན་མ་ཉེད་ལ་ཚ་འབྲབ་བྱེད། །རྒྱུ་མ་བུག་པ་དུ་ཡོད་ཞག་རེ་ཐུབ། །མ་ཕུག་ལུག་པ་བཅོས་པས་འཚོ་བ་ཡོད། །བརྡུངས་སམ་བཅད་ན་ཁ་ཁ་ཚ་བ་སྐྱེ། །རྒྱུ་མ་གཟེར་ལ་འཁྲུ་ཞིང་མིག་ཆུ་སེར། །གཉེ་མ་ཕུག་ན་སྲིན་བུ་གྱེན་ཐུར་འབྱུང༌། །ཧས་འདེབས་ཐལ་མོ་རྡེབ་ན་གཅིག་ན་འཆི། །གཞང་ལ་ཕོག་ན་དྲི་མ་ལྡུག་གམ་སྡོམ། །ནག་པོ་འཚོ་དཀའ་དཀར་པོ་འཚོ་བར་འགྱུར། །ལྒང་པ་བསྣད་ཕུག་དྲི་ཆུ་སྲི་འམ་ལྡུགས། །ཁ་ལ་སོང་ན་འཆི་སྟེ་ཐེར་ལ་འཚོ། །བསམ་སེར་སོང་ན་ལུས་སྦྲིད་གན་རྐྱལ་འགྱེལ། །འདྲེ་ལྡོག་བྱེད་ཚབས་ཆུང་ན་འཚོ་བ་ཡོད། །མཆེར་པ་རྒྱུ་ལོང་ལྒང་པ་བསམ་སེ་སོགས། །རྩ་རྣམས་རང་རང་རྟགས་དང་ཁྱད་པར་མེད། །དྲུག་པ་འཚོ་འཆིའི་ལ་ཤན་དབྱེ་བ་ནི། །རྒྱབ་པའི་མོད་ནས་དྲན་པ་ཉམས་པ་དང༌། །བརྒྱལ་འབོག་དངང་འདར་ཁྲག་ཏུ་འཁྲུ་སྐྱུག་འཆི། །མཚོན་ཕོག་གསུམ་དང་ལྔ་ཡི་བར་དག་ཏུ། །ཅིས་ཀྱང་ཚ་བ་མི་ཆོགས་ཟུག་མི་འབྲི། །ཇི་ལྟར་བཅོས་ཀྱང་སྐྱེད་མེད་འཆི་བར་ངེས། །ཤེད་མེད་ཚ་བ་སྐྱེ་ལ་དང་ག་འགག  །རྟག་ཏུ་འཁྲུ་སྐྱུག་དྲི་ཆུ་སྲི་ན་འཆི། །མིག་མདངས་ཉམས་ཤིང་འཛུམ་དཀའ་གྱེན་ཏུ་ཟློག །ཁ་སྣའི་དབུགས་གྲང་གདོང་ལ་བག་རྔུལ་ཆགས། །ལུས་ཀྱི་སྟོབས་ཤོར་སྟན་ལ་འབྱར་བ་ན། །འཆི་བའི་བྱ་གཏོང་གསུམ་ན་འཆི་བར་ངེས། །དོན་སྣོད་འཆི་ལྟས་འཆི་དུས་གོང་དུ་བསྟན། །རྩ་རྒྱུད་མ་སྟོངས་ཟུག་གཟེར་བར་ཐག་རིང༌། །སྨན་དཔྱད་བདེ་སྐྱེད་ཆེ་ན་འཚོ་བ་ཡིན། །བདུན་པ་མདོར་བསྡུས་ཁ་དམར་འདི་ལྟར་གདགས། །ནང་དུ་རྡོལ་ཡང་ཁྲག་བབས་བུངས་ཆུང་ན།  །ཉེན་ཆེ་བཅོས་སུ་ཡོད་པར་ཁ་དམར་གདགས། །ཁྲག་བབས་ཆེ་འམ་དོན་སྣོད་ཟིན་པ་ལ། །འཆི་བའི་བྱ་གཏོང་གསུམ་གྱིས་སླེབ་མ་སླེབ། །གསུམ་དང་ལྔ་ཡི་བར་དུ་ཤན་མི་ཕྱེད། །ཞག་ལྔའི་བར་དུ་བྱ་གཏོང་མ་བྱུང་ན། །དེ་ལ་མཁས་པས་རྩལ་བཞི་སྤྲུགས་པས་ཐུབ། །བྱ་གཏོང་སླེབ་ན་འཆི་བར་ཁ་དམར་གདགས། །དོན་སྣོད་མ་ཟིན་ཁྲག་ངན་མ་བབས་ན། །ནང་རྡོལ་གྱུར་ཀྱང་འཚོ་བར་ཁ་དམར་གདགས། །རྩ་ཆེན་ཆོད་དམ་ཁྲག་བབས་ཆེ་བ་དང༌། །གཉན་པ་དོན་སྣོད་སྟེང་དུ་མཚོན་ལམ་རིང༌། །འཆི་བདག་བྱ་གཏོང་གསུམ་ལ་འོང་ལོང་མེད། །ལ་ཆེན་འདའ་བར་ཁ་དམར་གདགས་པར་བྱ། །དེ་བཞིན་ཕོག་ས་གཉན་དང་མི་གཉན་དང༌། །མཚོན་གྱི་བགྲོད་ལམ་ཞག་ཀག་འཆི་རྟགས་དང༌། །བཅོས་སྐྱེད་སྦྱར་ལ་འཚོ་འཆིའི་ཁ་དམར་གདགས།  །ཐེ་ཚོམ་ཟ་ན་ཤན་མི་ཕྱེད་པར་སྨྲའོ།།

བཅོས་པའི་ཐབས་ལ་རྣམ་པ་གསུམ་ཡིན་ཏེ། །ཟུག་རྔུ་མཚོན་དང་སྦྱར་ལ་བཅོས་པ་དང༌། །ཕོག་ས་གནས་དང་སྦྱར་ལ་བཅོས་པ་དང༌། །སྟོད་སྨད་ཡུལ་དང་སྦྱར་ལ་བཅོས་པའོ། །ཟུག་རྔུ་མཚོན་དང་སྦྱར་ལ་བཅོས་པ་ནི། །རྡོ་དབྱུག་བརྡུངས་དང་གཡང་ལྷུང་ཐིབས་འོག་ཚུད། །རྨ་མེད་བྱང་ཁོག་སྟོད་སྨད་ཕྱི་ནང་འགྲམས། །གཟེར་ཟུག་ཆེ་ཞིང་དགྱེ་དགུ་དཀའ་བ་དང༌། །རྩ་ཆུ་ཚ་བ་སྐྱེས་ན་སྨུག་ཟིལ་འབྱུང༌། །དེ་ལ་ཐང་གཏར་ཕྱེ་མ་དུགས་ལ་སོགས། །གང་འཚམ་བཅོས་ཀྱིས་འཚམ་པའི་ཚ་རླངས་བསད། །སྦྱོར་བ་འགྲམས་བཅོས་ལེའུར་ཤེས་པར་གྱིས། །གྲིའམ་མདུང་གིས་གཤགས་བཅད་ཕུག་པའི་རྨ། །དང་པོ་ཨ་ས་སྦང་མའི་ཆས་སུ་གཞུག །དེ་འོག་ཧྲེམ་ན་ཞུན་བྱ་རྣག་ན་འབྱར། །བྱེར་ན་དེབ་བཏང་སྐྱོན་སོལ་རྨ་རྩིས་གསོ། །མདའ་ཡིས་ཕོག་ལ་ཟུག་རྔུ་ལས་མ་ལས། །ཟུག་རྔུ་མ་ལས་རྨ་ཁར་ཨ་སས་བདུག །དེ་ཡིས་ཁྲག་འདོན་རླུང་བྱེར་རྨ་རེད་འདུལ། །ཤ་གནད་མ་གཏོགས་ཆས་མེད་ཀྱི་རྨར་བཞག །རྨ་སྐམས་རྩ་འབྱོར་ཆུ་སེར་ནད་མི་གསོག །ཟུག་རྔུ་ལས་ན་སྡོད་དམ་མི་སྡོད་བལྟས། །སྡོད་རྟགས་ཟུག་ཆུང་སྡང་ཉལ་བདེ་ན་བཞག །མལ་བཅའ་གོས་བསྐོན་སྟོད་ལ་མནན་ཐབས་བྱ། །སྡོད་དུ་མི་འདོད་དབྱུང་བར་བྱ་བ་སྟེ། །དེ་ལ་སྟོར་བ་བཙལ་དང་དབྱུང་བ་གཉིས། །སྟོར་བའི་ས་ལ་ཕྱི་ནང་རྣམ་གཉིས་ཏེ། །ཕྱི་ལ་ཤ་སུལ་རུས་པར་མདེ་སྟོར་ན། །དེ་རྟགས་ཡན་ལག་དག་དང་ཁྱད་པར་མེད། །ནང་དུ་དོན་སྣོད་སོ་སོར་མདེ་སྟོར་ན།  །ཕྱི་རྟགས་ནང་རྟགས་གསང་རྟགས་གསུམ་གྱིས་བཙལ། །ཕྱི་རྟགས་སྙིང་སྲོག་བར་དུ་མདེ་ལུས་ན། །གཟེར་བ་མང་ཞིང་རྒྱབ་ཀྱིས་ཉལ་མི་ཤེས། །བྱ་རྨྱང་བྱེད་འདོད་ཁ་བུབ་བདེ་བར་ཚོར།  །གློ་མའི་སྲུལ་ན་མདེ་ཡོད་དབུགས་མི་བདེ། །སྦྲིད་པ་ཡང་ལ་འཆག་འདོད་མཆན་འོག་གཟེར།  །ལོགས་གཉིས་ཉལ་བ་མི་ཤེས་ཙོག་པུར་བདེ། །སྐེ་རྩ་འགྲེང་ཞིང་ལག་པ་བརྐྱང་བསྐུམ་དཀའ། གློ་བའི་བུ་ལ་མདེ་ཡོད་ལུད་པ་དམར། །རང་གི་ལྟེ་བ་མི་མངོན་སྒུར་ན་གཟེར། །སྔས་དམས་ཉལ་དཀའ་དཀར་ནག་མཚམས་སུ་ན། །སྲོག་རྩར་མདེ་སྟོར་སྐས་ལ་འཛེག་མི་ཤེས། །མཆིན་དྲིར་མདེ་ཡོད་ལུས་ལྕི་ངོ་སྣུམ་འཁྲུ། །ཙོག་པུར་བསྡད་ན་མཆིན་པ་ཁེངས་སྙམ་བྱེད། །ཀོ་ལེར་ལངས་ན་དཔྱང་ལ་བཏང་སྙོམ་བྱེད། །མཆིན་སྟེང་མདེ་ཡོད་མཆིན་པ་གླང་ཐབས་ན།  །སྒུར་འགྲོས་པུས་བྲང་འཆའ་དང་གཅུ་མི་ཤེས། །མཆེར་ལ་མདེ་ཡོད་དབུགས་ཐུང་ཁོང་པ་སྦོ། །ཕོ་མཆིན་བར་ན་མདེ་ཡོད་སྐོམ་འཐུངས་ན། །ལག་པས་མཉེ་བ་མི་བཟོད་གླང་ཐབས་ལྡང༌། །ཕོ་བ་ལ་ཡོད་མི་སྦོ་ཁ་ཟས་སྐྱུག །བྲང་གི་ཞོལ་ལ་མདེའུ་ཡོད་ན་སྦོ། །མཁལ་མར་མདེ་ཡོད་ཆུ་སྲི་གླང་ཐབས་ན། །རྐང་པ་འཁུམས་ནས་ཡོད་ངོས་ཉལ་མི་ཤེས། །རྒྱུ་མ་ལ་ཡོད་ཟས་སྐོམ་བཏང་ན་ན། །མཉེ་བར་མི་བཟོད་ཐེམ་པ་རྒལ་མི་ཤེས། །གོམ་པའི་ཤུགས་ཆུང་དྲི་ཆུ་སྡོམ་པ་དང༌། །ཟུག་གཟེར་ཆེ་ཞིང་ལྡང་དུབ་བྱེད་ན་ཡོད། །ལོང་ལ་མདེ་ཡོད་བསླང་ན་ཟོས་འཐུངས་བདེ། །ནང་བརྟག་བྱ་མོ་ནག་མོའི་སྒོང་ཁྲག་མཚལ། །ཆང་ཆུ་འོ་མ་བྱུགས་པས་སྨྱུག་མ་འཚུབ། །མདེ་འུ་ཉལ་ལ་རྭ་ཤིང་འགྲེང་བ་ཡིན། །སྣ་རྩེ་བྲང་གཞུང་མཐེབ་སྙིང་སྤྲ་བ་རེ། །མེ་ཕེབས་སྨྲ་མི་ཤེས་དང་ཀོ་ལེར་ན། །གསང་རྟགས་ཁྱི་དཀར་ཕག་ནག་བྱ་རོག་ཤ །སྲིན་བྱའི་ཤ་དང་ཆང་སྦྱར་ལྟོ་སྟོང་བཏང༌། །དོགས་སར་ལྕགས་གཡའ་སྲན་ཙམ་བྱུང་ན་ཡོད། །རུས་སྦལ་ཕག་རྒོད་བྱ་བྱི་ཕོ་མོའི་ཤ །ཆང་སྦྱར་ཐོ་རངས་ན་མ་ལྔ་བཏང་ལ། །བཞི་ནས་ཁབ་ལེན་ར་ཐུག་ཆུ་སྦྱར་བྱུག །དར་དཀར་ཤོག་བུ་བཀབ་པས་ལྕགས་གཡའ་འབྱུང༌། །ཧ་ཞིག་དུང་ཐལ་སྟག་གི་རྩིབ་རུས་དང༌། །བྱ་རོག་བྲུན་རྣམས་ཆུར་སྦྱངས་ཁོང་དུ་བཏང༌། །ལྕགས་གཡའ་འབྱུང་དང་ཀོ་ལེར་འགུལ་ན་ཡོད། །འདོན་པའི་ཐབས་ལ་སྨན་དང་དཔྱད་གཉིས་ཡིན།  །གནད་མེད་ལམ་ཐུང་ངོས་ཟིན་མདེ་ལག་སྤྲད། །སྐམ་པས་ཕྱུངས་ཏེ་ཡན་ལག་ལྟ་བུར་བྱ། །ལམ་གཉན་གཏིང་རིང་མདེ་ལག་མ་ཕྲད་པ། །སྨན་གྱིས་དབྱུང་སྟེ་བྱ་མ་བྱི་ཡི་ཤ །བྱ་རོག་ཤ་དང་ཁབ་ལེན་སྨུག་པོ་དང༌། །ཕག་རྒོད་མཆེ་བ་ཉ་ཤ་ཆང་སྦྱར་བཏང་། །བྱ་ནག་ཤ་གསར་རིལ་ལྟོ་ཕྱུངས་པའི་ནང༌། །སོ་བ་ཕུལ་གང་ཁྲམ་ཁྲུམ་བརྡུངས་པ་དང༌། །ལྡོང་རོས་བཅའ་སྒ་ཨ་རུ་བཏགས་པ་བླུག །འཚོས་པར་བཙོས་སྐམས་བསྲེགས་པའི་ཐལ་བ་དང༌། །ཉ་ཤ་སྦྱར་བཏང་ཕྱིར་ལ་འབྱུང་བར་ངེས། །གི་ཝཾ་རྩངས་པའི་ཤ་དང་ད་བྱིད་དང༌། །རྒྱ་རུ་ཀ་ར་སྦྱར་བཏང་རྨ་ནས་འབྱིན། །རྨོན་ལྕགས་རྩེ་བརྡར་ལྕགས་ཕྱེ་བྱེ་སྒོང་གང༌། །ལྕགས་འབྱེད་བཙའ་སྦྱར་ཆང་བྲེ་ཕྱེད་ལ་བསྡུ། །ཁཎྜ་བྱས་ཏེ་ཁོང་བཏང་ཕྱིར་འབྱུང་བྱེད། །ཕྱི་ནས་ཁབ་ལེན་སྦྲུལ་ཚིལ་མི་ཀླད་སྦྱར། །རེང་བུ་རྨ་རུ་བཅུག་པས་ཕྱིར་ལ་འདྲེན། །བྱ་མ་བྱི་དང་ཕག་པའི་ཤ་ལྷུ་རེ། །ཆུ་བྲེ་གང་ལ་བུམ་པར་བཙོས་པ་ཡི། །རླངས་པས་རྨ་ཁར་བདུགས་པས་ཕྱིར་འབྱིན་བྱེད། །ཕོག་ས་གནས་དང་སྦྱར་ལ་བཅོས་པ་ནི། །ཤ་གནད་འཇིབས་ལུམས་ཞུན་ནན་འབྱར་གྱིས་བཅོས། །རྨ་གསར་དང་པོ་ཨ་ས་བ་ཡིས་བདུག །དེ་ནས་སྦང་མའི་འཇིབས་སུ་གཞུག་པར་བྱ། །སྐྲངས་ན་བསིལ་ལུམས་དྲོད་ལུམས་རིག་པས་སྦྱོར། །སྐྲངས་དམར་ཚ་བ་ཆེ་ན་གཏར་བ་ཤིས། །ཏིག་ཏ་ཧོང་ལེན་ཀྱི་ལྕེ་པར་པ་ཏ། །ཆུ་རྩ་བྲག་སྤོས་ཞོ་སྦྱར་ནན་གྱིས་མནན།  །གྲང་སྐྲངས་སྦང་གར་སྒ་ཕབས་པི་པི་ལིང༌། །གོ་སྙོད་གཡེར་མ་ལྕ་འབྲས་མར་ཚིལ་བསྐོལ།  །བྱུགས་ལ་སྟེང་དུ་ཧེལ་གེའི་འཇག་གིས་དཀྲིས། །ཤ་གནད་བྱེར་ཞིང་སྐྲངས་པ་གང་ལ་ཡང་།  །ཀླད་པ་ཉེའུ་ནས་ཕྱེ་རྐང་མར་དང༌། །སྤོད་སྣ་ཆང་སྦྱར་བཙོས་པའི་ཞུན་དུ་གཞུག །སྐྲངས་གསོབ་མནན་ན་གསོག་ཅིང་གཟེར་བ་ལ། །ཞོ་དང་སྦང་གར་ཚིགས་མ་བག་ཕྱེ་སྦྱིན། །སྒོ་ང་དུད་པ་སྦྱར་བྱུགས་སྤུ་དེབ་བཏང༌། །བྱེར་ཚེ་ཕྱིང་དེབ་བསེ་ཁྲབ་ཆིངས་ཀྱིས་བསྡམ། །རུས་གནད་འཇིབ་རྩི་སྨན་བྲུད་མེ་ཡིས་བཅོས། །ལྷ་བ་ཅན་རུས་རྨ་ཁ་ཆེ་བ་ལ། །གུར་ཀུམ་ཤེལ་ཏ་ཨ་བྱག་དོམ་མཁྲིས་སྦྱར། །རེང་བུ་རྨར་བཏང་ལུག་གི་རྐང་མགོ་བརྡུངས། །ཞོ་དང་སྦྱར་བའི་འཇིབས་སུ་གཞུག་པར་བྱ། །དེ་ཡིས་ལྷ་བ་མི་འབྱེར་ཆུ་སེར་འདྲེན། །རྨ་ཁ་ཆུང་ན་བསྲེགས་པས་ཐུབ་པ་ཡིན། །སྒྲོག་རུས་རྩིབ་རུས་ཆག་པ་བསྲེགས་པས་ཐུབ། །ཚབས་ཆེ་སྐྱ་སྦྱོར་ཕྱིང་དེབ་བཏང་ལ་བཅིང༌། །རུས་པའི་རྨ་རྒན་གསེར་རམ་སྤྲ་བས་བསྲེག །ལྷ་བ་འབྱེར་ན་ཀྱོང་བུས་བྲད་པ་དང་། །རྨ་སྨན་གདབ་སོགས་མགོ་བོ་བཞིན་དུ་བཅོས། །གཞུག་རུས་མི་བསྲེག་བདུད་རྩི་ལྔ་ཡིས་བདུག །ཡང་ན་གླ་རིལ་སྤ་འུ་བསྲོས་པས་བདུག །བྱིན་གཞུག་ལོང་རྩ་གཉིས་ལ་ཅི་རིགས་གཏར། །རྗེས་ལ་རྩ་སྦྱོངས་ཆུ་ཚན་བསྔགས་པ་ཡིན། །རྐེད་པ་ཆག་ན་སྐྱ་སྦྱོར་ཕྱིང་དེབ་བཏང༌། །མི་འགུལ་གན་རྐྱལ་ཉལ་ལ་བསིལ་བཅུད་བསྟེན། །ཨ་བྱག་ཨ་བ་གང་རུང་སྲང་གཉིས་ལ། །ཆ་བཞིར་བགོས་ལ་ཆ་གཅིག་སྦྲང་དང་སྦྱར། །ཆ་གཉིས་བ་མར་ཆ་གསུམ་འོ་མར་སྦྱར། །ཆ་བཞི་པ་ནི་བུ་རམ་དཀར་པོ་བྱིན། །ཀུན་ལ་ན་མ་གསུམ་གསུམ་སྤེལ་ལ་བཏང༌། །རྐེད་པ་ཆག་དང་བཤུལ་ཤ་ཆད་པ་དང་། །རྨ་ཆེན་རྣག་ཁྲག་གསར་རྙིང་མེད་པར་སྐེམ། །རྩ་གནད་མེ་བཙའ་གཏར་ག་སྨན་གྱིས་བཅོས། །མེ་ལ་རྩ་ཆད་འཐུད་དང་ཁྲག་ཤོར་བཅད། །གསང་ཁ་བསྡམ་དང་ཨ་ན་ཚུགས་བཞིའོ། །དང་པོ་རྩ་ཆད་མེ་ཡིས་འཐུད་པ་ནི། །རྨ་ཁ་ཆེ་ན་རྩ་རྒྱུད་གོང་འོག་བསྲེག །ཆུང་ན་རྨ་ཁ་དེ་ཉིད་བསྲེག་པར་བྱ། །འཁྱུག་འཕྲེང་གང་གཟེར་ཨ་ན་ཚུགས་སུ་བསྲེག །ནང་རྩ་རྣམས་ལ་སྤྱི་གཙུག་སྡུད་སྒོ་དང༌། །རྐང་མཐིལ་མཐེ་བོང་སྤུ་སྐྱེས་སྲིན་ལག་སྙིང༌། །སོག་དཀྱིལ་དྲུག་བདུན་གསེར་གྱིས་བསྲེག་པར་བྱ། །མཁྲིས་སྣ་གུར་ཀུམ་མགྱོགས་མེས་རྩ་ཐིགས་བསྡམ། །མཁན་པ་ཞུ་མཁན་རྒྱ་སྐྱེགས་བཙོད་ཁུ་བསྡུས། །གུར་ཀུམ་དོམ་མཁྲིས་བཏབ་བཏང་རྩ་ཆད་འཐུད། །གུར་ཀུམ་མཚལ་དཀར་དོམ་མཁྲིས་ལི་ག་དུར། །གི་ཝཾ་ཤིང་ཚ་གསེར་གྱི་བྱེ་མ་དང༌། །རེ་སྐོན་མཚེ་ཐལ་སྒྲོ་གཞོབ་སྨྱུག་མའི་རྩི། །ར་ཁྲག་བསྲོས་པའི་ནང་དུ་སྤྲུ་འབུ་བསྡུས། །རྨ་ཁོང་གཉིས་ཀར་བཏང་བས་ཁད་སྤུ་གཞུག །གང་ཆད་དེ་ཡི་དོན་སྣོད་རྩ་ལ་གཏར། །ངན་ཁྲག་རྩ་རུ་དྲངས་ཏེ་ཡང་ཡང་གཏར། །རྩ་ཚད་ཆུ་སེར་ཕྱེ་མས་བསད་པར་བྱ། །གུར་ཀུམ་དོམ་མཁྲིས་མེ་ཏོག་ལེབ་རྒན་རྩི། །ལི་ཤི་ཤིང་མངར་མཚལ་དཀར་དར་ཡ་ཀན། །ཀ་ར་སྦྱར་ལ་ལྟོ་སྟོང་བཏང་བར་བྱ། །གློ་རྩ་ཨ་བྱག་ཤེལ་ཏ་སྤྱི་ཞུར་དང༌། །རྒྱ་སྐྱེགས་མི་མཁྲིས་གོང་སྟེང་བསྣན་ལ་བཏང་།  །སྙིང་རྩ་ཙན་དན་དཀར་དམར་ཞོ་ཤ་གསུམ། །མཆིན་རྩ་བྲག་ཞུན་མཁྲིས་ཆེན་གླ་རྩི་བསྣན།  །མཁལ་རྩ་སུག་སྨེལ་རུ་རྟ་འབྲས་བུ་གསུམ། །རྒྱུ་རྩ་གསེར་མེ་དུག་ཉུང་བོང་ང་དཀར། །གོང་ལ་བསྣན་པས་རྩ་ཚད་སེལ་བར་བྱེད། །རྩ་ཡི་རྒྱལ་པོ་སྲོག་རྩ་བཅོས་པ་ནི། །ལྟེ་འོག་སོར་བཞི་མིག་དམར་ཨ་སོ་དང༌། །སྒྲོག་རུས་གཤོང་དང་ཚིགས་པ་དྲུག་པ་བསྲེག །ལོང་རྩ་རྩ་ཆེན་སྣོད་ཀ་རྩེ་ཆུང་གཏར། །ལི་ཤི་ཀ་ར་འོ་མ་སྦྱར་ལ་བཏང༌། །རྒྱལ་བློན་གསུམ་པ་བསྟུད་ལ་བཏང་བར་བྱ། །རྩ་ནད་རྙིང་པ་བདུད་རྩི་ལྔ་ཡིས་བདུག །རྩ་སྦྱོངས་ཆུ་ལུམས་བྱས་ལ་ནད་ལྷག་གདོན། །སྟོད་སྨད་ཡུལ་དང་སྦྱར་ལ་བཅོས་པ་ནི། །བྱང་ཁོག་སྟོད་ལ་བཅོས་ཚུལ་རྣམ་གཉིས་ཏེ། །བགྲོད་ས་ལམ་དང་སྦྱར་ཏེ་བཅོས་པ་དང༌། །ཉེས་བྱེད་དུས་དང་སྦྱར་ལ་བཅོས་པའོ། །བགྲོད་ས་ལམ་དང་སྦྱར་ལ་བཅོས་པ་ནི། །ནང་རྡོལ་ཁྲག་བབས་དོན་ལ་ཟིན་པ་གསུམ། །ནང་དུ་རྡོལ་ན་རྩ་ཁྲག་མ་ཤོར་ཡང༌། །མཚོན་ཕྱིར་ཁྲག་བབས་ཞལ་ཅིག་འབྱུང་བའི་ཕྱིར། །དང་པོ་མགྱོགས་མེའི་སྦྱོར་བས་ཁྲག་ཐིགས་བསྐམ། །གུར་ཀུམ་རྒྱ་སྐྱེགས་མཁྲིས་སྣའི་མགྱོགས་མེ་བྱ། །དྲོད་ཆས་བསྟེན་ན་ཁྲག་ཚད་སྐྱེད་བྱེད་པས། །རྨ་ཁ་མི་སྐམ་ཆས་སྟེང་ཐེར་སྲབ་བཅིང༌། །ཚད་ཕྲན་སྐྱེར་མངོན་གཏར་ཕྱེ་རིག་པས་སྦྱར། །ཟས་སྤྱོད་བསིལ་ཞིང་དྲག་ཤུལ་སྤངས་པས་འཚོ། །ནང་རྡོལ་རྩ་ཆད་ཁྲག་ངན་ཤོར་བ་ན། །མེ་དང་སྨན་གྱིས་རྩ་ལ་ཁད་སྤུ་གཞུག །གུར་ཀུམ་ཕུར་ཐལ་མཁྲིས་སྣའི་མགྱོགས་མེ་བསྟེན། །ཁྲག་འཁྱགས་ཟུག་གཟེར་དུགས་ཐང་ཁུགས་ཀྱིས་བཅག །སྦང་གར་གཡེར་མ་ཚྭ་ཕབས་མར་ནག་ཕྱེ། །འཚོས་པར་བཙོས་པའི་ཟན་དྲོན་སླ་མོ་ཡི། །ཨ་སས་བདུགས་པས་ཁྲག་འདྲེན་ཟུག་གཟེར་གཅོག །ཆུ་རྡེ་བརྔོས་ལ་སིངས་པོའི་ཁ་ཕྲུ་བཏབ། །སྒྱེའུར་གཏུམས་ལ་གང་གཟེར་སྟེང་དུ་གླེན། །རྟ་སྦངས་སེར་ག་མ་ཡི་དུགས་ཀྱིས་བདུག །དེ་མ་འཛོམ་ན་ཡོས་དུགས་བྱས་ཀྱང་བཏུབ། །གླ་ཤིང་སྙིང་པོ་བསེ་རུ་འོ་མ་ཆུར། །བསྡུས་ཁུར་དོམ་མཁྲིས་ཀ་ར་བཏབ་ལ་བཏང༌། །ཁྲག་འཇུ་ཚ་བ་མི་སྐྱེ་ཟུག་གཟེར་གཅོག །དེ་མ་འཛོམ་ན་འོ་མ་བསྐོལ་བ་ལ། །དོམ་མཁྲིས་བཏབ་བཏང་ཁྲག་འཁྱགས་འཇུ་ཞིང་སྐེམ། །ཨ་རུ་སྒེ་གཤེར་རྒྱམ་ཚྭ་རྒྱ་སྐྱེགས་བསྡུས། །ཁུ་བར་དོམ་མཁྲིས་བཏབ་བཏང་གོང་བཞིན་ནོ། །འཚབས་མེད་ཁ་ཆེ་ནང་རྩ་མ་ཆད་ཅིང༌། །གསང་དུ་ཕོག་ན་ཁྲག་ཁུགས་མར་འདྲེན་ཤིས། །དཀུ་སྟོང་ལྷེན་འོག་དྲུ་བུ་སྙིམ་ཙམ་བཅུག །པུས་བྲང་བཅས་ལ་ཤམ་བུས་དམ་དུ་དཀྲི། །ཁུགས་ཤིང་སྟེང་དུ་རྨ་ཁ་ཐུར་ལ་བསྟན། །ཁ་ཆུང་ཁྲག་ཐོན་ཆུང་ན་ཐུར་མས་གསེང༌། །དབུགས་བསྡམ་ཁྲག་ལྦུ་བྱུང་ན་ཁུགས་འཕྲོ་བཅད། །ཡོན་ཏན་ཟུག་འབྲི་གསོ་སླ་བརྗོད་མི་ལང༌། །རྨ་ཁར་མ་ཐོན་ཁྲག་བཤལ་ཐུར་དུ་སྦྱང༌། །རྒྱ་ཚྭ་རུ་རྟ་ཨ་རུ་ལང་ཐང་ཙེ། །དུར་བྱིད་ལྕུམ་རྩ་ཐང་དུ་བཏབ་ལ་བཏང༌། །ཡང་ན་རྒྱ་ཚྭ་དོམ་མཁྲིས་བོང་ང་དཀར། །མངལ་ཁྲག་ཁྲོན་བུ་དྲི་ཆུར་སྦྱར་ལ་སྤྱད། །ཁྲག་ཚད་ཁྲག་གསོད་ཐང་དང་ཕྱེ་མས་བསད། །ཐང་སྦྱོར་གུར་ཀུམ་དོམ་མཁྲིས་དར་ཡ་ཀན། །རྒྱ་སྐྱེགས་བཙོད་དང་རྒུ་དྲུས་བ་ཤ་ཀ །རེ་སྐོན་ཧོང་ལེན་ཏིག་ཏ་བོང་ང་དཀར། །ཨ་རུ་ར་རྣམས་བསྡུས་ཁུ་དྲོ་འཇམ་བཏང༌། །མ་ནུ་སླེ་ཏྲེས་ག་དུར་དུག་མོ་ཉུང༌། །བསྡུས་ཁུ་དྲོ་འཇམ་ཁྲག་ཟེར་གཅོག་པའི་མཆོག །རྒྱ་སྐྱེགས་སྐྱུ་རུ་ར་དང་བ་ཤ་ཀ །བསྡུས་ཁུར་དོམ་མཁྲིས་ཁ་ཚར་བཏབ་ལ་བཏང༌། །ཁྲག་ངན་ཚ་བ་རོལ་དུ་གསོད་པའི་མཆོག །ཕྱེ་མས་བསད་པ་ཁྲག་དུས་སྐེམས་དང་འདྲ། །ཁྲག་མཚོ་རྩ་ཡི་ཡུར་དུ་གཏར་གྱིས་དྲང༌། །སྤྱོད་ལམ་གཟབ་ཅིང་ཁ་ཟས་བསིལ་གྱིས་བཅོས། །ནང་རྡོལ་དོན་ཟིན་མོད་ལ་མ་ཤི་ན། །དང་པོ་དོན་ཐིགས་མགྱོགས་མེས་བསྡམ་བྱ་སྟེ། །མི་དོམ་ཉ་སོགས་མཁྲིས་སྣ་གུར་ཀུམ་དང༌། །ཨ་བ་ཨ་བྱག་ལི་གྲིའི་མགྱོགས་མེ་བསྟེན།  །ཨ་རུ་གསེར་མདོག་དོམ་མཁྲིས་དར་ཡ་ཀན། །གསེར་ཐིག་རྟ་ཡི་མཆེར་སྐམ་ཤ་རུའི་ཐལ།  །སྦྲང་བསྒོར་ཕྱེ་མ་མགྱོགས་མེས་འཕུལ་ལ་བཏང༌། །དེ་མ་འཛོམ་ན་དོམ་མཁྲིས་ལི་གྲི་དང། །འགྲོན་བུའི་ཐལ་བ་ཀ་ར་མགྱོགས་མེས་དབུལ། །དོན་ལ་ཟུག་རྔུ་མ་ལས་རྩ་མ་ཆོད། །དོན་སྙིང་རྨ་ལ་ཁྲག་འབྱོར་བྱེད་པ་ཡིན། །དོན་ཟིན་དགྱེ་དགུ་་མི་ཤེས་པང་འཚོས་དགོས། །བཟང་ཁྲག་གཏར་གྱིས་འདོན་པ་དཔྱད་མཆོག་ཡིན། །གློ་བུ་སྙིང་ལ་རྩ་ཆེན་ཡས་བབས་གཏར། །གློ་བ་མ་ལ་རྩ་ཕྲན་མས་འཛེག་གཏར། །དོན་ཚད་རྒྱས་པ་བསིལ་བའི་ཕྱེ་མས་བསད། །གློ་ལ་ག་བུར་བཟང་དྲུག་ཙན་དན་གཉིས། །ཤིང་མངར་རྒུན་འབྲུམ་སྲོ་ལོ་སྤང་རྒྱན་དཀར། །བསེ་རུ་གྭ་དོར་ཀ་ར་སྦྱར་ལ་བཏང་། །ག་བུར་ཅུ་གང་ཛཱ་ཏི་ལི་ཤི་དང༌། །ཨུཏྤལ་ཤིང་ཚ་གནྡྷ་པ་ཏྲ་དང༌། །པདྨ་གེ་སར་ཧོང་ལེན་མོན་ཆ་ར། །ཆུ་སྲིན་སྡེར་མོ་ཨ་རུ་ཀ་ར་སྦྱར། །སྙིང་ལ་ཛཱ་ཏི་ལི་ཤི་ཨ་རུ་ར། །ཞོ་ཤ་རྣམ་གསུམ་ཆུ་གྲང་འཕུལ་ལ་བཏང༌། །སྙིང་མི་དྲན་ཞིང་འབོག་ན་བྱ་རྒོད་སྙིང༌། །ལི་ཤི་ཞོ་ཤ་གསུམ་དང་ཏི་མུ་ས། །བསྡུས་པའི་ཐང་བཏང་བདུན་པ་དཀར་ནག་མཚམས། །སྒྱིད་ཁུང་མཐེ་བོང་སྤུ་སྐྱེས་བསྲེག་པར་བྱ། །འདི་ལ་ཟས་སྤྱོད་ཁྲག་གི་སྐབས་ལྟར་བསྟེན། །ཉེས་བྱེད་དུས་ཀྱི་སྒོ་ནས་བཅོས་པ་ནི། །དང་པོ་ཞག་བདུན་ཞུགས་པ་ཁྲག་གི་དུས། །བྲམ་ཟེ་ལྟ་བུར་གཙང་སྦྲའི་སྒོ་ནས་བཅོས། །བར་དུ་ཞག་བདུན་རྒྱས་པ་ཆུ་སེར་དུས།  །དགེ་སློང་ལྟ་བུར་སྤྱོད་ལམ་ཞིབ་མོར་བཅོས། །ཐ་མ་ཞག་བདུན་སྨིན་པ་རྣག་གི་དུས། །རྒྱལ་པོ་ལྟ་བུར་ཟས་ཀྱིས་བཅོས་པའོ། །དང་པོ་ཁྲག་དུས་ཟུག་གཟེར་བཅག་པ་དང་། །རྩ་ཁ་བསྡམ་དང་ཁྲག་ཚད་རོལ་དུ་བསད། །ཉེས་བྱེད་རྩར་དྲང་ཕྱི་ཚད་ཆུ་ཡིས་བཅག །དང་པོ་གཟེར་བ་ཁྲག་རྩ་དོན་གཟེར་གསུམ། །དུགས་དང་མེ་བཙའ་གཏར་གྱིས་བཅག་པ་གཅེས། །རྩ་ཁ་བསྡམ་པ་སྤྲ་བ་མགྱོགས་མེ་གཉིས། །མགྱོགས་མེ་དར་དཀར་དྲི་མེད་གཙང་མ་རུ། །གུར་ཀུམ་མི་དོམ་མཁྲིས་པ་ཨ་བྱག་ཕུར། །སྨྱུག་མ་མཐོ་གང་བཙུགས་ལ་རས་སྐུད་བཀྱིགས། །གཡའ་ཆུ་གཙང་ལ་མདོག་འགྱུར་བངས་སུ་གཞུག །དྲུག་བདུན་བཏང་བས་རྩ་ཁ་སྡོམ་པ་དང༌། །ཁྲག་གསོད་དོན་རྨ་འབྱོར་ཞིང་ཆུ་སེར་སྐེམ། །མགྱོགས་མེ་བཅུ་བཞི་ཡན་ཆད་སྐོམ་དུ་བསྟེན། །ནང་རྡོལ་རྩ་ཆོད་དོན་ཟིན་ཁྲག་བབས་པས། །ཁྲག་འཕེལ་མཁྲིས་འཁྲུག་ཚ་བ་རྒྱས་འགྱུར་ཏེ། །ཆུ་དམར་རྩ་གྲིམས་གདོང་སྣུམ་རྔམ་པ་ཐུང༌།།ནུབ་གཉིད་མི་ཕེབས་ཉིན་པར་གཉིད་མི་ཐུབ། །ཁ་ལྕེ་མཆུ་སྐམས་སོ་ལ་དྲེག་ནག་ཆགས། །ཟས་ལ་མི་དགའ་སྐོམ་དད་ཤིན་ཏུ་ཆེ། །ཙོག་པུར་མི་ཟུག་སྔས་དམས་ཉལ་མི་ཤེས། །ཐལ་གོང་པ་དང་སོག་དབྲག་སྦོ་ཞིང་གཟེར། །ཁྲག་ཚད་རྒྱས་པ་ཟས་སྤྱོད་ཕྱེ་མས་བཅད། །ཟས་སྐོམ་ཆག་ཚེ་བ་ར་མཛོ་ཡི་ཞོ། །དར་གསར་མར་དཀར་ཆུ་བསིལ་བསྟེན་པར་བྱ། །ལན་ཚྭ་ཤ་ཆང་དྲོད་བཅུད་དུག་འདྲ་སྤང༌། །སྤྱོད་ལམ་བསིལ་སར་སོས་དལ་དྲག་ཤུལ་སྤང༌། །ཕྱེ་མ་ག་བུར་ཙན་དན་དཀར་པོ་དང་། །ཅུ་གང་གུར་ཀུམ་ལི་ཤིས་ཁྲག་རླངས་གསོད། །མི་དོམ་ཉ་ཕག་ཁྱི་ནག་གཡག་རོག་མཁྲིས། །ཟབ་ཆེན་འགྲོན་བུའི་ཐལ་བས་རྩ་ཁ་སྡོམ། །བསེ་རུ་གྭ་དོར་གཉིས་དང་བ་ཤ་ཀ །གཙོད་ཁྲག་རེ་སྐོན་ལི་གྲིས་ཁྲག་ངན་སྐེམ། །ཀ་ར་སྦྱར་བ་བཞི་ཡར་དྲུག་ཡར་བཏང༌། །ཡང་ན་དགུ་སྦྱོར་ཕྱེ་མ་ལྟག་པ་སྤྲད། །ག་བུར་ཅུ་གང་གུར་ཀུམ་ཨུཏྤལ་མཚལ། །གླ་རྩི་སུག་སྨེལ་སྟོད་སྣག་བ་ལེ་ཀ །ཀ་ར་དཀར་སྦྱར་ནང་པར་ལྟོ་སྟོང་བཏང༌། །བསེ་རུ་གྭ་དོར་ཙན་དན་ཨ་ག་རུ། །ཛཱ་ཏི་འགྲོན་བུའི་ཐལ་བ་ཨ་རུ་ར། །ལི་གྲི་རྒྱ་རུ་ཀ་ར་སྲོད་ཁྱེས་བཏང་། །ལྟག་པ་སྤྲད་པས་ཡོན་ཏན་གོང་དང་མཚུངས། །ཡང་ན་བདུན་སྦྱོར་ཕྱེ་མ་ལྟག་པ་སྤྲད། །གྭ་དོར་རྭ་གཡས་མཛོ་མོ་དཀར་མོའི་ཞོར། །ཞག་གསུམ་སྦངས་ལ་ཚེར་མའི་མེ་ལ་བཙོ། །དེ་ནས་མི་ཞོར་ཞག་གསུམ་སྦངས་ལ་བཙོ། །དེ་ནས་གཙོད་ཞོར་ཞག་གསུམ་སྦངས་ལ་བཙོ། །དེ་ཉིད་གྲིབ་སྐམས་རྒྱལ་པོ་ལྟ་བུ་སྟེ། །ག་བུར་བསིལ་གསུམ་ཛཱ་ཏི་ཕ་ལ་དང༌། །ཧོང་ལེན་ཀ་ར་སྦྱར་ལ་ནང་པར་བཏང༌།།རྒྱ་རུ་ཙན་དན་དཀར་པོ་པད་གེ་སར། །ཨུཏྤལ་ཛཱ་ཏི་ཀ་ར་དགོང་མོ་བཏང༌། །ཉེས་བྱེད་ངན་ཁྲག་རྩ་རུ་དྲང་བ་ནི། །སྨིན་དང་དབྱེ་བར་བྱ་བ་མི་དགོས་ཏེ། །སྔ་དྲོ་དགོང་ཀ་བསྟུད་ཀྱིན་ཁྲག་ཤེད་དམད། །སྨིན་དུས་བསྡད་ན་སྟག་གདོང་ས་གཏོར་འདྲ། །རྩེ་ཆུང་དཔུང་རྩ་ཆུ་སེར་རླངས་གཅོག་རྩ། །དྲུག་འགོ་རུ་ཐུང་གཟེར་བ་ཟུག་གཅོག་རྩ། །སྣོད་ཀ་གཤའ་རིངས་དང་ག་འབྱེད་པའི་རྩ། །སྒང་རྩ་འདོམ་རྩ་ཆུ་སེར་རྩད་གཅོད་རྩ། །རྒྱབ་སྒང་སོག་དབྲག་སྒང་རྩ་དྲུག་འགོ་དང༌། །ནུ་མཆན་བྲང་གཟེར་རུ་ཐུང་སྣོད་ཀ་དྲང༌། །ཡས་བབས་མས་འཛེག་ཚ་བའི་སྟོབས་དང་སྦྱར། །རྣག་མཁྲིས་ལྕགས་གཡའ་ཆགས་ན་གཏར་གྱིས་འདྲོངས། །གཏར་སྐྱེད་ཆེ་ན་མང་གཏར་ཉུང་དུ་དབྱུང༌། །དམར་ནག་གཞའ་རིས་མི་འདྲོངས་ཟོ་སྦྱར་གཏར། །ཁྲག་མི་ཆགས་ཤིང་ཆུར་འགྲོ་གཏར་ཚོད་བཟུང༌། །མི་འདྲོངས་བུངས་ཆེས་གཏར་ཚོད་མི་ཟིན་ན། །རྣག་དུས་ཟུངས་ཟད་མདའ་ཟད་དགྲ་བྱུང་འདྲ། །ཕྱི་ཡི་ཚ་རླངས་ཆུ་ཡིས་བཅག་པ་ནི། །ཞག་ལྔ་ལོན་ནས་སྐར་ཆུ་གྲང་མོ་ཡིས། །ཉི་དྲོས་འཕྲུལ་འཁོར་བསྐོར་བས་སྐེམ་པ་སླ། །ཚ་བ་ཕྱི་བྱེར་རང་སྐེམས་ཚ་རླངས་གཅོག །དེ་ལྟར་བཅོས་པས་ཚ་བ་ནད་སྟོབས་བྲི། །བདེ་སྐྱེད་ཆེ་ན་མྱུར་དུ་འཚོ་བར་འགྱུར། །དེ་ལ་སྐྱེད་མེད་ཞག་བདུན་འདས་པ་དང་། །བར་དུ་རྒྱས་པ་ཆུ་སེར་དུས་ཞེས་བྱ། །དེ་ལ་རྒྱུ་དང་རིགས་རྟགས་སྐམ་ཐབས་བཞི། །དེ་རྒྱུ་བྱ་ཆད་བྱ་ཤོར་ཐིགས་སྡོད་དང༌། །སྨུག་ཟིལ་རྣམ་པ་བཞི་ལས་གྱུར་པ་སྟེ། །བྱ་ཆད་མཚོན་ཕྱིར་ཁྲག་ཤོར་ཁྲག་བབས་ཏེ། །གཏར་གྱིས་མ་འདྲོངས་སྨན་གྱིས་མ་འཆུན་དང༌། །བྱ་ཤོར་ཕྱི་རྩ་གཉན་པོ་ཆོད་པ་སྟེ། །དུས་སུ་མེ་ཡིས་རྩ་འཕྲང་མ་སྡོམས་གཉིས། །སྔར་ཤོར་ཕྱིར་མི་སྐྱེ་བས་གྲང་བབས་རྒྱུ། །ཐིགས་སྡོད་རྩ་ཐིགས་དོན་ཐིགས་མདེ་ཐིགས་གསུམ། །ནང་རྩའི་ཐིགས་ལ་ཁ་ཤོར་ངུ་བ་གཉིས། །རྩ་བྲན་ཁ་ཤོར་སོག་སྦུགས་ཆུ་འཛག་འདྲ། །རྩ་ཆེན་བཙན་བརྡུངས་ཁྲག་དང་ཆུ་སེར་དུ། །དེ་གཉིས་སྨན་གྱིས་ཁད་སྤུ་མ་ཚུད་དང༌། །དོན་རྨ་དང་པོར་ཁྲག་འབྱོར་མ་བྱུང་བས། །རྨ་རུལ་ཁྲག་དང་ཆུ་སེར་ཐིགས་པ་དང༌། །མདེའུ་ལུས་སྡོད་པའི་མལ་ས་མ་རྙེད་པས། །འགྱར་འགྱུར་སྐྱོན་གྱིས་ཁྲག་ཆུ་འདུས་ཏེ་འཐིག །ཁྲག་ཚད་རྒྱས་པ་སྨན་གཏར་མ་ཆོམས་པས། །ཚ་བ་རླངས་འཁྱིམས་ཁ་གཡམ་ཟིལ་པ་འདྲ། །དེ་རྣམས་འཕྲལ་ལ་སྐྱེ་བས་ཚ་བབས་འགྱུར། །དེས་བསྐྱེད་ཆུ་སེར་ཚ་བབས་གྲང་བབས་དང༌། །ཁྲག་བབས་པ་དང་ཆུ་སེར་རྐྱང་པའོ། །ཚ་བབས་རྩ་ཆུ་ཚ་ལ་གདོང་པ་སྣུམ། །ཁ་ཟས་མི་འདོད་སྐོམ་སྙེག་ཁ་ལྕེ་སྐམ། །ལུས་ཚ་བྱ་འབྲུམ་འོང་ཞིང་གློ་མང་ལྡང༌། །དབུགས་ཐུང་ཉིན་གཉིད་མི་ཐུབ་ནུབ་གཉིད་ཡར། །ཟུག་ཆེ་ཟ་ཟི་མང་ལ་གསང་ས་བྱེ། །གློ་མང་ལུད་པའི་གསེབ་ཏུ་རྣག་འབྲུམ་འབྱུང༌། །སྐམས་པས་མི་སྐོམས་རྒྱ་བཤལ་གསང་སྒོར་དབྱུང༌། །གྲང་བབས་རྩ་ཆུ་འཇམ་ལ་གདོང་པ་དཀར།།དང་ག་བདེ་ལ་ལྕེ་རློན་སྐོམ་དད་ཆུང༌།།ཤ་ཡི་དྲོད་ཆུང་འདར་དང་གྲང་ཤུམ་མེད། །དབུགས་བདེ་ཉིན་གཉིད་ཆུང་ལ་ནུབ་གཉིད་ཕེབས། །ཟུག་ཆུང་བླ་འཆོལ་མི་སྨྲ་གསང་མ་བྱེ། །གློ་ཉུང་ལུད་པ་གཙང་ལ་ལུས་པོ་ཡང༌། །དེ་ལ་གསང་དབྱེ་མི་དགོས་བསྐམས་པས་སྐོམ། །ཚབས་ཆུང་ཆུ་སེར་དུས་ཀྱང་ཁྲག་དང་བཅས། །དེ་ཕྱིར་གཏར་གྱིས་འདྲོངས་ཤིང་སྐེམ་པ་སླ། །ཁྲག་གི་བབས་ཆེ་དོན་ལ་ཟིན་པ་དེ། །ཁྲག་དུས་ཆུ་སེར་ཕྱིང་དྲིལ་མ་བཅོས་ན། །ཞག་བདུན་འདས་ནས་ཆུ་སེར་རྐྱང་པར་འགྱུར། །དེ་ཉིད་གཏར་གྱིས་མི་འདྲོངས་སྐེམ་པ་དཀའ། །དེ་ཕྱིར་ཚབས་ཆུང་དུས་གསུམ་སོ་སོར་བཅོས། །ཚབས་ཆེ་ཁྲག་དུས་ཆུ་སེར་ཕྱིང་དྲིལ་བཅོས། །ཆུ་སེར་སྐེམ་ཐབས་ཟས་སྤྱོད་སྨན་དཔྱད་བཞི། །ཟས་ནི་བྲམ་ཟེའི་དུས་ཀྱི་སྟེང་དག་ཏུ། །གནའ་དགོ་བ་ལང་ཤ་གསར་བསྣན་ལ་བཏང༌། །ཟུངས་ཞན་མངར་གསུམ་ལྡེ་གུས་ལུས་ཟུངས་གསོ། །སྤྱོད་ལམ་ལྡང་ཉལ་དྲག་ཤུལ་སྐད་ཆེ་སྨྲ། །གློ་དྲག་ལུ་དང་དྲི་མ་འཚིར་བ་སོགས། །རྩ་ཁ་འབུད་པའི་དྲག་ཤུལ་ཁྲིམས་ལྟར་བསྲུང་། །སྨན་གྱིས་སྐེམ་པ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་ཕྱེ་མ་ལྡེ་གུ་སྨན་མར་གསུམ། །ཁྲག་དང་བཅས་པའི་དུས་སུ་ཕྱེ་མ་སྟེ། །ཆུ་སེར་རྐྱང་པའི་དུས་སུ་ལྡེ་གུས་བསྐམ། །རྣག་ཏུ་ཁུགས་ནས་སྨན་མར་ཤིས་པར་གསུངས། །ཕྱེ་མའི་སྦྱོར་བ་རྣམ་པ་གསུམ་ཡིན་ཏེ། །ཉི་མ་ལྔ་ཡི་ཕྱེ་མ་སྦྱར་བ་ནི།  །བསེ་རུ་དཀར་པོ་གྭ་དོར་རྣམ་པ་གཉིས། །ཙན་དན་དཀར་དམར་ཨ་རུ་གསེར་མདོག་དང་། །ཅུ་གང་གུར་ཀུམ་ཛཱ་ཏི་གུ་གུལ་དཀར། །ཐལ་ཀ་རྡོ་རྗེ་སོ་མ་ར་ཛ་དང༌། །ལི་གྲི་རྡོ་མཁྲིས་ཟབ་འགྲོན་ཕུར་ཐལ་བ། །ཞིབ་བཏགས་ཀ་ར་དཀར་སྦྱར་སེང་ལྡེང་དང༌། །ཤི་ལ་ཛཱ་ཏུ་བསིངས་པའི་དྭངས་མས་དབུལ། །ཉི་མ་ལྔ་ཡིས་རྒྱ་མཚོ་སྐེམས་པ་ལྟར། །ཁྲག་དང་ཆུ་སེར་རྣག་གི་རྒྱ་མཚོ་སྐེམས། །རྒྱལ་བློན་དམག་དཔུང་བཅས་པའི་ཕྱེ་མ་ནི། །མུ་ཟི་རྒྱལ་རིགས་གསེར་འདྲ་ཁྱོར་བ་ཕྱེད། །དངུལ་ཆུ་དུག་ཕྲལ་ཞོ་གཅིག་སྟར་བུ་གསུམ། །འདྲེས་པར་མཉེས་ལ་བསེ་རུ་གྭ་དོར་གཉིས། །རྒྱ་རུ་ཙན་དན་དཀར་པོ་ཨ་ག་རུ། །གུར་ཀུམ་ཅུ་གང་ཏིག་ཏ་བ་ལེ་ཀ །མི་དོམ་ཁྱི་མཁྲིས་ཧོང་ལེན་བ་ཤ་ཀ །དུར་ཐོད་དུང་འགྲོན་ཐལ་བ་ཀ་ར་སྦྱར། །བ་ཆུ་སྤྲུ་རྩའི་ཁུ་བས་འཕུལ་ལ་བཏང༌། །རྣག་ཁྲག་ཆུ་སེར་ཞག་རེས་སྐེམ་པར་ནུས། །རྩལ་ཆེན་བསྡུས་པའི་ཕྱེ་མ་སྦྱར་བ་ནི། །གཙོ་བོ་པ་ཌ་ཧྲི་ལ་གསེར་འདྲ་དེ། །ས་ཕྲལ་ལྕགས་སྣོད་མེ་ཡི་སྙིང་པོས་བཞུ། །ཨ་རུ་ཆུར་བླུག་བསྡུས་གྲང་མེ་སྟོབས་སྦྱར། །གཙོ་བོ་ཁྱོར་གང་བསེ་རུ་གྭ་དོར་གཉིས། །ཙན་དན་དཀར་དམར་གཉིས་དང་ཨ་ག་རུ། །ག་བུར་ཅུ་གང་གུར་ཀུམ་དོམ་མཁྲིས་དང༌། །མི་དང་ཉ་མཁྲིས་གྲི་རུས་ཐལ་བ་དང༌། །འགྲོན་ཐལ་ཤ་རུའི་ཐལ་བ་དུང་ཐལ་དང༌། །ཏ་ཙ་ར་མཉེ་ཉེ་ཤིང་ཨ་རུ་ར། །ཨ་བ་ཨ་བྱག་རེ་སྐོན་ཕུར་ཟབ་ཐལ། །ཀ་ར་སྦྱར་བ་སེང་ལྡེང་ཁུ་བས་དབུལ། །མུ་ཟི་ཕྱེ་ལྟར་འགམ་པའི་སྦྱོར་བ་སྟེ། །ཁྲག་དང་ཆུ་སེར་རྒྱ་མཚོ་ཙམ་ཡང་སྐེམ། །ས་རླན་སྟེང་དང་མེ་ཉི་སྤང་བར་བྱ། །མི་འཇུ་ཧྲེམ་ན་སྨན་བཅད་ཆུ་སྐོལ་བཏུང༌། །འགོར་རམ་འབྱམས་ན་གླང་རྨིག་བསྲེགས་པ་དང་། །གོ་སྙོད་པི་པི་ལིང་གི་བསྡུས་ཐང་བཏང༌། །དེ་ནས་ལྡེ་གུའི་སྦྱོར་བས་སྐམ་པ་ནི། །བ་འམ་མཛོ་མར་གསར་བཞུ་ལྦུ་སྙིགས་ཕྱུངས། །སྦྲང་རྩི་བཟང་པོ་ཆུ་བཅད་བསྲེས་པ་ལ། །རྩལ་ཆེན་འདུས་པའི་ཕྱེ་མ་བཏབ་ལ་དཀྲུགས། །དེ་དག་རྐང་ལྟར་བལྡག་པའི་སྦྱོར་བ་སྟེ། །ཟུངས་ངན་ལུས་སྟོབས་སྐྱེ་ཞིང་རྣག་ཆུ་སྐེམ། །འབྲི་མར་གསར་པ་ལྦུ་སྙིགས་ཕྱུངས་པ་ལ། །མུ་ཟི་ཞིབ་བཏགས་བཏབ་ནས་དཀྲུག་ཅིང་བསྐོལ། །སེར་ལྗང་དམར་ནག་མདོག་འགྱུར་ངད་ཡལ་ལ། །གོང་གི་ཕྱེ་མ་བཏབ་ལ་ལེགས་དཀྲུགས་བཏང༌། །ཁྲག་ལྟར་བཏུང་ཞེས་རྣག་ཁྲག་སྐེམ་པའི་མཆོག །མུ་ཟི་མར་ནག་སྦྱར་ལ་དཀྲུག་ཅིང་བསྡུས། །ཏིང་ཁྲོལ་ཚད་དུ་ཕྱིན་ནས་ངད་ཡལ་ལ། །ཕྱེ་མ་བཏབ་བཏང་ཤ་ལྟར་བཟའ་བ་ཡིན། །ཞག་རེ་ལ་ཡང་རྣག་ཆུ་ཕུལ་རེ་སྐེམ། །སེང་ལྡེང་ཆང་དུ་ཞག་ལྔ་སྦངས་ཁུ་ལ། །ར་མཉེ་ཉེ་ཤིང་བསྡུས་ལ་ལུག་ཞོ་ཙམ། །སྦྲང་རྩི་ཆུ་བཅད་བསྲེས་ཏེ་འདྲེས་པ་ལ། །མུ་ཟི་ཁྱོར་ཕྱེད་བསེ་རུ་རྒྱ་རུ་དང་། །གྭ་དོར་མི་དོམ་ཉ་ཕག་བྱ་རྒོད་དང་།  །འཕྱི་སྤྲེ་ཁྱི་མཁྲིས་ཙན་དན་ཨ་ག་རུ། །བ་ལེ་ཀ་དང་ཆུ་སེར་སྨན་གསུམ་དང་། །གེ་སར་གཉིས་དང་གུར་ཀུམ་སྦྱར་ལ་བཏང༌། །དེ་དག་ཀུན་གྱིས་སྐེམས་པར་མ་གྱུར་པའི། །རྣག་ཏུ་གྱུར་ནས་སྨན་མར་དག་གིས་སྐམ། །སྦྱོར་བ་རྣག་གི་སྐབས་སུ་ཤེས་པར་བྱ། །ཁྱད་པར་བྱིས་པ་བད་ཀན་རང་བཞིན་ལ། །རུས་ཐལ་སིག་སྣེའི་སྦྱོར་བས་སྐམ་པ་ནི། །གྲི་རུས་དུར་ཐོད་ཤ་རུ་འགྲོན་བུ་དང༌། །ཚ་བ་གསུམ་དང་ཕུར་ཡོག་ཟ་འོག་རྣམས། །ཐལ་བར་བྱས་ཏེ་ཆུ་སེར་སྨན་གསུམ་དང༌། །ཀ་ར་སྦྱར་བ་ཆུ་སྐོལ་དབུལ་བར་བྱ། །དར་མ་མཁྲིས་པའི་རང་བཞིན་ཅན་དག་ལ། །རིན་ཆེན་རྩི་སྦྱོར་དག་གིས་སྐེམ་པ་ནི། །ཟངས་ཐལ་བྱུ་རུ་མུ་ཏིག་མཚལ་དཀར་བཞི། །ག་བུར་བསིལ་གསུམ་ཙན་དན་དཀར་དམར་དང་། །མཁྲིས་སྣ་ཀ་ར་སྦྱར་བ་གངས་ཆུས་དབུལ། །རྒས་དང་རླུང་ཤས་ཆེ་བའི་མི་རིགས་ལ། །རྭ་སྣའི་སྦྱོར་བ་དག་གིས་སྐེམ་པ་ནི། །བསེ་རུ་དཀར་ནག་རྒྱ་རུ་གྭ་དོར་གཉིས། །གནའ་དགོ་གཙོད་དང་རྒོད་གཡུང་བ་མེན་རྭ། །གླང་རུ་ར་ལུག་ཐུག་པོའི་རྭ་ལ་སོགས། །ཐལ་ཚན་མེ་ལ་སེར་ཙམ་བསྲེགས་པ་དང་། །བཟང་དྲུག་མི་དོམ་ཉ་མཁྲིས་ཀ་ར་སྦྱར། །དཔྱད་ཀྱིས་བཅོས་པ་གཏར་དང་སྦྱང་བ་གཉིས། །གཏར་ཉུང་ཆུ་སེར་ཚ་བ་རྩད་མི་ཆོད། །གཏར་དྲགས་ཟུངས་འཛད་དེ་ཕྱིར་རིགས་ལ་དྲིས། །སྨན་གཏར་བཅོས་གྱིས་ཚ་བ་མ་བྲི་ན། །དུར་བྱིད་ཚ་ལ་པུ་རྩེ་ཤེལ་གྱིས་སྦྱང༌། །དེ་ལྟར་བཅོས་པས་ཚ་བ་ནད་སྟོབས་བྲི། །ཆུ་སེར་བསགས་རྟགས་ནུབ་ན་ཐུབ་པ་ཡིན། །དེ་ལ་སྐྱེད་མེད་བཅུ་བཞི་ཕར་འདས་པ། །ཐ་མ་སྨིན་པ་རྣག་གི་དུས་ཞེས་བྱ། །དེ་ལ་བརྟག་པའི་ཐབས་དང་བཅོས་ཐབས་གཉིས། །བརྟག་པའི་ཐབས་ལ་རྣམ་པ་གསུམ་ཡོད་དེ། །ཕྱི་ཡི་རྟགས་ཀྱིས་ཡོད་མེད་ལ་ཤན་དབྱེ། །ནང་གི་རྟགས་ཀྱིས་རྣག་གནས་དམིགས་གསུམ་བཟུང༌། །གསང་བའི་རྟགས་ཀྱིས་འདྲ་མིན་ནོར་ས་བསལ། །དང་པོ་ཡོད་མེད་ལ་ཤན་དབྱེ་བ་ནི། །རོ་སྟོད་དགུ་ལ་གཉའ་ཆག་མིག་སྤྲིན་སེར། །ལུས་གཅུ་གར་ཡོད་ངོས་ཀྱི་དཔུང་པ་བཤལ། །རྩ་དང་ཆུ་ཡི་ཚ་བ་སངས་མི་སྲིད། །མགོ་ན་གདོང་པ་རྔུལ་ལ་ལུས་སྤྱིར་ལྕི། །གློ་ཆུང་མང་དུ་ཡོང་ཞིང་གློ་སྙིང་འདེག །སྐད་ཀྱི་གདངས་ཆག་སྐབས་སུ་བག་རེ་འཁྲུ། །ཤ་མདོག་སྔོ་ལ་ལྕེ་རྙིལ་སེན་མོ་དཀར། །དེ་རྟགས་བཅུ་བཞི་ཚང་ན་རྣག་ཡོད་ངེས། །རྣག་གི་གནས་གསུམ་གར་ཡོད་དམིགས་བཟུང་བ། །ངམ་ནག་རོ་སྟོད་བརྒྱངས་ཤིང་སྐབས་སུ་གཟེར། །གཉིད་ཆེ་ཟ་ཟི་མང་ལ་མིག་བོལ་སྐྲངས། །ཁ་དྲི་ང་བ་རང་གཞན་གཉིས་ཀས་ཚོར། །སྐབས་སུ་ལུད་པའི་གསེབ་ཏུ་རྣག་འབྲུམ་འབྱུང༌། །གློ་སྦུབས་ནང་ན་རྣག་ཡོད་ངེས་པ་ཡིན། །གློ་རྩ་གང་ཡོད་སྐབས་སུ་གཟེར་བ་དང༌། །སྐབས་སུ་ཕྲུམ་སེར་འོང་ཞིང་ཞེ་འཁུན་བྱེད། །གང་ཡོད་ངོས་ལ་བྱ་འབྲུམ་ཏམ་གྱིས་འོང༌། །སྟེང་དུ་བཏོན་ན་ཁྱད་པར་ཟུག་གཟེར་ཆེ། །གློ་སྦུབས་གསང་དུ་བབས་པའི་རྟགས་གཞན་མེད། །ཚང་ཚིང་སྐྱི་ཕུར་རྣག་ཡོད་ངེས་པ་ཡིན། །བེམ་ཏོལ་བ་སྤུའི་ཐིག་དང་སྤྲུགས་པའི་སྐད། །མེ་ཏོག་སད་མདའ་མི་འགྱུར་རྟགས་དྲུག་ཚང༌། །ཕྱིར་བབས་དབྱེ་གསང་རྣག་ཡོད་ངེས་པ་ཡིན། །བེམ་ཏོལ་དོགས་ས་ཀུན་ལ་སྙོམས་པར་བརྡེག །གཡས་གཡོན་མདུན་རྒྱབ་སྟོད་སྨད་འདྲར་སྣང་བསྟུན། །སྟོང་སྐད་རྣག་མེད་གཅོར་སྐད་ཆུ་སེར་ཡོད། །འདར་སྐད་བྱུང་ན་རྣག་ཏུ་སྨིན་པ་ཡིན། །དེ་ནས་གཉིས་པ་བ་སྤུའི་བརྟག་པ་ནི། །སྐར་ཆུ་གྲང་མོས་ཉི་མ་ཁ་དྲོས་ལ། །ཁ་ཕྲུ་བྲན་རྗེས་ཆང་གིས་ཁ་ཕྲུ་བཏབ། །གོས་མི་བསྐོན་པར་ཉི་མའི་ཟེར་ལ་བལྟ། །བ་སྤུ་གཟིངས་ན་རྣག་མེད་ཆུ་སེར་འཚུབ། །བས་ལྡགས་རྗེས་ལྟར་ཉལ་ན་རྣག་ཡོད་པའོ། །དེ་ནས་གསུམ་པ་གཞལ་བ་ཐིག་ལ་བརྟག །མདུན་རྒྱབ་ཚངས་ཐིག་གནམ་ཐིག་འདྲུས་མེད་གདབ། །ཟུར་ཐིག་གཉིས་གདབ་ཕྱེད་མར་ལན་གཉིས་གདབ། །བཅུ་གསུམ་པ་ནས་ལྟེ་བར་འཕྲེད་ཐིག་གདབ། །དེ་སྟེང་འཕྲེད་ལ་གཉིས་གདབ་ཕྱེད་མར་བཅལ། །འདྲེན་ཐིག་བཅུ་དྲུག་འཕྲེད་ཐིག་རྣམ་བདུན་གྱི། །བྱ་རྗེས་ཐིག་བར་གར་ཉམས་རྣག་ཡོད་རྟགས།  །གསང་ས་གཙང་ངོས་དཔེ་རུ་མཚོན་པར་བྱ། །དེ་ནས་བཞི་པ་སྤྲུགས་པའི་སྐད་ཀྱིས་བརྟག །མི་ཁྱི་ཆུ་སོགས་སྒྲ་སྐད་མེད་པའི་སར། །ཁད་མཉམ་སྟན་ལ་སྐྱིལ་མོ་ཀྲུངས་སུ་འདུག །རྒྱན་ཕོག་སྐྲ་རྫེས་ལག་པ་སྤྱི་བོར་བསྣོལ། །དཔུང་མགོ་གཉིས་ནས་དལ་བུས་ཇེ་དྲག་དཀྲོག །མཇུག་ཏུ་ལན་གསུམ་དྲག་ཏུ་སྤྲུགས་ལ་ཉན། །འཁྲོག་སྐད་རླུང་ཡིན་ཤང་ཤང་ཆུ་སེར་ཡོད། །རྙོག་རྙོག་རྒྱ་ཤལ་ཅུག་ཅུག་རྣག་ཏུ་ངེས། །སྟོད་དུ་སྒྲ་བྱུང་མང་ལ་སྨད་བྱུང་ཉུང༌། །དེས་མ་རྟོགས་ན་ལོགས་ལ་བསྙལ་བྱས་ཏེ། །ལག་འོག་སྔས་ལ་གོང་མ་དཔྱི་སྟེང་བཀབ། །དཔྱི་དང་དཔུང་པ་ནས་བཟུང་གོང་ལྟར་སྤྲུག །སྤྲུགས་པས་སྐད་སྟེར་གསང་དུ་ལག་མཐིལ་བཏང༌། །ཐོལ་ཐོལ་ཁྱིལ་ཁྱིལ་བེའུ་འགུལ་འདྲ་ཡོད། །དེ་ནས་ལྔ་པ་གསང་སར་མེ་ཏོག་བརྟག །དུས་མེད་རྒྱུན་དུ་གསང་དུ་གཟེར་བ་དང༌། །ཤ་ཡི་མདངས་ནི་གཞན་པས་དེ་ན་བཟང༌། །རྩིབ་བར་ཡངས་ལ་བརྩེ་ཞིང་སྦོས་ལ་གསོབ། །རྫི་བར་མི་བཟོད་སེར་ག་དྲེག་ཆུང་ཆགས། །གསང་སར་རྣག་གི་མེ་ཏོག་ཤར་བ་ཡིན། །དྲུག་པ་ཐེ་ཚོམ་ཟ་ན་སད་མདའ་བཏང༌། །བྱི་བྲུན་བརྔོས་ཕྱེ་ནུ་ཞོ་སྦྱར་ལ་བསྐུ། །བྱི་བའི་པགས་པ་གླན་པས་གསང་སར་སྨྲ། །ཡང་ན་ཤ་ཁྲག་ཚྭ་(ནི་ཤ་བ་བོང་བུའི་ཕོ་མདུད་བྱ་མ་བྱི་དང་སོ་བྱའི་ཤ་བྱ་མཚའ་ལུའི་ཟེ་ཁྲག་མངལ་ཁྲག་རྒྱ་ཚྭ་)དང་ཤུག་ཚེར་རྣམས། །བ་ཆུ་ཕུལ་ཕྱེད་བ་ལུའི་མེ་ལ་བསྡུ། །ཁྱོར་གང་ཁྱེའུ་སུས་བསྡུས་བཏང་སྲོ་ལོས་བདུག །ཞག་གསུམ་ནང་པར་གསང་དུ་རྣག་གིས་སྨྲ། །ཁྱད་པར་ཡོལ་དངསྐྱི་ཕུར་རྟོགས་པར་ངེས། །དེ་ལྟར་མི་འགྱུར་རྣག་རྟགས་དྲུག་ཚང་ན། །ཐེ་ཚོམ་མི་དགོས་གཙགས་ཐུར་རྒྱབ་པས་ཆོག །མདོག་དམར་ཕྱི་སྐྲངས་པ་སྤུ་འབྱི་བ་དང༌། །སེ་བ་རྒན་པོའི་པགས་པ་ལྟ་བུར་འགས། །ཡོལ་ནུབ་རུལ་མྱགས་གསང་མཆིས་དེ་སྲོག་འདོར། །གསང་རྟགས་འདྲ་མིན་ནོར་ས་བསལ་བ་ནི། །ཡོད་འདྲ་མེད་དང་མེད་འདྲ་ཡོད་པ་གཉིས། །དེ་ལ་ཡོད་ཡོད་འདྲ་ལ་མེད་པ་ནི། །རྩིབ་ལོགས་ཁྲག་ཤ་དྲེག་པར་ཆགས་པ་ཡིས། །རྩིབ་མའི་བར་ཡང་གཟེར་སྦྲིད་དྲོད་ཚ་ཞིང༌། །འདར་སྐད་འབྱུང་བས་ཡོད་པ་འདྲར་གྱུར་ཀྱང༌། །རྣག་རྟགས་གཞན་མེད་གཏར་ཕྲན་ཆུ་ཆགས་གཅུན།  །དེ་ཡིས་འཆུན་ནས་གོང་རྟགས་ནུབ་ན་མེད། །འཁྱམས་སུ་རླུང་ཤོར་བཀྲོལ་ན་ཀྲོག་ཀྲོག་ཟེར།  །ཡོད་ཡོད་འདྲ་ཡང་རྩ་སྟོང་ཆུ་མདོག་སྔོ། །གློ་སྙིང་འདར་ལ་མིག་དཀར་རྣ་བ་འུར། །གདོང་སྐྱ་འཁྲོག་པའི་སྐད་ལ་འཕེལ་འབྲི་འོང༌། །དེ་ལ་ཤ་ཆང་སྤྲུགས་པས་ཆད་ན་མེད། །གཉིས་པ་མེད་མེད་འདྲ་ལ་ཡོད་པ་ནི། །གྲང་རྣག་རྐུན་བུ་ཉུང་ཞིང་ཡུན་ལོན་པས། །ཤ་སྐམ་ཡོད་ངོས་ཕྲ་བས་མེད་པ་འདྲ། །ཡོལ་བཅད་སྐྱི་ཕུར་དཀྲོགས་ཀྱང་སྐད་མི་སྟེར། །མེད་པ་འདྲ་ཡང་རྟགས་གཞན་ཚང་ན་ངེས། །དེ་ཕྱིར་འདྲ་མིན་གོལ་ས་བཅད་པ་གཅེས། །ངོས་ཟིན་བཅོས་ཐབས་སྨན་དཔྱད་ཟས་སྤྱོད་བཞི། །གློ་རྣག་དྲང་ཞིང་སྐྱི་ཕུར་རྣག་རྒྱ་དབྲལ། །གསང་དུ་བབས་པ་བསུས་ལ་ཕྱིར་ལ་དབྱུང༌། །དང་པོ་གློ་ཡི་སྦུགས་སུ་རྣག་ཞུགས་ན། །དང་པོ་རྣག་གི་སྐྱུགས་ཀྱིས་གྱེན་དུ་དྲང་། །དེ་རྗེས་གློ་བ་སྨན་དང་ཟས་ཀྱིས་གསོ། །དང་པོ་སྟར་བུ་རུ་རྟ་སྐྱུ་རུ་ར།  །ཤིང་མངར་པ་ཡག་བུལ་ཏོག་པི་པི་ལིང༌། །སྦྲང་རྩི་སྦྱར་ནས་ལྟོ་སྟོང་བཏང་བས་འདྲེན། །ཡང་ན་ག་དུར་རྒུན་འབྲུམ་ཨ་རུ་ར། །སྲོ་ལོ་ཤིང་མངར་ནུས་ལྡན་བསྲེགས་ཐལ་ལ། །སྟར་བུ་རུ་རྟ་དྲོད་སྨན་ཀ་ར་དང༌། །བོང་བུའི་འོ་མ་སྦྱར་བ་འཇམ་པོར་འདྲེན། །དེ་ཡིས་འདྲོངས་དཀའ་རྒྱ་ཚྭ་རྒྱམ་ཚྭ་དང་། །བུལ་ཏོག་སོ་ཆ་སོ་ཏོའི་གྲེ་བ་དང༌། །གོ་བོའི་ཀླད་པ་རྨིགས་པའི་ཁྲག་དང་བདུན། །ཁྱེའུའི་ཆུ་ལ་སྦྱར་བཏང་རྣག་རྣམས་འདྲེན། །ཡང་ན་ཟངས་ཐལ་སྦྱར་བས་རྩ་ཁ་དབྱེ། །བོང་བུའི་འོ་མ་སྟར་བུ་ཨ་རུ་ར། །ཝ་ཡི་གློ་བ་སྦྱར་བ་ཞག་གསུམ་མནན།  །གཞུག་སྒྲ་གསུམ་གྱི་ཐལ་བ་ཀླད་པ་གཉིས། །ཡ་བཀྵ་ར་སྦྱར་བ་དྲག་པོར་འདྲེན། །ཡང་ན་སྦྲང་རྒོད་རྒྱ་ཚྭ་ག་བུར་དང༌། །ཅུ་གང་འབྲི་ཏ་ས་འཛིན་ཆང་སྐྱུར་སྦྱར། །མདུན་རྒྱབ་བདུད་རྩི་ལྔ་པོ་བཙོས་པས་བདུག །དེས་མ་འདྲོངས་ན་ཡུངས་ཀར་མུ་ཟི་དང༌། །གུ་གུལ་མར་ནག་རས་ལ་བསྟིམ་བྱས་ནས། །བུམ་ནང་མེས་བསྲེགས་དུ་བ་ཁ་སྣར་བདུག །ཡང་ན་ལྡོང་རོས་གུ་གུལ་སོ་ཆ་དང༌། །རྡོ་དྲེག་རུ་རྟ་ལ་ཆ་སྦྱར་ལ་བདུག །ཡང་ན་མཆུ་སྙུང་ལྡོང་རོས་ཡུང་བ་དང༌། །ཤིང་ཀུན་རྒྱ་སྐྱེགས་ཟངས་རྡོ་པི་པི་ལིང༌། །ཤིང་མངར་གུ་གུལ་གླ་རྩི་པོ་སོ་ཆ། །མི་ཡི་ཚིལ་སྦྱར་དུ་བ་རྔུབས་པས་འདྲོངས། །རྣག་ཐོན་པ་ཡི་ཚད་ནི་རྣག་ཤུབས་འབྱུང༌། །བརྐོ་བ་དྲགས་ནས་རྣག་ཟད་ཁྲག་ཤོར་ན། །རྩ་ཁ་བསྡམས་དང་རྣག་རྗེས་བཅད་པར་བྱ། །དང་པོ་རྒྱ་སྐྱེགས་བ་འོ་ཆུར་བསྡུས་ཁུར། །དོམ་མཁྲིས་གུར་ཀུམ་སྲན་པུས་བཏབ་ལ་བཏང༌། །ཡང་ན་ཅུ་གང་སྲིན་བྱ་ཝ་ཡི་ཀླད། །སྲོ་ལོ་ཤིང་མངར་བ་མར་སྦྲང་སྦྱར་བཏང༌། །ཡང་ན་ཤིང་ཚ་སུག་སྨེལ་པི་པི་ལིང༌། །སྒེ་གཤེར་རྒྱ་སྐྱེགས་དོམ་མཁྲིས་མ་རུ་ཙེ། །ཀ་ར་དཀར་པོ་སྦྱར་ལ་བཏང་བར་བྱ། །རྒྱ་སྐྱེགས་ལ་ཆ་བཏོན་བའི་ཁུ་བ་དང༌། །འབྲི་མོག་ཁུ་བ་བ་མར་བཏོན་པ་དང་། །བོང་བུའི་འོ་མ་ཆ་གསུམ་ཕུལ་དོར་མཉམ། །ཤུ་མོ་ཟ་ནི་ཕོ་ཚོམས་གཅིག་བཏབ་བཙོ། །ཆུ་ཆོད་ལི་ཤི་ཀ་ར་ཁ་ཚར་གདབ། །ནང་རེ་ཁྱེམ་བུ་རེ་རེ་བསྟེན་པར་བྱ། །གློ་རྩ་ཆད་དམ་གློ་བ་འགྲམས་པའམ། །ལུད་པ་ཁྲག་བཅས་གློ་རྣག་གཅོད་པའི་མཆོག །རྣག་རྗེས་དམར་པོ་གསུམ་གྱི་སྨན་མར་ལ། །བཟང་དྲུག་ཟངས་ཐལ་སྦྲང་སྦྱར་ལྟོ་སྟོང་བཏང༌། །གློ་རྨ་གསོ་ཞིང་རྨ་ཡི་རྣག་རྗེས་གཅོད། །ཁ་ཟས་བ་ཡི་ཞོ་དར་སྐོམ་ཤ་བཏང༌། །རྗེས་ལ་གྲོ་ཆང་སྲོ་ལོས་བསིངས་པ་དང༌། །ལུག་ཤ་གསར་པས་རླུང་སྒོ་བགག་པར་བྱ། །རུལ་སྐྱུར་བཤུལ་ཤ་དྲག་ཤུལ་རྒྱུན་དུ་སྤང༌། །བར་གྱི་སྐྱི་ཕུར་རྣག་རྒྱ་དབྲལ་བ་ནི། །ཕུ་ཡི་རྒྱལ་བུ་མདའ་ཡི་རྔ་མོ་དང་། །བར་གྱི་སྡེར་ཆགས་ཀླུ་ཡི་ཤ་རྣམས་བཏགས། །བསྡུས་པའི་ཚ་བ་གསུམ་ཡར་ཞག་གསུམ་བཏང༌། །ཨ་ཀྲོང་རྒོད་ཀྱི་བཙོས་ལུམས་སྟེང་ནས་བདུག །དེ་ཡིས་སྐྱི་ཕུར་ཕྱི་ནང་གང་ཉེ་རྡོལ། །མ་རྡོལ་སྲིད་ན་ཚེ་ཟད་ལས་ཡིན་སྤང༌། །གསང་དུ་བབས་པ་ཕྱིར་ལ་དབྱུང་བ་ནི། །གསང་གི་དབྱེ་དུས་གསང་དམིགས་དབྱེ་ཐབས་དང༌། །རྣག་གི་དབྱུང་ཚད་རྣག་སྤྲ་རྨ་ཆས་དང༌། །ཐེམ་བུ་བཀྲུ་བཤལ་ཟས་སྨན་སྤྱོད་ལམ་དང༌། །རྣག་གི་འཆད་དུས་བསྟན་དང་བཅུ་གཉིས་སོ། །དབྱེ་དུས་ལྔ་བདུན་དགུ་ལ་རྒྱ་བཤལ་དབྱེ། །བཅུ་གཅིག་བཅུ་གསུམ་བཅོ་ལྔ་ཆུ་སེར་དབྱེ། །བཅུ་བདུན་བཅུ་དགུ་ཉེར་གཅིག་རྣག་གསང་དབྱེ། །འགྲམས་དང་རྩ་ཡི་བྱ་ཤོར་དབྱེ་དུས་མེད། །གསང་དམིགས་མི་འགྱུར་རྟགས་དྲུག་ཚང་བ་དེ། །དབྱེ་ཐབས་གཟའ་སྐར་ཚེས་བཟང་སྔ་སྐད་དུས། །ཁད་མཉམ་སྟན་ལ་ལུས་བསྲང་སྐྱིལ་ཀྲུང་འདུག །ལོ་མཐུན་གཡོག་གིས་བརྟེན་ལ་རྣ་བ་བསྡམ། །སྦུབས་ཐུར་བྱིད་པོའི་མཆུ་འདྲས་གསང་ས་ཡི།  །སྟ་སྒབ་སྣེ་བསྣོལ་མེད་པར་དྲང་པོར་བརྡེག །པགས་པ་ཤ་རུས་ནང་བརྡོལ་ལག་ཚོད་མྱང་།  །ལག་པ་ཐུར་མ་པགས་པ་མི་འབྲལ་ལྟེམ། །དབུགས་བསྡམ་རྒྱུས་བལྡད་མྱུལ་ཞིང་རྣག་ཆུ་གདོན།  །དབྱུང་བའི་བུངས་ཚད་དང་པོ་སུམ་གཉིས་ཡིན། །རྣག་ཚབ་ཆང་ཕུལ་ཕྱེད་ལ་ཐལ་བྲན་བཏང་། །ཐ་མར་རྣག་ལྦུ་ཆིར་གྱིས་བྱུང་ན་བཞག །དང་པོ་ཟ་བཞོས་དེ་ནས་ཞག་བཞོས་བྱ། །རྣག་པྲ་དཀར་འཇམ་དྲི་མེད་གསོ་བ་སླ། །སེར་སྐྱ་སྐ་ལ་དྲི་མེད་འཕྲལ་གསོ་སླ། །དམར་སྐྱ་སྔོ་སྐྱ་དྲི་མེད་གསོ་རུ་རུང༌། །སྐྱེར་ཁུ་ཚོད་ཁུ་འདྲ་ན་ཡུན་དུ་སྦྱོང༌། །ཤེ་རུལ་དུད་ཀ་དྲི་ཆེ་ཁྲག་རིས་ཅན། །རམས་ཁུ་འདྲ་དང་ཤ་ཁོག་བཤལ་འདྲ་དང༌། །རྐྱང་ཆུ་ཉི་མས་འཚིག་འདྲ་འཆི་བ་ཡིན། །ཐེམ་བུ་རྨ་ཆས་རིམ་པས་སྤེལ་ཏེ་བསྟེན། །ཐུར་མ་བཏོན་རྗེས་ལེབ་རྒན་ལྟབ་ཐེམ་གཞུག །དེ་སྟེང་ཨ་ས་བ་ཡིས་ཐེངས་འགའ་བདུག །དེ་རྗེས་རྣག་མ་ཟད་པར་ཕྱིང་འབྱར་བྱ། །བར་དུ་གཅུས་ཐེམ་ཉུང་ཐེམ་རེ་མོས་སྤེལ། །གྲོ་ལོ་སྦང་རོ་རྔ་གཟེབ་ཧེལ་གེ་དཀྲི། །ཐ་མ་ཞ་ཉེའི་འཕྲུལ་ཐེམ་གཞུག་པར་བྱ། །སྐམ་ཆས་འབྲིའུ་སྣུམ་བཙོས་བཏང་ལ་དཀྲི། །བཀྲུ་བཤལ་ཚ་ན་ག་བུར་རྒྱལ་བློན་ཆུས། །གྲང་རྣག་ཆང་འཇམ་རུལ་ཆགས་བུལ་ཏོག་ཆུ། །ཐུན་མོང་ཅུ་གང་དོམ་མཁྲིས་ཀ་རའི་ཆུ། །ཁྱོར་རེ་ཆ་བྱད་འཚམ་པས་རྨ་ནང་བསྐྱལ། །རྨ་བཀབ་སྐྱོམས་ལ་དེ་ནས་ཕྱིར་ལ་དབྱུང༌། །ལྷག་ཆད་མེད་ན་ཐེམ་བུ་གཞོན་པའི་རྟགས། །ཁྲུས་དྲགས་གློ་ཡི་དྲོད་འཆོར་གྲང་འབྱམས་འགྱུར། །ཁྲུས་ཞན་རུལ་ཆགས་རྣག་གི་གཞུག་མི་ཆོད། །དེ་ཕྱིར་དབྱར་གསུམ་དགུན་བདུན་དུས་ལ་བཀྲུ། །ཁ་ཟས་དང་པོ་རྣག་ཚད་མ་བྲི་བར། །བ་རའི་ཞོ་དར་རི་དྭགས་སྐོམ་ཤ་དང༌། །ནས་ཐུག་ཡོས་ཐུག་ལ་སོགས་བསིལ་དུ་བཏང༌། །བར་དུ་རྣག་ཟད་ཚ་བ་ཆག་པ་དང་། །མར་གསར་ལུག་ཤ་གསར་པ་བུར་དཀར་དང༌། །མངར་གསུམ་ལྡེ་གུ་གསར་འཇམ་བྲོ་མེད་བཏང༌། །ཐ་མ་རྣག་གཞུག་ཆད་དཀའ་ཤ་ཡིབ་དང༌། །བུར་མར་ཆང་འཇམ་ཏིང་ཁྲོལ་བཅུད་ཀྱིས་གསོ། །སྨན་ནི་རྣག་ཚད་ཡོད་པའི་དུས་དག་ཏུ། །དངུལ་ཆུ་དུག་ཕྲལ་མུ་ཟི་བཏུལ་བ་དང་། །ཟངས་ཐལ་འབྲས་བུ་གསུམ་དང་བཟང་པོ་དྲུག །ག་བུར་གི་ཝཾ་ཙན་དན་དཀར་དམར་དང༌། །བསེ་རུ་རྒྱ་རུ་གྭ་དོར་མཁྲིས་སྣ་ཚོགས། །ར་མཉེ་ཉེ་ཤིང་ཤིང་མངར་དཀར་སྦྲང་སྦྱར། །ཁྱེམ་བུ་གསུམ་གསུམ་ཁྱེའུ་སུས་བཏང་བས་སྐེམ། །ཡང་ན་མུ་ཟི་ཁྲག་ལྟར་བཏུང་བས་སྐེམ། །རྣག་ཟད་ཚད་སྟོབས་ཆག་ནས་སྨན་མར་སྦྱར། །འབྲས་བུ་གསུམ་དང་ར་མཉེ་ཉེ་ཤིང་གི །ཁུ་ཕྱུང་འོ་མ་མར་དུ་ཆུ་བཅད་ལ། །རྩལ་ཆེན་བསྡུས་པའི་ཕྱེ་མ་ཁ་ཚར་གདབ། །སྦྲང་དང་སྦྱར་བས་རྣག་རྣམས་མ་ལུས་ཀུན། །སྟོད་སྨད་ཕྱི་ནང་གང་ན་གནས་ཀྱང་རུང༌། །ཞག་གཅིག་གིས་ནི་ཐམས་ཅད་སྐེམ་པར་ནུས། །ཨ་བར་ཉི་ཤུ་བ་ཆུར་ཞག་ལྔ་སྦངས། །འོ་མ་མར་བསྡུས་ཆུ་ཆོད་དྭངས་མ་ལ། །དངུལ་ཆུ་དུག་ཕྲལ་སྟར་བུ་བ་ཆུ་དང༌། །བྱིས་པའི་ཆུས་བཤིག་མུ་ཟི་ཁྱོར་གང་སྦྱར། །ག་བུར་བཟང་དྲུག་ཙན་དན་གི་ཝཾ་དང་། །བསེ་རུ་སེང་ལྡེང་སྤྱི་ཞུར་སོ་མ་ར། །སྒྲོན་ཤིང་ཟངས་ཐལ་འགྲོན་བུའི་ཐལ་བ་དང་།  །རྩ་བ་(ར་མཉེ་ཉེ་ཤིང་རེ་སྐོན་ཨ་བི་ཥ་དར་ཡ་ཀན་ལྔ་)ལོ་མ་(ཨ་བ་བྲག་ལྕམ་སྟག་ཤ་གསུམ་)སྦྲང་རྩི་སྦྱར་བྱས་ཏེ། །སུམ་ཡར་མཐེབ་མོ་ཙམ་རེ་བཏང་བར་བྱ། །རྣག་ཀུན་ཟིལ་པ་ཉི་མས་ཕོག་བཞིན་སྐེམ། །ཞུ་རྗེས་བ་སྤུ་རྔུལ་ཙམ་གོས་ཀྱིས་བྱིབ། །མ་ཞུ་ཆུ་སྐོལ་གོ་ཐལ་རྒྱ་ཚྭ་ཤིས། །མགོ་འཁོར་ཁ་གདོང་སྐྲངས་ན་ཤ་ཆང་བཏང༌། །རུས་ཚིགས་འབྲལ་སྙམ་བྱེད་ན་པི་པི་ལིང་། །རྒྱ་ཚྭ་རྒྱམ་ཚྭ་སྟར་བུའི་བསྐོལ་ཐང་བཏང༌། །ཐ་མ་རྣག་གཞུག་གྲང་བར་འབྱམས་པའི་དུས། །ལྕགས་ལ་དབང་ཕྱུག་ས་བོན་ཨ་རུ་ར། །ཟངས་ལ་དར་མཚུར་མུ་ཟིའི་ཐལ་བས་བཞུ། །བསེ་རུ་གྭ་དོར་གཉིས་དང་རྒྱ་རུ་དང༌། །གུར་ཀུམ་ཅུ་གང་ཛཱ་ཏི་ཙན་དན་གཉིས། །ཤིང་ཚ་ཚ་བ་གསུམ་དང་དབྱི་མོང་དང༌། །དངུལ་ཆུ་སྟར་བུ་བ་ཆུས་བཤིག་པ་དང༌། །ལ་ཆ་འཁར་པོ་དེ་རྣམས་རྩི་བཞིན་བཏགས། །ཨ་རུ་གསེར་མདོག་ཆང་དུ་ཞག་ལྔ་སྦངས། །ཁུ་ཕྱུངས་འོ་མ་འབྲི་མར་བསྡུས་པའི་མར། །སྦྲང་སྦྱར་ནས་གསེབ་བཞག་ལ་སུམ་ཡར་བསྟེན། །གྲང་རྣག་སྐེམ་པའི་མཆོག་ཏུ་ཤིས་པ་ཡིན། །སྤྱོད་ལམ་དྲག་ཤུལ་ཉལ་པོ་བཞོན་པ་དང༌། །འགེངས་འདེགས་བརྡེག་སོགས་ལག་གི་འདུ་བྱེད་སྤང༌། །དེ་ལྟར་བཅོས་རྗེས་རྩ་ཆུ་ཕྱི་ཚད་ཆག །ལུས་ཡང་དང་ག་བདེ་ལ་ཉམ་ཤེད་སྐྱེས། །རྣག་གཞུག་ཆད་པའི་དུས་ཡིན་ཆད་དུས་བཞི། །ཤིང་རྩི་ཁ་འབུས་ཆར་ཀླུང་གཅིག་ཕེབས་དང༌། །སྐམ་ཐག་ཆད་དང་འཁྱག་པ་ཨར་ལ་ཐེབས། །དུས་དེར་མ་ཆད་འབྱམས་པ་ཞེས་བྱ་སྟེ། །ལོག་གནོན་རྗེས་གཅོད་ནད་དུ་ཤེས་པར་བྱ། །ད་ནི་བྱང་ཁོག་སྨད་ཀྱི་བཅོས་ཐབས་ལ། །སྤྱི་དང་བྱེ་བྲག་རྣམ་པ་གཉིས་སུ་འདོད། །སྤྱི་ལ་བཅོས་དོན་རྣམ་པ་དགུ་ཡིན་ཏེ། །ཟས་ཀྱིས་གཞི་བཟུང་དུགས་ཀྱིས་གཟེར་བ་བཅག །ཆས་ཀྱིས་དྲོད་བསྐྱེད་འདྲེན་གྱིས་འགགས་པ་བསལ། །སྨན་གྱིས་དོན་སྣོད་ཚ་བ་བསད་པ་དང་། །གཏར་གྱིས་ངན་ཁྲག་རྩ་རུ་དབྱུང་བ་དང༌། །བཤལ་གྱིས་མཁྲིས་ཚད་འོར་དུ་བསྐྱུར་བ་དང་། །མེ་ཡིས་རྩ་འཕྲང་བསྡམ་ཞིང་སྦོས་པ་གཞིལ། །རྣག་ཁྲག་བབས་པ་གསང་དུ་གདོན་པར་བྱ། །དང་པོ་ཟས་ཀྱིས་གཞི་མ་བཟུང་བ་ནི། །སྨད་ནི་གཙོ་བོར་སྣོད་ཀྱི་ཡུལ་ཡིན་པས། །ཟས་དང་སྐོམ་གྱི་སྦྱོར་བ་ཤིན་ཏུ་གཅེས། །འབྲས་དང་ཡོས་ཐུག་ཉག་གིས་འཚོས་པ་ལ། །མར་གསར་འོ་མ་སྒ་སྐྱ་བཏབ་པ་དང༌། །སྐོམ་ཤ་གསར་པ་གྲི་ཚགས་སྒ་སྐྱ་བྲན། །བུངས་ཆུང་མི་མང་ཡང་དང་ཡང་དུ་བསྟུད། །བསྐོལ་གྲང་ཆུ་གྲོག་མི་མང་སྐོམ་དུ་བཏང༌། །འོ་ཟན་ལྟོ་ལུ་གོང་སྒོང་ཚོད་རེ་བྱིན། །ཟས་སྐོམ་མང་ན་ཟུག་ཆེ་སྐྱུག་པ་དང་། །རྨ་མི་འབྱོར་ཕྱིར་བཤལ་རྗེས་ལྟ་བུར་གཟབ། །དོན་ལ་ཟས་སྐོམ་གནོད་པས་སྤང་བ་མཆོག །སྐོམ་ཤ་ཞོ་ཕྲུམ་ཆུ་གྲོག་ཚོད་སྦྱར་བཏང༌། །བསིལ་ཆེས་དྲོད་ཆེས་ཟས་སྐོམ་ཐམས་ཅད་སྤང༌། །གཉིས་པ་དུགས་ཀྱིས་གཟེར་བ་བཅག་པ་ནི། །མཆིན་པ་རྟ་སྦང་མཆེར་པ་བྱི་སའི་དུགས། །མཁལ་མ་སྦང་སྐམ་ཕོ་བ་ཚྭ་ཡིས་དུགས། །ལོང་ལ་ཆུ་རྡེ་རྒྱུ་མ་རྫ་བསྲེགས་དུགས། །དྲོ་ལ་རྒྱ་ཆེ་ལན་མང་བཏང་བ་ཡིས། །ཟུག་ཆོག་བདེ་བ་མྱུར་དུ་སྟེར་བར་བྱེད། །གསུམ་པ་ཆས་ཀྱིས་དྲོད་ལ་བཙའ་བ་ནི། །རྨ་གསར་དུས་སུ་ཨ་ས་བ་ཡིས་བདུག །དེ་ནས་མར་ཁུ་སྤོད་བྲན་རྔ་རྫིང་བཙོས། །རྒྱ་ཆེར་བཏང་ལ་ཐེར་སྲབ་སྟེང་དུ་བཅིང༌། །རྨ་ཁ་ཆེ་ན་སྦང་རོ་ཚོམ་རེ་གླན། །སྐམ་ཆས་རླན་དང་མི་འབྲལ་གཅེས་པ་ཡིན། །སྦང་མ་ལ་སོགས་དྲོད་འཇམ་སྤང་བར་བྱ། །བཞི་པ་འདྲེན་གྱིས་འགགས་པ་བསལ་བ་ནི། །ན་འགྱུར་སྦོ་ལྡེང་དྲི་ཆུ་སྲི་བ་ལ། །དུར་བྱིད་ལྕུམ་རྩ་མཁྲིས་སྣ་བུལ་ཏོག་ཕབས། །དུད་པ་ཚྭ་དང་བ་ཆུའི་མས་འདྲེན་བཏང༌། །སྨད་ཚད་དྲི་མ་ཁྲག་རོ་འདོན་པར་བྱེད། །འཕྲལ་དུ་བདེ་ནུས་ཡང་ཡང་བསྟུད་ཀྱིན་བཏང༌། །ལྔ་པ་སྨན་གྱིས་ཚ་བ་བསད་པ་ནི། །སྨད་ཀྱི་དོན་ལ་ཚ་བ་བཅག་པ་དང་། །རྩ་ཁ་བསྡམ་དང་ཆུ་སེར་སྐེམ་པ་གཅེས། །དང་པོ་ཙན་དན་གི་ཝཾ་བསིལ་གསུམ་དང༌། །ཨུཏྤལ་དྲུག་གིས་དོན་གྱི་ཚ་བ་གཅོག །དོམ་མཁྲིས་ཤིང་མངར་ཨ་བས་རྩ་ཁ་སྡོམ། །བསེ་རུ་གྭ་དོར་འགྲོན་ཐལ་ཕུར་ཐལ་བཞི། །ཆུ་སེར་རྣག་ཁྲག་སྐེམ་པར་བྱེད་པ་ཡིན། །གཙོ་བོ་དེ་ལ་ཁ་སྒྱུར་སྣ་ཁྲིད་པ། །མཆིན་པ་ལ་ནི་བྲག་ཞུན་པྲི་ཡངྐུ། །ཏིག་ཏ་མཚལ་དཀར་གོང་ལ་བསྣན་ལ་བཏང༌། །མཆེར་པ་ལ་ནི་གསེར་གྱི་མེ་ཏོག་དང༌། །ཨ་རུ་ར་དང་པི་པི་ལིང་གསུམ་བསྣན། །མཁལ་མ་ལ་ནི་སུག་སྨེལ་གླ་རྩི་དང་།  །སྡིག་སྲིན་ལྕམ་པ་བསྣན་ལ་ཀ་ར་སྦྱར། །དེ་བཞིན་སྣོད་ལ་ཚ་བ་སེལ་བ་དང༌། །ཉམས་པ་གསོ་དང་དྲོད་སྐྱེད་ཁ་སྒྱུར་གཅེས། །གི་ཝཾ་བསིལ་གསུམ་ཨུཏྤལ་སྣོད་ཚད་སེལ། །དོམ་མཁྲིས་རྒུ་དྲུས་བཙོད་ཀྱིས་ཉམས་པ་གསོ། །སེ་འབྲུ་པི་པི་ལིང་གིས་མེ་དྲོད་སྐྱེད། །ཕོ་བ་ལ་ནི་མ་ནུ་རུ་རྟ་བསྣན། །རྒྱུ་མར་དུག་མོ་ཉུང་དང་སྙ་ལོ་བསྣན། །ལོང་ལ་ཁ་རུ་ཚྭ་དང་རུ་རྟ་བསྣན།  །མཁྲིས་པར་གསེར་གྱི་མེ་ཏོག་དུག་ཉུང་བསྣན། །ལྒང་པར་སྡིག་པ་སྲིན་བུ་བསྣན་བྱ་སྟེ། །ཀ་ར་སྦྱར་བ་འཇུ་དཀའ་ཆུ་བསྐོལ་དབུལ། །ཐུན་གྲངས་ཐུན་ཚད་ཚ་བའི་སྟོབས་དང་སྦྱར། །ཕོ་བས་མ་འཆུན་ཚ་བ་གསུམ་ཐལ་བ། །ཨ་རུ་ཀ་ར་སྦྱར་ལ་ལྟག་པ་སྤྲད། །དྲུག་པ་གཏར་གྱིས་ཁྲག་ངན་རྩར་དྲང་བ། །ཚ་བ་སྐྱེ་ཞིང་གཟེར་འབྱུང་ཚ་འབྲབ་བྱེད། །ལྟེ་བ་ཡན་ཆད་སྣོད་ཀ་རུ་ཐུང་གཏར། །མན་ཆད་རྩ་བོ་ཆེ་དང་ལོང་རྩ་གཏར། །མཁལ་མ་བྱིན་གཞུག་ཕན་སྐྱེད་ཁྲག་མདོག་སྦྱར། །སྣོད་ལ་གཏར་བ་དྲགས་ན་མེ་དྲོད་འཆོར། །བདུན་པ་བཤལ་གྱིས་མཁྲིས་ཚད་འོར་སྒྱུར་བ། །སྨན་གཏར་ཚ་བ་མི་ཆག་ཆུ་མདོག་སེར། །ལྡང་དུབ་མང་ལ་ཁ་ཁ་དང་ག་འགག །ལྕུམ་རྩ་དུར་བྱིད་ཨ་རུ་མཆུ་སྙུང་ཐང༌། །འཇམ་པོས་སྣོད་ཚད་སྦྱང་བ་གཅེས་པ་ཡིན། །བརྒྱད་པ་མེ་ཡིས་སྦོས་གཞིལ་འཕྲང་བསྡམ་པ། །རྩ་ཆད་སྣོད་ཕུག་རྩ་ཁྲིད་གཟེར་སྦོས་ན། །དཔྱད་མཆོག་མེ་དང་འདྲ་བ་གང་ཡང་མེད། །རྩ་ཆད་པ་ལ་རྨ་ཁར་ལྔ་བདུན་གདབ།  །སྣོད་ཕུགས་འཚེབས་པ་མེད་ན་རྨ་ཁ་བསྲེག །འཚེབས་ན་མདེ་ཕུགས་རྨ་ཡི་སྟེང་དུ་བསྲེག །རྩ་ཁྲིད་གང་ཁྲིད་གང་གཟེར་སྟེང་དུ་བསྲེག །སྦོ་ལྡེང་ཟེར་ན་མདུན་རྒྱབ་རང་གསང་བསྲེག །དགུ་པ་རྣག་ཁྲག་གསང་དུ་གདོན་པ་ནི། །གྱེན་ཐུར་དབྱེ་བའི་གསང་སར་འདོན་པ་གསུམ། །མགོ་ན་ཁ་ཁ་དང་ག་མི་བདེ་ཞིང༌། །ཕོ་སྟོད་འཚིང་སྒྲེག་སྐྱུག་པ་སྙམ་དུ་སེམས། །མ་ཞུའི་གནས་ན་གནས་ཏེ་སྐྱུགས་ཀྱིས་དྲངས། །གསེར་གྱི་ཕུད་བུ་དོང་ག་པི་པི་ལིང༌། །སོ་ཆ་སྤྱང་ཚེར་དུས་གསུམ་རྟས་བསྒྱུར་དྲང༌། །ཡང་ན་བསིལ་གསུམ་ནིམ་པ་ཡུངས་ཀར་དང༌། །འབྲི་ཏ་ས་འཛིན་ཕུར་མོ་ལོ་བཙན་གྱི། །ཁུ་བར་བཏབ་བཏང་རྣག་ཁྲག་ལྷུང་བ་སྐྱུག །དྲི་ཆུ་བསྡམས་དང་རྒྱུ་ལོང་གཟེར་བ་དང༌། །ཚ་རུམ་ལྡང་དུབ་བྱེད་དང་རོ་སྨད་ལྕི། །ཞུ་བའི་གནས་སུ་བབས་པ་བཤལ་གྱིས་སྦྱང༌། །དནྡ་དོང་ག་སྔོན་བུ་ཨ་རུ་ར། །ཐར་ནུ་ལྕུམ་རྩ་བུལ་ཏོག་པི་པི་ལིང་།  །ཆུ་དང་བ་ཆུ་ཆང་བསིངས་རྟ་ཡིས་བསྒྱུར། །སྨད་དུ་རྣག་ཁྲག་ལྷུང་བ་སྦྱོང་བར་བྱེད། །རྩ་ཆུ་ཚ་ལ་ཁ་སྐམ་དང་ག་འགག །ལྡང་དུབ་བྱེད་ཅིང་དྲི་ཆུ་སྡོམ་པ་དང༌། །ཚ་འབྲབ་ཆེ་ལ་བརྩེ་ཞིང་རེག་མི་བཟོད། །རྣག་ཡུལ་མཐོང་ལ་མེར་མེར་ལྟོང་ལྟོང་བྱེད། །གསང་དུ་གང་བབས་ས་དེར་ཕྱིན་ནས་དབྱེ། །དབྱེ་དུས་རྣག་པྲ་ཁྲུས་ཆས་རྗེས་གཅོད་སོགས། །བྱང་ཁོག་སྟོད་དང་ཁྱད་པར་མེད་པར་བཅོས། །སྣོད་ཀྱི་ཕྱིར་བབས་འཕོངས་སུ་མཛུ་གུས་བརྟག །འཕྲུལ་གསང་ན་ཞིང་མི་བཟོད་མེར་སར་དབུག །སྨད་ཀྱི་དོན་སྣོད་བྱེ་བྲག་བཅོས་པ་ནི། །མཆིན་དྲི་དཀར་ནག་ཁྲ་ལ་མཚོན་ཕོག་ན། །དང་པོ་དོམ་མཁྲིས་ར་འོ་སྦྱར་ལ་བཏང༌། །གཏར་སྤང་ཚིགས་པ་བརྒྱད་དང་ལྷེན་སྣ་བསྲེག །ཕག་ཤ་སོལ་བ་བྱ་ཕོའི་མགོ་ཚོད་བླུད། །རྔ་བྲན་ཤ་དང་མཛོ་ཡི་ཞོ་དར་བཏང༌། །སྒོང་སྤྲིས་རྟ་ཁྲག་གོ་སྙོད་སྐམ་ནན་བྱ། །གཡེར་མ་གོ་སྙོད་སྤོད་སྣ་དམར་པོ་གསུམ། །སྐམ་ནན་བྱ་ཞིང་བུད་མེད་ནད་གཡོག་སྤང༌། །མཆིན་དྲི་ནག་པོ་མཁྲིས་སྦྱོར་ཁོང་དུ་བཏང༌། །རྩེ་ཆུང་ངར་གདོང་ལྟེ་འོག་རྩ་ལ་གཏར། །སྒྱིད་ཁུང་མེས་བསྲེག་འབྲས་ཐུག་ཡོས་ཐུག་བཏང༌། །སྤྱི་གཙུག་རྐང་མཐིལ་སྣུམ་གྱི་བྱུག་པ་བྱ། །ཁ་ཟས་བསིལ་བསྟེན་དྲོད་ཀྱང་ཅུང་ཟད་བསྟེན། །མཆིན་པ་རུ་ཐུང་ལོང་རྩ་བཞི་ལ་གཏར། །ཚིགས་པ་བརྒྱད་དགུ་མཚོགས་དཀྱིལ་མཐེ་བོང་བསྲེག །གུར་ཀུམ་ཅུ་གང་བ་ལེ་བ་ཤ་ཀ །བྲག་ཞུན་སེ་འབྲུ་མཚལ་དང་ཨ་རུ་ར། །ཀ་ར་སྦྱར་བཏང་མེ་ཏོག་ཁཎྜ་སྦྱར། །ཁ་ཟས་སྤྱོད་ལམ་གྲང་དྲོ་སྙོམས་པར་བཅོས། །མཆེར་པ་ངར་གདོང་རུ་ཐུང་བཞི་ལ་གཏར། །གོ་སྙོད་སླེ་ཏྲེས་དུག་ཉུང་བསྡུས་ཐང་བཏང༌། །ཚིགས་པ་དགུ་པ་བཅུ་གཅིག་བསྲེག་པར་བྱ། །འཕོངས་སུ་ལ་ཕུག་ཚྭ་སྦྱར་རེང་བུ་གཞུག །སྒོག་སྐྱ་མར་དཀར་བསྡུས་ཁུ་ཙི་ཏྲ་ཀ །གོ་སྙོད་ལྡུམ་བུ་རྣམ་གསུམ་བཏབ་ལ་བཏང༌། །ཁ་ཟས་དྲོད་བྱ་སྐབས་སུ་ལོ་མར་བྱུག །དེ་ལ་བཅོས་སྐྱེད་མེད་ན་འཇམ་བཤལ་བཏང༌། །མཁལ་མ་བཅུ་བཞི་པ་དང་རྩ་ནག་བསྲེག །ཡོབ་གོང་རྩ་དང་བྱིན་གཞུག་བཞི་ལ་གཏར། །ཁ་ཟས་དྲོད་ལ་ཁོང་སྨན་བསིལ་དུ་བཏང༌། །ཆུ་བསྡམས་རྒྱ་ཚྭ་གླ་རྩི་སྡིག་སྲིན་དང།༌།  ཉི་དགའ་འོ་མ་སྦྱར་ལ་བཏང་བར་བྱ། །མཁལ་ཚིལ་ཞུ་ན་གུར་ཀུམ་བདུན་པ་སྦྱར། །ག་བུར་རྨར་གཞུག་བསིལ་བའི་ནན་གྱིས་མནན། །རྣག་ཞུགས་ཞོ་ཤ་གསུམ་གྱི་སྨན་མར་སྦྱར། །ཕོ་བ་བཅུ་གཉིས་ཕོ་གསང་དབུས་མ་བསྲེག །སྐྱུག་ན་འབྲས་ཁུར་འབྲས་ཡོས་པུ་ཤེལ་རྩེ། །སྦྲང་རྩི་སྦྱར་བཏང་སེ་འབྲུ་ཨ་རུ་ར། །མར་དཀར་ཀ་ར་སྦྲང་སྦྱར་ཏིང་ཁྲོལ་དང༌། །ཚ་བ་སྐྱེས་ན་རུ་ཐུང་གཡས་གཡོན་གཏར། །གསོ་བ་དཀའ་ན་དོང་གའི་འཇམ་བཤལ་བཏང༌། །ཕོ་ཐེར་རལ་ན་རྟ་རྐྱང་རྒྱུས་པས་བཙེམ། །ཤའུ་སྐྱེད་སྨན་བཏབ་ལ་དར་གྱིས་དགབ། །དེ་སྟེང་ཕྱིང་པ་མར་བཙོས་གླན་ལ་དཀྲི། །ལྟོ་ཚིལ་ལུག་ན་དྲོད་ཕབ་ནང་དུ་གཞུག །མ་ཚུད་མཚམས་སུ་རྟ་རྔ་དར་སྐུད་བཅིང༌། །རྒྱ་ཚྭ་ཤིང་ཚ་བཏབ་པས་ཚིལ་བུ་བཞུ། །ཚུད་ནས་རྨ་ཆས་གོང་མ་བཞིན་དུ་བྱ། །ཚ་བ་སྐྱེས་ན་ཐང་ཕྱེ་གཏར་ཕྲན་དཔྱད། །མཁྲིས་པ་དོམ་མཁྲིས་འོ་མར་སྦྱངས་ལ་བཏང༌། །ཚིགས་པ་དགུ་བསྲེག་གཤའ་རིངས་རུ་ཐུང་གཏར། །ཏིག་ཏ་དོམ་མཁྲིས་གསེར་གྱི་མེ་ཏོག་དང༌། །རུ་རྟ་ཧོང་ལེན་རྩ་མཁྲིས་བོང་ང་དཀར། །སྐྱེར་ཞུན་ཀ་ར་སྦྱར་བའི་ཕྱེ་མ་བཏང༌། །ལོང་ལ་ཚིགས་པ་བཅུ་དྲུག་བསྲེག་པར་བྱ། །སྲིན་ལ་ཤིང་ཀུན་གླ་རྩི་བྱི་ཏང་ག  །ལང་ཐང་ཙེ་དང་འབུ་སྐྱོགས་མ་རུ་ཙེ། །སྒོག་སྐྱ་འོ་མ་བུ་རམ་བཏབ་པ་བླུད། །ཚ་བ་སྐྱེས་ན་ལོང་རྩ་གཉིས་ལ་གཏར། །དོང་ག་སྔོན་བུ་ཁྲོན་བུ་ལྕུམ་རྩ་དང་། །སྒྲོན་ཤིང་སྐྱེར་ཤུན་ཨ་རུ་བ་རུ་སྒ། །བུ་རམ་བསྡུས་པའི་འཇམ་བཤལ་བཏང་བར་བྱ། །རྒྱུ་མར་དོམ་མཁྲིས་འོ་མ་སྦྱངས་ལ་བཏང༌། །ཚ་བ་སྐྱེས་ན་རྒྱུ་མའི་རྩ་ལ་གཏར། །རྒྱུ་མ་ལུག་ན་ཆུ་དང་ཆང་གིས་བཀྲུ། །དེ་ནས་ཚ་བ་གསུམ་གྱི་ཁུ་བཙགས་བཀྲུ། །ལྟོ་ཚིལ་དྲོད་ཕབ་ནང་དུ་འཇུག་ཚུལ་བསྟན། །གདོང་ལ་ཆུ་གདབ་དངངས་པས་ནང་དུ་འདྲོངས། །ཡང་ན་གྲེ་བར་སྒྲོ་བཅུག་སྐྱུགས་པས་ཚུད། །ཤ་ལྤགས་རྟ་རྐྱང་རྒྱུས་པས་སྦལ་འགྲོས་བཙེམ། །རྨ་སྨན་དར་དང་མར་ཕྱིང་འཇག་གིས་དཀྲི༌།  དེ་རྟིང་གོས་ཕུད་བཅུག་ལ་དལ་པུས་སྐྱོམ། །དེ་ཡི་རྒྱུ་མ་རང་སར་འདྲོངས་པར་འགྱུར། །འཆུས་སམ་འཁྲིལ་ན་མི་འཚོ་འཆི་བ་ཡིན། །དེ་ནས་ཞག་བདུན་བར་དུ་གན་རྐྱལ་སྙལ། །དྲི་ཆུ་འོང་སར་དོང་ཁུང་བྱས་ལ་བཏང༌། །ཟས་སྐོམ་ནུར་ཐུག་ཉུང་ཤས་འཇམ་པས་བཅོས། །གཉེ་མའི་བཅོས་ཐབས་ལོང་དང་ཁྱད་པར་མེད། །ལྒང་པ་ཚིགས་པ་བཅོ་བརྒྱད་བསྲེག་པར་བྱ། །ཆུ་སྲི་རྒྱ་ཚྭ་ལ་སོགས་ཆུ་སྨན་སྦྱར། །ཚ་བ་སྐྱེས་ན་ལོང་རྩ་གཏར་བར་བྱ། །གཞང་ལ་ཕོག་ན་ཚིགས་པ་བཅུ་དགུ་བསྲེག །སྦོས་ན་དུགས་བྱ་ཚ་འབྲབ་ཆེ་ན་གཏར། །དྲི་མ་འབྱུང་དཀའ་རེང་བུ་ནི་རུས་བསུ། །བསམ་སེ་རྩ་རྣམས་སྒོ་ཕྱེ་ཙམ་དུ་གཏར། །ཕོངས་དང་རྐང་མཐིལ་སྤྱི་གཙུག་དྲོད་དུགས་དང༌། །ཚིགས་པ་བཅུ་གསུམ་པ་ལ་མེ་བཙའ་བྱ། །དང་པོ་བསིལ་ལ་ཐ་མ་དྲོད་དུ་བཅོས།།

ད་ནི་ཐ་མ་ལོག་གནོན་རྗེས་བཅད་པ། །འབྱམས་རྒྱུ་འབྱམས་རྟགས་འབྱམས་པ་བཅད་པ་གསུམ། །དེ་རྒྱུ་ཚ་འབྱམས་བཞི་དང་གྲང་འབྱམས་གཉིས། །དང་པོ་དོན་རྨ་ཟ་རྐོང་སོང་བ་དང༌། །རྩ་ཁ་འབུས་དང་རུལ་ཆགས་ཐེམ་ཁ་མཐོས། །གཉིས་པ་བསིལ་སྦྱོར་ཐལ་དང་ཁ་ཟས་དམན། །རྒྱུ་དེ་དྲུག་གིས་རྣག་འབྱམས་ཆད་མི་འགྱུར། །འབྱམས་རྟགས་དོན་རྨ་ཟ་རྐོང་སོང་བ་ལ། །དང་ག་མི་བདེ་ཤ་མདོག་སྔོ་ལ་སྐམ། །སྟོད་གཟེར་རྩ་ཆུའི་ཚ་བ་ཤིན་ཏུ་ཆེ། །རྣག་མདོག་དམར་ཙ་སྐབས་སུ་ཤེ་རུལ་ཅན། །དེ་ནི་དོན་གྱི་རྨ་ལ་འཛག་པ་ཡིན། །རྩ་ཁ་འབུས་པ་རྣག་གསེབ་ཁྲག་འབྲུམ་འབྱུང༌། །ཤེད་ཆུང་རྣག་ལ་སྐྱེ་འབྲི་བྱེད་པ་ཡིན། །རུལ་ཆགས་དྲི་ཆེ་ཁུ་རྩིགས་ཅན་དུ་འཛག །མིག་སྤྲིན་སེར་ལ་དང་ག་སྐྱེ་འབྲི་བྱེད།  །གསང་འཕྱིས་ཁྲུས་ཞན་རྣག་ཤ་མཐོན་པའོ། །ཐེམ་ཁ་མཐོས་པས་ཁྲུས་ཆུ་ལྷག་མ་ལས། །བསིལ་སྦྱོར་ཐལ་བ་རྩ་དལ་ཆུ་མདོག་སྔོ། །ཤེད་ཆུང་ཕོ་མཆིན་མི་བདེ་སྦོ་འཁྲོག་བྱེད། །རྣག་མདོག་སྔོ་ལ་དྲི་དང་རླངས་པ་ཆུང༌། །ཁ་ཟས་དམན་པ་རྩ་སྟོང་དང་ག་བདེ། །རྣག་མདོག་སླ་ལ་ལུས་ཤེད་ཆུང་བའོ། །བཅད་ཐབས་དོན་རྨ་ཟ་རྐོང་སོང་བ་ལ། །ཁ་ཟས་དྲོད་སྤང་བསིལ་ལ་ཡང་བ་བསྟེན། །ལི་གྲི་ཨ་བ་རྒུ་དྲུས་ཕུག་རོན་རྐང༌། །དོམ་མཁྲིས་རྨ་ནང་ཆུ་ཡིས་བཀྲུ་བར་བྱ། །རྩ་ཕྲན་གཏར་ཞིང་གློ་གསོ་སྨན་མར་སྦྱར། །རྩ་ཁ་འབུས་ན་འབྲས་བུའི་རྒྱུན་སྦྱོངས་བྱ། །མཁྲིས་སྣ་ཆུར་སྦྱངས་རྨ་བཀྲུ་ཁོང་དུ་བཏང༌། །གང་ཉེའི་རྩ་གཏར་རྩ་འཕྲང་མེ་ཡིས་བསྡམ། །ཁ་ཟས་བསིལ་བསྟེན་སྤྱོད་ལམ་དྲག་ཤུལ་སྤང༌། །རུལ་ཆགས་བུལ་ཏོག་ཚ་ལ་རུ་རྟ་དང༌། །ཨ་རུ་སྦྱར་བའི་ཆུ་ཡིས་རྨ་ནང་བཀྲུ། །ཕག་པའི་ཟེ་བའི་ཡེ་འུས་རུལ་ཆགས་བྲུད། །དེ་རྟིང་ག་བུར་ཙན་དན་ཆུ་ཡིས་བཀྲུ། །མུ་ཟིའི་སྨན་མར་རྭ་སྣའི་ཕྱེ་མ་སྦྱར། །ཐེམ་ཁ་མཐོས་ན་ཞག་གསུམ་རྣག་ཁ་བསྐྱིལ། །རྩིབ་མའི་གོ་བར་ཚིགས་བར་ཕུག་ལ་བཅོས། །བསིལ་སྦྱོར་ཐལ་བ་སེ་འབྲུས་མེ་དྲོད་གསོ། །ལུག་ཤ་གོང་སྲེག་ཤ་དང་གསར་འཇམ་བཏང༌། །ཚྭ་སྣ་ཚོགས་ཚད་བསྡུས་པའི་ཁཎྜ་ལ། །མར་གསར་མངར་གསུམ་སྦྱར་བའི་ཏིང་ཁྲོལ་བཏང༌། །ཁ་ཟས་སྨན་ལ་རྟ་བོང་འཕྱི་བའི་ཤ །མི་ཤ་མར་དང་བུ་རམ་གར་ཆང་བཏང༌། །རྩ་བ་ལྔ་ཡི་སྨན་མར་མཆོག་ཏུ་ཕན། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་བྱང་ཁོག་སྟོད་སྨད་གསོ་བའི་ལེའུ་སྟེ་བརྒྱད་ཅུ་རྩ་ལྔ་པའོ།། །།


 

མཐའ་མའི་འདོན་ཐེངས་།: 21.12.2022 ཉིན། 10:31 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།