སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གྱ་བརྒྱད་པ། གྱུར་པའི་དུག་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 ལེའུ་གྱ་བརྒྱད་པ། གྱུར་པའི་དུག་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག།

གྱུར་པའི་དུག་ལ་སྤྱི་དོན་རྣམ་པ་གཉིས་ཡོད་དེ། །མི་འཕྲོད་པ་ཡི་དུག་དང་ཤ་དུག་གོ །དང་པོ་རྒྱུ་དང་རྟགས་དང་གསོ་ཐབས་གསུམ།།

སྤྱི་དོན་དང་པོ་རྒྱུ་ནི་གཉིས་ཏེ་ངོ་བོས་མི་འཕྲོད་དང༌། །དྭངས་མ་མ་ཞུ་ཟུངས་སུ་མ་སྨིན་པའོ། །ངོ་བོ་མི་འཕྲོད་པ་ཆང་གསར་དང་ཞོ་མ་ལངས་པ་མི་འཕྲོད། །དེ་བཞིན་དུ་སེར་ཤ་ཡུངས་ཀར་མར་ལ་བརྔོས་པ་མི་འཕྲོད་པ་དང༌། །ཁྱིམ་བྱའི་ཤ་འམ་ཞོ་དང་འོ་རློན་དང༌བཞོས་ནས་དྲོད་ཡལ་ན་སླར་མ་བསྐོལ་པ་མི་འཕྲོད་ལ། །ལ་ཕུག་དང་སྒོག་སྐྱ་གཉིས་ཡུངས་དཀར་ལོ་མ་འམ། །ཉ་དང་སྒོ་ང་འབྲུ་མར་སོ་འོ་མ་ཟེར་བའང་འདུག་མ་འམ། །ལ་ཕུག་རྣམས་ཏེ་མི་འཕྲོད་དེ་དག་རྣམས། །སྔ་མ་མ་ཞུ་ཕྱི་མ་ཟོས་པ་འམ། །བསྲེས་ཏེ་ཟོས་སམ་ལྷན་ཅིག་ཟོས་པ་ཡིས། །མི་འཕྲོད་ནུས་པ་འཐབས་ནས་ཉེས་པ་འཁྲུགས། །ཡང་ན་མི་འཕྲོད་ཁ་ཟས་མ་ཡིན་ཀྱང༌། །མ་གོམས་པ་དང་དུས་མིན་པར་ཟོས་པའི་ངོ་བོས་འཇུ་དཀའ་བས། །མ་ཞུ་དྭངས་སྙིགས་འདྲེས་ཏེ་རྩ་མིག་ཏུ་བྱེར་ནས་། །ལུས་ཟུངས་བདུན་པོ་རིམ་གྱིས་འགྲིབ་པར་བྱེད།།

སྤྱི་དོན་གཉིས་པ་དེ་རྟགས་རྩ་ནི་ཕྲ་ལ་གཏིང་ན་གྲིམས། །ཆུ་མདོག་དམར་རམ་སྨུག་ལ་ཀུ་ཡ་ཆད། །ཤ་མདོག་སྔོ་སྐམ་མིག་འགྲིབ་མགོ་བོ་ན། །སྐབས་སུ་ལུས་བརྩེ་བྲང་རྒྱབ་རྩིབ་ལོགས་གཟེར། །སྒྲེག་ཅིང་ཁོང་སྦོ་འཇུ་དཀའ་ཟོས་རྗེས་ན། །ཚིགས་གཞི་ན་ལ་རྐང་བོལ་གསུས་ཤ་སྦོས། །མི་འཕྲོད་པའི་ཁ་ཟས་ཟོས་པའི་ཚེ་འཁྲུ་འམ་སྐྱུག་ཚུལ་སྟོན། །མདོར་ན་མ་ཞུ་དུག་སྨུག་སོགས་ཕོ་བ་གྲང་རྟགས་སྟོན་ལ་ལ་མཆིན་པ་ཚ་རྟགས་སྟོན།། །རླུང་ལྡན་སྦོ་སྒྲེག་མགོ་འཁོར་མཁྲིས་པར་ལྡན། །ཁོང་ཚ་འཁྲུ་དང་ཁྲག་གིས་གཟེར་འཁྱུག་བྱེད། །བད་ཀན་ལྡན་པས་ལུས་ལྕི་མགོ་ན་འཇུ་དཀའ་འཁྲེན། །ཆུ་སེར་ལྡན་པས་གཡོ་སྐྲངས་ཚིགས་གཞི་ན། །མ་ཞུ་དུག་སྨུག་སོགས་སྣ་ཚོགས་པའི་ནད་རྟགས་འབྱུང་བས་བརྟག་པར་དཀའ། །མ་རྟོགས་པ་དང་ལོག་རྟོག་པ་དང་ཕྱོགས་ཙམ་རྟོགས་པ་མ་ཡིན་པར། །ཕྲ་ཞིབ་ཀྱི་སྒོ་ནས་ནད་ཀྱི་ངོ་བོ་གང་ཡིན་དེ་ཉིད་ལེགས་པར་རྟོགས་ཀྱི།

 སྤྱི་དོན་གསུམ་པ་བཅོས་ཐབས་གཞི་བཟུང་བསྡུ་བསད་སྦྱང་བས་བཅོས། །དང་པོ་སེ་འབྲུ་ཤིང་སུག་པི་བཞི་འམ་ད་ལིས་སྒ་པི་ཕོ་བཞི། །ཀ་ར་སྦྱར་བ་ནང་ནུབ་ཆུ་བསྐོལ་ཚན་མོས་དབུལ། །དེས་ནི་དྲོད་སྐྱེད་བེ་སྣབས་སྦྱོང་ཞིང་བུ་ག་གསོ། །གསོ་བའི་སྨན་ཟས་འཇུ་ཞིང་སྨིན་པར་བྱེད་པགསོ་སླ་བའོ་གྲོགས་སུ་འགྱུར་བ་ཡིན་ནོ། །གཉིས་པ་བསྡུ་བ་འོ་མ་ལན་ཚྭ་སྦྱར་བ་དང་། །སྤོས་དཀར་ཕག་ཁྲག་སྟར་བུ་ཀ་ར་སྦྱར། །སྲོད་དང་ཐོ་རངས་ལྟག་སྤྲད་བྱེར་བ་སྡུད། །འདུས་རྟགས་ཁོང་སྙོམ་ལུས་ལྕི་མཆིལ་སྣབས་མང༌། །ཕོ་བས་ཁ་ཟས་མི་ལེན་སྟོབས་ཆུང་ན་དེ་དུས་སུ་སྦྱང༌། །ནད་སྟོབས་ཆེ་ན་འདུས་ནས་སྤྱི་དོན་གསུམ་པ་གཉེན་པོས་བསད་པ་ལ་གི་ཝཾ་བཅོ་ལྔ་ནི། །གི་ཝཾ་ཨུཏྤལ་བསིལ་ཅུ་གུར་ལི་གསུམ་དུག་མོ་ཉུང༌། །ཚ་ལ་མ་དུལ་བ་ཧོང་ལེན་སྤོས་དཀར་སོ་མ་ར། །ཨ་རུ་དོམ་མཁྲིས་བྲག་ཞུན་བོང་ང་སེར། །ཤུ་དག་དཀར་པོ་གུར་གུམ་སེ་འབྲུ་ད་ལི་རྣམས་བསྣན་ཀ་ར་སྦྱར་བྱས་ལ། །ཚ་བའི་དུས་སུ་བསྐོལ་གྲང་ཆུ་ཡིས་དབུལ། །ཕོ་བའི་གཞི་འཛིན་སེ་འབྲུའི་སྦྱོར་བ་གང་རུང་ཐོ་རངས་ཆུ་སྐོལ་ཚ་མོས་དབུལ་ལ་བཏང་། །ཡང་ན་གཉེན་པོ་(བོང་ང་དཀར་པོ་དོམ་མཁྲིས་མི་རྟ་ཁྱིའི་ཕྱ་ཚན་གསུམ་)ཚད་གཅོག་(ཙན་དན་ཏིག་ཏ་བྲག་ཞུན་གསུམ་)ཁ་འཛིན་(ཅུ་གང་གུར་ཀུམ་པི་ལིང་) གསུམ། །ཀ་ར་སྦྱར་བ་དང་གཞི་འཛིན་སེ་འབྲུ་བཞི་པ་ཉིན་མཚན་ལྟག་པ་སྤྲད།།

སྤྱི་དོན་བཞི་བ་དེ་རྗེས་སྟོད་སྨད་གང་དང་ཉེ་བའི་གནས་ནས་བཤལ་ལམ་སྐྱུགས་ཀྱིས་སྦྱང༌། །ནད་སྟོབས་ཞི་བའི་རྟགས་དང་ནས་ལྡན་ཁ་ཟས་གློད། །ནད་ཞི་བ་དཀའ་ན་གོང་གི་སྡུད་བྱེད་བསྐྱར་ལ་འདུས་ནས་བཤལ་ལམ་སྐྱུགས་ཀྱིས་སྦྱང༌། །མ་འབྱོངས་ནད་ལྷག་གཉེན་པོ་གི་ཝཾ་བཅོ་ལྔ་པ་ཧོང་ལེན་བྲི་བས་བསད་པར་བྱ། །ཉེས་པ་ཤས་གང་ཆེ་བ་དེའི་ཟས་དང་སྨན་གྱི་གཉེན་པོ་སྦྱར། །རྩ་ལ་འགྲམས་ཆེ་ན་ལྟོ་སྦྱོངས་རྩ་སྦྱོངས་དང་སྦྲེལ་ནས། །མི་འཕྲོད་པ་དང་དྭངས་མ་གནས་སུ་མ་སྨིན་པ་དང༌། །སྨུག་པོ་བྱེར་བ་དང་འགྲམས་པ་དང་འཁྲུགས་པ་དང་རིམས་རྙིངས་རྣམས། །སྦྱར་དུག་དང་ཆ་མཐུན་པས་གསོ་ཐབས་འཕྲུལ་ཞིང་བཅོས།།

གཞུང་དོན་གཉིས་ལས་ཤ་ཡི་དུག་ལ་རྒྱུ་རྐྱེན་རིགས་དང་རྟགས། །བཅོས་པའི་ཐབས་དང་རྣམ་པ་ལྔ་ཡིས་བསྟན།།

སྤྱི་དོན་དང་པོ་དེ་རྒྱུ་ཤ་རློན་བེམ་དང་ཡུལ་ཕྱོགས་ཀྱི། །ས་ལ་སྔོའི་དུག་ཡོད་པའི་རླངས་པ་ཕོག་པ་ཡིན།།

སྤྱི་དོན་གཉིས་པ་དེ་རྐྱེན་ཤ་དེ་ས་རླན་གྱི་སྟེང་དུ་བཞག་པ་དང་། །ཤ་བཙོས་པའི་དྲོན་མོ་ལ་ཁ་ཁེབས་ཀྱིས་རླངས་པ་བསུབས་པ་དང༌། །དཀར་དང་སྐྱུར་དང་དབྲེ་དང་བུད་མེད་ཀྱི་མངལ་ཁྲག་དང་སྲེ་མོའི་དྲིས་བཏབ་པ་ཉི་ཞུར་ཕོག་པ་དང༌། །འབྲུ་དང་རྩམ་པ་དང་སྔོ་གསེབ་ཏུ་ལས་པ་དང༌། །བེ་ལོག་བེའུ་ཁོང་དུ་ཡོད་པའི་མ་ཤི་ནས་རོའི་ཁོང་ཤོར་བེའུ་ཞག་ལྔ་དྲུག་ལུས་པ་དེའི་ཤ་ཡིན། བེའུ་ཁོང་ཤོར་གྱི་ཤ་ཡིན་ཟེར་ཡང་མིན་ནོ། །ཤན་པའི་ཁྲག་གིས་ཕོག་པ་དབྱར་དགུན་གྱི་ཉི་ལྡོག་གི་དུས་བཤན་པའི་ལག་པ་ལ་རྨ་བྱུང་བའི་ཁྲག་དེ་ཤ་ལ་སོང་བའི་རྐྱེན་དེ་རྣམས་བྱུང་བའི་ཤ་དེ་ནི། །ཞག་བདུན་འདས་ནས་དུག་ཏུ་འགྱུར་བ་ཡིན།།

སྤྱི་དོན་གསུམ་པ་དེ་རིགས་ཤ་དུག་དང་ཤ་ནད་གཉིས་སུ་འདོད། །སྤྱི་དོན་བཞི་པ་རྟགས་ལ་སྤྱི་དང་བྱེ་བྲག་རྣམ་པ་གཉིས། །དང་པོ་སྤྱི་རྟགས་མིག་མི་གསལ་ལ་འབྲས་བུ་མིག་གི་ཨ་འབྲས་ནག་པོ་ཚོ་མ་ཟིན་པར་ལྡལ་བ་ལྡལ། །ཕོ་བ་སྦོ་འགྱུང་གླང་ཐབས་ན་བ་དང༌། །མིད་པ་ལྟེབ་ལ་སྐད་འཛེར་ཤེས་པ་ཟི། །མགོ་བོ་འཁོར་ལ་རྐང་པ་གཏད་མི་ཚུགས། །གཉིས་པ་བྱེ་བྲག་ཤ་ནད་མགོ་དང་ཚིགས་གཞི་ན། །གཙོ་ཆེར་འཁྲུ་སྐྱུག་སྲོག་ལ་ཉེས་པ་ཆུང༌། །ཤ་དུག་གྲེ་བ་འགགས་ལ་སྐད་མི་ཐོན། །ཟས་སྐོམ་མི་ཐར་ཤེད་བྲལ་མིག་མི་མཐོང༌། །དེ་ནི་མོད་དུ་སྲོག་འཕྲོག་གསོ་བ་སྒྲིམ། །ཟུག་མེད་སྐྱུག་ཅིང་རྩ་ལ་ནད་རྟགས་ནད་མ་བབས་ཡར་དོན་སྣོད་ལ་བབས་པ་ཡིན་ལ། །འཆི་བདག་ཁར་ཚུད་ཅིས་ཀྱང་ལྷོགས་མི་འགྱུར།།

སྤྱི་དོན་ལྔ་བ་བཅོས་པའི་ཐབས་ལ་དང་པོ་ཤ་དེ་མ་ཞུ་འི་དུས། །བར་དུ་དུག་རྒྱས་ཐ་མར་བླ་གཉན་བསལ། །དང་པོ་ཤ་དེ་མ་ཞུ་འི་དུས་སུ་དང་པོ་བསྡུས་ལ་བར་དུ་སྦྱངས་རྗེས་ཐ་མར་བསད། །མ་བསྡུས་ན་ཞུ་ནས་རྩ་དང་དོན་ལ་འབྲོས་པའི་ཕྱིར། །བསྡུ་བ་ནི་སེ་རྒོད་དང་སྐྱེར་པའི་བར་ཤུན་ལུག་རུ་སྨུག་པོ་ཡུངས་ཀར་དང༌། །མི་ཕྱུགས་ཀྱི་གསོན་ཁྲག་དང་སྦྱར་ལ་བཏང་དེས་ན་རྩ་རུ་མི་འབྲོས་པར་ཁོང་པར་འཛིན། །གཉིས་པ་དེ་རྗེས་མགྱོགས་པོའི་རྟ་(དུར་བྱིད་དུས་སུ་བརྐོས་པ་)ལ་དཔའ་བོ་(ཚོས་དང་ཧོང་ལེན་)བསྐྱོན། །རྣོན་པོ་(རྒྱ་ཚྭ་)བསྐུར་བ་སྣ་ཁྲིད་(འགྲོན་བུ་གླ་རྩི་)བཅས་པས་སྦྱང༌། །དེ་ལྟར་གནད་དང་ལྡན་པ་མ་ཡིན་ན་སྦྱོངས་མི་ཕིགས་གྱེན་དུ་ལྡོག་དུས་དུག་རླངས་ཀྱིས་གྲེ་བ་འགགས་པས། །འོག་ནས་ནེ་རུ་ཧས་བསུ་ཞིང་སྐེ་ལ་རྡོ་གྲང་བདུག །གསུམ་པ་སྦྱངས་རྗེས་ནད་ལྷག་གསོད་སྨན་འོག་གི་ཕྱེ་མ་དེ་རྣམས་གང་ཡང་རུང་བས་བསད།  གཉིས་པ་བར་དུ་དུག་རྒྱས་པས་འཇིགས་པའི་འཕྲང་བསལ་བ་དང་དུག་རླངས་བསད། །དང་པོ་གྲེ་བ་འགགས་པའི་འཕྲང་བསལ་བ། །ཉུང་གཞི་རྩ་བ་ཉུང་སོན་གྱི་རྒྱུའི་ཉུང་མ་གང་བུ་ཐོག་ཚར་བའི་ཆུར་སྦངས་ཁ་རུ་གཏིག །ཡང་ན་བཙོད་གདུས་ཁུར་ཅུ་གང་ཚ་ལ་དུལ་། །ཤིང་མངར་ཞིབ་བཏགས་བཏབ་ལ་གྲེ་བར་གཏིག །ཡང་ན་མཚེ་སྐྱོང་ཕྱུགས་ལྷས་དབྱར་ཆུ་འཁྱིལ་ནས་བསྐམས་པའི་ཤུལ་དུ་ཁྲུ་གང་བྲུས་པའི་འོག་གི་ས། །ཆུ་གཙང་གིས་བསིངས་པའི་ཁུ་བར་ཅུ་གང་སྤང་རྒྱན་དཀར་པོ། །སྟར་བུ་ཤིང་མངར་བཏབ་ལ་གྲེ་བར་གཏིག །ཡང་ན་ཅུ་གང་སྤང་རྒྱན་དཀར་པོ་བོང་ང་དཀར། །ཚ་ལ་དུལ་མ་ཨ་རུ་ཆུ་གཙང་དང་སྦྱར་གཏིག །གྲེ་བ་མ་སྐམས་ཡང་ཡང་བསྟེན་པར་བྱ། །སྐེ་ལ་ཆུ་གྲོད་པའམ་ལྒང་པུག་ཏུ་བླུགས་ལ་བདུག་གློ་སྐེ་རྩ་དང་སྐྱོར་གོང་གཏར། །གཉིས་པ་གསོད་སྨན་གི་ཝཾ་བརྒྱད་པ་ནི་གི་ཝཾ་དོམ་མཁྲིས་ཨ་རུ་ར། །ཡུང་བ་དང་སྐྱེར་པའི་བར་ཤུན་བོང་ང་སེར་པོ་བྲག་ཞུན་དང༌། །བྱེའུ་ལ་ཕུག་ཞིབ་བཏགས་ཆུར་སྦངས་པ། །འདི་ནི་ཤ་དུག་གི་རླངས་པས་ཚ་བ་འཇོམས་པའི་མཆོག་ཏུ་བཤད། །བེ་སྐྱེས་རེ་རེལ་ཁཎྜ་སོ་མ་ར་ཛ་དང༌། །གི་ཝཾ་བོང་ང་དཀར་པོ་བཏབ་ལ་བཏང༌། །ཡང་ན་བའི་ལྕི་བ་ས་ལ་མ་ལྷུང་བ་དེ་ཉིད། །བ་ཆུས་སྦྱངས་པའི་ཁུ་བ་རེ་རལ་བོང་ང་དཀར། །ལྕགས་ཕྱེ་བྱེའུ་ལ་ཕུག་ཆ་མཉམ་གདབ། །ཉིས་འགྱུར་ཆུས་སྦངས་དང་པོའི་ཚད་དུ་བསྡུ། །གླ་རྩི་ཁ་ཚར་བཏབ་ལ་བཏང་བར་བྱ། །ཡང་ན་རྦ་བྱེའི་ཨོག་དཀར་གྱི་ཤ་དང་མི་རྟ་ཁྱི་གསུམ་སྐྱེས་མ་ཐག་པའི་བྲུན་ཕྱ་ཚན་གསུམ། །རེ་རལ་གླ་རྩི་འོམ་བུ་བོང་ང་དཀར་པོ་རྩད། །གི་ཝཾ་བཟང་ཅུ་གུར་ལི་ཛཱ་སུག་ཀ་དྲུག་བྲག་ཞུན་ཨ་རུ་ར། །ཞིབ་བཏགས་ཆུར་སྦང་ཡང་ཡང་བསྟེན་པར་བྱ། །ཡང་ན་ཞིང་ཆར་བའི་ཉུང་མ་ལོ་སྨུག་དང་ཨ་རུའི་ཁཎྜ་ལ། །རྒྱ་ཚྭ་གླ་རྩི་བོང་ང་དཀར་པོ་ཁ་ཚར་བཏབ། །རིལ་བུ་ལོ་བརྒྱད་དྲི་ཆུར་སྦྱངས་ལ་བཏང༌། །བཙོད་དང་རྟ་སྦངས་སིངས་པོས་བྲན་པའི་ཁུར། །མེ་སྤྲིན་དུད་པ་རལ་པ་བཟང་པོ་སྦྱར་བ་གཉེན་པོ་ཡིན། །དེ་དག་ཀུན་ལ་ཚ་བའི་རྟགས་ཆེ་ན་ག་བུར་དང༌། །ཙན་དན་དཀར་པོ་གི་ཝཾ་སྦྱར་བཏང་གང་ལ་བབས་པའི་རྩ་གཏར། །གྲང་བ་རྒྱས་ན་རྒྱ་ཚྭ་ད་ལིས་དང༌། །སྔོ་སྟག་ཤ་བསྣན་ཏེ་བཏང་ཕོ་བར་སྦོ་འཁྲོག་བྱེད་ན་དུགས་ཀྱིས་བསྲོ། །བརྒྱ་སྟོང་སྦྱར་དུག་སྐབས་བཤད་པའི་སྔགས་ཀྱིས་ངར་གདགས་སྨན་ནུས་སྐྱེད། །གྲེ་བ་འགགས་ན་སྨན་འཐུང་བ་མ་ཤེས་ན་ཁར་ཁྱེམ་བུས་ཡང་ཡང་གཏིག །ཅིས་ཀྱང་གྲེ་བར་མ་ཐར་སྦུབས་ཐུར་གྱིས། །ཕོ་སྟོད་ཕུག་ནས་ལྒང་ཕུག་བླུག་སྟེ་བཏང༌ཕོ་སྟོད་ཀྱི་གསང་ལྷེན་གསང་ལ་ཐོག་མར་མིི་བཙའ་གཅིག་བྱ། །དེ་སྟེང་ཕུག་ལ་སྦུབ་ཐུར་བཙུག་སྨན་ཞིབ་བཏགས་བསྡུས་ཐང་རྩེ་འཇམ་དྲོད་མོ་དེ་ལྒང་ཕུག་ཏུ་བླུག་ཏེ་བཏང་ངོ་།སྐབས་འདི་དུས་བཀྲུ་སྨན་མི་བཏང་བ་གལ་ཆེ་བཏང་ན་དུག་དང་མཚུངས་སོ། །གསུམ་པ་ཐ་མར་བླ་གཉན་ཐོར་བུ་བསལ་བ་ནི། །དྲི་ཆེན་གྱི་རྒྱུན་འགགས་ཨུག་ཆོས་སོ་མ་ར་ཛ་བཏང་། །ནི་རུ་ཧའི་སྨད་འདྲེན་བྱ་ཆུ་འགགས་བོང་མིག་འབུར་འགྱོགས་(ཆུ་སྦུར་ཉི་དགའ་སོ་བྱའི་སྒྲོ་ཐལ་སིངས་པོ་དྲོ་ཙམ་ལ་སྦྱར་བའི་)སྦྱོར་བ་བྱ། །མིག་ཚ་འགྲིབ་ན་ག་བུར་སྐྱེར་པའི་བར་ཤུན་གྱི་ཁུ་བ་བྱུག །གྲོད་པའམ་ལྒང་ཕུག་ཏུ་བླུགས་པའི་ཆུ་དུགས་དང་རུ་ཐུང་གཏར་ག་ལྕགས་ཀྱི་ཁུ་བ་དང་དོང་གའི་འཇམ་བཤལ་ཡང་ཤིས། །ཤ་ལྤགས་སྦྲིད་ན་སྤང་རྒྱན་དཀར་པོ་དང༌། །ཅུ་གང་གུར་ཀུམ་བཏང་བས་སེལ་བར་བྱེད། །ཕོ་བ་སྒངས་ན་ད་ལིས་(རྒྱ་ཚྭ་སྟག་ཤ)གསུམ་པ་བཏང༌། །གློ་མང་འགོག་དཀའ་རུ་རྟ་སྤང་རྒྱན་དཀར། །སྟར་བུ་ཚ་ལ་ལོ་བརྒྱད་དྲི་ཆུར་སྦྱངས་ལ་བཏང༌། །ཁ་ཟས་ཕྱེ་ཐུག་དང་འབྲས་ཐུག་དང་ཡོས་ཐུག་དང༌། །བསྐོལ་གྲང་བ་ཚྭ་མེད་པའི་ཆུ་བསིལ་བསྟེན། །དཀར་དང་མངར་བག་ཤ་དང་རུལ་སྐྱུར་སྤང༌། །གྲང་ཤས་ཆེ་ན་ཆང་གསར་འཇམ་དང་སྒོག་སྐྱའི་ཆབ་ཚ་དང་བཏང༌། །སྤྱོད་ལམ་དྲག་ཤུལ་དུ་བ་ས་རླན་དང་། །སྐད་ཆེན་སྨྲ་དང་མྱ་ངན་སེམས་ལས་སྤང༌། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གྱུར་པའི་དུག་བཅོས་པའི་ལེའུ་སྟེ་བརྒྱད་ཅུ་རྩ་བརྒྱད་པའོ།། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 3:11 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།