སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གྱ་བཞི་པ། སྐེ་རྨ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011
མན་ངག་རྒྱུད། >> ལེའུ་གྱ་བཞི་པ། སྐེ་རྨ་གསོ་བ།

 ལེའུ་གྱ་བཞི་པ་སྐེ་རྨ་གསོ་བ་ལ་གཉིས། བསླབ་པར་ཞུས་པ་དང༌། དེའི་ལན་ནོ། །དང་པོ་ནི། དེ་ནས་ཞེས་རྐང་པ་ལྔ་དང་འབྲུ་བཞིས་བསྟན་ཏེ། གཉིས་པ་དེ་ལན་བཤད་པ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་བཤད་པ། ལེའུའི་མཚན་ནོ། །དང་པོ་ནི། དྲང་སྲོང་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་གཞུང་དོན་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ་ལ་གཉིས། སྐེ་གང་དུའང་མི་འདུ་བར་བསྟན་པ། ཁོ་རང་ལ་གསུམ་འདུས་པར་བསྟན་པའོ། །དང་པོ་ནི། སྐེ་ནི་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ལྟར་གསུངས་པ་འདི་ལ་ཟུར་དུ་དགོས་པའོ། །གཉིས་པ་ལ་གསུམ། རྟགས་ཀྱི་ངེས་པ་འགོད་པ་གསལ་བའི་རྒྱུ་མཚན་བསྟན་པ། བཅོས་ཀྱི་ཁྱབ་པ་བསྒྲུབ་པའོ། །དང་པོ་ནི། སྐེ་ནི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྐེ་འདི་ནི་ས་གནད་ཅན་གཉན་པོ་དང་མཚུངས་པ་རུས་པའི་མཁར་ཡོད་ལ་རྩའི་འཕྲང་དོག་པ་དང་ཤ་དང་ཆུ་རྒྱུས་ཀུན་སྟོད་སྨད་གཡས་གཡོན་དུ་གྱེས་པ་དེ་དག་ཀུན་གྱིས་འདྲིལ་ས་ཡིན་ནོ། །གཉིས་པ་ནི། རུས་གཉན་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་ནི། དེ་ཕྱིར་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྒྱུམཚན་དེའི་ཕྱིར་མགོ་སྐེ་བྱང་ཁོག་ཡན་ལག་གི་རྨ་བཅོས་ཐབས་སོ། །གཉིས་པ་རྒྱས་བཤད་ལ་བཞི། རུས་པ་རྩ་ཤ་ཆུ་རྒྱུས་སོ། །དང་པོ་རུས་པ་བཤད་པ་ལ་གཉིས། གནས་ལུགས་མདོར་བསྟན་པ་དང༌། དེ་དོན་རྒྱས་པར་བཤད་པའོ།།

        དང་པོ་གནས་ལུགས་ནི། སྐེ་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྐེ་ལ་ཨན་སྟོང་ཡན་དུ་རུས་པའི་འཕང་ལོ་ལྟག་རུས་ཐེ་བའི་རྣམ་པ་ལྔ་ཡོད་པ་དེ་ཡང་ལྟག་པའི་རུས་ཚིགས་དང༌། ཚིགས་བར་གྱི་མཁར་དང་མཁར་མཚམས་ཚིགས་པ་དང༌། མཁར་གྱི་གཡས་གཡོན་གྱི་བྱ་འདབ་བཞིའོ། །ལྟག་རུས་མ་ཐེ་ན་འཕང་ལོ་བཞི་ཡོད་དེ། །དེ་ལ་སྒལ་ཚིགས་འཕང་ལོ་ཉི་ཤུ་བརྒྱད། །ཅེས་འཆད་སྐབས་སུ་སྐེ་ལ་བཞི། གཞུག་ཐུང་ལ་བཞི། སྒལ་ཚིགས་ཉི་ཤུ་སྟེ་དྲིལ་བས་ཉེར་བརྒྱད་དུ་ཤེས་པའི་ཕྱིར་རོ། །གཉིས་པ་དེ་དོན་རྒྱས་པར་བཤད་པ་ལ་གཉིས། ལྟག་པ་མཁར་མཚམས་རྒྱུངས་པར་བཅོས་མི་ཐུབ་པར་བསྟན་པ། མཁར་དང་བྱ་འདབ་པའི་བཅོས་བསྟན་པའོ། །དང་པོ་ནི། ལྟག་པ་ཞེས་རྐང་པ་ལྔས་བསྟན་ཏེ། ལྟག་པའི་རུས་པ་དང་ཚིགས་མཁར་འབྲེལ་མཚམས་སྐ་དུ་ཁ་ནི་རྒྱུངས་པའམ་གཞུངས་པའི་གནད་ཡིན་ཏེ། འདི་ནི་ཀླད་པ་ནས་གཞུག་ཐུང་བར་རྒྱུད་ཅིང་དོན་སྣོད་རྩ་ཚིགས་མང་དུ་འབྲེལ་བས་སོ། །གཉིས་པ་ནི། མཁར་དང་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། གཉིས་པ་རྩ་གནད་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྐེ་ཡི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཞེས་མགོ་བོའི་རྩ་བསྟན་ནས་ད་ནི་ཕྱི་རྩ་དང་ནང་རྩའོ། །གཉིས་པ་རྒྱས་བཤད་ལ་གཉིས་ལས། དང་པོ་ཕྱི་རྩ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཕྱི་ཡི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཁྲག་རྩ་དང་རླུང་རྩ་དང་རླུང་ཁྲག་གཉིས་སྡོམས་ཀྱི་རྩ་བཤད་པའོ། །གཉིས་པ་རྒྱས་བཤད་ལ་གསུམ། འཕར་རྩ་ཁྲག་རྩ་ཆུ་རྩ་བཤད་པའོ། །དང་པོ་ནི། འཕར་རྩ་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། རླུང་ཁྲག་གཉིས་འདོམ་གྱི་འཕར་རྩ་གློ་ཡུ་ཨོལ་གོང་དང་མིད་པའི་བར་ན་ཡང་སྲོག་རྩའི་ཡར་རྩེའམ་གློ་བུ་དང་སྙིང་ལྷན་ཅིག་པའི་རྩ་གསེར་གྱི་སྐུད་པ་ཞེས་པ་ཡོད། དེ་ཆོད་ན་རྩིང་བུ་སོ་སྙིང་ཟིན་པ་འདྲ་བར་མ་མགལ་ཀེར་ཀེར་བྱེད་ཅིང་ལྟག་པ་འགྱེར་འགྱེར་འགྲོ་སྟེ། ཞག་གྲངས་བཅུ་གཅིག་ཚུན་ཆད་ཀྱི་ནང་དུ་འཆིའོ། །མདུན་ངོས་ཨོལ་གོང་དེ་རྒྱབ་མིད་པ་འབྱར་བ་དེ་གཉིས་ཀྱིས་གཡས་གཡོན་འདབས་ན་ཡར་སྙིང་རྩ་གཉིད་ལོག་རྩེ་འདྲ་རྣམ་པ་གཉིས་ཡོད་དེ། རྩ་དེ་རྦད་ཀྱིས་ཆོད་ན་འཆི་བར་ངེས་པས་ཨ་ཅང་ཆེ་སྟེ་དེ་ལས་འོས་མེད་པའི་དོན་ནོ། །བརྡབས་པ་ཙམ་གྱིས་ཀྱང་ཕོག་སྔ་འགྱེལ་སྔར་འགྲོ་བ་ཡིན་ཕོག་འགྱེལ་དུས་གཅིག་བྱེད་པའི་དོན་ནོ། །དེ་ནས་ཕྱིར་ལ་ཕུན་རེ་སྟེ་མཚོན་ཕྱེད་བཅལ་བ་ན། སྙིང་རྩ་རྩེ་ནག་རྣམ་པ་གཉིས་ཡོད་དེ། རྩ་དེ་ཆོད་པར་མ་གྱུར་ན་བརྡབས་ཀྱང་ཕོག་འགྱེལ་མིན་ཙམ་གྱིས་བཅོས་པའི་ལོང་ཁྱབ་ཀྱི་གླགས་ཡོད་ཙམ་མོ། །རྩ་ནག་གཉིད་ལོག་འདི་བཞི་སྲོག་རྩའི་ཡལ་ག་རུ་ཤད་ཅིང༌། དེ་སྟེང་གསེར་གྱིས་སྐུད་པ་མན་ན་བ་ལ་རྫོང་འཕྲང་དུ་སྐེ་ལ་འཕར་རྩ་ལྔ། །ཞེས་གསུངས་སོ། །གཉིས་པ་ཁྲག་རྩ་བཤད་པ་ལ་གཉིས། འཕར་རྩ་དང་ཁྲག་རྩ་དང་ཆུ་རྩ་གནད་པའི་བཅོས་སྤྱིར་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ནས་ཏེ་སྙིང་རྩ་རྩ་ནག་ནས་ཕྱིར་ལ་ཕུན་རེ་བཅལ་བ་ན་གློ་བ་དང་སྙིང་སྡོངས་པའི་ཁྲག་རྩ་རྩེའུ་ཆུང་ཡོད་དེ། འཕྲད་ལ་ཆོད་ན་ཁྲག་མི་ཆོད་དེ་བོར་ནས་འཆིའོ། །འདི་ཕྱི་རྒྱུད་གཏར་ལེར་གསུངས་པའི་རྩེ་ཆུང་ཡིན་ལ། ངོས་འཛིན་ནི་རྩ་གསུམ་ཡོད་ན་དབུས་མ་དང་གཉིས་ཡོད་ན་ཕྱི་མ་ཡིན་ཞིང༌། ལར་དེ་ཡང་མི་འགྱུར་བའི་གནད་ནི། སྣ་ཤལ་ཡར་ཐེན་པས་དེའི་རྗེས་འབྲང་ལ་ཡོང་བ་དེའོ།།

        གཉིས་པ། གནད་པའི་བཅོས་སྤྱིར་བསྟན་པ་ནི། དེ་དག་ཅེས་རྐང་པ་བཅུས་བསྟན་ཏེ། རྨ་ལ་རྒྱ་ཁྱིམ་བཅའ་བ་ནི་འོག་ཏུ་ཡན་ལག་གསོ་བར་འཆད་ལ། གོང་བཞིན་ཞེས་པ་བྱ་ཚུལ་སྦྱོར་སྡེ་གོང་མ་བཞིན་བྱེད་པའོ། །གསུམ་པ་ཆུ་རྩ་བཤད་པ་ལ་གཉིས། གནས་ལུགས་བསྟན་པ་དང༌། གསོ་ཐབས་སོ། །དང་པོ་གནས་ལུགས་ནི། ལྟག་པ་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། ལྟག་པའི་སྡུད་ཁུང་ནས་དོན་པའི་ལྟག་ཆུའི་གཡས་གཡོན་གཉིས་ཀྱི་འདབས་ནས་མར། རྩ་དཀར་ལེའུ་ནས་བཤད་པ་ལྟར་གྱི་ཆུ་རྩ་སྦུ་གུ་ཅན་ཞེས་བྱ་བ་གཉིས་ཡོད་དེ་ནས་ཕྱི་ལ་མཚོན་གང་བཅལ་བ་ན། སྤུ་འཁྱིལ་ནས་དོན་པའི་ཆུ་རྩ་སྒྲིལ་མ་ཞེས་བྱ་བ་གཉིས་ཡོད། སྦུ་གུ་ཅན་དང་སྒྲིལ་མ་དེ་གཉིས་ཆོད་ན་གོ་ཟློག་ཏུ། གཡས་ཆོད་ན་གཡོན་ན། གཡོན་ཆོད་ན་གཡས་ན་ཞིང༌། ཡས་མས་ཆོད་མཚམས་ཀྱི་སྣེ་མོ་གཉིས་བསྣོལ་ནས་སྐྲངས་པར་བྱེད། གཉའ་བ་རེངས་རྩ་སྣ་སྨད་དུ་ཟུག་པས་སྨད་འཕྱེས་དྲི་ཆུ་འགགས་ནས་འཆིའོ། །སྣ་ཤལ་འོག་གཤོངས་ན་ཆུ་རྩ་རཏྣ་ཡོད་དེའི་རྩ་སྣ་ལག་པར་འབྲེལ་བས་ཆོད་ན་ལག་པ་བཤལ་ཅིང་སྦྲིད་ལ་ལག་པའི་བྱ་བ་ཉམས་པར་བྱེད་དོ། །གཉིས་པ་གསོ་བ་ནི། དེ་དག་ཅེས་རྐང་པ་ལྔས་བསྟན་ཏེ། དེ་ཡང་གོང་དུ་རྩ་བཅོས་པར་ནད་ཞུགས་པར་ཚ་གྲང་གསར་རྙིང་དུ་ཕྱེས་མགོ་དང་འོག་ཏུ་བྱང་ཁོག་ཡན་ལག་སྟེ་གནས་དང་སྦྱར་བའི་གནས་ལུགས་རྟག་བཅོས་རྒྱས་པར་བསྟན་མོད། འདིར་མཚོན་ཕོག་པའི་བཅོས་གུད་དུ་བསྟན་ཏེ། དོན་ལ་འདི་གཉིས་དང་གཞན་ཡང་འཕྲུལ་འཁོར་སྡེབ་ཤེས་དགོས་སོ། །གཉིས་པ་ནང་རྩ་ནི་ནང་རྩ་ཞེས་རྐང་པ་བཞིས་བསྟན་ཏེ། ཀླད་པའི་རྗེ་ཞབས་བརྒྱུད་སྐེའི་ནང་དུ་འགྲིམས་ནས་དོན་ལྔ་སྣོད་དྲུག་བསམ་སེ་དང་བཅུ་གསུམ་དུ་འབྲེལ་བ་དེ་དག་ཆོད་ན། རླུང་ཐུར་སེལ་ཉམས་པས་དྲི་ཆུ་སྡོམ་ཁྱབ་བྱེད་ལོག་པས་ཡན་ལག་བཅུད་ལ་བོར་སྙམ་འགུལ་མི་ནུས། དབང་པོ་ལོག་པར་འཛིན་པ་སོགས་རྟགས་ཐམས་ཅད་ཚང་ན་མཁས་ཀྱང་བཅོས་སུ་མེད་དོ། །རྩའི་འབྲེལ་ཚུལ་རྒྱས་པར་ནི་གོང་དུ་བསྟན་པ་ལས་ཤེས་པར་བྱའོ།།

        གསུམ་པ་ཤའི་གནད་ཀྱི་རྟགས་བཅོས་ནི། མདུན་གྱི་ཞེས་རྐང་པ་བཅུས་བསྟན་ཏེ། མདུན་གྱི་རྒྱངས་ཤ་ལས་བྱེད་དམ་ཝ་ཤ་དེ་ལ། རྫོང་ཕྲང་དུ་མདུན་རྒྱབ་རྒྱངས་ཤ་ལས་བྱེད་རུས་པ་དང་འབྲེལ་ཞེས་གསུངས་པ། འདིར་པིར་མགོ་དང་འབྲེལ་ཞེས་བླ་རྟ་བཞེད། ཨོལ་གོང་མིད་པའི་ནུར་ཐུག་ནི། ཐུག་པ་འདུར་པོ་མྱུར་དུ་མི་མིད་པར་ནུར་གྱིས་བཏང་ངོ༌། །དེ་ལྟར་སྐེ་ལ་ཤ་གནད་དུ་གཅེས་པ་བཞི་ཡོད་དེ་མཁས་པ་དག་གི་གསུང་ལས། གྲེ་བའི་གཡས་གཡོན་རྒྱངས་ཤ་ལས་བྱེད་གཉིས། ཨོལ་གོང་མིད་པར་བཅས་ཏེ་སྐེ་ལ་བཞི་ཞེས་སོ། །བཞི་པ་ཆུ་རྒྱུས་ཀྱི་རྟགས་བཅོས་ནི། ལྟག་པའི་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། ལྟག་པའི་ཆུ་ལེབ་ཆོད་ན་ཨ་ཅང་ཆེ་ཞེས་འདིའི་མར་སྣ་རྟིང་ཆུར་འབྲེལ་ཞིང་ཡར་སྣ་བདུད་ཤ་དང་འབྲེལ་བ་ལ། རྫོང་འཕྲང་དུ། རྒྱབ་ན་བདུད་ཤ་ནག་པོ་ལྟག་པའི་ཆུ་ལེབ་དང་འབྲེལ་ཡོད། ཅེས་པས་བདུད་ཤ་ནག་པོ་དང་འབྲེལ་བའི་ལྟག་པའི་ཆུ་ལེབ་ཆོད་ན་ཨ་ཅང་ཆེ་སྟེ་བཅོས་མི་ཐུབ་སྟེ། བཤགས་ཀྱང་ཕོག་སྔ་འགྱེལ་སྔར་བྱེད་པ་ཡིན་ནོ། །གཅུད་ལ་བོར་བ་ནི་ཚོམས་སུ་སྐྱུར་བའི་དོན་ཏེ་རང་གི་དབང་བ་ལྟར་འགྱུར་བའོ། །དེ་ནི་འགུལ་སྐྱོད་མི་ནུས་པར་ལུས་པོ་ཐག་པས་གཅུད་ལ་བོར་བའམ་སོ་སོས་སྐྱིགས་པ་འདྲའོ། །ཞེས་བླ་རྟས་གསུངས་ཀྱང༌། ལར་ནི་གཅུད་ལ་བོར་བ་ཞེས་པ་གནད་ལ་དབབ་པའི་དོན་ནོ། །བུར་ཞོ་ནི་ཁུར་མང་གི་ཞོའོ། །ཆུ་བའི་ཉྭ་གཡོག་ནི། ལྡེ་གུས་ཆུ་བའི་གོང་འོག་གཏར་བའི་ཤ་ཐམས་ཅད་ལ། གཡོག་ཆུ་ལེབ་རང་ལུགས་གཞག་ལ་དེ་སྟེང་སྐྱི་དཀར་ལ་སྦྱིན་ཆུས་བསྐུས་པས་ལྟེམ་མོ། །རྨ་ཡི་ཆུ་སེར་འཇིབ་པའི་རྩེར་ལ་ཕྲུམ་སེར་ཏེ་འདིར་མར་ཕྱུང་ཤུལ་གྱི་ཤང་མ་ཅུང་ཟད་མར་དང་བཅས་རྐྱལ་པར་ཡུན་དུ་བསགས་པ་བཏང་བར་བྱའོ། །ཉལ་བ་དང་འདྲེས་ལོག་མི་བྱ་བར་ཙོག་པུར་ཙོག་གེ་བསྡད་ལ་གསོ་བར་བྱའོ། །གསུམ་པ་དོན་བསྡུ་བཤད་པ་ལ་གཉིས། བཅོས་ཚུལ་སོ་སོར་བཤད་པ་དང༌། དྲགས་སྐྱོན་དམིགས་བསལ་དུ་བསྟན་པའོ། །དང་པོ་ནི། མདོར་ན་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། གོང་དུ་བསྟན་པ་དེ་དག་མདོར་དོན་དུ་དྲིལ་ན་རུས་པ་མགོ་བོའི་ཚུལ་དུ་དང༌། རྩ་གཉན་བྱང་ཁོག་གི་ཚུལ་དང༌། ཤ་དང་ཆུ་རུས་ཡན་ལག་གི་ཚུལ་དུ་བཅོས་ཏེ། དགེ་དང་པོར་ཚུལ་མཚུངས་པས་སོ།།

        གཉིས་པ་དྲགས་སྐྱོན་ལ་གཉིས། སྐྱོན་དང་བཅོས་ཚུལ་ལོ། །དང་པོ་སྐྱོན་ནི། བསིལ་འཇིབ་ཅེས་རྐང་པ་གསུམ་གྱིས་བསྟན་ཏེ། འདི་ལ་གནས་སྐབས་གཙོ་སྟེ་རླུང་རྩ་སོགས་ལ་བསིལ་འཇིབ་ཧ་ཅང་བསྟེན་དྲགས་ན། སྨད་ཀྱི་གྲང་བ་བསླངས་ནས་དྲི་ཆུ་སྡོམ་པར་བྱེད་དོ། །ཁྲག་རྩ་སོགས་ལ་དྲོད་ལུམས་དྲགས་ན་རྩ་ཁ་འབུད་པར་བྱེད་པས་ཁྲག་ཤོར་རམ་རྩ་ཚད་སྐྱེ། མེ་རྩ་དྲགས་ན་ཆུ་རྒྱུས་འཁུམས་ནས་ཞ་འཐེང་དུ་འགྱུར་བའི་དོན་གྱི་ནོ། །གཉིས་པ་བཅོས་ཚུལ་ནི། དེ་ཕྱིར་ཞེས་རྐང་པ་གཅིག་གིས་བསྟན་ཏེ། བཤད་མ་ཐག་པའི་རྒྱུ་མཚན་དེའི་ཕྱིར་མི་མགོ་དང་བྱང་ཁོག་དང་ཡན་ལག་གི་བཅོས་གསུམ་འཛོམས་པའི་བཅོས་ཚུལ་དང་རྨ་ཁོང་ངམ། གཉན་པོ་བསིལ་དྲོད་སྙོམས་པར་བཅོས་དགོས་སོ། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ནས་བརྒྱད་ཅུ་རྩ་བཞི་པའོ།།

 

མཐའ་མའི་འདོན་ཐེངས་།: 23.08.2011 ཉིན། 3:14 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།