སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གྱ་བདུན་པ། སྦྱར་བའི་དུག་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་གྱ་བདུན་པ། སྦྱར་བའི་དུག་བཅོས་པ།



ལེའུ་གྱ་བདུན་པ།  སྦྱར་བའི་དུག་བཅོས་པ། 

ཡན་ལག་གི་རྨ་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །ཞེས་གསང་མཐོན་པོར་བོས་ནས་ཕྱིའི་རྐྱེན་དབང་ལས་ནད་དུ་གྱུར་པའི་དུག་གི་ནད་གསོ་བའི་སྐབས་ལ་ཇི་ལྟར་དུ་བསླབ་པར་བགྱི་ན་འཚོ་མཛད་སྨན་པའི་རྒྱལ་པོ་ཁྱེད་ཀྱིས་འདོམས་པར་བཤད་དུ་གསོལ་ཞེས་ཞུས་པ་ལས་སྟོན་པས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་གཞན་དུ་མ་རྟོགས་པར་ཉོན་ཅིག་ཅེས་གདམས་ནས། དུག་ལ་རིགས་སུ་ཕྱེ་ན་སྦྱར་བའི་དུག་དང་གྱུར་པའི་དུག་དང༌། དངོས་སམ་རང་བཞིན་གྱི་དུག་དང་རྣམ་པ་གསུམ་དུ་བཤད་པ་ལས།

དེ་ཡང་སྤྱིར་དུག་ཅེས་པའི་རྒྱུ་མཚན་ནི་གནོད་པའི་ལས་བྱེད་པ་ལ་ཉེས་པ་དང་དུག་དང༌། ཕན་པའི་ལས་བྱེད་པ་ལ་བདུད་རྩི་དང་སྨན་ཞེས་བཏགས། དེ་ཡང་གོམས་པ་ལས་དེ་ལྟར་དུ་སྣང་ཡང་རྣམ་པ་ཐམས་ཅད་དུ་མི་འགྱུར་བ་ནི་མ་ཡིན་ཏེ། དཔེར་ན་དུག་ཏུ་གྲགས་པའི་བཙན་དུག་བསྟེན་ཤེས་ན་གཉན་དང་ཚད་པའི་རིགས་ཀྱི་ནད་སེལ་བར་འཆི་མེད་ཀྱི་བདུད་རྩིར་གནས་པ་དང༌། གསོས་སུ་གྲགས་པའི་འོ་མ་ཡང་སྲོག་ཆགས་སྦྲུལ་ལ་དུག་དངོས་དང༌། མི་ལའང་གྲོགས་ཀྱི་དབང་གིས་གྱུར་དུག་ཏུ་འགྱུར་བ་ལྟར་རོ། །དེས་ན་བསྟེན་ཤེས་མ་ཤེས་དང་གོམས་མ་གོམས་ཀྱི་རྟེན་འབྲེལ་ཕན་གནོད་ཀྱི་ནུས་པ་འབྱིན་པ་ནི་དངོས་པོ་དང་བྱ་བ་ཐམས་ཅད་ལ་ཁྱབ་པར་གནས་ཤིང་ཐམས་ཅད་དུག་དང་སྨན་གཞི་མཐུན་ཡིན་པ་དེའི་ཕྱིར་མངོན་ཤེས་སྤྱན་ལྡན་རྣམས་ཀྱིས་གསོ་བ་དང༌། གསོ་བ་མ་ཡིན་པ་དང༌། འཕེལ་འགྲིབ་ཀྱི་ཐབས་འཕྲུལ་དུ་མ་མཛད་པ་ཡིན་ནོ། །འོན་ཀྱང་དུག་ཏུ་བཞག་པ་ནི་དངོས་སམ་གྱུར་པའམ་སྦྱར་བ་འདི་དག་ལ་ནུས་པ་ལྷག་པོར་ཡོད་པ་རྣམས་ཀྱིས་མི་ལུས་ཀྱི་འབྱུང་བ་དཀྲུག་པ་སོགས་སྲོག་འདོར་བར་བྱེད་དེ། དཔའ་བོའི་སྙིང་པོ་བསྡུས་པར། རྣོ་དྲོ་རྩུབ་ཅིང་དང་བ་དང༌། །ཁྱབ་ཅིང་མྱུར་གསོད་ཡང་བ་དང༌། །འདར་ཞིང་འཕར་ལ་རོ་མི་གསལ། །འཇུ་བར་མི་བྱེད་པ་ཡིན་ནོ། །རྣོ་སོགས་ཡོན་ཏན་དང་ལྡན་པས། །དེ་ནི་མདངས་ལས་ལོག་པ་ཡིན། །ཞེས་པའི་མདངས་ཀྱི་ཡོན་ཏན་ནི། བཤད་རྒྱུད་དུ། ལུས་ཟུངས་ཁུ་བའི་མཐར་ཕྱིར་མདངས་མཆོག་སྟེ། །སྙིང་ལ་གནས་ཤིང་ལུས་ཀུན་ཁྱབ་པ་དང༌། །ཚེ་གནས་གཟི་མདངས་བཀྲག་དང་ལྡན་པར་བྱེད། །ཅེས་པ་ལྟར་དང་དུག་གི་མཚན་ཉིད་ཀྱི་རྣམ་གྲངས་ནི་རྣོ་བ་ལ་སོགས་པ་འདི་དག་དང་གོ་ལྡོག་ཅིང་མི་མཐུན་པས་འཇོམས་པར་བལྟའོ། །གཞན་ཡང་སྡུག་བསྔལ་བསྐྱེད་པས་ཀྱང་དུག་ཏུ་བཞག་སྟེ། དེ་མཐོང་འགྲོ་བ་སྡུག་བསྔལ་འགྱུར། དེས་ན་འདི་ནི་དུག་ཅེས་བྱ། །ཞེས་དང༌། དུག་གི་སྦྱར་རྒྱུ་བསྐུར་རྟ་བྱུང་ཁུངས་སོགས་འོག་ཏུ་རིམ་གྱིས་འཆད་ཀྱང་དོན་དམ་པར་ནི་རང་གི་སེམས་སྤྲོས་བྲལ་གྱི་སྣང་རིག་གི་ཆ་ལ་གཟུང་འཛིན་དུ་འཁྲུལ་ནས་བདག་གཞན་དངོས་འཛིན་གྱི་ཀུན་རྟོག་ལ་ལས་དང་བག་ཆགས་ཀྱི་མཐུ་ཇེ་ཆེར་འཕེལ་བའི་རྟེན་འབྲེལ་སྒྱུ་མ་རྨི་ལམ་ལྟར་སྣོད་བཅུད་བེམ་རིག་སྣ་ཚོགས་སུ་འཆར་བ་ལས་བྱེད་པོ་གཞན་མེད་པ་རང་བཞིན་སྟོང་པའི་རྣམ་འགྱུར་ཡུལ་མེད་རང་གསལ་ལ་བློས་བྱས་ཀྱི་སྤྲོས་པས་དབེན་མོད་དེ། སྟོང་ཆེན་རབ་འཇོམས་སུ་ཡང༌། འདོད་ཆགས་ཞེ་སྡང་ཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །ཞེས་དང༌། འདུལ་བར་ཡང༌། ཁྱིམ་བདག་ངས་ནང་གི་དུག་བཅོམ་པས་ཕྱིའི་དུག་གིས་གནོད་པར་མི་ནུས་སོ་ཞེས་གསུངས་སོ། །འོན་ཀྱང་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས་ཕན་བདེའི་ལམ་ལ་རིམ་གྱིས་གཅིག་དང་ཅིག་ཅར་དུ་ན་བཀྲི་བར་མཛད་པ་སྟེ། སྨན་བླའི་མདོར། སེམས་ཅན་གང་དག་བཀྲེས་པ་དང་སྐོམ་པས་ཡོངས་སུ་གདུངས་ཏེ་ཁ་ཟས་འཚོལ་བ་ལ་རབ་ཏུ་བརྩོན་པ་སྡིག་པའི་ལས་བྱེད་པ་དེ་དག་ལ་བདག་གིས་ཁ་དོག་དང་དྲི་དང་རོར་ལྡན་པའི་བཟའ་བཏུང་གིས་ཚིམ་པར་བྱས་ནས་ཕྱིས་ཚོས་ཀྱི་རོས་ཤིན་ཏུ་བདེ་བ་ལ་འགོད་པར་གྱུར་ཅིག་ཅེས་པ་སོགས་ཀྱིས་རིགས་སོ། །གསོ་བ་པོས་ཀྱང་ཚོགས་གཉིས་ལ་བརྟེན་ནས་རྣམ་མཁྱེན་སངས་རྒྱས་ཐོབ་པར་བྱ་དགོས་ཏེ། །འགྲེལ་ཆེན་དྲི་མེད་འོད་ལས། དེའི་ཕྱིར་བསོད་ནམས་ཀྱི་ཚོགས་ཀྱི་སླད་དུ་སེམས་ཅན་ལ་ཕན་གདགས་པར་བྱའོ། །ཡེ་ཤེས་ཀྱི་ཚོགས་ཀྱི་ཕྱིར་མཆོག་ཏུ་མི་འགྱུར་བའི་བདེ་བ་བསྒོམ་པར་བྱའོ་ཞེས་གསུངས་པ་ལྟར། འདི་དག་ཀྱང་མཐའ་གཅིག་ཏུ་འཛིན་པ་བསལ་བའི་ཕྱིར་ཤུགས་བསྟན་གྱི་དགོངས་པ་བརྗོད་པ་ཡིན་ལ། དེ་ཡང་དུག་སྤྱི་རྒྱུ་ནི། སྔོན་བྱུང་བ་བཤད་པ་གནས་དང་པོ་སྔོན་གྱི་དུས་སུ་རྒྱ་མཚོ་ཆེན་པོའི་དབུས་ན་འཆི་མེད་ཀྱི་བཅུད་དམ་བདུད་རྩི་བུམ་པ་གང་ཡོད་དོ་ཞེས་གྲགས་སོ། །དེར་ལྷ་དང་ལྷ་མ་ཡིན་རྣམས་ཀྱིས་བདུད་རྩི་དེ་འདོད་ནས་ལེན་པར་བརྩམས་ཏེ། ཁྱབ་འཇུག་གིས་རི་བོ་མནྡཱ་རའམ་རི་རབ་ཀྱིས་སྲུབ་ཤིང་བྱས་ཀླུའི་རྒྱལ་པོ་ནོར་རྒྱས་སམ་ཚུལ་འདིར་དྲང་སྲོང་མུ་ཁྱུད་འཛིན་ལུས་སྦྲུལ་དུ་སོང་ནས་སྲུབ་ཐག་དང་འོག་ནས་རུས་སྦལ་གྱིས་རྒྱབ་བརྟེན་བྱས་རྒྱ་མཚོ་བསྲུབས་པ་ལས་ཐོག་མར་ཟླ་བ་དོན་ཏེ་ལྷ་དབང་ཕྱུག་གིས་ཅོད་པན་དུ་བྱས། དེ་ནས་རྟ་མགྲིན་རིང་ངམ་མཐོར་ཐོས་དང་གླང་པོ་ས་སྲུང་ཐོན་པ་བརྒྱ་བྱིན་གྱིས་བཞོན་པ་བྱས་ཤིང་ཡོངས་འདུ་དོན་པའང་ལྷས་ཁྱེར། ལྷ་མོ་དཔལ་མོ་དང་ནོར་བུ་ཀོསྟུ་བྷི་ཐོན་པ་དཔལ་མོས་ཆུང་མ་བྱས་པར་བཞེད་ཅིང་གང་ལྟར་ལྷ་རྣམས་ཀྱིས་སྤྱི་ནོར་བྱས། དེ་ནས་ཞར་བྱུང་བུད་མེད་ཤིན་ཏུ་ཡིད་དུ་འོང་བ་ཞིག་བྱུང་བ་སུ་ཡིན་དྲིས་པས། ང་ཆང་ཞེས་བྱ་བ་འཐུངས་ན་མྱོས་པ་དང་བརྒྱལ་བ་དང་དྲེགས་པས་སྨྱོ་བའི་རྣམ་པར་འགྱུར་རོ་ཞེས་བྱས་པས་ལྷ་མིན་རྣམས་ཀྱིས་འཐུངས་པར་མ་ནུས། ལྷས་བཏུངས་པས་ལྷ་དང་ལྷ་མིན་གྱི་མིང་ཡང་གྲགས། ཡང་ལུགས་གཅིག་ལ་མེས་པོ་ཚངས་པས་རི་རབ་ཀྱི་སྤྱི་བོ་ནས་མནན་ཏེ་བསྲུབས་པ་དང་ཟླ་བའི་ཡང་སྔོན་དུ་ཉི་མ་དོན་སེམས་ཅན་ཀུན་གྱི་ཉི་དགའ་ལ་མ་རུ་འདུག་ཅེས་པས་ཉི་མར་གྲགས་པ་སོགས་དུ་མ་ཡོད་ཅིང༌། དེ་ནས་ཡང་བསྲུབས་པས་བདུད་རྩིའི་སྔོན་དུ་སྐྱེས་བུ་སྐྲ་སེར་བ་མིག་ནས་མེ་འབར་བ་མཆེ་བ་བཞི་གཙིགས་པ་ཤིན་ཏུ་འཇིགས་པའི་གཟུགས་ཅན་ཞིག་ཐོན་པས། ལ་ལ་སྨྱོ། ལ་ལ་འབོགལ་ལ་དུག་གིས་བཏབ་ནས་འགྲོ་བ་སྡུག་བསྔལ་བར་གྱུར་པས་དེ་ལ་དུག་ཅེས་བཏགས་སོ། །ཚངས་པ་ཡང་བརྒྱལ་ཏེ་བརྒྱལ་སངས་པ་དང་སྔོན་ཐུབ་པས་གསུངས་པའི་སྨན་དཔྱད་རྣམས་བརྗེད་གསོས་ཏེ་བཅོས་པ་སོགས་ཀྱང་བཤད་རུང་ཚུལ་འདིར་དེ་ཚེ་ཐམས་ཅད་ཀྱིས་ཚངས་པ་ལ་ཞུས་པས། ཚངས་པས་སྔོན་ཐུབ་པ་ཆེན་པོས་བདུད་རྩི་འབྱུང་བའི་སྔོན་དུ་དུག་ཧ་ལ་ཧ་ལ་ཞེས་པ་འབྱུང་བས་དེ་ལ་ཧཱུཾ་རིང་གིས་བསྡིགས་ཤིག་ཅེས་གསུངས་པས་དྲན་ཏེ་ཧཱུཾ་ཞེས་ཐམས་ཅད་ཀྱིས་བརྗོད་པས། དུག་གི་གཟུགས་དེ་སྤྲ་ཡས་སུ་ཞིག་ཅིང་འཐོར་ཏེ། མི་གཡོ་མི་རྒྱུ་བ་བརྟན་པའི་དུག་རྣམས་དང༌། གཡོ་ཞིང་རྒྱུ་བ་སྲོག་ཆགས་ལ་ཞུགས་ཤིང་ཐིམ་པར་གྱུར། རིག་བྱེད་གཞན་དུ་སྐྱེས་བུ་དེ་ཁྱབ་འཇུག་གིས་མིད་པས་དྲན་པ་ཐོར་ཏེ་བརྒྱལ་བར་གྱུར་དུས་ལྷ་ཆེན་པོས་དེ་ལས་དྲངས་ཏེ་མགྲིན་པར་བཞག་པར་གྱུར། དེས་མགྲིན་པ་སྔོན་པོར་སོང་བ་སོགས་ཅུང་ཟད་མི་མཐུན་པ་འབྱུང་ལ། འདིའི་ལོ་རྒྱུས་ལ་བཤད་ཚུལ་ཨ་རུ་ར་སོགས་ཀྱང་འབྱུང་བ་ནི་དེ་ནས་བདུད་རྩི་བུམ་པ་གང་ཐོན་པ་དེ་ལྷ་དང་ལྷ་མིན་རྣམས་བགོས་ཏེ་བཏུང་བར་བྱའོ་ཞེས་བགྲོས་ནས་ཚོགས་སུ་འགྱེད་དུས་སྒྲ་གཅན་གྱིས་བདུད་རྩི་ཁོ་རང་གིས་ལོགས་སུ་འཐུངས་ཏེ་མཐུ་ཆེ་བར་བསམས་ནས་འཐུང་གིན་ནམ་མཁར་བྲོས་པ་ལས། ཁྱབ་འཇུག་གིས་འཁོར་ལོ་འཕངས་པས་སྒྲ་གཅན་གྱི་སྐེ་བཅད་པས་བདུད་རྩིའི་ཐིགས་པ་ས་ལ་ལྷུངས་པ་ལ་ཨ་རུ་ར་ཤིང་སྡོང་འབྲས་བུ་དང་བཅས་པ་སྐྱེས། བདུད་རྩིའི་ཐིགས་པ་ཁྲག་དང་འདྲེས་པ་ས་ལ་ལྷུང་བ་ལས་སྒོག་པ་བྱུང་ཞེས་གྲག་གོ། གཞན་ཡང་དུག་འཇོམས་པའི་སྨན་རྣམས་ཀྱི་ལོ་རྒྱུས་སྔོན་བྱུང་ལྕང་ལོ་ནག་པོའི་རྒྱུད་དུ། འགྲོ་བ་དུག་གིས་ཉེན་པ་གཟིགས་ནས་ལྷ་དབང་ཕྱུག་ཆེན་པོས་རི་རབ་ཀྱི་རྩེ་ལ་བྱོན་ཏེ་བདུད་རྩི་བུམ་པ་གང་ལ། ཧ་ལ་ཧོས་སི་ཀྲུག་ལེ་ཧྲིའཿཞེས་པའི་སྔགས་བཏབ་སྟེ། ཡོངས་འདུའི་ལོ་མས་གཏོར་བ་ས་ལ་སྨིན་ནས་སྨན་དུ་གྱུར་ཏོ་ཞེས་སོགས་རྒྱ་ཆེར་བཤད་ཀྱང་འདིར་ཞར་བྱུང་དེ་ཙམ་དང༌།

དེ་ལྟར་བཤད་པའི་སྦྱར་དུག་དང༌། གྱུར་དུག་དང༌། དངོས་ཀྱི་དུག་གསུམ་ལས་ཕྱི་མ་གཉིས་འདིར་སྤྱི་སྦོམ་ཙམ་ལས་གཤམ་དུ་ལེའུ་སོ་སོར་རྟོགས་པར་བྱ་ཞིང༌། དེ་ལ་དང་པོ་འདིར་སྦྱར་དུག་ཅེས་བྱ་བ་ནི་རིམས་སྐབས་བཤད་པ་ལྟར་གྱི་ལྔ་བརྒྱ་པའི་ཕྲག་དུ་མའི་དུས་སྙིགས་མའི་ཐ་མར་གྱུར་ཙ་ན་དུས་ངན་དབང་གིས་སྦྱོར་ངན་སྣ་ཚོགས་སུ་བྱེད་པ་དེའི་དུས་མུ་སྟེགས་ཀྱི་རིང་ལུགས་མང་དུ་ཡོད་པ་རྣམས་ཀྱིས་བསམ་ངན་གསོད་སེམས་ཀྱིས་ཀུན་ནས་བླངས་ཏེ་དུག་གི་སྦྱོར་བ་སྣ་ཚོགས་པ་དར་བས་ན་རྐང་གཉིས་མིའི་སྲོག་ལ་དུག་གི་ཆན་པས་འདེབས་ཞེས་པ་ནི་སྤྱད་བྱའི་དངོས་པོ་ལ་ཆ་བྱད་ཆན་པས་འདེབས་པ་ལྟར་དུ་དུག་གིས་སྲོག་གཅོད་པར་བྱེད་པའོ། །

དེ་ལ་དུག་གི་རིགས་དང་འཇུག་ཚུལ་དང་ངོས་བཟུང་དང་བཅོས་པའི་ཐབས་དང༌། དེའི་ལོག་གནོན་དང་ཕྱི་རྗེས་བཅད་པ་དང་དྲུག་གོ།

དེ་ཡང་དང་པོ་དུག་གི་རིགས་ནི་བསྐུར་བའི་རྟ་ཡིས་དབྱེ་བ་ལ་མཐོང་བ་སྔ་དྲོ་དགོང་ཞོགས་ཉི་མའི་ཟེར་ལས་བསྐུར་བ་དང༌། དུ་བའི་རླུང་ཕྱོགས་ལ་དུག་གིས་དྲི་བགོས་པའི་རྫི་ལ་བསྐུར་བ་རྫི་དུག་དང་དུ་བ་རླུང་ཞོན་ཀྱང་བྱའོ། །རྐང་པས་གོམས་པ་འདེབས་ཡུལ་ལ་འགོམས་པ་སའི་རླངས་ལ་བསྐུར་བ་རླངས་དུག་དང༌། ཤ་རྗེན་པར་རེག་ཏུ་འཇུག་པ་སྣུམ་དང༌། བུད་མེད་ལ་སོགས་པའི་ལུས་སོགས་ཀྱི་རྟ་ལ་བསྐུར་བ་དང༌། ཁོང་པར་འཇུག་པ་ཟས་སྐོམ་སོགས་ཁ་ལ་འགྲོ་བ་ལ་བསྐུར་བ་སྟེ་རྣམ་པ་ལྔའོ། །དེ་ལ་ཡང་དབྱེ་བ་ཕྱེ་ན་ཡུལ་གྱི་དབྱེ་བ་དང༌། རྫས་སྦྱོར་གྱི་དབྱེ་བ་དང༌། ནད་ཀྱི་རིགས་ཀྱི་དབྱེ་བ་དང༌། ལྡང་བའི་དུས་ཀྱི་དབྱེ་བ་དང་བཞི་ལས།

ཡུལ་ནི་དར་བ་རྒྱ་གར་རྒྱ་ནག་དོལ་པོ་མོན་སོགས་འདུ་ལོང་དུ་དར་ལ། དེའང་རིམ་བཞིན་རྒྱ་གར་མཚོན་ཆ། རྒྱ་ནག་གསལ་ཤིང༌། དོལ་པོ་ན་ཧོས་དང༌། མོན་ན་རྩི་དང་བཞིར་སྦྱོར་བར་བཤད་པ་སོགས་རེ་རེ་ལའང་རྣམ་གྲངས་སྟོང་དང་རྩ་བཞིར་སྦྱོར་བ་བཤད་དོ། །

རྫས་སྦྱོར་རིན་པོ་ཆེ་ལ་སྦྱོར་བ་དང༌། རྡོ་ལ་སྦྱོར་བ་དང༌། ཤ་ལ་སྦྱོར་བ་དང༌། རྩི་ལ་སྦྱོར་བ་དང༌། དུག་དངོས་ལ་སྦྱོར་བ་དང༌། སྔོ་ལས་སྦྱོར་བ་དང་དྲུག་ཡོད་པ་ལས་རིན་པོ་ཆེ་ལ་སྦྱོར་བ་ནི་གསེར་དང༌། ཟངས་དང༌། འཁར་བ་དང༌། ལྕགས་དང༌། དངུལ་ཆུ་དང༌། ཞ་ཉེ་སོགས་ལས་སྦྱོར་བ་ཡིན་ཏེ། ཁྱད་པར་ཞ་ཉེ་དང་དངུལ་ལས་སྦྱར་བ་རང་མང་ངོ༌། །རྡོ་ལ་སྦྱོར་བ་ནི་སྦལ་རྒྱབ་དང༌། ཏི་ཚ་དང༌། ཅོང་ཞི་དང༌། མཚལ་དང༌། མུ་ཟི་དང༌། ཕ་ཝང་ལོང་བུ་རྣམས་ལ་སྦྱོར་བ་དང༌། ཤ་ལ་སྦྱོར་བ་ནི་སྲོག་ཆགས་ཀྱི་ཤ་དང༌། ཁྲག་དང༌། མཁྲིས་པ་དང༌། སྤུ་དང༌། རུས་པ་སོགས་ལྔ་ལ་སྦྱོར་བ་ཡིན་ཀྱང༌། ཤ་ནི་ཚེ་ཚེ་ར་དང༌། ནམ་མཁའ་ལ་ལྡིང་བའི་བྱ་རིགས་དང༌། ཁྱི་དང༌། སྲེ་མོ་དང༌། བྱང་པ་དང༌། ཉ་དང༌། སྦལ་པ་དང༌། སྡོམ་དང༌། སྡིག་པ་དང༌། རྩངས་པ་ལ་སོགས་སྣ་ཚོགས་ལ་སྦྱོར་ཀྱང༌། ཁྱད་པར་ར་ཁྱི་བྱ་དང་བྱང་པ་རྣམས་ཀྱི་ཤ་ལ་སྦྱར་བ་མང་ངོ༌། །རྩི་སྦྱོར་ནི་དུག་གི་རིགས་སུ་གྱུར་པ་ཀུན་གྱི་བཅུད་བསྡུས་པ་ཡིན་ཅིང༌། དངོས་ལ་སྦྱར་བ་ལ་བི་ཥའི་རིགས་བོང་ང་ནག་པོ་དང༌། བཙན་དུག་གམ་དཔའ་བོ་རྩ་བ་སེར་མདངས་ཅན་དང༌། འཛིམ་པའམ་ར་དུག་པ་གསུམ་ལ་སྦྱར་བའོ། །སྔོ་ལ་སྦྱོར་བ་ནི་ཐང་ཕྲོམ་པའི་རིགས་དང༌། འོལ་མོ་སེ་དང༌། ཞོ་ཤ་ཞེས་སྙིང་མཁལ་གླ་གོར་གསུམ་དང༌། གཟེ་མ་དང༌། དུར་བྱིད། ཐར་ནུ་སོགས་གཞན་ཡང་སྣ་ཚོགས་ཀུན་ལ་སྦྱོར་བ་བྱེད་ན་ཡང་གཙོ་བོར་གྱུར་པ་ནི་ཐང་ཕྲོམ་པ་ལ་སྦྱར་བ་མང་ཞིང༌། དེ་ལྟར་སྦྱོར་ཚུལ་དང་སྦྱོར་རྒྱུ་མི་འདྲ་བ་དེ་དག་ལ་ལྡན་པ་དང་འདུས་པ་དང་བཅས་པས་ནི་རིགས་དུ་མར་འགྱུར་བ་ཡིན་ལ། སྦྱོར་བ་མང་པོར་ཕྱེ་ནས་བཏང་བས་ཚུལ་བཞིན་དུ་རྟོགས་པ་ཤིན་ཏུ་དཀའ་བས་ན་གསོ་བའི་གཉེན་པོ་ལོག་པར་གྱུར་ན་སླར་ཉིད་གནོད་པར་འགྱུར་རོ། །འོན་ཀྱང་བཤད་མ་ཐག་པ་དེ་དག་གི་དོན་མདོར་བསྡུས་ན་ཚ་སྦྱོར་དང་གྲང་སྦྱོར་གཉིས་སུ་འདུས་པར་འགྱུར་ཏེ་གང་ཞེ་ན། རིན་ཆེན་དང་རྡོ་ལ་སྦྱར་བ་ལ་ཚ་བ་མི་སྲིད་གྲང་བར་འགྱུར་བ་དང༌། སྟེ་ཞེས་འོག་མ་འདྲེན་ཚིག་ནས་ཤ་དང་རྩི་དང་སྔོ་སོགས་ལ་སྦྱོར་བ་བྱས་པ་དང༌། ཧ་ལས་གཙོ་བྱས་པར་སྦྱར་བ་ནི་གྲང་བར་མི་སྲིད་ཅིང་ཚ་སྦྱོར་གྱི་དུག་ཏུ་འགྱུར་ཞིང༌། དེ་རྣམས་འདྲེས་པའི་སྦྱོར་བ་ནི་ཚ་གྲང་འཐབ་པར་བྱེད་དོ། །

ནད་ཀྱི་རིགས་སུ་ཕྱེ་ན་མཛེ་དུག་དང༌། སྨྱོ་དུག་དང༌། གྲི་རྒོད་དུག་དང༌། ཁ་རྨ་རྒྱུ་སྐམས་དང༌། ཟ་རེམ་ལྟག་དགྱེ་དང༌། རྒྱ་ནད་རེངས་འཁུམས་དང༌། སྲིན་བུ་སྣ་ཟན་དང༌། སྨུག་པོ་འཇུ་སྐེམས་དང༌། མཁྲིས་ནད་མིག་སེར་དང༌། རིམས་ནད་རྩ་བྱེར་དང༌། ནག་པོ་ཐོག་རྡེག་དང༌། འཁྱམ་པོ་གཟའ་ནད་དང༌། གཟེར་ནད་ཆུ་འགགས་ལ་སོགས་པ་ངོ་མཚར་པའི་ན་ལུགས་མི་འདྲ་བ་དུ་མ་འབྱུང་བ་ཡོད་དོ། །

ནད་ལྡང་བའི་དུས་ནི་ལོ་དང༌། ཟླ་བ་དང༌། ཞག་གིས་བྱེད་པའི་ཕྱིར་ན་ཞག་དུག་དང༌། ཟླ་དུག་དང༌། ལོ་དུག་བཅས་རྣམ་པ་གསུམ་དུ་འགྱུར་རོ། །

འཇུག་ཚུལ་ཉི་ཟླའི་ཟེར་ལ་བསྐུར་བ་ནི་ཕྱིའི་པགས་པའི་སྐྱིའུ་ཆུང་ངམ་མདངས་ལ་འཇུག་པ་དང༌། དུ་བ་རླུང་རྫི་ལ་བསྐུར་བ་ནི་རྩའི་སྒོ་སྣ་བུག་ནས་འཇུག་པ་དང༌། ས་ཆུའི་རླངས་ལ་བསྐུར་བ་སྣ་སྒོ་དང་བ་སྤུ་གཉིས་ནས་འཇུགརེག་ཅིང་སྣུམ་བྱུག་པ་སོགས་ལ་བསྐུར་བ་ནི་བ་སྤུའི་སྒོ་ནས་འཇུག་པ་འདི་དག་ཐོག་མ་ཞུགས་ནས་རིམ་གྱིས་ལུས་ཟུངས་ལ་མཆེད་པར་བྱེད་ཅིང༌། ཟས་དང་སྐོམ་ལ་བསྐུར་བ་ནི་སོ་ལམ་ཁ་ནས་འཇུག་སྟེ། དེ་ཉིད་དང་པོ་ཕོ་བའི་ནང་དུ་འབབ་ལ། དུག་དེ་དག་ཀྱང་དྭངས་མ་ལ་ཞོན་ནས་ནད་དང་བཅས་པའི་ཕྱིར་ན་སྒྲེག་པ་དང༌། སྐྱུག་པ་དང༌། ཟས་ལ་འཁྲེན་པས་དང་པོ་མ་ཞུ་བའི་ཚུལ་དང༌། དེ་རྗེས་དྭངས་མ་དེ་མཆིན་པའི་གནས་སུ་སོང་བས་ཁྲག་ཏུ་གྱུར་པས་མཆིན་པ་དང་རོ་སྟོད་ན་ཞིང་གཟེར་བ་དང་རྩ་རྣམས་འཁྱུག དེ་རྗེས་ཁྲག་དེ་ལས་ཤར་གྱུར་པས་སྔོ་སྐམས་ཀོ་ལེ་ཁོལ་བུར་ན། དེ་རྗེས་ཤ་དེ་ལས་ཚིལ་དུ་གྱུར་པས་ཤེད་མེད་ཅིང་གཉིད་རེས་ཆེ་རེས་ཆུང་གི་མི་སྙོམས་པ་དང༌། དེ་རྗེས་ཚིལ་དེ་ལས་རུས་པར་གྱུར་པས་སོ་དང་སེན་མོ་ན་ཞིང་ཚིགས་གཞི་རུས་པ་རྣམས་ཀྱང་ཁོལ་བུར་ཞེས་ཀོ་ལེར་ན་བ་ཡིན། དེ་རྗེས་རུས་པ་ལས་ཀླད་པ་དེ་ནས་གཞུང་པ་དང་རྐང་དུ་འགྱུར་བའི་ཕྱིར་མགོ་བོ་འཁོར་ལ་ཉི་མའི་འོད་མི་བཟོད་ཅིང་རྐང་རྣམས་འཁྱུག་པ་དང༌། སྒལ་ཚིགས་ཁ་བྱེ་ཞིང་བཙིར་ན་ཕན་སྙམ་པ་བྱེད་ཅིང༌། ཀླད་པ་དང་གཞུང་པ་ནས་ས་བོན་དཀར་དམར་གཉིས་སུ་སྨིན་པས་སྐྱེས་པའི་བཅུད་འཛག་ལ་ཆགས་པ་འཆོར་བ་དང༌། བུད་མེད་ཀྱི་ཟླ་མཚན་འབྱམས་སམ་ཡང་ན་འཁྱིལ་བར་བྱེད་པ་དང༌། མཐར་ས་བོན་དེའི་དྭངས་མ་མདངས་སུ་གྱུར་པ་སྙིང་ལ་གནས་པར་དུག་ཞོན་པས་ལུས་ཀྱི་མདངས་འཕྲོག་ཅིང༌། བརྗེད་ངས་ཆེ་ལ་མྱོས་དང་སྙིང་མི་དགའ་བ་འོང་ངོ༌། །མདོར་བསྡུས་ན་དྭངས་མའི་རྟ་ལ་དུག་ཞོན་པ་ལས་ལུས་ཀྱི་ཟུངས་དྭངས་མ་ཁྲག་ཤ་ཚིལ་རུས་རྐང་ཁུ་བ་བདུན་དང་དྲི་མ་ཀུན་ལ་ཁྱབ་ཅིང་འབབ་པའི་གནས་ཀྱིས་བསྒྱུར་བ་ལས་ནད་ཀྱི་རྟགས་མི་འདྲ་བ་ཅིར་ཡང་སྟོན་ཞིང༌། རླུང་དང་མཁྲིས་པ་དང་བད་ཀན་ཏེ་འདུ་བ་འཁྲུག་པར་བྱེད་པ་དེའི་ཕྱིར་ན་དང་པོ་དང་བར་དང་ཐ་མའི་དུས་སོགས་སུ་ངོས་བཟུང་བ་དང་བཅོས་དང་རྗེས་གཅོད་ཤིན་ཏུ་དཀའ་སྟེ། སྦྱོར་བ་སོ་སོའི་རིགས་དང་ལུས་ཀྱི་ནད་ཁམས་དང་ཁ་ཟས་སོགས་ཀྱི་རྟས་བསྒྱུར་བས་དོན་ལ་འབབ་ཅིང་སྣོད་དུ་ལྷུང་བ་དང་རུས་ལ་ཞེན་ཅིང་རྩ་རུ་རྒྱུག་པ་དང༌། ཤ་དང་པགས་པ་ལ་སོགས་གཅིག་ཏུ་མ་ངེས་པའི་གར་ཡང་འབབ་པ་ཡིན་ནོ། །

ངོས་བཟུང་བརྟག་པའི་ཐབས་ལ་ཡང་རྣམ་པ་གསུམ་ཡིན་ཏེ། སྤྱི་རྟགས་ནོར་འཁྲུལ་མེད་པར་མི་འགྱུར་བར་ངོས་བཟུང་བ་དང༌། བྱེ་བྲག་ནད་རིགས་རྣམས་བབས་ས་སོའི་བརྟག་པ་དང༌། མི་འཚོ་བའི་ཚེ་འཆི་ལྟས་རྟགས་ལ་སྤང་བ་དང་གསུམ་གྱི།

སྤྱི་རྟགས་དང་པོ་ངོས་བཟུང་བ་ལ་ཕྱི་དང་ནང་དང་གསང་བ་གསུམ་ལས་བརྟག་ཚུལ་དེ་ལའང་དང་པོ་ཕྱི་རྟགས་དུག་ནད་དེ་ནད་འདུ་བ་གཞན་དང་སོ་སོར་དབྲལ་ཏེ་རྒྱབ་ཤ་བཅད་པ་དང༌། ནང་རྟགས་རྩ་དང་ཆུ་དང་ན་ལུགས་དང་སློང་རྐྱེན་རྣམས་ཀྱི་སྒོ་ནས་ནད་ཀྱི་ངོས་བཟུང་བ་དང༌། གསང་བའི་སྒོ་ནས་བརྟགས་པས་ངེས་པ་བསྐྱེད་དགོས་ཏེ། དང་པོ་ནམ་ལངས་མ་ཐག་ཁ་ནས་ངག་ཚིག་མ་ལབས་ཤིང་ཁ་ཟས་མ་ཟོས་པའི་གོང་ཁ་ནང་དུ་མཆིལ་མ་མ་དཀྲོགས་པའི་དུས་མཆིལ་མ་རང་ལུགས་དེ་ཆུ་གཙང་གི་ནང་དུ་བླུགས་པས་མཆིལ་མ་ཆུའི་ཁར་ལྡིང་ན་དུག་མེད་ལ་མཆིལ་མ་ཆུའི་ཞབས་སུ་སོང་ན་དུག་ཡོད་ཅིང༌། ཡང་ན་རྒྱ་རུ་ལ་མཆིལ་མ་བྱུགས་ཤིང་སྟེང་དུའང་མཆིལ་མ་བཏབ་པས་མཆིལ་མ་དེ་ལྦུ་བ་ཚིར་ཚིར་ཁོལ་ན་དུག་ཡིན། དཀར་གོང་སྲིན་མེད་པ་མེས་བསྲེགས་པའི་སྟེང་དུ་མཆིལ་མ་བླུགས་པ་གྲང་ནས་བཅག་པས་ནས་རེ་ཙམ་ནག་པོར་སོང་ན་དུག་ཡིན། ཡང་བ་མེན་གྱི་རྭ་ནང་དུ་ནད་པའི་དྲི་ཆུ་ཆང་དང་བསྲེས་པ་བླུགས་ལ་གཟུགས་མོ་བྱི་ཐུར་གྱིས་དཀྲུགས་པས་འཇའ་ཚོན་འདྲ་ན་དུག་ཡིན་ཞིང༌། ཡང་ན་བ་མེན་གྱི་རྭའི་ནང་དུ་ནད་པའི་དྲི་ཆུ་བླུགས་པ་རི་བོང་གི་སྨ་རས་དཀྲུགས་པས་སྨ་ར་ཚིག་ནའང་དུག་ཡིན། ནད་པའི་དྲི་ཆུར་མྱུར་འགྲམ་གྱི་གོང་གི་སྐྲ་བཅུག་སྟེ་ཞག་གཅིག་ལོན་པའི་ནང་པར་བལྟས་པས་སྐམ་ཀྱོག་ཅིང་ཚིག་པ་འདྲ་ན་དུག་ཡིན། དྲི་ཆུར་བྱའི་ཟེ་བའི་ཁྲག་བླུགས་པ་དེ་ལ་བོང་ང་བཏབ་པས་རྣག་ལྟར་དུ་སོང་ན་དུག་ཡིན། ཡང་ར་གན་སོགས་ལྷད་མེད་པའི་དངུལ་དག་པོ་ལེབ་བོར་བྱས་པ་སོ་ནང་དུ་སྲད་བུའི་བརྟོད་ལ་བཞགནང་པར་བལྟས་པས་དངུལ་གྱི་མདོག་ཉམས་ཤིང་གཡའ་ཕྱི་བ་དཀའ་ན་དུག་ཡིན། ཡང་ན་ཆང་ཁྱོར་གང་དང་ཧུ་ལུ་ཀ་ཙན་དན་དཀར་པོར་ཡང་བཞེད་པ་འདུག་རུང་དེ་ནི་སྤྱིར་འུག་པའི་མིང་ཡིན་ནའང་འདི་སྐབས་གཡུ་ཐོག་པའི་ཕྱག་དྲེག་མ་དང་བླ་རྟ་ལྟར་ན་བྲག་སྐྱ་ཧ་བོ་ལ་བཞེད་པ་འཐད་དམ་བསམ་ཞིང་སྦྱོར་བ་སྲོད་ཀྱི་དུས་ལ་འཐུངས་ལ་མི་སྨྲ་བར་ཉལ་ནས་ནང་པར་བལྟས་པས་ལྕེ་དང་སོ་རྙིལ་དང་རྐན་ལ་འཇའ་ཚོན་སྣང་ན་དུག་ཡིན་ཞིང༌། རྨ་བྱའི་མདོངས་གཅིག་མར་གྱི་ནང་དུ་དྲིལ་བ་ཁྱུར་མིད་བྱས་ལ་ནང་པར་འོག་སྒོ་ནས་ཐོན་པའི་མདོངས་དེ་ཆུས་བཀྲུས་པས་མདོག་མ་ཉམས་ན་དུག་ཡིན་ནོ། །དེ་ལྟར་གྱི་ཕྱི་ནས་བརྟག་པའི་ཐབས་ཀུན་ཚང་ན་དུག་ཡིན་པར་ངེས་པ་ཡིན་ཏེ་དུག་མེད་པ་ཡང་ངེས་པ་མེད་པའི་ཕྱིར་ན།

ནང་གི་རྟགས་ཀྱིས་ནད་ཀྱི་ངོས་གསལ་པོར་བཟུང་བ་ནི། རྩ་རྒྱུད་མ་ངེས་པའི་ཇི་ལྟར་དུ་འདུག་གྱུར་ཀྱང་འགྱུར་ལྡོག་མང་ལ་ཁྱད་པར་གདོན་རྩ་འདྲ་ན་དུག་ཡིན་ཞིང༌། ཆུ་མདོག་དཀར་དམར་ནག་པ་མ་ངེས་པ་ཇི་ལྟར་དུ་འདུག་ན་ཡང་འཁར་བའི་སྣོད་ཁ་སྦྱར་གྱི་ནང་དུ་དྲི་ཆུ་བླུགས་པ་ས་འོག་ཏུ་བཅུག་པ་ཞག་གཅིག་རླངས་བསུབས་བྱས་ལ་ནང་པར་བལྟས་པས་ས་དང་རྡོ་དང་རིན་ཆེན་དང་སྔོའི་ཕྱེ་མ་དངོས་སུ་འོང་བའམ། ཤ་སྦྱོར་ལ་སྦལ་པའི་སྒོ་ང་འདྲ་བ་དང་ནག་རྙིངས་ཞེས་ཀྱང་ནག་སྙིགས་དང་འཇའ་ཚོན་འོང་ལ། ཡང་ན་ཆུ་དེ་སྔ་མ་ལས་ཁ་དོག་དྭངས་སངས་པ་འདུག་ན་དུག་ཏུ་ངེས་པ་ཡིན་ཞིང༌། སྟེ་ཞེས་པ་འདྲེན་ཚིག་དང༌། ཡང་ན་དྲི་ཆུ་དེ་ཟངས་དམར་སྣུམ་མེད་ལ་བྱུགས་པས་ན་ནག་པོར་འགྲོ་ན་དུག་ཡིན་ནོ། །ན་ལུགས་ནི་དུག་དེ་ཁོང་དུ་སོང་བའི་ཟླ་གཅིག་ཙམ་ནས་མངོན་ཚུལ་གློ་ཆམ་མོད་ཅིང་ཤེད་ཆུང་ལ་ཁམས་མི་བདེ་བ་དང༌། ཟླ་བ་གཉིས་ནས་རེས་ན་རེས་བདེ་བ་ཡང་ཡང་ལྡང་དུབ་བྱེད་ཅིང༌། ཟླ་བ་གསུམ་ནས་དུག་གང་དུ་བབས་པའི་གནས་དེར་ན་བ་དང༌། བཞི་ནས་ཟས་དང་སྤྱོད་ལམ་མི་འཕྲོད་པའི་རྐྱེན་གྱིས་སློང་བར་བྱེད་དོ། །དེ་ཡང་སྦྱོར་བའི་རིགས་དང་ནད་ཁམས་གང་ཤས་ཆེ་དང་ཟས་ཀྱི་རྟ་གང་ལ་བྱ་བ་དང༌། བབས་པའི་དབང་གིས་རྟགས་ལ་ངེས་པ་གཅིག་ཁོ་ནར་མེད་དེ། འོན་ཀྱང་ཕལ་ཆེ་བ་ལ་རྟགས་འདི་རྣམས་འབྱུང་སྟེ། གང་ཞེ་ན། ཟས་ལ་བྲོ་བ་མེད་ཅིང་སྒྱིད་པ་སྐྱུར་ལ་ཉམ་ཆུང་ཞིང་ཚིག་པ་ཟ་བ་དང༌། ལུས་ལྕི་ཞིང་སྟོབས་འཆོར་ལ་ཤ་སྐམ་པོ་ཁ་དོག་སྔོ་བ་དང༌། ལྕེ་འགས་པ་དང་བ་སྤུ་བརྩེ་བ་སྟེ་རེག་ན་མི་བཟོད་ལ་སེན་མོའི་རྩ་བ་སྦྲིད་པ་དང༌། མགོ་བོ་འཁོར་ཞིང་ཤེས་པ་འཐོམ་པ་དང་ཟ་ཟི་བྱེད་ལ་གོམ་པ་འཁྱོར་བ་དང༌། མགོ་བོ་དང་ཕོ་མཆིན་ཁ་འཁོར་དང་རོ་རྒྱབ་རྣམས་ན་ལ། ཤ་སྣ་འགུལ་ཞིང་འཕྲིག་ལ་ཉྭ་བཞི་དང་རྐང་རྣམས་ན་བ་དང༌། མེ་དང་ཉི་མ་དང་བསིལ་གྲིབ་འདོད་ནས་སྙེག་ཅིང་དེ་རྣམས་སུ་ཡུན་རིང་དུ་འདུག་མི་ཚུགས་པ་དང༌། ལུས་ཀྱི་རྔུལ་དང་ཚད་པ་སྟེ་དྲོད་དང་གཉིད་ལ་རེས་འཕེལ་བ་དང་རེས་འགྲིབ་པར་བྱེད་ལ་མིག་འགྲིབ་ཅིང་ཁ་མངལ་ཏེ་རོ་མི་ཚོར་ལ་གཡལ་དང་སྦྲིད་པ་མང་བ་དང༌། སྐབས་སུ་འཁྲུ་ཞིང་སྐྱུག་ལ་ཡང་ན་དྲི་ཆུ་སྲི་བ་དང༌། གསང་གནས་མཇེ་མི་ལྡང་ཞིང་སྐབས་སུ་སྙིང་མི་དགའ་བ་དང༌། ལུས་ཀྱི་སྟོད་སྨད་ཡན་ལག་རྣམས་ཁོལ་བུར་ན་ཞིང་འཕོ་འགྱུར་བྱེད་པ་དང༌། ཟླ་མཚན་མི་རྒྱུ་སྟེ་མི་འོང་བ་དང༌། ལྕེའི་བད་ཀན་ཀུན་དག་པ་དང༌། མིག་གི་འབྲས་བུ་དང་སོ་དང་རྣ་བ་དང་མགོ་བོ་རྣམས་གཟེར་ཞིང་མཇིང་པ་རེངས་པ་དང་གྲེ་བ་འཛེར་སོགས་གཅིག་ཏུ་ངེས་པ་མེད་པའི་སྣ་ཚོགས་དུ་མ་ཞེས་མང་པོའི་རྟགས་འབྱུང་སྟེ། གང་ཞེ་ན། ཁ་སོ་དང་རུས་པ་ན་བས་རླུང་དང་འདྲ་བ་དང༌། མིག་སེར་ཞིང་ཚ་བ་སྐྱེ་བས་མཁྲིས་པ་འདྲ་བ་དང༌། འཇུ་བར་དཀའ་ཞིང་སྒྲེག་སྐྱུག་འཚིངས་པས་བད་ཀན་འདྲ་བ་དང༌། རྩ་འཁྱུག་ཅིང་རོ་སྟོད་གཟེར་བས་ཁྲག་ནད་འདྲ་བ་དང༌། ཟ་འཕྲུག་བྱེད་ཅིང་སྦྲིད་ལ་བེམ་པས་ཆུ་སེར་འདྲ་བ་དང༌། གྲང་ཤུམ་བྱེད་ཅིང་ཚིགས་གཞི་ན་བས་རིམས་དང་འདྲ་བ་དང༌། ཁྲག་སྐྱུག་ཅིང་ཕོ་མཆིན་ན་བས་སྨུག་པོ་འདྲ་བ་དང༌། སྟོབས་ཆུང་ཞིང་ཤ་དང་པགས་པ་སྐམ་པས་ས་བདག་གི་ནད་དང་འདྲ་ཞིང༌། དེ་དག་ཀུན་ནི་སྦྱོར་བ་ངན་པའི་ཟས་ཀྱི་ན་ལུགས་ཡིན་ནོ། །ཁྱད་པར་དུའང་རྩ་དང་ཆུ་གཉིས་འདི་ཡིན་འདི་མིན་བརྟག་མི་ཐུབ་པར་འགྱུར་ལྡོག་མང་བ་དང༌། ན་ལུགས་སྣ་ཚོགས་པའི་ནད་སྣ་མང་ཞིང་འགྱུར་ལྡོག་ཆེ་བ་དང༌། ཟས་མང་དུ་ཟོས་ཀྱང་མི་ཕན་པར་ཤ་འབྲོས་པ་སྟེ་ལུས་སྟོབས་འཆོར་བ་དང༌། ཕོ་མཆིན་མི་བདེ་ཞིང་ཆམ་པས་འདེབས་ལ་སྙིང་མི་དགའ་བ་དང༌། དོན་མེད་པར་ན་ཞིང་ཡང་བཅོས་སོགས་གང་ཡང་བྱས་པ་མེད་པར་དར་རེ་སྐབས་སྐབས་སུ་དྲག་ལ། རྟགས་དེ་བདུན་དང་ལྡན་ན་ངེས་པར་དུག་ཡིན་པར་གདོན་མི་ཟའོ། །གཞན་ཡང་སློང་རྐྱེན་ནམ་ཕན་གནོད་བསྟེན་པའི་སྒོ་ནས་བརྟག་པ་ལ་ཉལ་པོ་བྱེད་པ་དང༌། རྟ་ཞོན་ནས་བངས་གཏོང་བ་དང༌། ཉ་དང་ཕག་ཤ་དང་ཤ་རུལ་ཟོས་པ་དང༌། གཞན་ཡང་དང་པོ་གང་ལ་སྦྱར་བའི་རྟ་དེ་དང༌། དུད་འགྲོ་གང་རུང་གཏར་བའི་ཁྲག་གི་ཚ་བ་སྟེ་ཐུག་པ་བཏང་བས་ལྡང་ན་ནད་རྟགས་ཡིན་ལ། ནད་རྟགས་དེ་རྣམས་ཚང་ན་དུག་ཡིན་པར་མི་འགྱུར་བ་ཡིན་ཞིང༌།

སྟེ་ཞེས་པ་འོག་མ་འདྲེན་ཚིག་དང༌། རྟགས་དེ་རྣམས་མེད་པར་ངོས་མ་ཟིན་པར་ཐེ་ཚོམ་བྱུང་ན་གསང་བར་བརྟག་པ་འདི་ལྟ་སྟེ། ཆུ་ཆུང་བ་རྐྱང་སེལ་དུ་བཤད་པ་དེའི་ཚ་བ་སྟེ་ཐུག་པར་ཉ་ཕག་གི་ཤ་བཏབ་པའི་ཚོད་མས་ནད་ལྡང་ན་ངེས་པར་དུག་ཡིན་ཞིང༌། རཀྵ་སྟེ་དྲག་པོའི་མིག་ཅེས་ཟུར་ཆག་པའི་རུ་རཀྵ་ལྔ་ཆུར་གདུས་པ་སྲོད་ལ་ཁྱོར་གང་བཏང་བས་ཁམས་འཁྲུགས་ཞེས་སེམས་འཁྲུག་ཅིང་ལུས་པོལྕི་ལ་ཕྲུམ་སེར་ཁྱེར་ཞེས་གྲང་ཤུམ་བྱེད་ན་དུག་ཡིན། ཡང་ན་རེ་རལ་ཐུན་གཅིག་བ་འོ་ཕུལ་བརྒྱད་དུ་བཏབ་པ་བཏང་བས་རབ་སྐྱུག་ཅིང་ཐ་མ་དང་ག་འགག་ན་དུག་ཡིན་ཞིང༌། རྣམ་པར་ཡུ་གུ་ཤིང་དང་ཙན་དན་དཀར་པོ་སྐྱེར་པའི་བར་ཤུན་བཅས་པའི་ཕྱེ་མ་སྤྱི་ཞུར་ཁུ་བས་ཕུལ་ལ་བཏང་བས་འཁྲུའམ་སྐྱུག་གམ་གཟེར་བ་སོགས་བྱུང་ན་དུག་ཡིན། ཡང་ན་ཨ་རུ་ར་དང༌། སྤང་རྒྱན་དཀར་པོ་དང༌། སེ་བ་དང༌། སྐྱེར་པའི་བར་ཤུན་གྱི་ཐང་བཏང་བས་ཚིགས་གཞི་ཀུན་ལ་པྲན་པ་སྟེ་ནད་གྲམ་ལ་རྩེ་ཞིང་ན་ན་དུག་ཡིན། ཡང་ན་ཤུག་པའི་འབྲུམ་དང་ཤིང་ཀུན་གླ་རྩི་འབྲས་བུ་ཨ་བར་སྐྱུར་གསུམ་རྣམས་བ་ཆུར་བསྐོལ་བ་བཏང་བས་གར་བབས་སུ་ཟུག་ལྡང་ན་དུག་ཡིན་ཞིང༌། དགོང་མོ་སེ་རྒོད་དང་འོམ་བུའི་ཐང་བཏང་ཆུར་བཙོས་ས་ཆུ་བཅད་ནས་འདྲིལ་ན་དུག་གི་ནད་ཡིན་པའི་ངེས་ཤེས་བསྐྱེད་པར་འགྱུར་ཞིང༌། དེ་རྣམས་ཀུན་གྱིས་མ་རྟོགས་ན་འོག་ཏུ་བསྟན་པའི་སྡུད་སྨན་རྣམས་གང་རུང་བཏང་བས་གསལ་ཏེ་འདུས་པའི་རྟགས་ཇི་ལྟར་བཤད་པ་ལྟར་བྱུང་ན་ངེས་པར་ཡིན་ཞིང༌། དེ་མ་བྱུང་ན་རྟགས་གཞན་བྱུང་ཡང་དུག་དང་འདྲ་བའི་ནད་རིགས་ཡིན་གྱི་དུག་ནད་དངོས་མ་ཡིནཔས་དུག་དང་འདྲ་བ་རྣམས་དུག་ནད་ལ་ངོས་མི་འཛིན་ཞིག་གོ།

བྱེ་བྲག་གི་བརྟག་པ་དེ་ལ་འཇུག་སྒོ་དང་རྫས་རིགས་དང༌། ནད་རིགས་དང༌། ལྡང་དུབ་དང༌། བབས་སའི་སྒོ་ནས་བརྟག་པ་དང་ལྔའོ། །

དང་པོ་འཇུག་སྒོའི་རིགས་ཀྱིས་བརྟག་པ་ནི། ཉི་ཟེར་དང་དུ་བ་དང་རླངས་པ་ལས་བྱུང་བའི་དུག་ནི། དང་པོར་མཚུལ་པ་ཚ་ཞིང་མགོ་བོ་ན་བ་དང༌། ལུས་སྤྱིར་སྙོམ་པ་སྟེ་བྱ་བ་གང་ཡང་བྱེད་མི་འདོད་ལ་སྒྱིད་པ་སྐྱུར་ཞིང་ཚིག་པ་ཟ་བ་དང༌། ཚིགས་གཞི་དང་བྱིན་ཉྭ་ན་ཞིང་ཕྲུམ་སེར་ཁྱེར་བ་ཞེས་གྲང་ཤུམ་བྱེད་པ་དང༌། ཚབས་ཆེ་བ་རྣམས་ལ་གཡོ་སྐམ་ཞ་འཁུམས་བྱེད་ཅིང་གཟའ་ཕོག་པ་འདྲ་བ་འོང༌། རེག་པའི་དུག་ལ་དང་པོ་པགས་པ་ཚ་སྦྲིད་ཀྱི་ཟ་བ་དང༌། ཕྲུག་པའི་རྗེས་སུ་འབྲུམ་ཐོར་དང་ཤུ་བའམ་སྐྲངས་འབུར་འོང་ཞིང༌། དེ་ནས་འགྱུར་ལྡོག་བྱེད་པ་ནི་ཁ་ཅིག་རྩ་མིག་སོགས་ལ་བྱེར་བར་འགྱུར་ཞིང༌། ཁ་ཅིག་ལྷོག་པར་འགྲོ་བ་དང༌། ཁ་ཅིག་འབྲས་སུ་འགྲོ་ལ། ཐ་མ་ཤ་རུལ་བ་དང་རྩ་ཆད་པ་དང་རུས་པ་ཟ་བ་སོགས་སུ་འགྱུར་བའོ། །

རྫས་རིགས་སྦྱོར་བའི་སྒོ་ནས་རྒྱས་བསྡུས་གཉིས་སུ་བརྟག་པ་ནི། དང་པོ་དབྱིག་དུག་ཤེད་ཆུང་ཞིང་ཤ་སྐམས་ལ་ཁ་དོག་ཇེ་སྔོར་ཞེས་རིམ་པས་སྔོ་རུ་འགྲོ་བ་དང༌། ན་ཚ་མི་ཆེ་ཞིང་ཕོ་བར་སྒེར་དུ་ཟུག་ཅིང་གྲང་བ་དང༌། ཁ་ལ་གཡའ་དྲི་བྲོ་ཞིང་མཚན་མ་ལྡང་བར་མི་འགྱུར་ལ་མིག་མདོག་སེར་ཞིང་ཁོང་པ་སྦོ་སྒྲེག་བྱེད་ལ། ཞོ་ཟོས་ན་ཁྲག་ཏུ་འབྱང་བ་ཞེས་འཁྲུ་བར་འགྱུར་རོ། །རྡོ་སྦྱོར་ལ་ཕོ་བ་སྲ་ཞིང་ལྕི་ལ་ཡན་ལག་ཕྲ་བ་དང༌། གདོང་སྦོ་ཞིང་ཚ་བའི་མངོན་ཚུལ་སྟོན་ལ་དོན་དུ་གྲང་བར་ལྡོག་པ་དང༌། མཆིན་པ་དང་མཁྲིས་པ་དང་ཕོ་བ་དང་མཆེར་པའི་སྟེང་དུ་སྐྲན་དུ་འདྲིལ་ལོ། །ཤ་སྦྱོར་ལ་ཕོ་མཆིན་མི་བདེ་ཞིང་མིག་སྤྲིན་དམར་བ་དང་མིག་འགྲིབ་ཅིང་མིད་པ་ལྟེབ་པ་སྟེ་དམ་ལ་གྲེ་བ་འཛེར་བ་དང༌། ཁྲག་ཏུ་འཁྲུ་བའམ་ཡང་ན་ལུད་པ་ཁྲག་ཏུ་ལུ་བ་དང༌། མགོ་དང་རྐེ་མཇིང་བཅས་ཕྱིའི་ཤ་དང་ནང་ཁྲོལ་སོགས་ཤ་གང་ལ་སྦྱར་ནས་བཏང་བའི་ཐད་དེར་འབབ་ཅིང་ཁོལ་བུར་ཞེས་ཀོ་ལེར་ན་བར་བྱེད་དོ། །སྟག་གི་སྨ་ར་སོགས་སྤུ་སྦྱོར་ལ་རྒྱུ་ཞབས་སྲིན་བཞིན་དུ་འཁྱུག་ཅིང་ན་བ་དང༌། རྒྱུ་ཁྲག་འདྲེས་ཞེས་རྒྱུ་མ་ཁྲག་གིས་ཟོས་ཤིང་ནང་རྩ་ཆེན་པོ་གང་ཡོད་གཟེར་བ་ཡིན་ནོ། །རྩི་སྦྱོར་ལ་གཞོགས་ཕྱེད་ན་ཞིང་གང་ན་ངོས་དེའི་ཤ་སྐམ་ལ་མགོ་དང་རྐང་དང་ཚིགས་གཞི་རྣམས་ན་ཞིང་ཕྲུམ་སེར་ཏེ་གྲང་ཤུམ་ཁྱེར་བ་དང༌། ཚ་བ་སྐྱེ་ཞིང་མིག་འགྲིབ་ལ་མཆིན་དྲི་འཁོར་བ་ཞེས་ཁོང་ནང་དུ་འཁྲིལ་ཉམས་བྱེད་དོ། །བོང་ང་ཐང་ཕྲོམ་སོགས་དུག་རིགས་དངོས་ལས་སྦྱར་བ་ལ་ལྕེ་དང་སེན་རྩ་སྦྲིད་པ་དང༌། མིག་འགྲིབ་ཅིང་སོ་ནག་ལ་ལྕེ་དང་མཆུ་འགས་པ་ཡིན་ཞིང༌། སྔོ་སྦྱོར་ལ་རུ་ཤིང་ནི་གཟུངས་འབུལ་སོགས་ཀྱི་སྐབས་སྲོག་ཤིང་དང་རུ་ཤིང་ཞེས་བཤད་པའི་ལུས་ཀྱི་རུས་སྒྲོམ་སྒལ་ཚིགས་སྒྲོག་རུས་དཔུང་དང་འབྲེལ་བའི་ལག་པའི་རུས་སྒྲོམ། དཔྱི་ནས་རྐང་དང་འབྲེལ་བའི་རུས་སྒྲོམ་རྣམས་ན་ཞིང་རྐང་ལག་ཆུ་བ་རེངས་པ་དང༌། ལུས་གྲང་ཞིང་སྙིང་འདར་ལ་སེམས་འཕྱོ་འགྲོ་ན་འབུབ་པ་དང༌། རང་གིས་མྱང་ན་ཚོར་བས་ཁ་དང་མཆུ་སྐྲངས་སྙམ་བྱེད་པའོ། །རྫས་རིགས་དེ་རྣམས་ཀྱང་མདོར་བསྡུས་ན་ཚ་བ་དང་གྲང་བར་སྦྱོར་བ་བྱས་པ་རྣམ་པ་གཉིས་ཡིན་ཏེ། དེ་ཡང་ཚ་སྦྱོར་ལ་རྩ་གྲིམས་ཤིང་ཆུ་མདོག་སྨུག་ལ་ཀུ་ཡ་མཐུག་པ་དང༌། རུས་ཚིགས་དང་ཉྭ་གཞི་དང་མགོ་བོ་ན་ལ་གྲང་ཤུམ་བྱེད་པ་དང༌། རོ་སྟོད་དང་ཕོ་མཆིན་གྱི་ཡུལ་གཟེར་ཞིང་ཁ་དང་ལྕེ་སྐམ་པ་དང༌། མཆུ་འགས་ཤིང་སོ་ནག་ལ་ཁོང་པ་ཚ་འཁྲུག་བྱེད་པ་དང༌། ཤེས་པ་ཟ་ཟི་བྱེད་ལ་རྨི་ལམ་མང་བར་འབྱུང་བ་དང༌། སྟེ་ཞེས་པ་འོག་མ་འདྲེན་ཚིག་སྟེ་དེ་ནང་ནས་ཀྱང་ཁྱད་པར་རམ་གཙོ་བོར་མཆིན་པ་དང་མཁྲིས་པ་གཉིས་ལ་འབབ་པ་ཡིན་ནོ། །གྲང་སྦྱོར་ལ་ནི་ཁོང་པ་སྦོ་ཞིང་སྒྲེག་པ་དང༌། ཁ་ཟས་མི་འཇུ་བ་ལ་འཁྲེན་པ་སྟེ་ཟས་ལ་འདོད་ཆེ་ཞིང་རྩ་དལ་བ་དང་ཆུ་མདོག་སྔོ་ལ་ལྕེ་མདོག་སྐྱ་བ་དང་གདོང་པ་གཡོ་བ་སྟེ་སྦོས་པ་དང༌། མཇུག་ཏུ་སྐྲན་དུ་འདྲིལ་ལམ་ཡང་ན་ཆུ་རུ་ལྡོག་པར་བྱེད་ལ། དེ་ནང་ནས་ཀྱང་གཙོ་བོའམ་ཁྱད་པར་དུ་མ་ཞུ་བ་ཕོ་བར་འབབ་པ་ཡིན་ཞིང༌། སྦྱོར་བ་དེ་དག་གཉིས་ཀ་འདྲེས་པ་ནི་ཕོ་བ་དང་མཆིན་པ་གཉིས་ཀར་འབབ་ཅིང་ངོ་བོ་གྲང་ཡང་ལྟར་སྣང་ཚ་ཚུལ་དང༌། ངོ་བོ་ཚ་ཡང་ལྟར་སྣང་གྲང་ཚུལ་སྟོན་པས་ན་མ་འཁྲུལ་བར་རྟོགས་ཤིག་གོ།

ན་ལུགས་རིགས་ཀྱི་སྒོ་ནས་བརྟག་པར་བྱ་བ་ལས་ཐོག་མར་མཛེ་དུག་ནི། མཛེ་ཅན་གྱི་ཁྲག་དང་བསེ་ཞོ་གཉིས་ཀྱིས་ཕལ་ཆེར་དུ་གཙོ་བྱས་པ་མང་བ་ཡིན་པས། འགུལ་འཕྲིག་དང་ཟ་བེར་བྱེད་ལ་རྩ་འཁྱུག་ཅིང་རུས་རྐང་ན་བ་དང༌། གྲེ་བ་མི་བདེ་ཞིང་ཤ་སྦོ་ལ་ཐོར་པ་དང་ཤུ་བ་འོང་ལ། ཐ་མར་རུས་ལ་བབས་པ་ནི་ཕོ་མཛེ་ཡིན་པས་སྐམས་ནས་འཆི་ཞིང༌། ཤ་དང་རྩར་བབས་པ་ནི་མོ་མཛེ་ཡིན་པས་རུལ་ནས་འཆིའོ། །སྨྱོ་དུག་ཕལ་ཆེར་ལ་ནི་གོང་མོའི་ཁྲག་དང་ཐང་ཕྲོམ་པས་སྦྱོར་བའི་གཙོ་བོ་བྱས་པ་མང་བས་ན་སྟོད་བརྒྱངས་པ་ལྟར་བྱེད་ལ་ཤེས་པ་འཕྱོ་ཞིང་ཁ་ནས་ཤུས་འདེབས་པ་དང༌། ལུས་པོ་འདར་ཞིང་ཁྲོ་བ་དང་བརྡེག་པར་བྱེད་ལ་ཁ་ནས་གཏམ་སྣ་ཚོགས་པ་འདོན། ཡང་ན་སོས་སོ་འཆའ་བ་སྟེ་དཀྲིག་པ་དང་སྐབས་སུ་འགྱེལ་ཞིང་དྲན་མེད་དུ་འབོག་གོ། གྲི་དུག་ལ་ཆང་ཚ་ཞེས་པ་བསིངས་དུས་འབྱུང་བའི་ལྦུ་བ་དང་སྔོ་རྒྱ་ཤོ་མའི་འབྲུ་དང༌། འདྲེ་ཞུགས་པའི་ལུས་འདར་ནས་ཤི་བའི་ཀླད་པ་དང༌། གྲི་ཁྲག་ཅེས་མི་གྲི་ཁར་བསད་པའི་ཁྲག་སོགས་ལ་སྦྱོར་ཞིང༌། རྟ་གྲི་དང༌། ཆུ་གྲི་དང༌། རྦབ་གྲི་དང༌། གཡང་གྲི་དང༌། ལྕེབ་གྲི་སོགས་དོན་གློ་བུར་བའི་ནད་ཀྱིས་འཆི་བར་བྱེད་པ་ཡིན་ཏེ་དེའི་རྟགས་ནི་སྐབས་སུ་མགོ་འཁོར་ལྡང་ཞེས་མགོ་འཁོར་འོང་བའི་ནད་ལྡང་ཞིང་སྙིང་མི་དགའ་བ་དང༌། འཁྱགས་པར་གྱུར་ན་རོ་སྟོད་སྒང་ཞིང་དྲན་པ་བག་རེ་ཉམས་འགྲོ་བ་དང༌། གཡའ་བ་ཞེས་སྐྱི་བུན་ནམ་ཟ་ཞིང་རྩ་ཐམས་ཅད་སྦྲིད་ལ་འགྲོ་སྙིང་འདོད་པ་འབྱུང་བས་དེ་ལ་ཏིག་ཏའི་ཐང་བཏང་ནས་ཉི་མ་ལ་ཉལ་བས་མིག་ལམ་དུ་འོད་ཟེར་སྣ་ཚོགས་འཕྲོ་བའི་ཉམས་འཆར་ཞིང་དྲི་ཆུ་ཁྲག་ཏུ་འབྱུང་ངོ༌། ཁ་རྨ་དང་རྒྱུ་སྐམས་གཉིས་ནི་རིན་པོ་ཆེ་ལ་སྦྱར་བ་ཡིན་ཏེ། དེ་ཡང་ཁ་རྨ་ནི་ཁ་ནང་ཐམས་ཅད་ལ་རྨ་འབྱུང་ཞིང་ཟས་སྐོམ་ཟ་མི་ཤེས་པ་དང༌། རྒྱུ་སྐམ་ནི་རྒྱུ་མ་སྐམ་ན་ཟུག་ཆེ་ཞིང་དྲི་མ་འགག་པར་འགྱུར་རོ། །ཟ་རེམ་ལྟག་དགྱེ་ནི་ལྟོ་བ་ཆེ་ལ་མཇིང་པ་རེངས་པར་འགྱུར་ཞིང༌། རྒྱ་ནད་རེངས་འཁུམས་ནི་ཁྲག་ཏུ་བཤལ་བ་འབྱུང་ལ་ལག་པ་དང་རྐང་པ་རེངས་པའམ། ཡང་ན་འཁུམས་ནས་བརྐྱང་བསྐུམ་རང་གིས་བྱེད་མི་ཤེས་པར་མིས་བརྐྱང་བསྐུམ་བྱེད་རོགས་དགོས་ཤིང༌། སྲིན་བུ་སྣ་ཟན་ནི་དུས་རྟག་ཏུ་སྲིན་གྱི་ནད་ལྡང་བ་དང༌། སྨུག་པོ་འཇུ་སྐེམས་ཞེས་པའི་བཞི་པོ་རྣམས་ནི་སྦྱོར་གཞི་ཕལ་ཆེར་འདུས་པའི་ནད་ཡིན་པས་ཕོ་མཆིན་མི་བདེ་ལ་ཁྲག་ཏུ་འཁྲུ་ཞིང་སྣ་ཁྲག་འཛག་པ་དང༌། ཤ་སྐམ་ལ་ཤེད་མེད་ཅིང་ཐ་མར་མཆིན་པ་རུལ་ནས་འཆིའོ། །མཁྲིས་པ་མིག་སེར་ནི་རི་བོང་གི་མཁྲིས་པ་དང་གི་ཝང་དང་ག་བུར་སོགས་ལ་སྦྱར་བ་ཡིན་པས་མཁྲིས་པའི་ཡུལ་ཆེར་རྒྱས་ནས་འོང་ལ་མིག་སྤྲིན་དང་ཤ་མདངས་སེར་པོར་འགྲོའོ། །རིམས་ནད་རྩ་བྱེར་ནི་ཟླ་གསང་གི་རྒྱུད་སོགས་སུ་གསུང་པའི་རིམས་ཁྲག་ལ་སྦྱར་ནས་རིམས་འགྱེད་པ་དེ་ཡིན་ཏེ་རིམས་ཀྱི་ན་ལུགས་དང་འདྲ་བ་འོང་ངོ༌། །ནག་པོ་ཐོག་རྡེག་ནི་དུག་སྦྲུལ་གྱི་མགོ་དང་བྱིང་བྱིང་ཐུ་ལུ་ལ་སྦྱར་བས་མིག་སྦྲིད་ཅིང་ཀླད་པའི་དཀྱིལ་ནས་གཟེར་ཟུག་ལྡང་ལ་གསུས་པ་སྦོ་བ་དང༌། འཁྱམ་པོ་གཟའ་ནད་ནི་ཤ་དང་སོ་ལ་སྦྱར་བས་འཕྲལ་དུ་རེངས་ཀྱིན་འགྱེལ་བ་དང༌། རྐང་ལག་བཤལ་སྦྲིད་བྱེད་པ་དང་མིག་འདོར་ལ་ཐ་མར་ཤ་སྐམས་ནས་འཆིའོ། །གཟེར་ནད་ཆུ་འགགས་ནི་བྱང་པ་ལ་སྦྱར་བས་རྩ་མིག་དང་རྒྱུ་ཞབས་རྣམས་གཟེར་ལ་དྲི་ཆུ་འགག་པ་དང༌། གཞུག་ལ་རྩར་བྱེར་ནས་ཁྲག་སྐྱུག་ཅིང་སྣ་ཁྲག་འཛག་པ་དེ་ལ་སོགས་ཏེ་སྦྱོར་བ་མི་འདྲ་བ་སྣ་ཚོགས་པ་ལས་ནད་རིགས་ཀྱང་སྣ་ཚོགས་པ་བསམ་ལས་འདས་པ་དུ་མ་འབྱུང་བར་འགྱུར་རོ། །

ལྡང་དུས་ཀྱི་སྒོ་ནས་བརྟག་པ་ནི། ཞག་གི་དུག་ནི་སྦྱོར་བ་དེ་ཁོང་དུ་མ་སྨིན་ཡང་རྣོ་བའམ་སློང་བའི་རྐྱེན་དང་ཕྲད་པས་ལངས་མ་རན་པར་གློ་བུར་དུ་ལངས་ཏེ་མ་ཞུ་བ་ལྟ་བུའམ། སྨུག་པོའམ་རིམས་ལྟར་དུ་ན་བ་ཕལ་ཆེར་ལ་འབྱུང་སྟེ། ཁ་ཅིག་འཕྲལ་དུ་མིག་ལོང་བ་དང༌། ལྕེ་དང་མཆུ་འགས་པ་དང༌། ལུས་རེངས་སམ་འགྱེལ་ཞིང་དྲན་པ་ཉམས་ཀྱང་འབྱུང་བ་སྲིད་དོ། །ཟླ་དུག་ནི་ཤ་སྐམས་ལ་སེན་མོའི་བཀྲག་མེད་ཅིང་ལུས་སེམས་ངལ་བ་དང༌། ཆུ་སྐེམ་ཞིང་སོ་ནག་ལ་མིག་འགྲིབ་ཅིང་རྣ་བ་འུར་བ་དང༌། ཁོང་པ་སྦོ་ཞིང་ཚིགས་གཞི་ལ་སྨུག་པོའི་ཐིག་ལེ་འོང་བ་དང༌། ཞོ་འཐུངས་པའི་དུས་ཁོང་སྦོ་ཞིང་ཆང་འཐུངས་དུས་ཤེས་པ་ཟ་ཟི་མང་ངོ༌། །ལོ་དུག་ནི་ཤ་སྐམས་ལ་མཆིན་པ་འཕྱོངས་ནས་ཞེས་དཔྱང་ལ་བཏང་བ་ལྟར་ན་བ་དང༌། སྤྲོ་ཐུང་ལ་ངུ་སྙིང་འདོད་ཅིང་རྣ་བ་འུར་བ་དང༌། མཁལ་མ་གྲང་ཞིང་ལྟོ་བ་ཆེ་ལ་བག་རེ་ཙམ་རྔུལ་བ་དང༌། ལུས་ཀྱི་སྲིན་བུ་ལྡོག་ཅིང་ཆང་འཐུངས་པའི་ཚེ་ལུས་ཉམ་ཆུང་ཞིང་སོ་ན་བ་དང་རྩིབ་ལོགས་སོགས་ལ་གཟེར་འཕོ་ཞིང་ལྟག་པ་དགྱེ་བ་དང༌། གཉིད་མེད་ཅིང་ཕོ་བ་གཟེར་བ་དང་ཟ་འཕྲུག་བྱེད་དོ། །

བབས་སའི་གནས་ཀྱི་སྒོ་ནས་བརྟག་པར་བྱ་བ་ནི། སྙིང་ལ་བབས་པར་གྱུར་ན་ལྕེ་ལྡིབ་ཅིང་ཤེས་པ་འཕྱོ་བ་དང་ལུས་རྔུལ་ཆེ་ཞིང་སྦྲིད་པ་མང་ལ་ཧུ་ཁྱུ་ཞེས་པའི་ཤུགས་རིང་བྱེད་དོ། །གློ་བར་བབས་པར་གྱུར་ན་སྣ་འགགས་ཤིང་གཡའ་བ་སྟེ་སྐྱི་བུན་པའམ་ཟ་ལ་སྦྲིད་པ་འབྱུང་བ་དང་གློ་མང་ཞིང་གྲེ་བ་འཛེར་ལ་སྐྱིགས་བུ་མང་ངོ༌། །མཆིན་པར་བབས་པར་གྱུར་ན་མིག་ཚིལ་ཞུ་ཞིང་མིག་མདངས་ཉམས་ཏེ་ཆུང་དུ་འགྲོ་བ་དང་མཆིན་དྲི་གཟེར་ལ་མཁྲིས་པ་སྐྱུག་ཅིང་མཚོག་མ་ལྕི་ལ་ཁ་ཆུ་འཛག་པ་དང༌། མཆེར་པར་བབས་ན་མཆུ་ན་ལ་སྦོ་ཞིང་རྩིབ་ཐུང་ན་བ་དང༌། སྣ་བུག་ཧར་གདངས་པ་དང་གྲང་ན་ཕོ་མཆེར་འགྱིང་ཞིང་ཚ་ན་ཕོ་མཆེར་སྔར་བཤད་ལྟར་འགྱུང་འགྱུང་ན་འོང༌། མཁལ་མར་བབས་ན་མཁལ་རྐེད་གྲང་ཞིང་མཁལ་རྩ་ཁྲིད་པ་དང་རྐང་པ་འདེགས་པར་ལྕི་ལ་ཆུ་སྲི་ཞིང་རྣ་བ་འུར་བ་དང༌། སྣོད་དྲུག་གང་རུང་དུ་ལྷུང་ན་སྒྲེག་སྐྱུག་བྱེད་ལ་ཟས་མི་འཇུ་ཞིང་རྒྱུ་ལོང་སྦོ་འཁྲོག་དང་ཚ་འགྱུང་འགྱུང་བྱེད་ཅིང་འཁྲུ་བ་ཡིན། ཤར་བབས་ན་འགུལ་ཞིང་འཕྲིག་འཕྲིག་བྱེད་ཅིང་གྲིམས་ཆུང་བ་སྟེ་ཚིགས་ལྷོད་ལ་པགས་པའི་མདོག་སྔོ་བ་དང༌། རྩར་བབས་ན་གྲིམས་ཤིང་རྩ་རྣམས་འཁྲིད་འཁྱུག་སྦྲིད་པ་འབྱུང་ཞིང༌། སྟེ་ཞེས་པ་འདྲེན་ཚིག་ནས་ཆུ་བ་ལ་བབས་པ་ནི་བཤུལ་རེངས་ཤིང་ཡན་ལག་འཁུམས་པ་དང༌། རུས་པར་བབས་ན་ཚིགས་པ་ན་ཞིང་མཉེས་ན་ཕན་སྙམ་བྱེད་པ་དང༌། རྐང་ལག་གི་ཚིགས་ཀྱི་ཁ་འཁོར་སྐྲངས་ཤིང་བརྐྱང་བསྐུམ་དཀའ་བ་དང༌། རུས་པའི་རིགས་ཐམས་ཅད་སྐམ་ཁོལ་བྱེད་པ་ཡིན་ནོ། །དེ་ལྟར་དུ་བཤད་པའི་བྱེ་བྲག་སོ་སོའི་ནད་ཀྱི་རྟགས་རྣམས་ནད་གཞན་དང་འཁྲུལ་པ་འབྱུང་བའི་ཕྱིར་ངེས་པ་རྙེད་པར་དཀའ་བས་གོང་དུ་བཤད་པའི་ཕྱི་ནང་གསང་བའི་རྟགས་གསུམ་གྱི་བར་ནས་འདོན་དགོས་ཤིང་དེས་འཁྲུལ་པ་མེད་ཅིང་ངེས་པར་གཏན་ལ་ཕེབས་པར་འགྱུར་ཞིང༌། གཞན་ཡང་ཤིན་ཏུ་ནས་གསང་བའི་བརྟག་པ་འདི་ནི་ཡིད་ཆེས་ཤིང་གསང་བར་བྱ་བ་ལ་བསེ་རུ་དང་བོང་ང་དཀར་པོ་གཉིས་དང་ཨ་རུ་ར་བཅས་ཞིབ་ཏུ་བཏགས་པ་ཆུས་སྦྱང་ལ་ན་མ་འགའ་རུ་བཏང་ལ། དེ་ནས་ནད་པ་དེའི་དྲི་ཆུ་དེ་སེམས་ཅན་གང་ལ་བླུད་ཀྱང་ཉུང་དུས་ན་བ་དང༌། མངས་ན་འཆི་བར་འགྱུར་བས་ན་འདི་ནི་ཤིན་ཏུ་ནས་ཀྱང་གསང་བར་བསྟན་པའི་གསང་བའོ། །

བཅོས་ཀྱང་མི་ཐུབ་པའི་འཆི་ལྟས་ནི་ཤ་ཟད་ཅིང་མུར་གོང་རྡིབ་པ་དང༌། དང་ག་འགགས་སམ་ཟས་དང་སྐོམ་ཟོས་ཚད་ཕྱིར་སྐྱུག་པ་དང༌། ལྕེ་དང་སོ་རྙིལ་དང་སེན་མོའི་བཀྲག་མདངས་ཤོར་ཞིང་ལུས་སྟོབས་ཟད་པ་དང༌། ལུས་ལ་འབྲུམ་པ་ནག་པོས་ཁྱབ་པ་དང་དབུགས་རྔམ་པ་ཐུང་ལ་གནས་ལྔ་ཞེས་ཕོ་བ་བྲང་གཞུང་བཅུ་དྲུག་མདོ་མཆིན་གསང་འདུས་སོ་སྟེ་ལྔར་སྐྲངས་པ་དང༌། སྨྱོ་བ་དང་དུག་གི་སྨན་གང་བཏང་ཡང་མི་ལེན་ཞིང༌། ནང་ཁྲོལ་རུལ་བའི་ཁུ་བ་འཁྲུ་བ་དང་གསོན་ཁྲག་དྲི་མནམ་པ་འཁྲུ་སྐྱུག་བྱེད་པ་དེ་རྣམས་ཀྱི་རྟགས་དང་ལྡན་ན་མི་འཚོ་བས་སྤང་བར་བྱ་དགོས་སོ། །

གསོ་བའི་ཐབས་ལ་སྤྱིའི་བཅོས་ཐབས་དང་བྱེ་བྲག་གི་བཅོས་ཐབས་གཉིས་ཀྱི་དང་པོ་སྤྱི་ལ་དུག་ནད་སྨན་གྱིས་གསོ་བ་དང༌། དུག་ནད་དུག་གིས་གསོ་བ་དང༌། དུག་ནད་སྔགས་ཀྱིས་གསོ་བ་གསུམ་མོ། །

དེ་ཡང་དང་པོ་དུག་ནད་ཚ་སྦྱོར་གསོ་བ་དང་གྲང་སྦྱོར་གསོ་བ་རྣམ་པ་གཉིས་ལས་ཚ་སྦྱོར་གསོ་བར་ཡང་གསར་རྙིང་དང་ལུས་ཟུངས་སྟོབས་བཟང་ངན་གྱི་བབས་དང་སྦྱར་དགོས་ཀྱང་གསར་རྙིང་གང་འདྲའི་རིགས་ཀྱང་བཅོས་ཚུལ་གྱི་དང་པོ་སྨན་གྱིས་གཞི་བཟུང་ལ་ལུས་ཟུངས་བཟང་བ་དང་གསར་པ་ཡིན་ན་དང་པོ་བསྡུ། བར་དུ་བསད། ཐ་མ་སྦྱང་བས་བཅོས་པ་དང༌། ཟུངས་ངན་ཅིང་རྙིང་པ་ཡིན་ན་བསྡུ་བསད་སོ་སོར་མི་བྱ་བར་ཆིག་ཆོད་བྱ་དགོས་ཏེ། དེ་ལའང་དང་པོ་སྔོན་གྱི་ལས་དང་འཕྲལ་རྐྱེན་གྱི་ཉེས་པ་ཞི་བའི་ཕྱིར་དངོས་བསྟན་དུ་རིམ་གྲོ་ཚོགས་བསགས་པ་དང༌། ཤུགས་བསྟན་དུ་སྒྲིབ་པ་སྦྱངས་ཤིང་གནོད་པའི་གདོན་ཡང་གང་ལ་གང་འཚམ་པའི་ཡས་ཀྱིས་བཅོས་ལ་སྔ་དྲོ་སྨན་འཇུ་བའི་ཕྱིར་ཟས་བསྲུང་ཞིང་ཕྱི་དྲོ་ཁ་ཟས་ལ་ནན་ཏུར་བསྐྱེད་པར་བྱ་དགོས་ནའང་ཉ་ཕག་ཤ་དང་བཤུལ་ཤ་སྟེ་རྟ་རྐྱང་སོགས་ཀྱི་ཤ་དང་སྔོ་ངད་དང་རུལ་པ་དང་སྐྱུར་པོ་རྣམས་སྤང་བ་དང༌། བ་ལང་དང་གནའ་བ་དགོ་བ་སོགས་ཀྱི་ཤ་གསར་པ་དང་ཁུར་མངས་ཀྱི་ཚོད་མ་དང་འབྲས་དང་ཡོས་ཀྱི་ཐུག་པ་དང་ཇ་སྔོར་འཇམ་དང་ཆུ་བསིལ་རྣམས་བསྟེན་དགོས་ཤིང༌། ཟུངས་ངན་ཞིང་དྲོད་ཆུང་རྒས་པའི་རིགས་ལ་ལུག་ཤ་གསར་པ་དང་སྐམ་ཡིབ་ཅེས་པ་སྔར་བཤད་ལྟར་དང་ཆང་གསར་རྣམས་ཚ་བའི་ཚོད་དང་སྦྱོར་ཞིང་བཏང་བ་དང༌། མེ་དང་ཉི་མ་འདེ་ཞིང་ངལ་དུབ་ཀྱི་རིགས་སུ་གྱུར་པ་དང༌། ཉལ་པོ་སྤྱོད་པ་དང༌། ཞོན་པ་རྟ་སོགས་བཞོན་པ་དང༌། སྨྲ་བརྗོད་མང་པོ་དང༌། རླན་གྲང་དང༌། ཉིན་མོའི་གཉིད་རྣམས་སྤང་བར་བྱ་ཞིང༌། དེ་ཡང་དུག་ནད་ཚད་པ་ཅན་ལ་ཨ་རུ་གསེར་མདོག་གི་ཐང་དང༌། དུག་ནད་གྲང་བ་ཤས་ཆེ་བ་ལ་འབྲས་བུ་ཨ་བར་སྐྱུར་གསུམ་དང་པི་པི་ལིང་གི་ཐང་ཁྱོར་རེ་སྔ་དྲོ་ཞག་བདུན་གྱི་བར་དུ་བསྟེན་དགོས་ཏེ་དེས་འདུ་བ་སྙོམས་ཤིང་ནད་དང་ཟུངས་སོ་སོར་འབྱེད་དེ་རྟགས་སུ་རྔུལ་ནག་ཆད་པ་དང་ལུས་ཡང་ཞིང་དང་ག་བདེ་བ་དང༌། བྱ་བ་ཞེས་ལས་སོགས་བྱེད་ནུས་པ་སྙམ་བྱེད་ན་སྨིན་པ་ཡིན་ཅིང༌། དེ་ནས་ནད་མ་བྱེར་བ་དང་གསར་པ་ལ་བསྡུ་མི་དགོས་ལ། ནད་རྙིངས་ཤིང་བྱེར་བར་གྱུར་ན་བསྡུ་བ་ཉིད་གཅེས་པ་ཡིན་ཏེ།

དེ་ཡང་དང་པོ་སྡུད་བྱེད་ཀྱི་སྨན་ལའང་སྤྱི་དང་བྱེ་བྲག་ཏུ་ཕྱེ་བ་གཉིས་ཀྱི་དང་པོ་ལུག་གི་ཁྲག་དང་འོ་མ་གཉིས་ལེགས་པར་བཙོས་ལ། དེ་ལ་ལུག་རུ་སྨུག་པོའི་ཁ་ཚར་བཏབ་པས་སྡུད་ཅིང༌། ཡང་ན་ཡུངས་ཀར། བོང་ང་དཀར་པོ། རེ་རལ། ཨ་རུ་ར། ཛཱ་ཏི། ནཱ་ག་པུཥྤ། བ་ལང་གི་ཁྲགལྕུམ་རྩ་རྣམས་དུད་འགྲོ་གང་རུང་གི་ཀླད་པ་མ་རུལ་བ་ལན་ཚྭ་དང་སྦྱར་བ་བཏང༌། མི་ཕྱུགས་གང་རུང་གི་གསོན་ཁྲག་དང༌། རེ་རལ། སེ་རྒོད། འོམ་བུ་སྟེ་ལྡུམ་གསུམ་དང༌། སྐྱེར་པའི་བར་ཤུན་དང༌། ཆུ་ཆུང་རྐྱང་སེལ་ཁ་སྐོང་དུ་བཤད་པ་ལྟར་དང༌། ཡུངས་ཀར་ཕྱེ་མ་རྣམས་སྦྱར་ལ་བཏང༌། ཡང་ན་སྔོ་དཀར་པོ་ཆིག་ཐུབ་ཡོངས་གྲགས་རོ་ཁ་བ་དེ་རིལ་མ་ཙམ་དང༌། དབང་པོ་ལག་པ་དང༌། ཡུངས་ཀར། ཕག་ཁྲགབི་ཥ་སྟེ་བཙན་དུག་ནས་ཕྱེད་ཙམ་དང་ཀ་ར་རྣམས་སྦྱར་བ་དང༌། ཡང་ན་ཕག་གི་གསོན་ཁྲག་དང༌། དབང་པོ་ལག་པ་དང༌། ཡུངས་ཀར་དང༌། ལུག་གི་ཀླད་པ་རྣམས་སྦྱར་ཏེ་མ་འདུས་ཀྱི་བར་དུ་བཏང་ལ། འདུས་པའི་རྟགས་སུ་ལུས་ལྕི་ཞིང་སྒྱིད་པ་སྐྱུར་ལ་དང་ག་འགག་པ་དང༌། ཁ་དང་ལྕེ་སྐམ་ལ་ཕོ་བའི་ཡུལ་ཚ་རུབ་བྱེད། དེ་དག་གི་རྟགས་མེད་ན་མ་འདུས་པ་ཡིན་པས་སྡུད་བྱེད་ཀྱི་སྨན་ཐུན་ཆེར་བསྐྱེད་ལ་བཏང་ཞིང༌། ཕོ་བར་རུས་པའི་དུགས་དང་རྒྱུ་ཞབས་ལ་བྱེ་མའི་དུགས་བྱ་ཞིང༌། རྐང་ལག་གི་མཐིལ་བཞིར་བྱུག་པའི་བསྐུ་མཉེ་དང་མན་ངག་ལ་དུག་སྣ་དངོས་སྦྱོར་སྐབས་བཤད་པ་གསུམ་དང་ཨ་རུ་བདུན་འགྱུར་དྲི་ཆུའི་རིལ་བུ་བཏང་ལ་དེས་འདུས་ནས་འོག་ཏུ་འཆད་པའི་གཉེན་པོའི་སྨན་གྱིས་གསོད་དགོས་ཀྱང༌། མ་འདུས་པར་བསད་པ་སྔས་ན་རི་དྭགས་ཐང་དུ་འདེད་པ་དང་འདྲ་སྟེ། བྱེར་བར་གྱུར་ནས་མི་གསོད་ཅིང་བཅོས་དཀའ་ལ་ཡུན་རིང་དུ་སྦྱོང་བར་འགྱུར་ཞིང་འདུས་ནས་གཉེན་པོས་གསོད་པ་ནི་དཔེ་མེ་སྟེང་དུ་ཆུ་བླུགས་པ་བཞིན་ཆོམས་པ་སྐྱེན་ནོ། །བྱེ་བྲག་ཏུ་ནད་སོ་སོའི་སྡུད་བྱེད་ཀྱི་གཉེན་པོའི་སྨན་བསྟན་པ་ནི། རླུང་ལ་ཛཱ་ཏི། མཁྲིས་པར་གུར་ཀུམ། བད་ཀན་ལ་ལྕུམ་རྩ། འདུས་པ་ལ་ལི་ཤིས་ཉེས་པ་རླུང་མཁྲིས་བད་ཀན་གསུམ་ལ་བབས་པ་དང༌། ཤུགས་ཀྱིས་འདུས་པ་ལས་གྱུར་པ་འང་སྡུད་པར་བྱེད་ཅིང༌། མ་ནུ་བཞི་ཐང་གིས་སྟོད་དུ་བྱེར་བ་དག་སྡུད། གྲོ་དང་སྲན་མའི་འབྲུ་དང་བོང་བུའི་གསོན་ཁྲག་གིས་སྣོད་ཕོ་བ་མཁྲིས་པ་རྒྱུ་མ་ལོང་བཞིར་བྱེར་བ་སྡུད་ཅིང༌། ཚར་འབྲུམ་ཞེས་པ་ནི་ཚར་པའི་འབྲས་བུ་དམར་པོ་དེ་དང༌། མི་དང་དོམ་གྱི་མཁྲིས་པ་དབང་ལག་བཅས་བཞི་པས་ཡན་ལག་ལ་བྱེར་བ་སྡུད་ཅིང༌། དཀར་ཕྲ་མེན། ར་མཆེར་དང༌། རྟ་སྙིང༌། མཁལ་མ་ཞོ་ཤསྙིང་ཞོ་ཤ་རྣམས་ཀྱི་སྦྱོར་བས་ཚིགས་པ་རྣམས་ལ་བྱེར་བ་སྡུད། རྒྱལ་བློན་འདི་སྐབས་ག་བུར་ཅུ་གང་གུར་ཀུམ་གསུམ་གྱི་སྦྱོར་བས་གྲེ་བར་བྱེར་བ་སྡུད། ཏིག་ཏ་དང་སླེ་ཏྲེས་གསེར་གྱི་མེ་ཏོག་བཅས་གསུམ་པོས་སོ་ལ་བྱེར་བ་སྡུད་པ་ཡིན་ནོ། །

དེ་ལྟར་བྱས་ཏེ་འདུས་པར་གྱུར་ནས་གསོད་པའི་ཐབས་ལ་སྤྱི་དང་ཁྱད་པར་གཉིས་ལས་དང་པོ་ལ་ཡང་རྣམ་པ་གསུམ་ཡིན་ཏེ། སྔོ་སྦྱོར་གྱིས་བསད་པ་དང༌། རྩི་སྦྱོར་གྱིས་བསད་པ་དང༌། རིན་པོ་ཆེས་བསད་པ་དང་གསུམ་གྱི།

དང་པོ་ལུས་སྟོབས་བཟང་ཞིང་ཚད་པ་ཆེ་ལ་ཕོ་བའི་མེ་དྲོད་བཟང་བ་ལ་གཉེན་པོ་བདུད་རྩི་ལྟ་བུའི་སྔོའི་སྦྱོར་བ་དག་བསྔགས་པ་ཡིན་པས་དེ་ནི་རེ་རལ། ཧོང་ལེན། འོམ་བུ། སྤང་རྩི་དོ་བོ་སྟེ་གཙོ་བོ་བཞི་ཆ་ཆེར་བསྐྱེད་ལ་འཁོར་དུ་རྣམ་པ་ཞེས་ཡུ་གུ་ཤིང་སེར་པོ། ཁྲག་རྐང་སྟེ་མྱང་རྩི་སྤྲས་དང་ཏིག་ཏ། སྤང་རྒྱན་དཀར་པོ། སྐྲ་བཟང་དང༌། གང་ག་ཆུང༌། ར་མཉེ་རྣམས་བསྐོལ་བའི་ཁུ་བ་ལན་གསུམ་ཡར་ཞེས་དུས་གསུམ་རེ་ཡུན་རིང་དུ་བསྟེན་ཅིང༌། ཚ་བ་ཤིན་ཏུ་ཞེན་ཆེ་བ་ལ་གཙོ་བོ་དྲུག་ནི་རྣམ་པར་ཡུ་གུ་ཤིང་དང༌། རེ་རལ། སྤང་རྩི་དོ་བོ། འོམ་བུ། ཧོང་ལེན། ཏིག་ཏ་བཅས་གཙོ་བོ་དྲུག་པ་ཡིན་ལ། དེའི་འཁོར་དུ་བྲག་ཞུན་དང་བོང་ང་དཀར་པོ་རྣམས་ཞིབ་ཏུ་བཏགས་པ་ཆུ་ལ་གྲང་བསིངས་བྱ་ཞིང་གང་ལ་བབས་པའི་ཁ་འཛིན་ནི། དོན་ལ་བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག ཤ་ལ་ཨ་རུ་ར། རུས་ལ་སྤྱི་ཞུར། རྩ་ལ་དོམ་མཁྲིས་ཀྱི་གྲོགས་དང་བཅས་པ་ཕོ་བར་འཇུ་ཚོད་སྦྱར་ལ་གཞན་གྱི་གཡེང་བས་མ་བརྗེད་པ་རྒྱུན་པར་བཏང་བ་དང༌། འཇུ་བར་དཀའ་ན་སྐབས་སྐབས་སུ་རྒྱམ་ཚྭ་གསུམ་པ་ཕྱི་རྒྱུད་ལྟར་བསྟེན་ཞིང༌། དེ་རྣམས་བཏང་རྗེས་ཚ་བའི་སྟོབས་ཆག་གམ་འོན་ཏེ་སྣོད་དུ་འདུས་པའི་རྟགས་བྱུང་ན་ཨ་རུ་ལྕུམ་རྩ་དུར་བྱིད་རྣམས་བསྣན་ལ་སྦྱང་བ་དང༌། ཡང་ན་གོང་གི་གཙོ་བོ་དྲུག་པོ་དང༌། དེའི་སྟེང་སྤང་རྒྱན་དཀར་པོ་དང༌། སེ་བ་དང༌། སྐྱེར་ཤུན། བྲག་སྤོས། ཐ་རམ། གང་ག་ཆུང་རྣམས་ལ་གང་བབས་ཀྱི་ཁ་འཛིན་ནི་སྙིང་ལ་སྙིང་ཞོ་ཤ གློ་ལ་སྲོ་ལོ། མཆིན་པ་ལ་གུར་ཀུམ། མཆེར་པར་ཀ་ཀོ་ལ། མཁལ་མ་ལ་ཙི་ཏྲ་ཀ ཤ་ལ་ཡུང་བ། རུས་པ་ལ་སྤྱི་ཞུར། རྩ་ལ་འབྲི་ཏ་ས་འཛིན་བཅས་པ་རྣམས་ཐང་དུ་བཏང༌། ཡང་ན་སྔོའི་མང་སྦྱོར་ཐུན་མོང་གི་སྦྱོར་བ་ནི། སྔོ་གཙོ་བོ་དྲུག་དང༌། གཉེན་པོ་དང༌། གྲོགས་དང་དམག་མིར་བཅས་པ་ནི་གོང་གི་གཙོ་བོ་དྲུག་པ་དང༌། གཉེན་པོ་བོང་ང་དཀར་སེར་དམར་གསུམ། ཨ་བ། ཁུར་རྩ་ལྔ་དང༌། གྲོགས་གང་ག་ཆུང༌། སྟག་ཤ ལུག་མིག བྱི་ཚེར། གོ་སྙོད། པར་པ་ཏ། ཁྲག་རྐང་ཞེས་མྱང་སྤྲས་བདུན་དང༌། དམག་མི་སྲོ་ལོ་དཀར་པོ། རེ་སྐོན། ཀྱི་ལྕེ་དཀར་པོ། དེ་བ། སུམ་ཅུ་ཏིགདར་ཡ་ཀན། སྒོང་ཐོགལྕང་ནག་མ་བརྒྱད་དང༌། ཕྱག་བརྙན་ཁ་འཛིན་ནི་སེ་རྒོད། སྐྱེར་ཤུན། ལུག་རུ་སྨུག་པོ་གསུམ་དང༌། པྲི་ཡང་ཀུ། ལྕགས་ཕྱེ། སྲོ་ལོ། ཨ་ཀྲོང༌། སྟར་བུ་ལྔ་དང་བཅས་པའི་སྦྱོར་བ་དེ་སྟེང་ལ་ནད་གཞིའི་རླུང་ལ་རུ་རྟ། མཁྲིས་ལ་གསེར་མེ། བད་ཀན་ལ་མ་ནུ། ཁྲག་ལ་བ་ཤ་ཀཆུ་སེར་ལ་སེང་ལྡེང༌། དོན་ལ་བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག སྣོད་ལ་དང་པོ་མ་སྨིན་པ་དང་ཐ་མ་གྲང་བ་སྐྱེས་ན་བཏང་ཞིང༌། བར་དུ་ཚ་བ་འབྱུང་དུས་སུ་མི་བཏང༌། སྦོ་འཁྲོག་བྱེད་ན་སེ་འབྲུ་ཚ་བ་སྒ་པི་ཕོ་གསུམ་བསྣན་པ་དང༌། ཤ་ལ་ཨ་རུ། ཡུང་བ་བཅས་དང༌། རྩ་ལ་དོམ་མཁྲིས། འབྲི་ཏ་ས་འཛིན། རུས་པ་ལ་སྦལ་རྒྱབ་དཀར་སྨུག་གཉིས། གངས་ཐིགས། མཉྫི་ར་དང༌། མཚལ་དང༌། གྲེ་བ་ལ་ལི་ཤི། སྤང་རྒྱན་དཀར་པོ། ཨ་རུ་ར་རྣམས་གང་ལ་བབས་པའི་སྣ་ཁྲིད་སྦྱར་ཞིང་བསྡུས་པའི་གྲང་མོ་ཡུན་རིང་དུ་ལན་གསུམ་ཡར་ཞེས་དུས་གསུམ་དུ་བཏང་བར་བྱ་བ་དང༌། དེ་ལ་སོགས་པའི་སྔོ་སྦྱོར་གང་ལ་ཡང་པི་པི་ལིང་བྲག་ཞུན་གཉིས་ཀྱིས་དུག་འདོན་ཞིང༌། སྐྱུ་རུས་ནུས་པ་སྐྱེད་པ་དང༌། ཨ་རུས་ལུས་ཟུངས་བསྲུང་བ་གཅེས་ཤིང༌། བཤད་མ་ཐག་པའི་ཐང་བཏང་རྗེས་སུ་འཁྲུར་མ་འདོད་ན་ཚད་མགོ་ཆོགས་ནས་གྲོགས་པོ་ལྕུམ་རྩ། དུར་བྱིད། ཨ་རུ་མཆུ་རིང་བསྣན་པ་དང༌། གཟེར་ཟུག་གང་བྱུང་གོང་གི་ཚ་བ་ཆེ་ན་ཡུ་གུ་ཤིང་སོགས་ཀྱི་གཙོ་བོ་དྲུག་གིས་བསྡུ་ཞིང༌། ཚ་བ་འཇོམས་པར་དཀའ་ན་སྔོ་སྦྱོར་དེ་རྣམས་གང་ལ་ཡང་སྦལ་རྒྱབ་དཀར་སྨུག་གང་རིགས་དང༌། མཚལ་དང༌། རྣམ་པར་ཡུ་གུ་ཤིང་སྦྱོར་ཚད་དངོས་ལ་སོང་ཡང་ཁ་ཚར་དུའང་གདབ་པའི་བོངས་ཆེར་བཏང༌། དེ་ལས་ནད་ཀྱིས་སྨན་བླངས་ན་ལུས་ཡང་ཞིང་དང་ག་བདེ་བ་དང༌། སྙིང་རྩ་ཡང་སེང་སེང་བྱེད་ན་ནད་ཀྱི་མགོ་ནོན་པ་ཡིན་ཞིང༌། ཡང་ན་སྨན་གྱིས་ནད་བསླང་ནས་འཕྲལ་དུ་སྨན་དང་ནད་འཐབ་པ་ལ། རྗེས་ལ་གོང་དུ་བཤད་མ་ཐག་གི་རྟགས་དང་ལྡན་པ་ཕལ་ཆེར་འབྱུང་ལ་ཡུན་དུ་བསྲིངས་ཏེ་སྨན་བཏང་གྱིན་གནོད་ན་མི་འཕྲོད་པ་ཡིན་པས་སྔོ་སྦྱོར་སྤང་པར་བྱའོ། །ལུས་ཟུངས་ངན་པ་དང༌། རྒས་སམ་ཕོ་བའི་མེ་དྲོད་ཆུང་ཞིང་དང་ག་ཞན་པ་དེ་དག་ལ་རྩི་སྦྱོར་གྱི་ཕྱེ་མས་བཅོས་པར་བྱ་བའི་རྒྱལ་བློན་ཉི་ཤུ་རྩ་བདུན་དུག་རིགས་གང་གི་རྟགས་ལྡན་པ་དེའི་གཉེན་པོ་ཆ་བསྐྱེད་ནས་སྦྱར་བ་ལ་ནི། རྫོང་འཕྲང་དུ། བསེ་རུ་མུ་ཏིག་ལྕགས་ཕྱེ་མཚལ། །ཚ་ལ་དབྱིག་དུག་འཇོམས་པའི་མཆོག། རིན་ཆེན་ཤས་ཆེ་འདི་རྣམས་བསྐྱེད། །བཟང་དྲུག་གི་ཝཾ་ཨ་མྲྀ་ཏ། །རྩི་དུག་འཇོམས་པའི་རྒྱལ་པོ་ཡིན། །རྩི་སྦྱོར་རྟགས་མང་འདི་རྣམས་བསྐྱེད། ལྡུམ་གསུམ་སྐྱེར་པའི་བར་ཤུན་བཞི། །སྔོ་སྦྱོར་འཇོམས་པའི་རྒྱལ་པོ་ཡིན། །སྔོ་སྦྱོར་རྟགས་ལྡན་འདི་རྣམས་བསྐྱེད། ཙན་དན་སྤྱི་ཞུར་བོང་ང་ཨ། །དུག་དངོས་འཇོམས་པའི་རྒྱལ་པོ་ཡིན། །དངོས་དུག་རྟགས་ལྡན་འདི་རྣམས་བསྐྱེད། །མཁྲིས་པ་གསུམ་དང་ཕྱ་ཚན་གསུམ། ཤ་སྦྱོར་འཇོམས་པའི་རྒྱལ་པོ་ཡིན། །ཤ་སྦྱོར་ཤས་ཆེ་འདི་རྣམས་བསྐྱེད། རྒྱལ་པོ་སྡེ་ལྔ་གཙོ་བོ་སྟེ། །བསྡུ་གསོད་ཚ་བ་འཇོམས་པ་ཡིན། །ཞེས་པ་ལྟར་བསེ་རུ་དཀར་པོ། མུ་ཏིགལྕགས་ཕྱེ། ཚ་ལ། མཚལ་རྣམས་དབྱིག་སྟེ་རིན་པོ་ཆེ་ལ་སྦྱར་བའི་དུག་འཇོམས་པའི་མཆོག་དང༌། ཨ་མྲྀ་ཏ་སྟེ་གོང་དུ་བཤད་པའི་ཆོས་སྨན་སོགས་དང་གི་ཝཾ། བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག་གིས་རྩི་ལ་སྦྱར་བའི་དུག་འཇོམས་པ་དང༌། བེ་སྐྱེས་རེ་རལ། འོམ་བུ། སེ་རྒོད་སྐྱེར་པའི་བར་ཤུན་རྣམས་ཀྱིས་སྔོ་ལ་སྦྱར་བའི་དུག་འཇོམས་པ་དང༌། ཙན་དན་དཀར་པོ། ཨ་རུ་ར། སྤྱི་ཞུར། བོང་ང་དཀར་པོ་རྣམས་ཀྱིས་དུག་དངོས་ལ་སྦྱར་བ་འཇོམས་པ་དང༌། མི་དང་དོམ་དང་ཕག་པའི་མཁྲིས་པ་ཕྱ་ཚན་ཏེ་མི་རྟ་ཁྱི་གསུམ་སྐྱེས་མ་ཐག་པའི་བྲུན་བཅས་རྣམ་པ་གསུམ་གྱིས་ཤ་ལ་སྦྱར་བའི་དུག་འཇོམས་པ་ཡིན་ཏེ། དེ་ལྟར་བཤད་པའི་དུག་རིགས་རིན་ཆེན་དང༌། རྩི་དང༌། སྔོ་དང༌། དངོས་དང༌། ཤ་སྦྱོར་རྣམས་འཇོམས་པ་ངེས་པར་བྱས་ལ་གང་ལ་སྦྱར་བའི་རྟགས་གང་དང་ལྡན་པ་དེའི་གཉེན་པོ་ཆ་བསྐྱེད་ལ་བློན་པོ་སྔོ་སྟག་ཤགོ་སྙོད། ཀྱི་ལྕེ་དཀར་པོ། ཤིང་མངར། ཚོས་ཞེས་རྒྱ་སྐྱེགས། ཡུང་བ། གླ་རྩི། ནད་པའི་དྲི་ཆེན། བྲག་ཞུན་དང༌། མིའི་ཤ་དང༌། ལྕགས་ཞུན་གྱི་ཕྱེ་མ་ཀ་ར་རྣམས་གོང་གི་རྒྱལ་བློན་ཉེར་བདུན་སྟེང་དུ་སྦྱར་བས་རྒྱལ་བློན་སོ་བརྒྱད་པ་སྟེ་སེང་ལྡེང་གི་ཁུ་བས་ཕུལ་ལ་བཏང་བས་དུག་རྣམས་འཇོམས་པ་ཡིན་ཀྱང་དུག་ནད་ཚ་བ་ཆེ་ན་དེ་སྟེང་ག་བུར་བསྣན་དགོས་ཤིང༌། འདིའི་བཏང་ཚུལ་ལ་རྫོང་འཕྲང་དུ། དེ་བར་སྨན་ནད་འཐབས་པའི་ནད། །ཇི་ལྟར་བྱུང་ཡང་འཇིགས་མི་བྱ། །ཞེས་འབྱུང་བའང་ཡིད་ལ་བརྣགས་དགོས་སོ། །ཡང་ན་རིན་ཆེན་གྱི་གཉེན་པོ་བྲག་ཞུན་དང༌། ཚ་ལ། ཨ་རུ་ར་དང་གསུམ་རྡོ་སྦྱོར་གྱི་གཉེན་པོ་ལ་ནི་ཟེ་ཚྭ་དང༌། རྨ་བྱའི་ཤ་དང༌། མ་རྙེད་ན་བྱ་མཚའ་ལུའི་ཤ་དང་པི་པི་ལིང་བཅས་གསུམ་དང༌། ཤ་སྦྱོར་ལ་རོ་ཚན་ཞེས་མི་རྟ་ཁྱི་གསུམ་ཤི་བའི་བྲུན་དང༌། མི་དང་རའི་མཁྲིས་པ་དང༌། དུག་དངོས་ལ་སྦྱར་བའི་གཉེན་པོ་ལ་ཨ་རུ་ར་དང༌། བོང་ང་དཀར་པོ་དང༌། བོད་ཚྭ་སྟེ་བྱང་བུལ་དང༌། སྟབས་སེང་ཞེས་སྤྱི་ཞུར་དང༌། ཙན་དན་དཀར་པོ། སྔོ་སྦྱོར་ལ་རེ་རལ། འོམ་བུ། སེ་རྒོད་དེ་ལྡུམ་བུ་གསུམ་དང༌། བོང་ང་དཀར་པོ་དང༌། རྩིའི་སྦྱོར་བ་ལ་གཉེན་པོ་གླ་རྩི་དང༌། བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག་སྟེ་དེ་རྣམས་གང་གི་རྟགས་དང་ལྡན་པ་དེའི་གཉེན་པོ་ཆེར་བསྐྱེད་ལ། དེའི་འཁོར་དུ་བསེ་རུ། པཉྪ་ཨ་མྲྀ་ཏ་རཱ་ས་ཡ་ན་སྟེ་ཆོས་སྨན་གོང་བཤད་དང༌། ཡུང་བ་དང༌། དཔའ་བོ་དཀར་སེར་གཉིས་དང༌། ཁྱུང་སྡེར་དཀར་སྨུག་གཉིས་དང༌། འོམ་བུ་དང༌། སྐྱེར་པ་དང༌། སྤང་སྤོས་དང༌། ཤིང་མངར་དང༌། རྒྱ་ཚོས་དང༌། ལྕགས་ཕྱེ་དང༌། སེང་ཕྲོམ་སྟེ་ཞུ་མཁན་དང༌། རྣམ་པར་ཡུ་གུ་ཤིང༌། སོ་མ་རཱ་ཛ། མཚལ་རིགས་དབྱེ་བའི་དཀར་པོ་དང༌། སྤང་རྒྱན་དཀར་པོ་དང༌། རམ་བུ་དང༌། ཀ་རའི་ཕྱེ་མ། རབ་ག་བུར། འབྲིང་ཙན་དན་དཀར་པོ། ཐ་མ་གི་ཝཾ་ཚ་བའི་སྟོབས་དང་སྦྱར་ལ་ནང་ནུབ་བྲག་ཞུན་གྱི་ཁུ་བས་ཕུལ་ལ་བཏང༌། ཡང་ན་བྲག་ཞུན་དང༌། གླ་རྩི་དང༌། རྨ་བྱའི་ཤམ་རྙེད་ན་བྱ་མཚའ་ལུའི་ཤ་དང༌། མི་དང་རའི་མཁྲིས་པ། རོ་ཚན་གསུམ་ནི་མི་རྟ་ཁྱི་གསུམ་ཤི་བྲུན་དང༌། རྒྱལ་བཙུན་བློན་གྱི་རེ་རལ་དང༌། བོང་ང་དཀར་པོ་བཟང་པོ་ཅུ་གུར་ལི་ཤི་སུག་སྨེལ་ཛཱ་ཏི་ཀ་ཀོ་ལ་སྟེ་དྲུག་རྣམས་དང༌། དེའི་འཁོར་དུ་ག་བུར། གི་ཝཾ། ཙན་དན་དཀར་དམར་གཉིས། བསེ་རུ། ཨ་རུ་ར་དང༌། ཆོས་སྨན་ཏེ་གོང་དུ་བཤད་པའི་རྩ་བརྒྱད་ཡན་ལག་སྟོང་ལ་སྦྱར་བའི་སྒྲུབ་སྨན་དང༌། ཡུང་བ་དང༌། སྤང་རྩི་དོ་བོ་དང༌། འོམ་བུ་དང༌། སྐྱེར་པ་དང༌། ཀྱི་ལྕེ་དཀར་པོ་དང༌། བྲག་སྤོས་དང༌། ཤིང་མངར་དང༌། ཧོང་ལེན་དང༌། སྲོ་ལོ་དང༌། སེང་ཕྲོམ་ཞེས་ཞུན་དང༌། རྣམ་པར་ཡུ་གུ་ཤིང་དང༌། བ་ལེ་ཀ་དང༌། སོ་མ་ར་ཛ་དང༌། སྤང་རྒྱན་དཀར་པོ་དང༌། གང་ག་ཆུང་དང༌། དཔའ་བོ་དཀར་སེར་དང༌། ཁྱུང་སྡེར་དཀར་སྨུག་དང༌། ཚ་ལ་དང༌། ལྕགས་ཕྱེ་དང༌། མཚལ་དང༌། རྒྱ་ཚོས་དང༌། རམ་བུ་རྣམས་ཀ་ར་དང་སྦྱར་བས་དུག་ཚད་ཐམས་ཅད་རོལ་དེ་མ་ཐག་ཏུ་གསོད། ཡང་ན་མཁྲིས་པའི་སྨན་སྦྱོར་ནི་མི་དང་དོམ་སྤྲེ་ཕག་ནེ་ཙོ་སོགས་དང༌། རྨ་བྱའི་མཁྲིས་པ། མ་རྙེད་ན་སྒྲོ་གཞོབ། རྒྱལ་བཙུན་བློན་གྱི་རེ་རལ་དང༌། རོ་ཚན་གསུམ་ཞེས་མི་རྟ་ཁྱི་གསུམ་ཤི་བྲུན། བསེ་རུ། ཡུང་བ། གླ་རྩི། ཨ་རུ་ར། བདུད་རྩི་ཆོས་སྨན་ནམ་མ་བྱུང་ཚེ་མཁས་བཙུན་བཟང་གསུམ་འཛོམ་པའམ་སྐྱེས་ཆེན་གྱི་གསང་ཆེན། གི་ཝཾ། འོམ་བུ། བོང་ང་དཀར་པོ། ཙན་དན་དཀར་དམར། སྐྱེར་ཤུན། ཡུངས་ཀར་དང་ཚ་བའི་ཕྱེ་མ་རྣམས་སྦྱར་ལ་བྲག་ཞུན་གངས་ཆུས་བསིངས་པས་དབུལ་བ་དང༌། ཡང་ན་འདི་ལ་ཚངས་པ་ལྷའི་བདུད་རྩིར་སྦྱར་བ་ཞེས་གྲགས་པའི་དོམ་མཁྲིས་དང༌། རྨ་བྱའི་མཁྲིས་པ་མ་རྙེད་ན་སྒྲོ་གཞོབ་དང་མཁྲིས་པ་སྣ་ཚོགས། ཁྱུང་སྡེར་དཀར་སྨུག ཨ་རུ་ར། སྦལ་སྦྲུལ། ཟེར་མོའི་ཁོག་སྟོད་ཀྱི་ཤ་དང༌། མཆིན་པ་དང་མཁྲིས་པ་བཅས་པ་དང༌། གི་ཝཾ། ཙན་དན་དཀར་པོ་རྣམས་དང་གར་བབས་དང་བསྟུན་པའི་བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག་གང་དགོས་དང༌། གང་ག་ཆུང་རྣམས་ཀ་ར་དང་སྦྱར་ལ་བཏང༌། ཡང་ན་མི་དང༌། ཕག་པ་དང༌། འཕྱི་བ་གསུམ་གྱི་མཁྲིས་པ་དང༌། སོ་མ་ར་ཛ་དང༌། གླ་རྩི། ཤིང་ཀུན། སྤང་རྒྱན་དཀར་པོ། ཀྱི་ལྕེ་དཀར་པོ། རེ་རལ། སྐྱེར་པ། སྒོག་སྐྱ། ས་སྐམ་སར་ཆར་གྱི་ཆུ་ལས་བཏབ་པའི་ཉུང་མ་རྣམས་རིལ་བུར་བྱས་པས་དག་རྣམས་འཇོམས་པར་བྱེད་ཅིང༌། དེ་ལྟར་བཤད་པའི་སྦྱོར་བ་དེ་རྣམས་དུག་ནད་ཀུན་གྱི་གཉེན་པོ་ཡིན་ཏེ། དུག་ཚད་ཐམས་ཅད་རོལ་དུའམ་མོད་དེར་གསོད་པའི་མཆོག་དམ་པ་ཡིན་ནོ། །འོན་ཀྱང་དེ་ལྟར་ནའང་དུག་གི་ཚ་བ་ཐོན་དཀའ་ཞིང་སྨན་དྲེད་ཁྱེར་བ་དང་བསོད་ནམས་དང་ལྡན་པ་ལ་རིན་པོ་ཆེའི་སྦྱོར་བ་དག་གིས་བསད་པར་བྱ་བ་ནི་གསེར་ནི་བསྲེགས་ཐལ་ཏེ་ཕྱི་རྒྱུད་ཀྱི་ཐལ་སྨན་དང་རིན་པོ་ཆེའི་སྦྱོར་སྡེར་བཤད་པ་ལྟ་བུར་བྱ་དགོས་ཤིང༌། གཡུ། མུ་ཏིག བྱུ་རུ། ཙན་དན་དཀར་དམར་གཉིས། རྡོ་དྲེག ཅུ་གང༌། གུར་ཀུམ། ཨུཏྤལ། ཀ་ར་རྣམས་སྦྱར་བ་བཏང་ཞིང༌། ཡང་ན་མུ་ཏིག་དང༌། ཉ་ཕྱིས། བྱུ་རུ། བསེ་རུ་དཀར་པོ་དང༌། གླ་རྩི། མི་དང་དོམ་གྱི་མཁྲིས་པ། ཙན་དན་དཀར་པོ། ཅུ་གང༌། གུར་ཀུམ་རྣམས་ཕྱེ་མ་ཀ་ར་དང་སྦྱར་ལ་ཁ་བསྒྱུར་རླུང་ལ་རུ་རྟ། མཁྲིས་པ་ལ་ཏིག་ཏ། བད་ཀན་ལ་མ་ནུ། ཁྲག་ལ་བ་ཤ་ཀ་དང༌། ཆུ་སེར་ལ་སོ་མ་ར་ཛ་དང༌། དོན་སྙིང་ལ་ཛཱ་ཏི། གློ་བར་ཅུ་གང༌། མཆིན་པར་གུར་ཀུམ། མཁལ་མར་སུག་སྨེལ། མཆེར་པར་ཀ་ཀོ་ལ་དང༌། སྣོད་ལ་ཕོ་བར་སེ་འབྲུ་པི་པི་ལིང་སོགས་གང་ལ་བབས་པའི་ཁ་བསྒྱུར་རིག་པས་དཔྱད་པར་བྱ་ཞིང༌། དེ་ཡང་ཁྱད་པར་རམ་སྒེར་དུ་སྤང་བྱ་ནི་དབྱིག་དུག་ལ་ཡར་འཕེལ་འགྲོ་བས་སྦྱོངས་དང་ཟས་དཀར་ཀུན་སྤང་བ་དང༌། རྡོའི་དུག་ལ་ནད་འདྲིལ་ཏེ་འགྲོ་བས་མར་ནག་དང་མར་རྙིང་སྤང་བ་དང༌། ཤའི་དུག་ལ་འཕེལ་ཏེ་འགྲོ་བས་ཉ་དང་ཕག་པ་དང་རུལ་པོ་དང་སྐྱུར་པོའི་ཟས་རིགས་སྤང་བ་དང༌། རྩིའི་དུག་ལ་གཏར་ག་དང་ཁྲག་གི་ཚོད་མ་སྤང་ཞིང༌། སྤྱིར་ན་དུག་གི་རིགས་གང་ཡིན་ཡང་གཉེན་པོའི་སྨན་གྱིས་མ་སོད་པར་གཏར་དང་མེ་བཙའ་བཤལ་སྐྱུགས་སྔོན་ལ་བྱས་པར་གྱུར་ན་གཏར་གས་ནད་བྱེར་འགྲོ་བ་དང༌། མེ་བཙས་སྟོད་ལ་བཙོན་དུ་འཛིན་ཞིང༌། བཤལ་སྐྱུགས་ཀྱིས་ནད་སློང་བའི་ཕྱིར་ན་དེ་འདྲ་སྤང་བར་བྱའོ། །དེ་ལྟར་དུ་བྱས་ན་གཉེན་པོའི་སྨན་གྱིས་གསོ་བའི་དུས་སུའང་ནད་རླངས་རླུང་གི་རྟ་ལ་ཞོན་ནས་རྩ་མིག་ཏུ་རྒྱུག་ཅིང་འཁྲུག་པ་ཡིན་ལ་དེ་རྟགས་སུ་ལུས་གཟེར་འཁྱུག་དང་སྐྲངས་དང་ཚ་སྦྲིད་འབྱུང་བར་བྱེད་པས་དེ་ལ་ཟུག་གིས་གཟེར་བའི་སར་གོང་གི་གཙོ་བོ་དྲུག་པོ་བཙོས་ལ་ལེགས་པར་བདུག་པ་དང༌། ཡང་ན་རེ་ལྕག་པ། ཤོ་མང་རྩ་བ་དང༌། སྤང་རྩི་དོ་བོ་རྣམས་བཙོས་པས་བདུག་པར་བྱ། ཡང་ན་ནད་པ་དེ་གང་ན་བའི་ཐད་དེ་དང་མཚུངས་པའི་དངོས་པོ་དུད་འགྲོ་སོགས་གཞན་གྱི་ཤ་རུས་བཙོས་པས་བདུག་ཅིང་ལྟོ་བ་སྐྲངས་པར་གྱུར་ན་མཆོད་རྟེན་སྤུ་ཞེས་མཆོད་རྟེན་རྙིང་པའི་གྲོག་ཞིང་པས་བདུག་པ་དང༌། རུས་ཚིགས་སྐྲངས་པར་གྱུར་ན་བྲག་ཕུག་ཁ་བྱང་བལྟས་ཁྲུ་གང་བྲུས་པའི་འོག་གི་ས་དང་བྱི་ཁུང་བྱང་ལྟའི་ས་ལ་སོགས་པས་བདུག་ཅིང༌། ཐུར་རྐྱང་གིས་རླངས་ཐོན་ཙམ་དང་རྩར་འདུས་ན་རྩ་ཁ་ཕྱེ་ཙམ་རེ་གཏར། སྒལ་ཚིགས་དང་རྩིབ་མ་གང་གཟེར་བའི་སར་མེ་ལྔས་མནན་ཅིང༌། དེ་ལྟར་བྱས་པས་ཀྱང་ནད་རླངས་མ་ཐོན་ན་ཕྱིར་གྲམས་ནས་ནད་རེམས་དང་གསོ་དཀའ་ལ་ནད་ཀྱི་རོ་མི་ཐོན་པ་ཡིན་ནོ། །

བསད་པའི་རྗེས་ཀྱི་ནད་འགོ་ཆོམས་ནས་ནད་རོ་སྦྱང་བ་ལ་སྤྱི་དང་བྱེ་བྲག་ཏུ་སྦྱང་བ་རྣམ་པ་གཉིས་ལས། དང་པོ་སྤྱི་རུ་ནད་ཀྱི་རིགས་གང་ཡིན་ཡང་གར་བབས་བཤལ་གྱིས་སྦྱང་བ་དེ་ལའང་སྔོན་འགྲོ་དང་སྣ་སེལ་དངོས་གཞི་གསུམ་ལས། སྔོན་འགྲོ་ལས་ལ་འཇུག་པ་ལ་འགྱངས་མི་རིང་ཙམ་དུ་དལ་བུས་ཁྲུས་དང་བསྐུ་མཉེ་བྱ་ཞིང༌། སྟེང་རླུང་ཁ་ཡན་ནས་གཟེར་འཁྱུག་བྱུང་ན་མེས་མནན་པ་དང༌། ཕོ་ལོང་གི་སྲིན་ཁྲོས་ཏེ་ལྡང་དུབ་བྱེད་ན་གོང་གི་མན་ངག་རིལ་བུས་གདུལ་དགོས་ཏེ་མ་བཏུལ་ན་ཕོ་ལོག་གམ་སྐྲན་དུ་འགྲོའོ། །སྣ་སེལ་འབྲས་བུ་ཨ་བར་སྐྱུར་གསུམ་དང༌། པྲི་ཡང་ཀུ། ལྕུམ་རྩ། བྲག་ཞུན། སྐྱེར་པའི་བར་ཤུན་སོགས་ཀྱི་ཐང་བཏང་ལ། དངོས་གཞི་ལ་ཨ་རུ་ར་མཆུ་སྙུང་ཚོམས་གཅིགསྐྱུ་རུ་བདུན། དནྡ་ལྔ་དང༌། དོང་ག་ཚོམས་གཅིག་བྱི་ཏང་གའི་ཆུ་ལ་རིལ་བུ་སྦྱར་བས་གཞི་མ་བྱས་ཏེ། དབྱིག་དུག་ལ་ཤིང་ཀུན། ཁ་རུ་ཚ། ཤུ་དག ཟི་ར་ནག་པོ། མ་ནུ་དང༌། རྡོ་དུག་ལ་ཟེ་ཚྭ། ཚ་ལ། པི་པི་ལིང་དང༌། རྩི་དུག་ལ་གུར་ཀུམ། དོམ་མཁྲིས། སྤོས་དཀར། དུར་བྱིད། ཀ་ར་དང༌། ཤ་དུག་ལ་ཀ་པེད། སོ་མ་ར་ཛ། ཆུ་སྲིན་སྡེར་མོ། དུར་བྱིད། ཀ་ར་སོགས་ནད་སྟེང་ཁྲིད་པ་ཞེས་གང་གི་རྟགས་དང་ལྡན་པ་དེ་རྣམས་ལ་གང་དགོས་སུ་ཁ་བསྒྱུར་བའི་བཤལ་གྱིས་སྦྱང་བ་དང༌། བཤལ་ཕུལ་ཆུང་བར་གྱུར་ན་ཨ་རུ་ར་མཆུ་སྙུང་བའི་ལྕག་དང༌། མཆིན་པ་ན་ན་བྲག་ཞུན་གྱི་ཁུ་བའི་ལྕག་བཏང་ཞིང༌། ཕོ་བ་སྒངས་པར་གྱུར་ན་རྒྱམ་ཚྭའི་ལྕག་གིས་བྲབ་བོ། །ཡང་ན་ཨ་རུ་ར་མཆུ་སྙུང༌། སྐྱེར་པའི་བར་ཤུན། སོ་མ་ར་ཛ། དོང་ག འབྲི་ཏ་ས་འཛིན། སྤང་རྒྱན་དཀར་པོ། ལྕུམ་རྩ་རྣམས་བསྡུས་པའི་ཁུ་བར་དུར་བྱིད་བཏབ་པས་སྦྱང་བ་དང༌། ཡང་ན་ཐར་ནུ་དུར་བྱིད་རྨ་བྱའི་ཤ་མ་རྙེད་ན་བྱ་མཚའ་ལུའི་ཤཧོང་ལེན་རྣམས་སྦྱར་ལ་ཚ་གྲང་གང་ཤས་ཆེ་བའི་ཚ་ན་བྲག་ཞུན། གྲང་ན་གངས་ཐིགས་གང་དགོས་ཁ་བསྒྱུར་བ་སྟེ་བསྣན་པ་དང་རིལ་བུ་དང་ཕྱེ་མ་གང་འཕྲོད་རིག་པས་སྦྱང་ངོ༌། །

བྱེ་བྲག་སྦྱང་བ་ནི་ཕོ་བར་བབས་ན་རི་ཤོ། དུར་བྱིད། བོང་ང་དཀར་པོ་བཅས་པའི་སྐྱུགས་དང༌། རྩ་ལ་བབས་ན་རྩ་བཤལ་ནི་བྱང་པ་དྲི་ཆུར་བཏུལ་པ་བཅུ་གཅིགརྒྱ་ཚྭ། སྡིག་སྲིན། ཚ་ལ། ཧ་ཤིགམཚལ་ལྕོག་ལ་མ། བལ་གུར་རྣམས་ཐུན་ལོགབཟང་པོ་ཅུ་གང༌། ཁ་ཆེ། གུར་ཀུམ། ལི་ཤི། སུག་སྨེལ། ཀ་ཀོ་ལ་སྟེ་དྲུག་ཐུན་ཕྲན་རེ། ཨ་རུ་ར། སྤྱི་ཞུར། དོམ་མཁྲིས། བོང་དཀར་རྣམས་ཐུན་ཕྲན་རེ་བསྣན་པའི་རྩ་སྦྱོང་བྱ་བ་སྟེ་ཤ་དང་པགས་པ་དང༌། རུས་ལ་བབས་པ་ནི་རྔུལ་དུ་དབྱུང་བ་འོག་ཏུ་སྟོན་རྒྱུ་ལྟར་བྱ་བ་དང༌། དུག་གི་ནད་འདི་ཟུངས་དང་ཡུན་དུ་སྟེ་རྒྱུན་རིང་པོར་ཞེན་པའི་ཕྱིར་ན་བསྡུ་བ་དང་བསད་པ་དང་སྦྱང་བ་གསུམ་ཟུངས་དང་སྦྱར་ལ་ལན་ཅི་རིགས་པ་བསྐྱར་བ་དང༌། དེ་ཡང་བསྡུ་བསད་སྦྱང་བའི་སྦྱོར་བའི་སྐོར་ཚར་རེའི་བར་དུ་ལུས་ཀྱི་ཟུངས་གསོ་བའང་གཅེས་སོ། །དེ་ལྟར་གསོ་བྱ་ནད་གསར་རྙིང་ཟུངས་བཟང་ངན་ལ་ལྟོས་པའི་གསོ་བྱེད་ཀྱང་ནད་གསར་པ་ཟུངས་བཟང་པོ་ལ་སོ་སོར་བསྡུ། འདུས་ནས་ནད་བསད་པར་གསོད་བྱེད་ནད་འཇོམས་སྦྱང་བ་རིག་པས་བསྟན་ནས་དེ་ནི་ཟུངས་ངན་ཞིང་ནད་རྙིང་པ་ལ་བསྡུ་བསད་གཉིས་ཀ་ཆིག་ཆོད་བྱ་བ་བསྟན་ནོ། །དེ་ཡང་སྦྱོར་སྡེ་སྔ་ཕྱི་འདི་རྣམས་ནི་འདྲ་བ་ལ་ཁྱད་པར་ཅུད་ཟད་ཡོད་པ་སྟེ་ནད་དམིགས་དང་སྦྱར་ནས་མཁས་པས་གང་ལ་གང་རིགས་སྦྱར་བ་དང༌། སྦྱོར་སྡེ་གཅིག་ལའང་ནད་ལ་ལྟོས་པའི་སྨན་གྱི་ཆ་ཆེ་ཆུང་ཤེས་དགོས་ལ་མཐའ་དག་ཡི་གེར་བྲིར་མ་ལང་བས་རྒྱུད་དོན་དཔང་པོར་བཞག་སྟེ་ཤེས་རབ་རིག་པ་ལ་བྲིས་ཤིག་གོ་ཞེས་ཀྱང་གདམས་ཏེ། ཟུངས་ངན་དང་ནད་རྙིངས་པ་ལ་བསྡུ་བསད་གཉིས་ཀ་ཆིག་ཆོད་བྱ་བ་ནི་ཨ་རུ། བྲག་ཞུན། བོང་ང་དཀར་སེར་དམར་པོ་རྣམ་པ་གསུམ་དང༌། དཔའ་བོ་དཀར་སེར་ཙན་དན་དཀར་དམར་དང༌། ཅུ་གང༌། གུར་ཀུམ། གི་ཝཾ། ཆོས་སྨན་གང་བཤད་དང༌། ལྡུམ་བུ་རེ་རལ། ཡུང་བ། དོམ་མཁྲིས། སེ་འབྲུ་དང༌། སེ་རྒོད། སྐྱེར་པ། ཡུངས་ཀར་རྣམས་ཕྱེ་མ་སྦྱར་བ་བྲག་ཞུན་གྱི་ཁུ་བས་ཕུལ་བས་བསྡུ་བསད་ཆིག་ཆོད་བྱེད། ཡང་ན་བོང་ང་གསུམ་ནི་དཀར་པོ་མཐེ་བོང་ཙམ། དམར་པོ་ལུག་རིལ་ཙམ། སེར་པོ་སྲན་མ་ཙམ་དང༌། ཨ་རུ་ར། གི་ཝཾ། བསེ་རུ་དཀར་པོ། ཙན་དན་དཀར་དམར་གཉིས། དོམ་མཁྲིས། གླ་རྩི། ཚ་ལ། ལྡུམ་བུ་རེ་རལ་དང༌། ཡུང་བ་སྟེ་སྒ་སེར་དུ་གྲགས་པ་དེ་དང༌། འོམ་བུ། སྐྱེར་པའི་བར་ཤུན། ཀ་ར་རྣམས་སྦྱར་བ་བྲག་ཞུན་དང་སེང་ལྡེང་གི་ཐང་གིས་ཕུལ་ལ་བཏང༌། ཡང་ན་ཨ་རུ་ར་དང་བོང་ང་དཀར་པོ་གཉིས་དུག་འཇོམས་དང༌། སྐྱེར་པའི་བར་ཤུན་གི་ཝཾ་བཅས་བྱེར་སྡུད་དང༌། ཚ་བ་འཇོམས་པར་ཙན་དན་བསེ་རུ་སོགས་དང༌། དེ་སྟེང་ནད་གཞི་གང་བབས་དོན་སྣོད་སོ་སོའི་ཁ་འཛིན་དང་བཅས་པར་རིན་པོ་ཆེའི་སྐབས་ལྟར་སྦྱར་བ་གངས་ཆུ་དྲི་ཆུ་ཆང་ཆུ་སྟེ་ཆུ་གསུམ་བསྲེས་པས་ཕུལ་ཏེ་བྲིད་ལ་བཏང་བ་ནི་དང་པོ་ཉུང་ཟད་དེ་ནས་ཇེ་མང་བཏང་བ་དང༌། ཡང་ན་མི་དང་དོམ་དང་རྨ་བྱའི་མཁྲིས་པ། མ་རྙེད་ན་སྒྲོ་གཞོབ་བམ་བྱ་མཚའ་ལུའི་མཁྲིས་པ་དང༌། དཔའ་བོ་དཀར་སེར་གཉིས་དང༌། ཁྱུང་སྡེར་དཀར་སྨུག་གཉིས། བོང་ང་དཀར་སེར་དམར་གསུམ་དང༌། རེ་རལ། རྒྱམ་ཚྭ་རྣམས་ཐོ་རངས་ཀྱི་དུས་ཐུན་རེ་གངས་ཆུས་ཕུལ་ལ་བཏང་བ་སོགས་ཀྱིས་དུག་ནད་ཚ་སྦྱོར་གྲང་སྦྱོར་གང་ཡང་ཐུན་མོང་དུ་སེལ་བར་བྱེད་ལ་སྐྱུག་ན་མི་སྐྱུག་པའི་ཐབས་བྱ་ཞིང་བསྲུང༌། ཚ་སྦྱོར་བཅོས་པར་ཡང་ན་ཨ་རུ་ར་དང་བོང་ང་དཀར་སེར་དམར་གསུམ། དཔའ་བོ་དཀར་སེར་གཉིས་དང༌། ཁྱུང་སྡེར་དཀར་སྨུག་གཉིས་དང༌། སེ་རྒོད་དང༌། དགུ་ཐུབ་ནི་ཆར་ཉུང་དུ་བྱེད་པའང་བྱུང་རུང༌། གླང་ཆེན་ཆིག་ཐུབ་ཅེས་བྱ་བ་དེ་དང༌། གླ་རྩི། རེ་རལ་དང༌། ཚ་ལ། ཡུང་བ། དོམ་མཁྲིས་དང༌། མི་རྟ་ཁྱི་གསུམ་སྐྱེས་མ་ཐག་པའི་བྲུན་ཏེ་ཕྱ་ཚན་གསུམ། བདུད་རྩི་ཆོས་སྨན་གོང་བཤད་དང༌། འོམ་བུ། བྲག་ཞུན། སྐྱེར་པ་དང༌། གི་ཝཾ། བསེ་རུ་དཀར་པོ་དང༌། ཙན་དན་དཀར་པོ་རྣམས་ཀྱི་ཐོག་ཉེས་པ་བབས་པའི་ཁ་འཛིན་ནི་རླུང་ལ་རུ་རྟ། མཁྲིས་པ་ལ་ཏིག་ཏ། བད་ཀན་ལ་པི་པི་ལིང༌། ཁྲག་ལ་རྒྱ་ཚོས། ཆུ་སེར་ལ་སོ་མ་ར། དོན་ལ་ཅུ་གུར། ཛཱ་ཏི། སུག་སྨེལ། ཀ་ཀོ་ལ་སྟེ་བཟང་པོ་ལྔ། སྲོག་རྩ་ལ་ལི་ཤི་རྣམས་སྦྱར་བར་བྱས་ཏེ་བཏང་བས་ཟུག་བྱུང་བ་ལ་མི་སྐྲག་སྟེ་ནད་དང་འཐབ་པ་ཡིན་ནོ། །ཡང་ན་གི་ཝཾ། བོང་ང་དཀར་པོ། ཨ་རུ་ར། གུར་ཀུམ། ཅུ་གང༌། ཙན་དན་དཀར་པོ། མི་དོམ་ཉས་གཙོས་པའི་མཁྲིས་པ་སྣ་ཚོགས་དང༌། སྦལ་པ་དང༌། སྦྲུལ་དང༌། ཟེར་མོའི་ཁོག་སྟོད་ཀྱི་ཤ་དང༌། མཆིན་པ་དང༌། མཁྲིས་པ་བཅས་པ་དང༌། སག་རྩི་ཞེས་ཟངས་རག་སོགས་ལ་ཞོ་བླུགས་པའི་གཡའ་ལྗང་ཁུ་དེ་དང༌། ཕག་ཚིལ་ཀ་ར་རྣམས་གངས་ཆུས་དབུལ། ཡང་ན་རྨ་བྱའི་མཁྲིས་པ་དང༌། མ་རྙེད་ན་སྒྲོ་གཞོབ་བམ་བྱ་མཚའ་ལུའི་མཁྲིས་པ་ཆ་གཅིག དོམ་མཁྲིས་ཆ་གཉིས། གླང་ཆེན་མཁྲིས་པ་ཆ་གསུམ་སྟེ་རིམ་པས་བསྐྱེད་པ་དེ་ཀུན་དང༌། སྦྲུལ་ཤ་ཁོག་སྟོད་ཆ་མཉམ། ཨ་རུ་ར་དང༌། བོང་ང་དཀར་པོ་དང༌། སྦྲུལ་ཤ་རྣམས་ཆ་མཉམ་ཞིང༌། སྤྱིར་བཟང་དྲུག་ནི་ནད་གང་ལ་བབས་པ་དེ་གོང་མ་གསུམ་དང་ཆ་འགྲེ་ལོག་པོར་སྦྱར་བ་བྲག་ཞུན་དང་སྤྱི་ཞུར་གཉིས་ཀྱི་ཐང་གིས་ཕུལ་ལ་བཏང་བས་མཆོག་ཏུ་ཟུངས་ངན་པ་དང་ཤ་ཟད་པའི་ནད་པ་ལ་བསྔགས་སོ། །ཡང་ན་རྨ་བྱའི་མཁྲིས་པ། མ་རྙེད་ན་སྒྲོ་གཞོབ་བམ་བྱ་མཚལ་མཁྲིས་པ་ཆ་གཅིག། རྩད་ཆ་གཉིས་དང༌། དགུ་ཐུབ་སྟེ་གླང་ཆེན་ཆིག་ཐུབ་ཆ་བཞི་དང༌། གླ་རྩི་ཆ་བརྒྱད། རེ་རལ་ཆ་བཅུ་དྲུག་རིམ་པས་ལོག་པོར་བསྐྱེད་པ་དེ་དང༌། བྱི་ཀུ་ཞེས་སྒོག་སྐྱ་དང༌། སག་རྩི་སྟེ་ཟངས་སོགས་ལ་ཞོའི་གཡའ་ལྗང་ཁུ་ཆགས་པ་དེ་ཆ་མཉམ་ཉ་དང་མི་མཁྲིས་རིལ་མ་ཙམ་དང་བཅས་པ་དེ་རྣམས་ཁྱེའུ་ལོ་བརྒྱད་པའི་དྲི་ཆུར་སྦྱར་བའི་རིལ་བུ་བྱས་ལ་བཏང་བ་སོགས་དེ་དག་ཀུན་གྱིས་བསྡུ་བ་དང་གསོད་པ་གཉིས་ཆིག་ཆོད་དུ་བྱེད་ནུས་པ་ཡིན་ནའང༌། ཚ་བ་ཟུངས་ལ་རྩི་ལྟར་ཞེན་ཞེས་ཤིང་ལ་རྩི་བཏང་བ་ལྟར་ཞེན་པའི་ཕྱིར་ན་ཆིག་ཆོད་ཀྱི་སྨན་དེ་རྣམས་མང་པོར་བསྟུད་ཅིང་དར་དྲགས་པས་ནད་ཞེན་པ་དེ་མི་སེལ་བར་ཕོ་བའི་མེ་དྲོད་འཆི་ཞིང་ཚད་རོ་ཡང་ལྔས་པ་སྟེ་ལུས་པའི་ཕྱིར་ན་ཐུན་བསྐྱུངས་པ་སྟེ་ཆུང་དུ་བཏང་ལ་ཡུན་རིང་དུ་སྙུགས་བསྲིངས་ལ་ཚ་བ་རོལ་དུ་བསད་དགོས་ཤིང༌། སྐབས་སུ་ཕྱི་རྒྱུད་ལྟར་གྱི་རྒྱུན་བཤལ་བཏང་ཞིང་ནད་ཀྱི་རོ་སྦྱང་བ་དང༌། ཤིན་ཏུ་ཟུངས་ངན་པ་ལ་འཇམ་རྩི་དང་ནི་རུ་ཕྱི་རྒྱུད་ལྟར་སྤེལ་མར་བྱ་ཞིང༌། རང་བབས་ཀྱི་བཤལ་དང་རང་བབས་ཀྱི་རྔུལ་བྱུང་ན་སླར་སྨན་ཕྱེས་སྦྱང་མི་དགོས་སོ། །

དུག་ནད་གྲང་སྦྱོར་བཅོས་པ་ལ་བྱི་བྲུན། པི་པི་ལིང༌། སྒ་སྐྱ། ཚ་ལ། འོམ་བུ། སག་རམ་རྩི་བཤད་མ་ཐག་པ་ལྟར་རྒྱ་སྐྱེགས་བུ་རམ་རྣམས་ཆ་མཉམ་སྦྱར་བ་ཆུ་བསྐོལ་གྱིས་དབུལ་ནས་བཏང་ལ་སྐབས་སུ་དུར་བྱིད་དང༌། སྤོས་དཀར་དང༌། པི་པི་ལིང་དང༌། ཨ་རུ་ར་དང༌། སྒ་སྐྱ་རྣམས་སྦྱར་བས་ནད་རོ་སྦྱང་བ་དང༌། སྐྱ་རྦབ་ཀྱིས་ལས་སྐྲངས་ན་དེ་སྟེང་སྲད་དཀར་རྩ་བ་བ་ཆུར་བཙིར་བ་བསྣན་པའི་བཤལ་བཏང་དེའི་རྗེས་སུ་མུ་ཟི་དང༌། ཟངས་ཐལ་དང༌། མགྲོན་ཐལ་དང༌། ཚ་བ་སྒ་པི་ཕོ་གསུམ་གྱི་ཐལ་བ་གོང་སྟེང་བསྣན་ཏེ་ཆུ་སེར་སྐམ། སྐྲན་དུ་འདྲིལ་བར་གྱུར་ན་ཟེ་ཚྭ། ཡ་བཀྵ་ར། ཚ་བ་སྒ་པི་ཕོ་གསུམ་གྱི་ཐལ་བ་དང༌། འགྲོན་བུའི་ཐལ་བ་རྣམས་བསྣན་ཅིང༌། ཚ་ལ། ཨ་རུ་ར། སྐྱེར་ཤུན། བུལ་ཏོག་རྣམས་ཀྱང་སྦྱར། ཡང་ན་གྲང་སྦྱོར་སྤྱི་ལ་འགྲོན་བུ་དང༌། ཟངས་དང༌། ཚ་བ་སྒ་པི་ཕོ་གསུམ་སོགས་ནུས་ལྡན་བསྲེགས་པའི་ཐལ་བ་དང༌། གངས་ཐིགས་དང༌། བྱང་གི་བུལ་ཏོག་དང༌། ཚ་ལ་དང༌། མིའི་རུས་པ་བཙའ་མ་དང༌། མི་དང་དོམ་གྱི་མཁྲིས་པ། བྲག་ཞུན། ཡུང་བ་དང༌། ཁུར་མང་གི་རྩ་བ་དང༌། རྣམ་སྣང་ནི་གསང་སྔགས་ཀྱི་ལྷ་ཐམས་ཅད་རིགས་ལྔ་ཡབ་ཡུམ་གསུམ་དུ་དག་སྦྱོར་དུས་དྲི་ཆེན་རྣམ་པར་སྣང་མཛད་དུ་བཤད་པ་ལྟར་དྲི་ཆེན་དང༌། དོན་ལྔ་གར་བབས་ཀྱི་ཁ་འཛིན་བཟང་པོ་དྲུག་སྟེ་ཅུ་གུར་ལི་ཛཱ་སུག་ཀ་དང༌། ཨ་རུ་ར་རྣམས་ཆུ་བསྐོལ་གྱིས་ཕུལ་བས་གྲང་དུག་གསོད་ཅིང་སྦྱོང་བར་བྱེད་ཀྱང༌། གལ་ཏེ་འཁྲུར་མ་འདོད་ན་དུར་བྱིད་དང༌། པི་པི་ལིང་དང༌། ཚ་ལ་རྣམས་བ་ཆུར་སྦྱར་བས་ནད་རོ་སྦྱང༌། ཡང་ན་གྲང་དུག་ལ་ཅོང་ཞི་འཕྲུལ་གྱི་ཐལ་སྨན་ཕྱི་རྒྱུད་ལྟར་སྦྱར་ཞིང༌། དེའི་རྗེས་ལ་ཨ་རུ་ར་དང༌། དན་རོག་གི་རིལ་བུས་སྦྱང༌། ནད་ངོ་བོ་གྲང་ཡང་ལྟར་སྣང་ཚ་ཚུལ་སྟོན་ན་ཚ་བ་སྒ་པི་ཕོ་གསུམ་གྱི་ཐལ་བ་དང་ཚད་པ་འཇོམས་པའི་སྤྱི་སྨན་གང་འཕྲོད་དང་སྦྱར་བས་སེལ་ཞིང༌། ཁ་ཟས་སུ་ལུག་ཤ་གསར་པ་དང་སྐམ་ཡིབ་གོང་བཤད་ལྟར་དང༌། ཆང་འཇམ་སོགས་ཟས་དང་སྤྱོད་ལམ་དྲོད་ལ་བསྟེན་པར་བྱའོ། །

བྱེ་བྲག་བཅོས་ཐབས་ནི་འཇུག་སྒོ་དང་རྫས་རིགས་དང༌། ནད་རིགས་དང༌། ལྡང་དུབ་དང་བབས་སའི་སྒོ་ནས་བཅོས་པ་ལྔའི་དང་པོའི་འཇུག་སྒོའི་རིགས་ཀྱི་སྒོ་ནས་བཅོས་པར་བྱ་བ་ལ་ནི། དུད་པ་ལ་བསྐུར་བའི་དུག་དང༌། ཉི་ཟེར་ལ་བསྐུར་བའི་དུག་དང༌། རླངས་པ་ལ་བསྐུར་བའི་དུག་དང་རྣམ་པ་གསུམ་ག་ལ། གཙོ་བོ་དྲུག་སྦྱོར་ཕྱི་མའི་ཐང་ཞེས་པ་གོང་གི་སྔོ་སྦྱོར་གྱི་གཙོ་བོ་དྲུག་སྦྱོར་ལ་ཁ་ཚར་དྲུག་ཡོད་པས། ཡང་ན་གཙོ་བོ་དྲུག་དང་སྤང་རྒྱན་དཀར། །སེ་སྐྱེར་བྲག་སྤོས་ཐ་རམ་གང་ག་ཆུང༌། གང་བབས་ཁ་འཛིན་བཅས་པ་ཐང་དུ་བཏང༌། །ཞེས་པ་དེའི་སྟེང་དུ་བོང་ང་དཀར་པོ་དང་བྲག་ཞུན་བསྣན་པས་དུད་པ་ལ་བསྐུར་བའི་དུག་འཇོམས་པ་དང༌། གོང་གི་ཚ་བ་ཆེ་ན་ཡུ་གུ་ཤིང་སོགས་གཙོ་བོ་དྲུག་གི་ལུམས་ཀྱིས་ཕྱི་ནས་བདུག་ཅིང༌། རྗེས་ལ་དམར་པོ་ཚོས་བཙོད་འབྲི་མོག་གསུམ་སྦྱོར་གྱི་སྨན་མར་སྦྱར་རོ། །ཉི་ཟེར་དང་རླངས་པ་ལ་ཤུག་པ། བ་ལུ། མཚེ་དང་མཁན་པ་འོམ་བུ་སྟེ་བདུད་རྩི་ལྔའི་རླངས་ལུམས་བྱ་ཞིང་ལུས་ཀྱི་ཀོ་ལེར་ན་ཞིང་སྐྲངས་པ་བྱུང་ན་ཕྱིར་ལ་ཐོན་པ་ཡིན་པས་རྗེས་ལ་གོང་གི་གཙོ་བོ་དྲུག་གི་སྨན་མར་སྦྱར། རེག་པའི་དུག་ནི་རྨ་དང་ཁོང་པའི་ནང་གཉིས་ཀ་ནས་བཅོས་པར་བྱ་དགོས་ཏེ། དྲི་ཆུའི་ནང་དུ་དྲི་ཆེན་བཙིར་བའི་ཁུ་བ་ལ་གུར་ཀུམ། གླ་རྩི། ཤིང་ཀུན་སྒོག་སྐྱ་རྣམས་སྦྱར་བ་དེས་ཁྲུས་བྱ་ཞིང༌། མུ་ཟི་སེར་པོ་དང༌། ག་བུར་དང༌། སོ་མ་ར་ཛཱ། ཆུ་རྩ། བུལ་ཏོག་དང་གླ་རྩི། ཤིང་ཀུན། བྱང་པ། གཡེར་མ་དང༌། དུད་པ་རྣམས་ཞིབ་ཏུ་བཏགས་པ། སྦང་གར་དང་སྦྱར་ལ་བྱུག ཡང་ན་བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུགམུ་ཟི་སེར་པོ། གླ་རྩི་དང༌། བོང་ང་དཀར་པོ། སྤོས་དཀར། ཨ་རུ་ར། བསེ་རུ་དཀར་པོ། ར་ལུག་གི་རྭ་གཞོབ་མར་རྙིང་དང་སྦྱར་ལ་བསྐུ་བ་དང༌། ཀྱི་ལྕེ། སྔོན་བུ། སྤྱང་ཚེར། ལྕུམ་རྩ། སྒ། པི་པི་ལིང་དང༌། ཟེ་ཚྭ། སྦྲང་རྒོད་དེ་སྦྲང་སྨྱོན་རྣམས་སྦྱར་བ་བྱུགས་པས་དུག་གི་མཛེ་འབྲས་ལྷོག་པ་སེལ་བར་བྱེད། ཡང་ན་མཚེ་ཁྱོར་བ་གང་དང་བ་ལུ་ཁྱོར་བ་གང་ཤུག་པའི་འབྲུ་བྲེ་གང་ཙན་དན་སྨུག་པོ་དང༌། གླ་རྩི། ཨ་རུ་ར་དང༌། སྔོན་བུ་དང༌། འབྲས་བུ་འདི་སྐབས་ཨ་འབྲས། སྲ་འབྲས། འཇམ་འབྲས་ཏེ་སྨད་ཀྱི་འབྲས་གསུམ་དང༌། ཙན་དན་དཀར་པོ། དབང་པོ་ལག་པ་དང༌། སྙིང་ཞོ་ཤ་དང༌། གླ་གོར་ཞོ་ཤ བ་ལེ་ཀ་སོགས་ཆུར་བསྡུས་པ་དང༌། མི་ཚིལ་ཁྱོར་བ་གང་རེ་ཁྲག་དང་སྦྱར་ལ་བྱུག ཡང་ན་ཨ་རུ་ར། རུ་རྟ། བོང་ང་དཀར་པོ་དང༌། མཛེ་ཚྭ། དོམ་དང༌། བ་ལང་གི་མཁྲིས་པ་རྣམས་རྨར་བླུགས་ལ་ར་ཚིལ་གྱི་འཇིབས་བྱ་ཞིང༌། ཤ་རོ་ཆེ་ན་བཅད་དེ། ལྕགས་ཀྱིས་བསྲེགས་ལ་མེ་ཏོག་སྣ་ཚོགས་དང་སྒོ་ང་སྣ་ཚོགས་ཀྱིས་ཞག་གསུམ་མནན། དེ་འོག་མུ་ཟི་སེར་པོ། དུར་བྱིད། ཐར་ནུ་དང༌། རྒྱ་ཚིལ་དཀར་པོ་ནི་སེམས་ཅན་རྒྱའི་ཚིལ་ལའང་འདོད་ཅིང༌། སྤྱང་བྲུན་ལའང་བྱེད་པ་དང༌། རའི་རུས་པ་དང༌། རྒྱ་མཆིལ་མགོ་དམར་གྱི་རུས་པ་ཡིན་ཟེར་བ་སོགས་ཇི་སྙེད་ཅིག་ཡོད་མོད། ངོ་བོ་ནི་ཁྱི་ལུད་ཀྱི་དཀྱིལ་དུ་བྲུན་དཀར་པོ་ཧྲིལ་ཧྲིལ་ཞིག་འབྱུང་བ་བྱུགས་སྨན་རེག་པ་བདེ་བྱེད་སོགས་ཚང་མར་རྒྱ་ཚིལ་དུ་ངོས་འཛིན་པ་དང༌། རུས་པ་ནི་རའི་རུས་པ་བསྲེགས་པ་དྲི་ཆེན་དང་སྦྱར་བས་མནན། ཤ་རོ་ཆོད་ནས་རའི་རུ་ཞེས་རའི་རྭ་ཅོ་བསྲེགས་པ་དང༌། ཕ་བ་དགོ་དགོ་དང༌། ལྷམ་རྙིང་པའི་ཀྲད་པ་དང༌། གསོམ་གྱི་ཐལ་བ་དང༌། ཨ་མྲྀ་ཏ་སྟེ་བདུད་རྩི་ཆོས་སྨན་ནམ། མཁས་བཙུན་བཟང་གསུམ་འཛོམ་པའི་དྲི་ཆེན་དང་སྦྱར་ལ་རྨ་ལ་བྱུག་ཅིང༌། དེ་ཡང་དུག་ནད་ཚ་བའི་རྨ་ལ་མི་བསྲེག་ཅིང༌། བསིལ་ཅུ་གུར་ལིའམ་སུག་སྨེལ་གསུམ་དང༌། ག་བུར། ཙན་དན་དཀར་པོ། གི་ཝཾ། ཨ་རུ་ར། གླ་རྩི། ལྕགས་ཕྱེ། ར་ཁྲག་རྣམས་སྦྱར་བ་བྱུག་པ་དང༌། བཤད་མ་ཐག་པའི་བཟང་པོ་དྲུག་དང༌། ཙན་དན་དཀར་དམར། ཨ་རུ་ར། གླ་རྩི། དཔའ་བོ་དཀར་སེར་གཉིས། སྤང་རྩི་དོ་བོ། སྲོ་ལོ། ཏིག་ཏ། ཞིམ་ཐིག་ལེ་སྟེ་མིག་སྨན་སངས་རྒྱས་དང༌། བ་ཤ་ཀསེ་འབྲུ། ཤུག་པའི་འབྲུ། སྐྱུ་རུ་ར། བོང་ང་དཀར་པོ། དོམ་དང་བ་ལང་གི་མཁྲིས་པ་ཀ་ར་རྣམས་སྦྱར་བ་ཁོང་ནང་དུ་བཏང་ཞིང༌། ར་ཁྲག་དང༌། ར་ཤ་ལྟོ་ལ་བསྟེན་པར་བྱའོ།

རྫས་ཀྱི་སྦྱོར་བ་བྱས་པའི་སྒོ་ནས་བཅོས་པར་བྱ་བ་ལ་ནི། རིན་ཆེན་སྤྱིའི་གཉེན་པོར་གྱུར་པ་བྲག་ཞུན་དང༌། ཨ་རུ་ར། མུ་མེན། མུ་ཟི་སེར་པོ་རྣམས་ནི་སྦྱོར་བ་ཀུན་ལ་གཅེས་ཤིང༌། ཁྱད་པར་གསེར་ལ་སྦྱར་ན་མཁྲིས་པ་སྐྱེ་བས་སྤྱི་སྨན་སྟེང་དུ་གཉེན་པོ་ཏིལ་དཀར་ནག་དང་ཟར་མ་བསྣན་པ་དང༌། ཟངས་ལ་སྦྱར་བ་ཁ་སྐོམ་པ་འབྱུང་བས་དེ་ལ་ཚ་ལ་དང༌། འཁར་བ་ལ་སྦྱར་བ་ཕོ་བ་ལྕི་བས་གཉེན་པོ་སྒོག་སྐྱ་བསྣན། དངུལ་ཆུ་ལ་སྦྱར་བ་ཕོ་ལོང་དུ་འགྲིལ་ཁ་རྨར་འགྲོ་བ་དེའི་གཉེན་པོར་སྟར་བུ་དང་བ་ཆུ་བཏང་བ་དང༌། ཞ་ཉེ་ལ་སྦྱར་བ་ཤ་སྔོ་སྒལ་ཚིགས་ན་ལ་ས་བོན་འཛག་པས་མཛོ་མོའི་མར་དང༌། གནའ་བ་དང༌། གླང་གི་སྤུའི་གཞོབ་སོགས་རང་རང་ལ་ཁ་བསྒྱུར་ཏེ་བཏང་ངོ༌། །ཡང་ན་གསེར་དངུལ་ཟངས་ལྕགས་མུ་ཏིག་གཡུ་བྱུ་རུ། ཙན་དན་དཀར་དམར་གཉིས། རྡོ་དྲེག་དང༌། ཨུཏྤལ། ཅུ་གང༌། གུར་ཀུམ། ཀ་ར་རྣམས་སྦྱར་ལ་བཏང༌། རིན་པོ་ཆེ་གང་ལ་སྦྱར་བ་རང་རང་དེའི་སོ་སོ་ངོས་ཟིན་ན་གོང་གི་སྤྱིའི་གཉེན་པོ་ལ་གོང་འོག་གང་འོས་ཀྱི་མདེ་ཁ་བསྒྱུར་བ་སྟེ་གང་དགོས་རིག་པས་སྦྱོར་དགོས་ཤིང༌། ཡང་ན་དབྱིག་དུག་ལ་ར་ཁྲག་དང༌། རཏྣ་ཞེས་གསེར་དངུལ་ཟངས་མུ་ཏིག་གཡུ་ལྔ་པོ་སྲན་མ་ཙམ་རེ་ཞག་དགུའི་བར་ལྟོར་བཏང་བས་བསྡུས་ལ་དེ་འོག་བསད་པ་ནི་བསེ་རུ་དཀར་པོ། བཟང་པོ་ཅུ་གང༌། གུར་ཀུམ། ལི་ཤི། ཛཱ་ཏི། སུག་སྨེལ། ཀ་ཀོ་ལ་སྟེ་དྲུག་དང༌། ཨ་བི་ཥ། ཨུཏྤལ་དཀར་པོ། གླ་རྩི། གི་ཝཾ། ཀ་ར་རྣམས་དང་རའི་མཆིན་པ་སྦྱར་ལ་བཏང་བར་བྱ་བ་དང༌། ཡང་ན་བོང་ང་དཀར་པོ་དང༌། དོམ་དང༌། སྦྲུལ་གྱི་མཁྲིས་པའི་རིལ་བུ་བཏང༌། རྡོ་སྦྱོར་སྤྱིའི་གཉེན་པོར་སྒ་པི་ཕོ་སྟེ་ཚ་བ་གསུམ་དང༌། ཟེ་ཚྭ་དང༌། རྒྱ་ཚྭ་དང༌། ཚ་ལ། རྨ་བྱའི་ཤམ་རྙེད་ན་བྱ་མཚའ་ལུའི་ཤ་རྣམས་སྦྱར་བ་དེའི་སྟེང་ཁྱད་པར་དུ་རང་རང་ལ་ཁ་བསྒྱུར་སྦལ་རྒྱབ་ལ་སྦྱར་བ་དང༌། ཏི་ཚ་ལ་སྦྱར་བ་དང༌། ཅོང་ཞི་ལ་སྦྱར་བ་དང༌། མཚལ་ལ་སྦྱར་བ་དང༌། མུ་ཟི་སོགས་ལ་སྦྱར་བའི་གཉེན་པོར་ཆང་བཟང་པོ་དང༌། པི་པི་ལིང་དང༌། ཡུ་གུ་ཤིང་དང༌། སྒོག་སྐྱ་དང༌། སྦྲང་རྩི་བཅས་རིམ་པས་བསྒྱུར་ལ་བཏང་བ་ནི་སྦལ་རྒྱབ་ཀྱི་གཉེན་པོར་ཆང་སོགས་ནས་རིམ་པས་གང་ཡིན་བརྟགས་ཏེ་བསྒྱུར་དགོས་རིག་མདས་བསྣུན་དགོས་ཤིང༌། ཡང་ན་གྲང་སྦྱོར་འཇོམས་པའི་སྨན་གོང་མའི་སྟེང་དུ་ཟེ་ཚྭ་དང༌། རྒྱ་ཚྭ་གཉིས་བསྣན་པས་འཇོམས་པར་ངེས་པ་དང༌། ཡང་ན་རྒྱ་ཚྭ་དང༌། རྒྱམ་ཚྭ་དང༌། ཁ་རུ་ཚྭ་དང༌། ཟེ་ཚྭ་དང༌། ཚ་ལ་དང༌། ཚ་བ་སྒ་པི་ཕོ་གསུམ་རྣམས་སྦྱར་ལ་བཏང་བ་དང༌། ཤ་སྦྱོར་སྤྱིའི་གཉེན་པོར་དོམ་མཁྲིས་དང༌། མི་རྟའི་རོ་ཚན་ཞེས་མི་རྟ་ཁྱི་གསུམ་ཤི་བྲུན་དང༌། སྔོ་སྟག་ཤ་བ། འོམ་བུ། བོང་ང་དཀར་པོ། ཚ་ལ་རྣམས་གཏོང་བ་ཡིན་ལ། དེ་སྟེང་ཁྱད་པར་ཅན་ནམ་སྒོས་ཀྱི་ཁ་བསྒྱུར་གཉེན་པོ་ནི་རའི་ཤ་ལ་སྦྱར་བས་མཐེབ་གང་ཙམ་ཁོལ་བུར་ན་ལ་མགོ་དང༌། ཡན་ལག་ལ་འབབ་པར་གུར་ཀུམ། ཨ་རུ་ར། ཨ་བི་ཥ་གསུམ་བསྣན་པ་དང་བྱ་ཤ་ལ་སྦྱར་བས་མིག་སྤྲིན་དམར་གསལ་ལ་གུར་ཀུམ་དང༌། སྲེ་མོའི་སྨ་ར། བྱ་མོ་ནག་མོའི་ཤ་བཅས་དང༌། ཁྱིའི་ཤ་ལ་སྦྱར་བ་ལ་དུད་པ་བྱ་བལ་མ་སྟེ་ཆུ་བལ་ལྗང་གུ་དང༌། བསེ་རུ་དང༌། ཙན་དན་དཀར་པོ་བཅས་བཏང་བ་དང༌། སྲེ་མོའི་ཤ་ལ་སྦྱར་ན་གླང་ཐབས་སུ་ན་བ་དེ་ལ་འུག་པ་དང༌། སྲིན་བྱའི་ཤ་བཏང་བ་དང༌། ཡང་ན་སེ་མོ་ལ་སྦྱར་བར་འབྲས་བུ་ཨ་བར་སྐྱུར་གསུམ་མམ་བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག་སྦྱར་ལ་བཏང༌། བྱང་པ་ལ་སྦྱར་ན་རྩ་ཆུ་སྡོམ་པར་བྱེད་པས་ཆུ་ནང་གི་སྦུར་ཆུང་དང༌། ཆ་ག་པ་དང༌། བོང་ང་དཀར་པོ་བཏང་བ་དང༌། ཡང་ན་འབྲི་མོག ཁུར་མང་རྩ་བ། ར་ཁྲག་བཅས་ཀྱིས་འཇོམས་པ་དང༌། ཉ་ཤ་ལ་སྦྱར་བ་ཕོ་སྟོད་མི་བདེ་ཞིང་ལུས་ལྗི་བ་དེ་ལ་སྐྱར་མོ་ཞེས་ཉ་ཁྲའི་ཤ་དང༌། སྦལ་པ་ལ་སྦྱར་བ་ན་རྨིགས་པའི་ཤས་འཇོམས་པ་དང༌། སྡོམ་ལ་སྦྱར་བ་སྐྱ་རྦབ་ཏུ་སྐྲངས་པ་དེ་ལ་སྲད་དཀར་བཏང་བ་དང༌། སྡིག་པ་ལ་སྦྱར་ན་ལུས་ནག་གཉེར་མས་ཁེངས་པ་དེ་ལ་ལྕོང་མོ་དང༌། རྨིགས་པ་ལ་སྦྱར་བ་ན་ཞིང་ཤུ་ཐོར་འོང་བ་དེ་ལ་སྦལ་པའི་ཤ་དང༌། དཔའ་བོ་སེར་པོས་འཇོམས། །གོང་མོའི་ཤ་ལ་སྦྱར་ན་སྙིང་རླུང་འོང་ཞིང༌། མཛེ་ཁྲག་ལ་སྦྱར་ན་མཛེ་འོང་བས་དེ་ལ་ཏིག་ཏ་དང༌། སྤང་རྩི་དོ་བོ། རི་བོང་མཁྲིས་པ་ལ་སྦྱར་ན་བརྗེད་ངས་ཆེ་བས་དེ་ལ་དོམ་མཁྲིས་དང་ཕྱ་ཚན་ཞེས་མི་རྟ་ཁྱི་གསུམ་སྐྱེས་མ་ཐག་པའི་བྲུན་གསུམ་དང༌། གི་ཝཾ་ལ་སྦྱར་ན་མིག་སེར་པོར་འགྲོ་བ་དེ་ལ་ནི་ཁྱི་ལུད་དྲི་ཆེན་བཏང༌། སྤུ་ལ་སྦྱར་བ་ནི་འབུ་སྲིན་དུ་འགྱུར་བས་དེ་ལ་བྲག་ཞུན། གུར་ཀུམ། ག་བུར་བསྣན་ཡང་ན་རྒྱ་ཚྭ་དང༌། རྒྱ་སྐྱེགས། བྲག་ཞུན་རྣམས་བཏང༌། རུས་པར་སྦྱར་བ་ན་རུས་ཟུག་ལྡང་བ་དེ་ལ་ཟེ་ཚྭ། མུ་ཟི་སེར་པོ། བོང་ང་དཀར་པོ་སོགས་བཏང་དགོས་པ། དེ་རྣམས་མདེ་ཁ་ཡིན་པས་ཀུན་ལ་སྤྱི་སྨན་དང་སྦྱར་བས་འཇོམས་པ་ཡིན་ཀྱང༌། ཆུ་རོང་གི་རྦ་བྱེ་ཨོག་དཀར་གྱི་ཤ་ནི་ཤ་སྦྱོར་ཀུན་གྱི་གཉེན་པོ་ལ་གཅེས་པ་ཡིན་ནོ། །ཡང་ན་ཤ་སྦྱོར་ཀུན་ལ་གི་ཝཾ། ཉ་དང༌། སྤྲེའུའི་མཁྲིས་པ་དང༌། གླ་རྩི། བྲག་ཞུན། ཆོས་སྨན་གོང་བཤད་རྣམས་སྦྱར་ལ་བཏང་བ་དང༌། ཡང་ན་སྔོ་སྦྱོར་དགུའི་ཐང་གིས་འཇོམས། །ཞེས་པའི་སྦྱོར་བ་དེ་ལ་རེ་རལ། བྲག་སྤོས། ཧ་བོ་གསུམ། སྐྱེར་པ། འོམ་བུ། པྲི་ཡང་ཀུ་གསུམ། རེ་སྐོན། སྤང་རྒྱན་དཀར་པོ། སྟག་ཤ་གསུམ་བཏང་ཐབས་ཁ་བསྒྱུར་སྔོ་ཐང་དང་འདྲ་ལ་སྦྱར་དུག་ཀུན་སེལ་ཞིང་ཁྱད་པར་ཤ་སྦྱོར་འཇོམས་པར་བྱེད་དོ། །སྤུ་དུག་ནི་རྩ་ལ་འབབ་ན་མཚོག་མ་གཟེར་བ་དེ་ལ་མེའི་དུད་པ་ཆགས་པ་ལྷམ་གྱི་བྲད་པའི་ཀྲད་རྙིང་ལྟག་པའི་སྤུའི་གཞོབ་བཏང༌། རྗེས་ལ་རྣོན་པོ་དུར་བྱིད། དུང༌། རྒྱ་ཚྭ། སྟར་བུ་བཅས་པའི་བཤལ་གྱིས་སྤུ་རོ་སྦྱང༌། རྨ་བྱའི་སྒོང་དུག་ལ་བྱ་ཕོ་མཚའ་ལུའི་མཁྲིས་པ་དང༌། པུ་ཤུད་དང་ཅོ་གའི་སྒོ་ངས་འཇོམས་པར་བྱེད། རྩི་དུག་གི་གཉེན་པོར་གླ་རྩི་དང༌། ཨ་བི་ཥ་བསེ་རུ་དཀར་པོ། བཟང་པོ་ཅུ་གུར་ལི་ཤིསུག་སྨེལ། ཛཱ་ཏི་ཀ་ཀོ་ལ་སྟེ་དྲུག་དང༌། བདུད་རྩི་ཆོས་སྨན་གོང་བཤད་སོགས་གཅེས་པ་ཡིན་ནའང༌། ཁྱད་པར་ཅན་དུ་རྩི་དུག་གི་གཉེན་པོར་གླ་རྩི་མེད་དུ་མི་རུང་ངོ༌། ཡང་ན་ལྷའི་བདུད་རྩི་ནི། གཡུ་ཐོག་ཕྱག་དྲེག་མར། སྡིག་པ་རྨིག་པ་ཤིང་རྟ་མོ་གསུམ་གྱི་ཤ་དང༌། མི་དོམ་རྨ་བྱ་གསུམ་གྱི་མཁྲིས་པར་བཞེད་པ་དང༌། འགའ་ཞིག་བདུད་རྩི་ཆོས་སྨན་དུ་བཞེད་ཀྱང་སྦྱོར་སྡེར་ལྡབས་པ་དང༌། སྒོག་པ་སྤྱི་དང་སྒོག་གཅིག་ལ་བཞེད་པ་སྒོག་པར་ལྷ་མིན་གྱི་ཁྲག་དང་བདུད་རྩི་མངོན་བརྗོད་སྣང་ཡང་ལྷ་དང་ལྷ་མིན་གྱི་དབྱེ་བ་ཡོད་ཅིང༌། སྒོག་པ་ངོ་བོ་ལྷའི་བདུད་རྩི་དང༌། རྐང་དམར་པོ་ལྷ་མིན་གྱི་ཁྲག་ཏུ་བཞེད་པ་མཆིས་རུང་ཁུངས་མ་མཐོང་བ་དང༌། མ་ལ་ཡའི་དཀའ་འགྲེལ་ལྟར་ན་ཅོང་ཞི་འདུག་རུང་འཐད་པར་མ་སེམས་ལ་ལྷ་ལས་ཕུལ་བྱུང་གི་དུག་སོགས་ཀྱི་ལོ་རྒྱུས་དང་ཨ་རུའི་མངོན་བརྗོད་དུ་འཆི་མེད་ཅེས་པ་བཅས་ཨ་རུ་ར་འམ་དེ་མིན་སྦྱོར་སྡེ། ཡང་ན་མི་དོམ་སྤྲེལ་ཕག་ནེ་ཙོ་དང༌། རྨ་བྱའི་མཁྲིས་པ་རེ་རལ་རོ་ཚན་གསུམ། །བསེ་རུ་ཡུང་བ་གླ་རྩི་ཨ་རུ་ར། །ཆོས་སྨན་གི་ཝཾ་འོམ་བུ་བོང་ང་དཀར། །ཙན་དན་དཀར་དམར་སྐྱེར་ཤུན་ཡུངས་ཀར་དང༌། །ཚ་ལ་བྲག་ཞུན་གངས་ཆུས་བསིངས་པས་འཕུལ། །ཞེས་པའི་སྦྱོར་སྡེ་འདི་གཉིས་གང་རིགས་བྱས་པ་འཐད་འདྲ་བ་དེས་འཇོམས་པར་བྱེད། དུག་དངོས་སུ་སྦྱར་བ་ལ་བོང་ང་དཀར་སེར་དམར་པོ་གསུམ། །ཨ་རུ་ར་དང་བྲག་སྐྱ་ཧ་བོ། ཕྱ་ཚན་ཏེ་མི་ཁྱི་རྟ་གསུམ་སྐྱེས་མ་ཐག་གི་དྲི་ཆེན་དང༌། ཡུང་བ་དང༌། རྒྱ་ཚྭ། བུལ་ཏོག དྲི་ཆུ་རྣམས་ཀྱིས་འཇོམས་པར་འགྱུར་རོ། །སྔོ་ལ་སྦྱོར་པའི་གཉེན་པོར་འོམ་བུ་དང༌། མེ་ཏོག་ལུག་མིག་པ། ཁུར་མང་རྩ་བ་སྤྲ་ཐོག་ཅེས་སྔོ་སྤྲ་པའི་ཐ་གུ་དང་བོང་ང་དཀར་པོའི་ལོ་མ་སོགས་ཀྱིས་འཇོམས། ཡང་ན་གསེར་ཐིག་ཅེས་རྐྱང་སེལ་ཁ་སྐོང་དུ་བཤད་པ་དང༌། སྔོ་སྤྲ་བའི་ཐོག་གུ། ཨུག་ཆོས་དང༌། གི་ཝཾ། བསིལ་ཅུ་གུར་ལིའམ་སུག་སྨེལ་གསུམ། བསེ་རུ། གླ་རྩི་དང༌། རྩད་དེ་སྙག་འབྲུམ་དང་ཀ་ར་རྣམས་དྲི་ཆུས་ཕུལ་བས་འཇོམས་ཤིང༌། ཁྱད་པར་ཐང་ཕྲོམ་པར་སྦྱར་བས་ཤེས་པ་འཁྲུལ་བ་ལ་ལྡུམ་བུ་རེ་རལ། བ་ཤ་ཀ་དང༌། ཡང་ན་རྒྱ་ཚྭ་སྒོག་སྐྱ་བུད་མེད་ཀྱི་ནུ་ཞོ་བཅས་པས་འཇོམས། འོལ་མོ་སེ་ལ་སྦྱར་བའི་རྟགས་སྐྲ་དང་སྨིན་མ་བྱི་ཞིང་གསུས་པ་ཆེ་ལ་རྐང་ལག་ཕྲ་བ་དེ་ལ་བ་ལེ་ཀ་དང༌། བ་ཤ་ཀ སྙིང་མཁལ་མ་གླ་གོར་ཏེ་ཞོ་ཤ་གསུམ་དང༌། སུག་སྨེལ་དང༌། ཅུ་གང་དང༌། ཏིག་ཏས་འཇོམས། དུར་བྱིད་ལ་སོགས་འཁྲུ་བྱེད་ལ་སྦྱར་བས་རྒྱུན་དུ་འཁྲུ་བ་དེའི་གཉེན་པོར་ནི་དྲོད་སྐྱེད་པ་ལ་སེ་འབྲུ། མ་ཞུ་བ་ལ་ཚྭ་སྣའི་ཕྱེ་མ་དང་རོ་སྦྱང་བ་ལ་ཨ་རུ་དོང་ག་ལྕུམ་རྩ་བཅས་པ་དང༌། གཅོད་པ་ལ་ད་ཏྲིག་སྨག་སོགས་གཅེས་ཤིང༌། འཁྲུ་བའི་དུག་ལ་རོ་སྦྱང་བའི་ཚེ་བཤལ་སྨན་དན་རོག་དུར་བྱིད་སོགས་ཀུན་གནོད་དེ། སླར་མེ་དྲོད་འཇོམས་པས་དེའི་ཕྱིར་ན་ཨ་རུ་ར་དང་ལྕུམ་རྩས་བཀྲུ་བར་བྱ་བ་དང༌། སྔོ་སྦྱོར་གྱི་དུག་ནད་ཀུན་ལ་གཉེན་པོ་ལྡུམ་བུ་རེ་རལ་གཅེས་པ་ཡིན་ནོ། །

ན་ལུགས་ཀྱི་སྒོ་ནས་བཅོས་པར་བྱ་བ་ནི་མཛེ་དུག་ལ་རྩ་སྦྱོང་བྱང་པ། རྒྱ་ཚྭ། སྡིག་སྲིན། མཚལ། བལ་པོ་གུར་ཀུམ། ཧ་ཤིག ཚ་ལ་བཅས་ཀྱི་སྟེང་ཁྱུང་ལྔ་མཉམ་སྦྱོར་བསྣན་པའི་བཤལ་དྲག་པོ་བཏང་རྗེས་ལ་བ་ཤས་ཚས་བྱས་ལོ་བརྒྱད་དྲི་ཆུ་བཏུང་ཞིང༌། ཐང་སྐྱེར་ཤུན་གི་ཝཾ། བེ་དོ། ཨ་རུ། བོང་ང༌། ཏིག་ཏ། བྲག་ཞུན། ཞིམ་ཐིག་ཅེས་མིག་སྨན་སངས་རྒྱས་སོགས་གངས་ཆུར་བསྡུས་ལ་བཏང༌། རྔུལ་མང་དུ་བྱུང་ན་ཁམས་གསོ་བར་བྱ་ཞིང་ཕྱེ་མ་རེག་པའི་སྐབས་སུ་བཤད་པ་ལྟར་བཏང་བ་དང༌། རིལ་བུ་གཏོང་གོང་རའི་འོ་མ་ལྟོ་སྟོང་ལ་ཞག་ལྔ་བཏང༌། ཨ་རུ་རྨ་བྱའི་མདོངས་མུ་ཟི་ཅོང་ཞི་ཅུ་གང༌། ཀྱི་ལྕེ་དཀར་པོ། ཀ་ར། མི་ཚིལ། སྦྲང་བུར་སོགས་ལ་རིལ་བུ་བྱས་པ་དང༌། སྨན་རྩིས་བཅོས་པ་ནི་མཁྲིས་པ་སྣ་ཚོགས་དངུལ་ཐལ། དུར་བྱིད། ལྡོང་རོས། ཁྱི་ལུད་སེར་ག་མ། ར་ཐུག་གི་སྦྲེ་ཞེས་ཕོ་མཚན་གྱི་དྲེག་པ། དྲི་ཆེན་ཨ་མྲྀ་ཏ་སྟེ་བདུད་རྩི་ཆོས་སྨན་ནམ་མཁས་བཙུན་བཟང་གསུམ་འཛོམ་པའི་དྲི་ཆེན། སྦྲང་བུ་ཆེ་ཞེས་བུང་བ་ཆེ་བ་སྟག་ཆེན་བུང་བར་བཞེད་པའང་སྣང་ཡང་སྦྲང་སྨྱོན་དང༌། ར་ཁྲགབུ་མོ་ལོ་བཅོ་ལྔ་ལོན་པ་གྲོང་པའི་ཆོས་ཀྱིས་མ་གོས་པའི་ཆུ་ལ་སྦྱར་བའི་བྱུག་པས་བཅོས་སོ། །སྨྱོ་བའི་དུག་ལ་སྤང་རྒྱན་དཀར་པོ་དང༌། བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག་སྦྱར། སྒོག་གཅིག་ཆ་གཅིགས་མཚུར་ཆ་གཉིས། གུར་ཀུམ་ཆ་གསུམ། བྲག་སྐྱ་ཧ་བོ་ཆ་བཞི་དང༌། རེ་རལ་ཆ་ལྔ་རིམ་པས་བསྐྱེད་པ་དེ་བ་འོ་དང་སྦྱར་ལ་བཏང༌། དེ་རྗེས་འབྲས་བུ་ཨ་བར་སྐྱུར་གསུམ་པོ་ཆང་དུ་སྦངས་པའི་ཁུ་བ་བཏུང་ཞིང༌། རུས་པ་སྣ་ཚོགས་པའི་ཁུ་བར་ཤིང་ཀུན། པི་པི་ལིང་གི་ཁ་ཚར་བཏབ་ལ་བཏང་ཞིང་ཚིགས་པ་དྲུག་པ་བདུན་པ་དང་ནུ་མ་གཉིས་ཀྱི་དབྲག་སོགས་བསྲེག་ཅིང༌། གལ་ཏེ་འབོག་ན་སེ་འབྲུ། སྒོག་སྐྱ། དྭ་བའི་འབྲུ་རྣམས་ཀྱི་སྨན་མར་སྦྱར་ཏེ་བཏང་བའི་རྗེས་ལ་གོང་བཞིན་ནུ་དབྲག་དང༌། དྲུག་པ་བདུན་པ་བསྲེག གྲི་རྒོད་ཀྱི་དུག་ལ་བུ་མོ་ལོ་ལྔ་མའམ་ལོ་དགུ་ལོན་པའི་སྙིང༌། གློ། མཆིན། མཆེར། མཁལ་ཏེ་དོན་ལྔ། དབང་པོ་མགོ་མིག་རྣ་བ་སྣ་ལྕེ་ལྔ། ཉུང་གཞི་སྟེ་ཉུང་མའི་ས་བོན་གྱི་མར་ཁུ་དང་སྦྱར་བ་ལ་སྔགས་འདི་གདབ་དགོས་ལ། དེ་ཡང༌། ཨོཾ་ཏྲིག་ལེ་ཧྲི་སྭཱཧཱ་ཞེས་པའོ། །ཞག་གསུམ་ལྟོ་བ་བཀུག་པ་སྟེ་ཟས་སྐོམ་སྤངས་ལ་གཏང་བར་བྱའོ། །ཁ་རྨ་དང་རྒྱུ་སྐམས་ལ་ཤུག་ལོས་རྒྱུ་ཞབས་སུ་བདུག་ཅིང་ལྷམ་ཀྲད་རྙིང་པ་སེར་ཙམ་བསྲེགས་པ་དང༌། རྩྭ་ཨ་བ་དང༌། རྭ་གཞོབ་སོགས་སྦྱར་བའི་མཁུར་བཀང་བཅང་བ་དང༌། ཨ་བི་ཥ་དང་རྨ་བྱའི་མཁྲིས་པ། མ་རྙེད་ན་རྨ་བྱའི་སྒྲོ་གཞོབ་བམ་བྱ་མཚའ་ལུའི་མཁྲིས་པ་དང༌། ཏེ་ལོ་དང༌། རྨིགས་པའི་ཤ་གཉིས། མ་རྙེད་ན་བྱ་མཚའ་ལུའི་ཤ་དང་གཙོད་ཀྱི་ཁྲག་རྣམས་སྦྲང་སྨྱོན་གྱི་རིལ་བུར་སྦྱར་བ་བཏང༌། ཟ་རེམ་ལྟག་དགྱེ་ལ་ལྡད་ཆུ་ཞེས་པ་ཕྱུགས་ཀྱིས་ལྡད་རྒྱབ་པའི་ཁའི་ཆུར་བཞེད་པ་དང༌། ཟུར་མཁར་བ་ཉ་ཁྲག་ལ་བཞེད་པ་གཉིས་ཡིག་སྡེབ་ལ་བལྟས་ན་ཐེ་ཚོམ་ཙམ་སྣང་ཡང་རྒྱུད་ཆུང་བདུད་རྩི་སྙིང་པོར་འདི་ཐད། ཟ་རེམ་ལྟག་དགྱེ་དུག་ལ་གཙོད་ཁྲག་དང༌། །ཉ་ཁྲག་ཆུ་བྱའི་ཁྲག་དང་གླ་རྩི་གཙོད། །ཅེས་འདུག་པས་ཉ་ཁྲག་རང་འགལ་བ་ཆུང་བར་སེམས་པ་དང༌། ཁྱིམ་བྱ་ཕོའི་ཁྲགགཙོད་ཀྱི་ཁྲག་དང༌། རྩད་དེ་སྙག་འབྲུམ་དང༌། གླ་རྩི་རྣམས་སྦྱར་ལ་བཏང༌། རྒྱ་ནད་རེངས་འཁུམས་ལ་དོམ་མཁྲིས། ཨ་རུ་ར་དང༌། ཤིང་རྟ་མོ། རྨིགས་པ། སྡིག་པ་བཅས་པའི་ཤ་གསུམ་མཛོ་མོའི་མར་དང་སྦྱར་ལ་བཏང༌། སྲིན་བུ་སྣ་ཟན་ལ་བྱ་ཁྱུང་ལྔ་པར་སྲིན་སྨན་གྱི་ཁ་ཚར་བཏབ་པའི་རིལ་བུས་འཇོམས་ཤིང༌། སྨུག་པོ་འཇུ་སྐེམ་ནད་ལ་སྨུག་པོ་སྤྱིའི་སྨན་དང༌། ལེའུ་འདི་གའི་སྔོའི་མང་སྦྱོར་ཆེན་མོ་གོང་དུ་བཤད་པ་དེ་གཉིས་ལྟག་པ་སྤྲད་པས་འཇོམས་སོ། །མཁྲིས་པ་མིག་སེར་ལ་དང་པོ་ར་ཁྲག་ཁྱི་ལུད་དྲི་ཆེན་ཁུ་བ་དང་སྦྱར་བའི་ཁྲག་བཤལ་བཏང་ཞིང༌། དེ་འོག་སྐྱེར་ཤུན་ཁུ་བ་ཕུལ་ཕྱེད་བྱིན། ཆུ་བསྐོལ་ལན་བཞི་བཏང་བའི་སྐྱུགས་དང༌། ཞི་བྱེད་སྦྲང་དང་བ་ཆུ་ཕུལ་གང་བསྲེས་ལ་བྱིན། རའི་རྭ་གཞོབ་ཆུར་སྦྱང་ལ་བཏང་ནས་ཞག་བཞི་ན་ལོང་རྩ་དང་གཤའ་རིང་ལ་གཏར་གྱིས་བཅོས། རིམས་ནད་རྩ་བྱེར་ལ་གོང་གི་སྔོ་ཐང་ཆེན་མོ་བཏང༌། དེ་ནས་ཕྱེ་མ་གོང་གི་རྩི་སྦྱོར་གང་རིགས་ལ་ཤ་སྦྱོར་སྤྱིའི་གཉེན་པོ་བསྡེབས་པ་དང་རྗེས་ལ་མེས་བཅད། ནག་པོ་ཐོག་བརྡེག་ལ་གཉེན་པོ་གི་ཝཾ་ཡིན་ཏེ་དེ་སྟེང་གོང་གི་ཤ་སྦྱོར་སྤྱིའི་གཉེན་པོ་དང་བསྡེབས་ཏེ་སྦྱར། བཞི་པ་བདུན་པའི་སྦྱོར་བ་ནི་འཁྱམ་པོ་གཟའ་ནད་གཉེན་པོ་གུ་གུལ་ནག་པོ་ཆ་གཅིག བེ་སྐྱེས་རེ་རལ་ཆ་གཅིག ཨ་རུ་ར་གསེར་མདོག་ཆ་གཉིས་དང༌། དུད་པ་ཆ་གཉིས་བཅས་བཞི་པོ་འདི་བ་ཆུས་རིལ་བུར་བསྒྲིལ་བ་དང༌། རྐྱང་སེལ་དུ་བཤད་པའི་གསེར་གྱི་སྐུད་པ། རྒྱ་ཚྭ། ཨ་ཤོ་གནྡྷ་དང༌། ར་སྲུས་ཞེས་སྲུབ་ཀ ལྕུམ་རྩ། རྒྱ་སྣེ་རྒྱབ་དམར་པོ་ཡོད་པ་དང༌། བུལ་ཏོག་རྣམས་ཕྱེ་མ་བྱས་པས་དུག་ནད་ཐམས་ཅད་འཇོམས། སྨན་དང་པོ་གཉིས་ཆ་རེ་རེ་གཉིས་པ་གཉིས་ཆ་གཉིས་གཉིས་བྱས་པའི་གོང་མ་བཞི་རིལ་བུ་དང་འོག་མ་བདུན་དུ་ཕྱེ་མ་སྦྱར་དགོས་ཏེ། སྨན་དེའི་ཕྱེད་གོང་མ་བཞི་པོ་བའི་ཆུ་ལ་རིལ་བུ་བྱ་བ་དང༌། འོག་མ་བདུན་པོ་ཕྱེ་མ་བྱས་ལ་བཞི་པའི་རིལ་བུ་བདུན་བདུན་ཚ་ན་གླང་གི་ཆུ་དང་གྲང་བར་ཆང་གིས་དབུལ། བདུན་པའི་ཕྱེ་མ་ཞོ་རེ་གྲང་ན་ཆང་དང་ཚ་ན་དྲི་ཆུས་དེད་དེ་བཏང་བས་གོང་བཤད་དུ་མ་ཟད་མཚོན་ཆ་དང་གསལ་ཤིང་དང་ཧོས་དང་རྩི་ལ་སོགས་པ་དང༌། ལོ་དང་ཟླ་བ་དང་ཞག་སོགས་ཀྱི་ཡུན་དང་ཕྱི་དང་ནང་གི་སྦྱོར་བའི་རིགས་སོགས་ནད་རིགས་ཀྱང་མི་འདྲ་བ་སྣ་ཚོགས་སུ་གཏོང་བར་གྱུར་ཀྱང་བཞི་པ་དང་བདུན་པའི་སྦྱོར་བ་འདི་ཞག་བདུན་གྱི་བར་དུ་བསྟེན་པས་ནི་ངེས་པར་སོས་པར་ནུས་ཤིང༌། དེ་རྣམས་ལ་ནི་སྡུད་གསོད་སྦྱོང་བ་སོགས་ཆིག་ཆོད་དུ་སྦྱོར་བ་འདིས་བྱེད་པ་ཡིན་ཅིང༌། འཁྱམ་པོ་གཟའ་ནད་དང་དུག་རིགས་མཐའ་དག་ཞག་བདུན་ནས་གསོ་ཐུབ་པའི་སྨན་ངོ་མཚར་ཅན་ཡིན་ཀྱང་སྦྱོར་ལུགས་མི་འདྲ་བ་ཇི་སྙེད་ཅིག་འདུག་རུང་གོང་བཤད་ལྟར་འཐད་པར་སེམས་སོ། །གཟེར་ནད་ཆུ་འགགས་ལ་གླ་རྩི། བོང་ང་དཀར་པོ། ཆུ་ནང་གི་སྦུར་ཆུང༌། ཡུང་བ། ཐལ་ཀ་རྡོ་རྗེ་དང༌། འབྲི་མོགཁུར་མང་རྩ་བ། ར་ཁྲག་རྣམས་སྦྱར་བས་འཇོམས་ཤིང༌། དེ་འོག་ཕྱི་རྒྱུད་ལས་ལྔ་ལྟར་རྩ་སྦྱོང་བཏང་རྗེས་ལ་དམུ་ཆུར་བཤད་པའི་ཆུ་སྨན་ལེ་ཚན་གང་འཕྲོད་བསྟེན་ནོ། །

ལྡང་བའི་དུས་ཀྱི་སྒོ་ནས་བཅོས་པར་བྱ་བ་ནི། དང་པོ་ཞག་དུག་ལ་གཉེན་པོ་གོང་གི་བཞི་པ་བདུན་པའི་སྦྱོར་བ་འདྲ་བ་གཞན་ན་མེད་ཅིང༌། ཟླ་དུག་ལ་གོང་གི་བདུད་རྩི་སྔོའི་སྦྱོར་བས་སེལ་བ་དང༌། ལོའི་དུག་ལ་རིན་ཆེན་སྦྱོར་བ་དང་རྩི་སྦྱོར་གོང་ལྟར་གང་འཚམ་བསྟེན་དགོས་སོ། །

བབས་སའི་གནས་གང་ཡིན་དེ་དང་སྦྱར་ལ་བཅོས་པར་བྱ་བ་ནི། སྙིང་ལ་བབས་ན་མུ་ཏིགཅུ་གང༌། གུར་ཀུམ། བེ་སྐྱེས་རེ་རལ། འདམ་བུ་ཀ་ར། དབང་ལགབོང་ང་དཀར་པོ་རྣམས་ཀ་ར་དང་སྦྱར་བའི་མུ་ཏིག་བདུན་པའམ་ཙན་དན་དཀར་པོ། གུར་ཀུམ། ག་དུར། ཏིག་ཏ། སྙི་བའི་མེ་ཏོག་དང་བཅས་པའི་ཙན་དན་ལྔ་དང་ཤ་སྦྱོར་རི་བོང་གི་སྙིང་ཏེ་ལོའི་ཀླད་པ། སྲེག་པའི་སྒོ་ང༌། ག་བུར་རྣམ་སྣང་སྟེ་དྲི་ཆེན་རྣམས་ཀ་ར་དང་བཅས་ཤ་སྦྱོར་ལྔ་པ་སྦྱོར་བ་དང༌། གློ་བར་བབས་པ་ལ་ག་བུར། ཙན་དན་དཀར་དམར། ཅུ་གང༌། གུར་ཀུམ། བ་ལེ་ཀ རྒུན་འབྲུམ། རྒྱ་ཚྭ། བྱི་ཏང་ག་རྣམས་ཀ་ར་དང་སྦྱར་བའི་ག་བུར་དགུ་དང་ཤ་སྦྱོར་དོམ་གྱི་ཤ གླ་བའི་སྙིང༌། སྲེག་པ་དང་སྲིན་བྱའི་ཀླད་པ། ཧོང་ལེན། ག་བུར་ཁྲུ་གང་འོག་ས། དྲི་ཆུ་སོགས་སྦྱར་བའི་ཤ་སྦྱོར་བརྒྱད་པ་དང༌། མཆིན་པར་བབས་པ་ལ་གུར་ཀུམ། ཅུ་གང༌། ཏིག་ཏ། ཀ་ཀོ་ལ། ནཱ་ག་གེ་སར། ནཱ་ག་པུ། བ་ལེ་ཀ ཨུཏྤལ། ལི་ཤི། པྲི་ཡང་ཀུ། ཤིང་ཚ། ཤིང་མངར་རྣམས་ཀ་ར་དང་སྦྱར་བའི་གུར་ཀུམ་བཅུ་གཉིས་དང༌། ག་བུར། གུར་ཀུམ། ཨ་ག་རུ། ལི་ཁྲི། མཚལ། ཏིག་ཏ། ཧོང་ལེན། ལྡུམ་བུ་རེ་རལ། གྲོའི་གླུམ་ལངས་པ་སྲོ་ལོའི་ཁུ་བས་བསིངས་པ་བཅས་ག་བུར་དགུ་པ་དང༌། མཆེར་བབས་ལ་ལི་ཤི། གུར་ཀུམ། ཅུ་གང༌། སུག་སྨེལ། ཏིག་ཏ། རྡོ་དྲེག བ་ཤ་ཀ སྟག་སྡེར་རམ། ལ་ལར་སྟག་ཚེར་ཟེར་བ་དང༌། དོམ་མཁྲིས། གླ་རྩི། ཨུཏྤལ་རྣམས་ཀ་ར་དང་སྦྱར་བའི་ལི་ཤི་བཅུ་གཅིག་དང༌། སེ་འབྲུ། ཤིང་ཚ། གུར་ཀུམ། པི་པི་ལིང༌། ཀ་ཀོ་ལ། རུ་རྟ། བོང་ང་དཀར་པོ། བ་ལེ་ཀམཁྲིས་ཆེན་རྣམས་ཀ་ར་དང་སྦྱར་བའི་དགུ་པ་ཆུ་གྲང་གིས་དབུལ། ཡང་ན་ཤ་སྦྱོར་ནས་ཟན་དང༌། པུ་ཤུད་ཀླད་པ། རའི་མཆེར་པ། གླ་བའི་སོ། སྟག་གི་ཤརུ་རྟ། བ་ལེ་ཀབེའུའི་སྙིང༌། རེའུའི་སྙིང༌། རྣམ་སྣང་དྲི་ཆེན། ག་བུར། སྲེག་པའི་བྲུན་ཏེ་ཤ་སྦྱོར་བཅུ་གཉིས་པ་བསྟེན་པར་བྱ། མཁལ་མར་བབས་ན་ད་བྱིད། ཞོ་ཤ་སྙིང་གླ་མཁལ་གསུམ། གུར་ཀུམ། སུག་སྨེལ། ཛཱ་ཏི། ལི་ཤི། ཀ་ཀོ་ལ། རྒྱ་མཚོ་ལྦུ་བ། པུ་ཤེལ་ཙེ། མཚེ་ཚིགས། སྡིག་སྲིན། དུག་མོ་ཉུང༌། ཐལ་ཀ་རྡོ་རྗེ། སོ་མ་ར་ཛ་སྟེ་ད་བྱིད་བཅུ་དྲུག་ཀ་ར་དང་སྦྱར། སྣོད་དྲུག་གང་དུ་བབས་ན་ཡང་ཕྱི་རྒྱུད་ལྟར་གྱི་བཤལ་ལས་ལྷག་པ་མེད་ཅིང༌། ཕྱེ་མ་སེ་འབྲུ། སུག་སྨེལ། རྒྱ་ཚྭ། རྒྱམ་ཚྭ། སླེ་ཏྲེས། སྟར་བུ། མ་ནུ། ཙི་ཏྲ་ཀ ད་ཏྲིག སྡིག་པ། ཤིང་ཚ། བསེ་ཡབ། ལང་ཐང་ཙེ། ཨ་རུ་བཅས་བཅུ་བཞི་པོ་འདི་ཀ་ར་སྦྱར་བ་ཉུང་གཞིའི་མར་ཁུས་དྲིལ་བ་གངས་ཆུས་དབུལ་བས་འཇོམས་ཤིང༌། ཁྱད་པར་ཕོ་བར་བབས་ན་སེ་འབྲུ། ཤིང་ཚ། ལི་ཤི། རྒྱམ་ཚྭ། ཁ་ཆེ། གོ་སྙོད་བཅས་དྲུག་པོ་དང༌། རྒྱུ་མར་བབས་ན་གླ་རྩི། བོང་ང་དཀར་པོ། རེ་རལ། འདམ་བུ་ཀ་ར། ཅུ་གང༌། མཚལ་བཅས་དྲུག་པ་སྦྱར། ལོང་དུ་བབས་ན་སྒོག་སྐྱ་ཆིག་སྐྱེས། བྱི་ཏང་ག ཨ་རུ། གུར་ཀུམ་བཅས་བཞི་པ་སྦྱར་བ་དང༌། ལྒང་པར་བབས་ན་སྡིག་སྲིན། རྒྱ་ཚྭ། སུག་སྨེལ། གླ་རྩི། ཉི་དགའ་ཨ་རུ་བཅས་དྲུག་པ་སྦྱར། མཁྲིས་པར་བབས་ན་ག་བུར། གུར་ཀུམ། ཅུ་གང༌། ཏིག་ཏ། བ་ལེ་ཀ ཤིང་མངར། ཧོང་ལེན་རྣམས་ཀ་ར་དྲུག་འགྱུར་སོགས་ཀྱི་བདུན་པ་སྦྱར། ཤ་དང་པགས་པ་སོགས་ལ་བབས་ན་རྔུལ་དུ་དབྱུང་དགོས་ཏེ། དབྱུང་ཐབས་གསུམ་སྦྱོར་སྦྱོར་ལ་བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག་གིས་དོན་ཚད་ཕུལ། ཚ་བ་སྒ་ཕི་གསུམ་གྱིས་སྣོད་ཚད་ཕུལ། འབྲས་བུ་ཨ་བར་སྐྱུར་གསུམ་གྱིས་ཕྱི་ཚད་ཕུལ་བར་བྱེད་པས་ཆ་གསུམ་དུ་བྱས་ལ་གཅིག་ཐོ་རངས་ཆང་གིས་ཕུལ་ལ་བཏང་བས་ལམ་འབྱེད། གཅིག་སྔ་དྲོ་རུས་ཁུས་དབུལ་ཚ་བ་ཕུལ་བས་ན་གོས་དྲོ་བར་གོན། གཅིག་ཉི་ཕྱེད་ཆབ་ཚ་སྟེ་ཇ་འཇམ་པོས་དབུལ་ཞིང་རྔུལ་དབྱུང་བར་བྱའོ། །རྒྱ་སྣེ་ལ་འདོད་ལུགས་མང་ཡང་འདིར་སྔོ་སྣེའུ་སྒོ་བཟང་ཞིང་ལོ་མ་ཆེ་ལ་རྒྱབ་དམར་བ་དེའི་སྦྱོར་བ་ཤེས་ཏེ་དེ་ལ་དུད་པ་བྱ་བལ་མ་སྟེ་ཆུ་བལ་ལྗང་གུ་དང་གུ་གུལ་ནག་པོ་ཆ་མཉམ་དེའི་བརྒྱད་འགྱུར་རྒྱ་སྣེ། མ་རུ་ཙེ། ཨ་ཤོ་གནྡྷ་སོགས་ཆུའི་རིལ་བུ་བྱས་ལ་ཐོ་རངས་ཆང་གིས་དབུལ་ཏེ་ན་མ་བདུན་ལོན་ནས་སྣེའུ་བཙོས་པས་བདུག་ཅིང་རྔུལ་དྲག་ཏུ་དབྱུང་ལ་རྔུལ་བའི་རྗེས་བལ་དང་ཕྱེས་ཕྱི་ཞིང་ཤ་གསར་ཚོ་ཁུས་ཁམས་གསོ་བཏང༌། དེ་ནས་ནད་ཞེན་ཆེ་ཆུང་དང་ཟུངས་བཟང་ངན་དང་སྦྱར་ལ་གནངས་ཆགས་ཙམ་ལན་གྲངས་གསུམ་ལྔ་ཅི་རིགས་གདོན་པ་འདི་ནི་དུག་ཚད་རྙིང་པ་བ་སྤུར་འདོན་པའི་དཔྱད་ཀྱི་མཆོག་དམ་པ་ཡིན་ནོ། །རུས་ལ་ཞེན་པའི་སྤྲ་ཡས་སུ་འཐོར་བའི་ཁོལ་བུར་གྲམ་པ་ལ་རྔུལ་གྱིས་མི་འདྲོངས་པས་དེ་ལ་ཚ་བ་ཆེ་ན་གོང་བཤད་ཀྱི་བདུད་རྩི་ལྔ་དང༌། གྲང་རླུང་ཆེ་ན་མིའི་རུས་པ་བཙའ་མའི་རླངས་ལུམས་བྱས་ལ་གདོན་དགོས་ཏེ་སྤང་ངམ་ལ་མེའི་ཐབ་བཅས་རླུང་སྒོ་དང་དུད་ཁུང་བཞགཟངས་ལྟ་བུར་བསྐོལ་སྟེང་ཁྲི་ལ་སྨྱུག་མ་དང་སྤྲ་སོགས་པའི་ཆ་ར་བརྒྱངས་ལ་བཀབ་དེ་སྟེང་ནད་པ་འགྲེ་ལོག་སྤོས་ཀྱིན་རླངས་བཟེད་པའི་རྔུལ་དབྱུང་ཁམས་སོ་བཏང་བ་དང༌། དེ་ལྟར་བྱས་ཀྱང་ཤིན་ཏུ་ནས་གདོན་པ་དཀའ་ན་རང་བྱུང་གི་ཆུ་ལུམས་ཏེ་ཆུ་ཚན་བྱའོ། །རྩ་ལ་བབས་པར་གྱུར་ན་ནང་རྩ་ནས་སྦྱང་ཞེས་པ་རྩ་སྦྱོང་སྤྱི་ལྟར་ལ་དུག་རིགས་གང་ཡིན་གྱི་གཉེན་པོས་མདེ་ཁ་བསྒྱུར་ལ་སྦྱང་བ་དང༌། ཕྱི་རྩར་བབས་ན་གར་བབས་དེའི་རྩ་ཁ་ཕྱེ་ཙམ་གཏར་ལ་དེ་རྗེས་ཨ་རུ་ར་དང༌། གཡག་གི་མཁྲིས་པ་དང༌། ཉུང་གཞིའི་མར་ཁུ་དང༌། ཅོང་ཞི་རྣམས་བུ་མོ་ལོ་བརྒྱད་ལོན་པའི་དྲི་ཆུས་ཕུལ་བས་དུག་རྒྱས་པ་འཇོམས་སོ། །

ས་དཔྱད་གསུམ་པ་འདི་ལ་རྟོག་དཔྱོད་དང་ལྡན་པ་ན་རེ། གོང་གི་མདོར་བསྟན་དུ་སྤྱི་བྱེ་བྲག་གཉིས་སུ་གསུངས་པའི་སྤྱི་ལས་དཔྱད་གསུམ་ཡོད་པའི་དང་པོ་མདོར་བསྟན་ལྟར་གསུངས་ཤིང༌། གཉིས་པ་དང་གསུམ་པ་གཉིས་རྒྱས་བཤད་འཆད་སྐབས་སུ་བྱེ་བྲག་གི་རྒྱས་བཤད་རྫོགས་མཚམས་སུ་གསུངས་འདུག་པས་སྔ་ཕྱི་གོང་འོག་འཆོལ་ནས་མི་འཐད་དོ་ཞེ་ན། འདི་ནི་དགོས་པ་ཅན་དུ་གསུངས་པ་ཡིན་ཏེ། གང་ཞེ་ན་ཚད་ལྡན་གྱི་སློབ་དཔོན་བསྟེན་དགོས་ཤིང་དེ་ཉིད་ཀྱི་ཞལ་ལས་ཤེས་དགོས་པའི་དོན་གྱིས་གསུངས་པ་ཡིན་ཀྱང་འདིར་རྗེས་འཇུག་རྣམས་རྟོགས་སླ་བའི་ཆེད་དུ་དཀྱུས་སུ་གང་འདུག་ལྟར་བྲི་བར་བྱ་སྟེ། རྒྱུད་འགྲོས་ལྟར་གྱི་རྒྱུ་མཚན་དཔེར་ན་ཕྱི་ནས་དམག་དཔུང་ལྟ་བུའི་དགྲའི་སྣ་ཁྲིད་ནས་འོང་བ་དང༌། དུག་ནད་དུག་གིས་བཅོས་པ་ལ་ནི། རྫོང་འཕྲང་དུ། དཔེར་ན་གྲོང་ཁྱེར་ཆེན་པོའི་དབུས། །གནོད་པར་བྱེད་པའི་དགྲ་ཡོད་ན། །དེ་ཡི་ནང་ཡན་སྣ་ཁྲིད་གཅིག། དེ་རྗེས་ཟླ་གྲོགས་རྩལ་ལྡན་ན། །ལག་ཏུ་གསོད་པའི་མཚོན་བསྐུར་བས། །དགྲ་བོ་སྟོབས་ལྡན་གྱུར་ཀྱང་འཇོམས། །སྦྱོར་བ་འདི་ཡང་དེ་དང་འདྲ། །ཞེས་པ་ལྟར། རྒྱུས་ཡོད་འདི་དང་འདིའོ་ཞེས་པ་ལ་ཕྱི་ནས་ནང་ཡན་མི་ངན་པ་བློ་མི་ཐུབ་པ་ཅིག་གིས་གྲོགས་པོ་རྩལ་དང་ལྡན་པ་ཞིག་ལ་གསོད་པའི་མཚོན་ཆའང་རྣོ་ངར་སོགས་དང་ལྡན་པའི་རྣམ་པ་དེ་གསུམ་འཛོམས་ན་ནད་དེ་ཉིད་འཇོམས་པ་དང་མཚུངས་ཏེ་འདིར་ཡང་རིན་ཆེན་ལ་སྦྱར་བའི་གཡའ་དུག་དེའི་ནང་ཡན་ནམ་རྒྱུས་ཡོད་པ་ནི་གསེར། དངུལ། བྱུ་རུ། ཟངས། མུ་ཏིག གཡུ་དྲུག་པོ་སྲན་མ་ཙམ་རེ་བཏང་ཞིང་དེ་དག་གི་གྲོགས་སུ་རྡོ་དྲེག་དམར་པོ་དང་དཀར་པོ་དང་སེར་པོ་དང་ལྗང་གུ་དང་ནག་པོ་རྣམས་ཀྱི་དམར་པོ་མཆོག་དང་གཞན་རྣམས་ནུས་པ་ཕྱོགས་མཐུན་པས་རིགས་ལྔ་གཏོང༌། གསོད་པའི་མཚོན་ཆར་བསེ་རུ་དཀར་པོ་བསྐུར་བས་འཇོམས་སོ། །རྡོ་ལ་སྦྱར་བ་ཡིན་ན་ནང་ཡན་གངས་ཐིགས་སྲན་མ་ཙམ་ཆུ་ནང་གི་རྡེའུ་གཡུ་དང་མཚལ་རིགས་ཕྱེ་བའི་དཀར་པོ་སྲན་མ་ཙམ་རེ་དང་ཅོང་ཞི་བཅས་རྣམ་པ་ལྔ་པོར་ཚ་བ་སྒ་པི་ཕོ་གསུམ་གྱིས་གྲོགས་བྱས་ལ་ཟེ་ཚྭའི་མཚོན་ཆ་བསྐུར་བས་འཇོམས་སོ། །ཤ་སྦྱོར་ལ་ནང་ཡན་བུ་མོ་ལོ་བཅུ་བདུན་ལོན་པ། རེའུ་རྒྱ་བོ་ཞོ་འཐུང༌། ཁྱི་གུ་མིག་མ་བྱེ་བ། བྱ་མཚའ་ལུ་རྣམས་ཀྱི་མཆིན་པ་དང༌། རྨ་བྱའི་ཤ་ལྔ་ནི་ཤ་དུག་གི་གཙོ་བོ་ཡིན་པས་ནང་ཡན་དེ་ལ་བྲག་ཞུན་གྱི་གྲོགས་དང༌། གསོད་པའི་མཚོན་དུ་བོང་ང་དཀར་པོ་བསྐུར་བས་འཇོམས། དངོས་ལ་ནང་ཡན་དུག་སྣ་ཅི་ཚོགས་ཏེ་དུག་གི་རིགས་སུ་གྱུར་ཚད་སྲན་མ་ཙམ་རེ་བྱས་ལ་གྲོགས་སུ་ཨ་རུ་གསེར་མདོག་བདུན་འགྱུར་དང་མཚོན་དུ་དྲི་ཆུ་བསྐུར་བས་འཇོམས། དུག་དེ་སློང་ཞིང་སྡུད་པ་དུག་ངོ་བོས་དུག་ངོ་བོ་འཇོམས་པར་བྱེད་པ་སྟེ། དཔེར་ན་བྱད་མའི་སྲུང་མ་མོ་རང་གི་བདུད་དུ་བབས་པ་དང་མཚུངས་པ་ཡིན་ཏེ། དེ་ལྟར་སྦྱོར་བའི་གཙོ་བོ་ངོས་འཛིན་བྱས་ཏེ་ངོས་ཟིན་ན་ནང་ཡན་གང་ཡིན་དེ་སྲན་མ་ཙམ་རེ་བཏང་ཞིང༌། དེ་བས་ཆེས་ན་ནང་ཡན་རང་གིས་དུག་གི་སྟོབས་བསྐྱེད་པས་དགྲ་ལ་ལྡོག་པར་འགྱུར་བས་ལེགས་པར་བརྟགས་པ་དང༌། འདུ་བ་རང་གྲོལ་གྱི་སྦྱོར་བ་འདི་སྨན་སྔ་མ་ཚོ་དང་ལྟག་པ་སྤྲད་ཀྱང་ཤིས་ཤིང༌། དེ་རྣམས་ལ་རྫོང་འཕྲང་དུ་ཞལ་གདམས་མན་ངག་ནི་ཤ་སྦྱོར་རིགས་མང་བས། དཔེར་ན་རའི་ཤ་སྦྱོར་ལྟ་བུ་གཅིག་གི་མཆིན་པ་དང༌། ཀླད་པ་དང༌། མིག་དང༌། རུས་པ་ལ་སོགས་པ་གང་ལ་སྦྱར་བ་དེ་རང་ན་འོང་བས་རང་གྲོལ་གྱི་སྦྱོར་བ་ལ་མིག་སོགས་གང་ན་བ་དེ་རང་སྣ་ཁྲིད་དུ་བཏང་ངོ༌། །

དུག་ནད་སྔགས་ཀྱིས་གསོ་བ་ལ་ནི་འདི་ལྟ་སྟེ། ཨོཾ་ཀ་རི་ཀུ་ཀུ་རི་ཧང་འུང༌། འབུ་འཛུ་བྷ་ཏི་སེ་དྷ་ན་དྷ་བྷྷིས། བྷྷ་གང་འུང༌། ཨ་ན་བྷིས། དྷེས་གང་འུང༌། བྷིས་པ་རི་ཀ་འུང༌། བྷིས་གང་དྷི་བྷིས། ཧ་ར་ཧ་ར་མེ་ཧཱུཾ་ཁྱི་སྭཱཧཱ། སྲབ་བྷར་བྷིས། ལ་ཧི་ཀ་རོ་ཨ་མྲྀ་ཏ་ཀ་རི་པ་རི་ན་ཧོ། མ་ཧཱ་དེ་རོ། ནི་ལེན་ཀན་དྷ་ཏོ་ཧོར་ཙ། ཧ་རི་བྷིས། ནན་ཏི་བྷིས། ཞེས་པ་འདི་ཡན་ཉི་ཤུ་རྩ་གཅིག་བཟླས་པས་རང་བསྲུང་བ་དང་བརྒྱ་སྟོང་གིས་གཞན་གྱི་དུག་ནད་སེལ། དེ་ནས། ཨོཾ་ཤད་དེ་ཤད་དེ་སྭཱ་ཧཱ། ཞེས་པ་འདི་དང་པོ་བཙན་དུག་གམ་ཟས་ལ་བརྒྱ་བཟླས་ནས་ཟ། ཨོཾ་ཤེད་ཤེད་བི་ཤེད་སྭཱཧཱ། ཞེས་པ་ཟས་ཟོས་རྗེས་བརྒྱ་བཟླའོ། །ཨོཾ་ཀྲུག་ལེ་ཧྲི་ཨ་ཧྲི་ཁ། སྔགས་འདི་བཙན་དུག་གམ་སྨན་ལ་བཏབ་ལ་བཏང་བ་དང༌། གོ་བདེ་ཕྱིར་གོང་དུ་བཀྲོལ་ནས་བཤད་ཚར་ཀྱང༌། ཨོཾ་ཀ་ལི་ཞེས་པ་ནས་ནན་ཏི་བྷིས་ཞེས་པའི་བར་ཉི་ཤུ་རྩ་གཅིག་རེས་རང་ཉིད་བསྲུང་བ་ཡིན་ཞིང༌། སྟེ་ཞེས་པ་འོག་མ་འདྲེན་ཚིག་སྟེ་ཆུའམ་ཟས་གང་ལའང་བརྒྱ་འམ་སྟོང་བཟླས་པ་དག་གིས་ནི་གཞན་གྱི་དུག་ནད་སེལ་བར་བྱེད་དོ། །གཞན་ཡང་སྔགས་འདིས་བཙན་དུག་དང་ཤ་དུག་དང་སྦྱར་དུག་མ་ལུས་པ་འཇོམས་ཤིང༌། གོང་གི་སྔགས་ཐམས་ཅད་བར་ཚེག་མེད་པར་མཐིང་ཤོག་ལ་གསེར་གྱིས་བྲིས་ནས་རང་སྔགས་ཀྱིས་རབ་གནས་བྱས་ནས་ལུས་སམ་མགུལ་དུ་བཏགས་པས་དུག་རིགས་ཐམས་ཅད་ཐུབ་པས་ན་དེའི་ཕྱིར་དྲང་སྲོང་རྣམས་ཀྱིས་བསྲུང་བ་འདི་ལ་གཅེས་པར་གྱིས་ཤིག་གོ།

དེ་ནས་དུག་དེ་དག་གསོ་བའི་ལོག་གནོན་བསྟན་པ་ནི། དེ་ཡང་ཟས་དང་སྤྱོད་ལམ་འཁྲུལ་པར་གྱུར་ནས་ལོག་པ་དང༌། གདོན་གྱིས་ལོག་པ་དང༌། བྱེ་བྲག་བླ་གཉན་ཐོར་བུའི་ནད་དང༌། ངོ་བོ་འདུ་བར་ལོག་པ་དང༌། གཅོང་དུ་ལོག་པ་དང་རྣམ་པ་དྲུག་གིས་བསྟན་པའོ། །

དང་པོ་ཟས་སྤྱོད་ཀྱིས་ལོག་པ་སྐྱོན་ཉིད་ཡོན་ཏན་དུ་འགྱུར་ཏེ་གང་ཞེ་ན། ཟས་སྤྱོད་ཀྱིས་ནད་བསླང་བ་དེ་ལ། གསོད་སྨན་གི་ཝཾ་འོམ་བུ་བོང་ང་དཀར། །ཞེས་སོགས་གོང་བཤད་ལྟར་གྱིས་གསོད་ཅིང༌། ཨ་རུ་སྐྱེར་ཤུན་སོ་མ་ར་ཛ་དང༌། སྤང་རྒྱན་འབྲི་ཏ་ས་འཛིན་དོང་ག་ལྕུམ་རྩ་རྣམས་བསྡུས་ཁུར་དུར་བྱིད་བཏབ་པས་སྦྱོང་བ་དེ་གཉིས་ཀྱིས་རྗེས་ལ་དུག་རོ་མི་ལྡང་ཞེས་མི་ལས་པའི་རྒྱུ་རུ་འགྲོའོ། །

གདོན་གྱིས་ལོག་པ་ན་ངོས་འཛིན་པའི་མོ་ཕྱྭ་བྱ་ཞིང་དེ་མཐུན་གྱི་རིམ་གྲོས་བཅོས་དགོས་ཏེ། ཡོངས་གཏད་ཀྱི་ལེའུར། བརྒྱ་དང་རྩ་གཅིག་ཀུན་རྟགས་གདོན་གྱི་ནད། །དེ་མ་བཅོས་པར་སྨན་དཔྱད་ལེན་མི་འདོད། །གདོན་བཅོས་སྨན་མེད་གྱུར་ཀྱང་འཚོ་བ་ཡོད། །དཔེར་ན་དཔུང་པ་གཡར་བའི་བཙོན་བུ་འདྲ། །ཞེས་པས་སོ། །

བླ་གཉན་ཐོར་བུའི་ནད་སྣ་གང་བྱུང་ཡང་བསལ་ཞེས་པ་མགོ་དང་ཀླད་པ་ན་ན་ག་བུར། ཅུ་གང༌། བྲག་ཞུན། ཏིག་ཏ། ཨ་རུ། ཙན་དན་དཀར་པོ། དུག་ཉུང༌། བ་ལེ་ཀ་དང༌། བ་ཤ་ཀ་བཅས་དགུ་པ་དང༌། ཕུག་རོན་གྱི་སྒོ་ང་མར་དང་སྦྱར་ལ་ར་མཁྲིས་ཆུར་སྦྱངས་པས་དབུལ་བ་དང༌། སྐྱེས་པ་དར་མའི་ཆུ་དང་གཉེན་པོ་གཡག་མཁྲིས། བ་སྤྲུ། གླ་རྩི། ལྕམ་པ་བཞི་པོ་སྦྱར་ལ་བཏང༌། ཡང་ན་རྡོ་སྦྱོར་གངས་ཐིགས། སྦལ་རྒྱབ། ཚ་ལ། ཅོང་ཞི། ཆོ་ལོང༌། འབྲུག་རུས་སོགས་དྲུག་པ་བཏང་བས་སེལ། མིག་དམར་ཚ་འགྲིབས་ཀྱི་བྱུག་སྨན་ནི་ག་བུར། གླ་རྩི། གོང་བཤད་ཀྱི་སག་རྩི། མར་དཀར། ཨ་རུ་སོགས་བྱུག་ཅིང༌། ནུ་ཞོ་དང་སྐྱེར་པས་བྱུག་པ་དང་ཆུ་ལྕག་བྱ། འབྲས་བུ་ཨ་བར་སྐྱུར་གསུམ། སྐྱེར་པ། གོ་སྙོད། ཨ་འབྲས། ཀ་ར་རྣམས་བ་མར་གྱི་སྨན་མར་སྦྱར་ལ་མིག་རྩ་དང༌། གསེར་མདུང་གཏར་བས་བསལ། མིག་འགྲིབ་ལ་དོམ་མཁྲིས་དང༌། གླང་རོག་གི་མཁྲིས་པ་བཏང་བ་དང༌། སྣ་ཁྲག་འཛག་ན་སྲན་མའི་མེ་ཏོག་སྤྲུ་མའི་རྩ་བ་གཉིས་དང་ཤ་རུ། སྨྱུག་ཤུན། སྲོ་ལོ། ཙན་དན་དཀར་པོ། སྙིང་ཞོ་ཤ ག་བུར། ཛཱ་ཏི་སྟེ་བདུན་གྱི་ཕྱེ་མ་དང༌། ཤིང་མངར་གྱི་ཐང་ལ་དོམ་མཁྲིས་བཏབ་སྟེ་བཏང༌། གྲེ་བ་འཛེར་འགགས་ལ་མཆེར་པའི་སྦྱོར་བ་བ་ལང་མཆེར་སྐམ་དང༌། ལི་ཤི་ཆུ་གྲང་ལ་སྦྱར་བའི་སྦྱོར་བའམ་སྤང་རྒྱན་དཀར་པོ། བོང་ང་དཀར་པོ། སེ་བའི་མེ་ཏོགའཕང་མ་བཅས་པའི་བསྡུས་ཐང་དང༌། ཨ་རུ་གཅིག་བསྲེགས་གཅིག་མ་བསྲེགས་པའི་བསྡུས་ཐང་སེ་རུལ་ཞེས་ཁང་རྙིང་སོགས་ཀྱི་ས་རུལ་སེར་པོ་རོ་ཁ་བ་དེའི་ཁུ་བ་བཏོན་པའི་དྭངས་མ་དེ་ལ་སེ་རྒོད་བར་ཤུན། གླ་རྩི་བཅས་བསྡུས་པའི་སྦྱོར་བས་བསལ། གློ་སྙིང་གདུང་ན་གི་ཝཾ་ཤུག་པ་གཡེར་མ་གསུམ་གྱི་སྦྱོར་བ་བཏང་བ་དང༌། སྙིང་འཕྱོ་ན་སྟབས་སེང་ཆང་དུ་སྦངས་པའི་ཁུ་བ་ལ་ཛཱ་ཏི་བཏབ་པ་བཏང་ཞིང་ཚིགས་པ་བདུན་པ་མེས་མནན། གློ་སྐམ་ཞེས་ལུད་པ་མེད་པ་གློ་མང་དུ་ལུ་ན་བུར་དཀར། སྤང་རྒྱན་དཀར་པོ། ཅུ་གང༌། ལི་ག་དུར། སྟར་བུ། རུ་རྟ། སེ་འབྲུ། སྲོ་ལོ། སྲིན་བྱའི་ཤ་བཅས་པའི་ཏིང་ཁྲོལ་ཏེ་ཆུ་ཚོད་འདྲེས་པར་བསྐོལ་བ་བཏང༌། མཆིན་པ་ན་བའི་ཚེ་ན་བ་མཁལ་སྨུག་པོ་ཞེས་གླང་མིག་དང་བྲག་ཞུན་བཅས་པའི་བསྡུས་ཐང་ལ་ཙན་དན་སྨུག་པོ་དང་པྲི་ཡང་ཀུ་བཏབ་ལ་བཏང༌། མཁལ་མ་གཟེར་ན་པི་པི་ལིང་དང་མཁལ་མ་ཞོ་ཤ་བཅས་པའི་ཐང་དང༌། ཕོ་བ་སྦོས་ན་རུ་རྟ། རྒྱམ་ཚྭ། ཤིང་ཚ་གསུམ་གྱི་ཐང་བཏང༌། ཕོ་ལོག་གླང་ཐབས་ནད་ལ་སོ་ཆ་དུར་བྱིད་དོམ་མཁྲིས་ཨ་རུ་བཅས་པའི་རྒྱ་བཤལ་བྱ། ཡང་ན་རེ་རལ་རྒྱལ་བློན་གཉིས་དང༌། ཨ་རུ། གུར་ཀུམ། རྒྱམ་ཚྭ། ཐལ་ཚྭ་དྲུག་གམ་ལན་ཚྭ། རྒྱ་ཚྭ། ཁ་རུ་ཚྭ། རྭ་ཚ། ཐལ་ཚྭ་དྲི་ཆུ་བཅས་པའི་ཐང་བཏང༌། ཕོ་བར་འདྲིལ་ན་རྒྱམ་ཚྭ་སེ་འབྲུ་སུག་སྨེལ་བཅས་ཀྱི་ཐང་དང༌། ཨ་རུ། གོ་སྙོད། མི་ཤ་མར་ནག་ལ་བསྐོལ་བའི་སྣུམ་དུགས་བྱ། ཁྲག་ཏུ་འཁྲུ་སྐྱུག་བྱེད་ན་ཕྱ་ཚན་ནི་མི་རྟ་ཁྱི་གསུམ་སྐྱེས་མ་ཐག་པའི་བྲུན་ཆ་གཅིག། ཅུ་གང་ཆ་གཉིས་དང༌། ག་བུར་ཆ་གསུམ། གུར་ཀུམ་ཆ་བཞི། བེའི་རེ་རལ་ལྔ་རིམ་པས་བསྐྱེད་པ་དེ་ཁྱེའུ་འཐུང་བའི་མའི་ནུ་ཞོ་དང་སྦྱར་ལ་བཏང༌། ཆུ་འགགས་ལ་གླ་རྩི་གཟེ་མ་བཅས་པའི་བསྡུས་ཐང་དང༌། བྲག་ཞུན་དང༌། བུལ་ཏོག་བཏང་བ་དང༌། དྲི་ཆེན་གྱི་རྒྱུན་འགགས་ལ་ཕྱི་རྒྱུད་ཀྱི་ནི་རུ་ཧས་སྨད་ནས་འདྲེན་པ་དང་བིག་པན་ཁུ་བ་བཏང༌། སྐྱུག་གམ་འཁྲུ་བར་བྱེད་ན་བ་ལྕིའི་སྦྱོར་བ་བྱ་བ་ལ་མཚེའུ་སྐྱོང་ཞེས་ལྷས་ཀྱི་ཁྲུ་གང་འོག་གི་ས་བེའུ་ཞོ་འཐུང་གི་ལྕི་བ་ཆུར་སྦྱང་སྟེ་བཙགས་ཁུར་སོ་མ་ར་ཛ་བཏབ་ལ་བསྐོལ་ཏེ་བཏང་བ་དང༌། འཁྲུ་བ་འབྱམས་ན་ལུག་གི་ཤ་གསར་ཚོན་པོ་གྲི་ཐགས་བྱས་པ་ཆུ་དང་བཅས་ལུང་རྡོ་བསྲེགས་པའི་ནང་དུ་བཞུ་བ་དེའི་ཁུ་བ་ལ་བྱེའུ་ནས་ཟན་གྱི་བྲུན་བཏབ་པ་བཏང༌། གཞན་ཡང་འཁྲུ་བ་གཅོད་པའི་སྨན་གྱི་སྦྱོར་བ་གང་ཤིས་པ་ཞོ་འམ་འབྲས་ལ་བཏབ་ནས་བསྟེན་ཞིང༌། སྨན་དང་ཟས་འཇུ་དཀའ་ན་སྦང་སྐམ་བསྲོས་པས་བདུག་ཅིང༌། རྒྱམ་ཚྭ་དང༌། པི་པི་ལིང་གི་བསྡུས་ཐང་བཏང༌། ཤ་ཟོས་ནས་ན་ན་ཤ་ཁུ་དང་ཁྲག་སྐྱུགས་བྱ་བ་ནི་དགོང་མོ་ཤ་ཁུ་ལ་ཚྭ་སྣ་ཚོགས་ཚད་བཏབ་ལ་བཏང༌། ནང་པར་ར་ཁྲག་དྲོན་མོ་ཚུགས་ཚད་བཏང་བས་སྐྱུགས་བྱས་པའི་རྗེས་ལ་གུར་ཀུམ་བསྣན་པའི་སེ་འབྲུ་ལྔ་པ་སྦྱར་རོ། །ནད་རླངས་ཀྱིས་ཁོལ་བུར་ན་ན་སྐྱེར་ཁཎྜ་དང༌། རྟའི་ཕྱ་ཚན་ཏེ་རྟེའུ་སྐྱེས་མ་ཐག་པའི་སྦངས་ཆུར་སྦྱང་ལ་ཡང་ཡང་བཏང་བ་དང༌། ཁོལ་བུར་གཟེར་འཕོ་ཞིང་ན་ན་མ་ནུ་བཞི་ཐང་ཕྱི་རྒྱུད་ལྟར་བཏང༌། གཉའ་བ་རེངས་ན་སེར་ཤ་ནི་སྤང་གི་ཤ་མོ་སེར་པོའི་ཐང་བཏང་གླང་གི་གཉའ་བའི་ཤས་བདུགཡན་ལག་རེངས་ན་གླ་རྩི། བོང་ང༌། སྤང་སྤོས། ཛཱ་ཏི་བཅས་བཞི་པ་དང༌། བུ་མོ་ལོ་ལྔ་ལོན་པའི་ཆུ་སྦྱར་ལ་བཏང་ཞིང་རམ་པའི་གདུས་ཐང་བཏང་བ་དང༌། མཚན་དཀར་དང་སྲོ་ལོ་དཀར་པོ་བཅས་བཅོས་པ་ལ་གོང་གི་སྔོ་ཐང་གི་ཁུ་བ་བྲན་པས་བདུག་ཅིང་རྐང་ལག་གི་ལྷུ་ཚིགས་སྦྲིད་ན་ཉུང་མ་བཙོས་པའི་ཁུ་བ་དང་རའི་འོ་མ། ཉ་ཁུ། རྒོད་གཡག་ཤ་ཁུ་རྣམས་ཀྱི་སྦྱོར་བ་བུད་མེད་སྦྲུམ་མའི་ཆུས་ཕུལ་བར་བྱ་ཞིང་པྲན་རྩེ་ཞེས་པ་ལག་པའི་མཁྲིག་མ། རྐང་པའི་ལོང་མོ་ནས་མཛུབ་མོའི་རྩ་བའི་བར་དང་རུས་ཚིགས་ན་ན་ནེ་སེག་ཅེས་མི་ཕྱུགས་གང་ཡིན་གྱི་སོག་པའི་སྣེ་ཡིན་པ་ལ་ལར་བྱུང་ཡང་ལག་པའི་མཁྲིག་མ་དང་རྐང་པའི་ལོང་མོ་མན་གྱི་རུས་པ་དེ་ག་ལ་བྱ་བས་དེའི་ཐང་བཏང༌། ཆུ་སེར་སྐྱེས་ན་རུ་རྟ། ཙི་ཏྲ། བོང་ང་དཀར་པོ། གཡག་མཁྲིས་བཅས་བཞི་པ་དང༌། མཛེ་འབྲས་འབྲུམ་པ་བྱུང་ན་ཟངས་ལྟ་བུའི་སྣོད་དུ་བ་དམར་ཟལ་གྱི་མར་བཞུ་བའི་ཁུ་བར་ད་ལྟ་ལག་ལེན་དུ་ཤུག་ཕྱེ་བཙོས་པའི་ཚོས་ཚད་ཕྱི་ནང་ཁྱད་མེད་དུ་མར་ཁུས་ཚོས་པ་དང་བསྟུན་ཁུ་བ་དང་དབྱེ་བ་ཕྱེ་བའི་ཕྱེ་མ་ཁོག་མའི་ནང་དུ་བསགས་སླར་ཡང་ཁུ་བ་དེའི་ཁར་སེང༌། ཙན་དན་དཀར་དམར་རྣམས་བཏབ་པའི་ཚོས་ཚད་གོང་བཞིན་བྱུང་བའི་ཁུ་བ་རྣམས་ཕར་ཕུད་པའི་ཕྱེ་མ་ལེ་ཚན་བཞི་པོ་དེ་རྣམས་རྫའི་འབྲས་ཕྲུ་ལྟ་བུའི་གཤམ་དུ་སྦང་ཚགས་ཡོད་པ་ཁ་ལག་མགོ་ཐར་ཙམ་ལ་རྫ་རང་གི་ཁ་གཅོད་ཉིས་རིམ་ཡོད་པའི་ནང་མ་མར་རྡིབ་མི་འགྲོ་ཞིང་འགྲིག་པ་ཞིག་དང་ཕྱི་མ་ཕོ་ཁ་མོ་ཁ་བསྒྲིགས་ཆོག་པ་དེ་མེས་མི་འགས་པའི་ཆེད་དུ་སྣོད་དེ་འཐུམས་པའི་རས་ཆུ་ལ་སྦངས་པས་གཏུམས། དེ་སྟེང་དྲེས་ཞུན་སྦངས་པ་ཁོལ་བུ་མ་ལུས་པར་བསྡམས་པ་དེའི་ནང་དུ་སྔོན་ལ་རམ་པ་ཕྲན་ཙམ་བཏིང༌། དེ་ནས་གོང་འཁོད་ཀྱི་ཕྱེ་མ་རྣམས་མཉམ་བསྲེས་ཀྱི་བླུགས་ཏེ་ཁ་གཅོད་ནང་མ་རྒྱགདེ་རྗེས་འོག་ཏུ་འཆད་པའི་འདག་པ་འཚམ་ཙམ་རྒྱབ་ལ་དེའི་སྟེང་དུ་ཕྱེ་མ་ཕྲན་བུ་བླུགས་པའི་ཚངས་དང༌། སླར་ཡང་འདག་པ་རྒྱབ་པའི་སྟེང་ཁ་གཅོད་ཕྱི་མ་རྒྱགརྫ་དེ་དང་ཆེ་ཆུང་ཁ་འགྲིག་པའི་འཛག་སྣོད་འོག་ཏུ་བཞག་ངོས་དེ་གཉིས་ཀྱི་མཚམས་ལ་ས་དང་རླུང་སོགས་མི་འཆོར་ཕྱིར་རས་གཤགས་བབས་དང་བསྟུན་པའི་ཉིས་རིམ་ཙམ་བཀབ་ལ་དེ་སྟེང་གོང་གི་འབྲས་ཕྲུ་བསྒྲིགས་པའི་སྟེང་འོག་གི་མཚམས་ཀྱང་དྲེས་ཞུན་གྱིས་ཁོལ་བུ་མ་ལུས་པར་བསྡམ། དེ་སྟེང་རྫ་མི་འགས་པའི་ཆེད་ས་དམར་དང་སོལ་བ་སྦངས་དང་བསྲེས་པའི་འདག་པ་རྫ་གཉིས་པོའི་མཚམས་དང་གོང་མ་ཧྲིལ་གྱིས་བྱིབས་ནས་འདག་པ་དེ་རྒྱང་ཙམ་མེ་ཉི་སོགས་ཀྱིས་ཚོ་ཟིན་ཙམ་བསྐམ། དེ་ནས་འཛག་སྣོད་འོག་མ་དང་ཞེང་ཆེ་ཆུང་འཚམ་པའི་ས་དོང་རིང་ཐུང་ཁྲུ་ཕྱེད་དོ་ཙམ་བྲུས་ནས་ས་དང་ཁོག་མ་འོག་མ་མཉམ་པར་བྱས་ཏེ། ཁོག་མའི་གཤམ་གྱིས་དོང་ནང་ལ་ཆུ་འགྲོ་ལམ་འདོམ་གང་ལྷག་ཙམ་གྱི་བར་ས་གཤོར་ཡུར་ཆུང་བྲུས་པར་གཡམ་པ་སོགས་བསྒྲིགས་པའི་ཐོག་ཆུ་འཛིར་མི་འོང་བའི་འདག་པ་རྒྱགདེ་ལྟར་སྐམ་བསྒྲིགས་ལེགས་པར་ཚར་ནས་སླར་འཛག་སྣོད་ས་ལ་འཛུད་ཆེ་ཆུང་འཚམ་པ་བཅུགདེ་མཚམས་ཀྱང་འདག་པས་ལེགས་པར་བྱིབས་ཏེ་དེའི་ཕྱིར་ཤིང་སྒྲོམ་བྱས་པ་ལ་མེ་བརྒྱབ་པའི་མེ་དུགས་ཀྱིས་ཚོས་ཕྱིར་མེ་ཀོང་ཆེ་ཆུང་སྣོད་ཆེ་ཆུང་ལས་ཀྲིག་ཅར་མ་བྱུང་ཡང་ལམ་པ་མིས་ཕྱིང་དཀར་གྱོན་ནས་ས་ལ་བསྡད་པ་ཙམ་བཏང༌། འོག་ནས་འཛག་སྣོད་ཀྱི་མར་ཁུ་མི་སྐམས་པའི་ཕྱིར་ཡུར་བའི་ཆུ་དེ་མ་སྐམས་ཙམ་ལ་ལྡུགས་པ་སོགས་བྱས་རྗེས་ཡུན་ཉི་མ་ཕྱེད་ཙམ་གྱི་བར་བཞག་པ་དང་ཁོག་མ་དེ་ཚིག་ནས་དམར་ཧུང་གི་འོང་བས་མེ་རྣམས་བསལ་ཏེ་ཁོག་མ་གཉིས་ཀྱི་འདག་པ་ཧ་ལམ་དལ་བུས་བཤུས། དེ་ཚར་བ་དང་ཁོག་མར་ལྷན་འཇོབ་ལྟ་བུས་ངར་བསད་ནས་ལག་པས་ཚུགས་ཙམ་ལ་ཚུར་བླངས་ནས་ཁོག་མ་གཉིས་ཀྱི་བར་མཚམས་ཀྱི་ས་དང་རས་སོགས་ཀྱི་ཐལ་བ་མི་འཆོར་བར་བྱས་ཏེ་གོང་མ་བཏེག་སྐབས་འཛག་སྣོད་དུ་མར་ཁུ་དྭངས་ཞག་སོགས་རིམ་པ་ལྟར་འབྱུང་བའི་ཙན་དན་མར་ཁུ་དེ་བྱུག་པ་དང༌། པགས་པ་ཚ་ཙག་བྱེད་པ་ན་གངས་ཆུས་བྱུག་པ་དང༌། ཡང་ན་སེ་སྐྱེར་བར་ཤུན་སོ་མ་ར་སོགས་བྱུགགོང་གི་གཙོ་བོ་དྲུག་གི་ཆུ་ལྕག་བརྡེག་ཅིང་དེ་སོགས་ཞེས་པ་གོང་དུ་བསྟན་པ་དེ་དག་ལ་སོགས་པ་དང༌། གཞན་ཡང་གཉིད་ཡེར་བ་དང༌། སྣ་ཁྲག་འཛག་པ་དང༌། རྔུལ་འབྱམས་ལ་སོགས་ཀྱི་ཁོང་ནས་ཐོར་བུ་མཐའ་དག་བསྡུས་ཏེ། དུག་ཚད་ནི་ཚ་བ་སྡེ་བཞིའི་ཡ་གྱལ་གཅིག་ཡིན་པའི་ཕྱིར་ཚ་བ་སྤྱི་མདོར་བཤད་པའི་ངོ་མཚར་ཚེགས་མེད་གནད་ཀྱི་སྒོས་བཅོས་དེ་འདིར་འཕྲུལ་ཤེས་པར་བྱའོ། །གཞན་ཡང་དབུགས་མི་བདེ་ན་ཁུར་པོ་བསྐུར་ནས་འགྲོ་ཞིང༌། རོ་སྟོད་མི་བདེ་ན་རྡོ་བ་འཕང་བ་སྟེ་ཆེ་ཆུང་རྡོ་སྒོར་ཙམ་དལ་བུས་བསྐྱུར་བ་དང༌། རོ་སྨད་ན་ན་རྟ་ཞོན་ནས་འདུར་བར་འགྲོ་བ་དང༌། རྐེད་པ་ན་ན་ས་ཕད་ཁུར་བ་ལ་སོགས་པའི་གང་ལ་གང་འཚམ་གྱི་ལུས་སྦྱོངས་ཀྱི་རིགས་འཇམ་པོའི་སྒོ་ནས་རྩ་ནད་རང་སར་འགྲེམས་པར་བྱེད་དོ། །

འདུ་བར་ལོག་ན་རླུང་དང་མཁྲིས་པ་དང་བད་ཀན་གསུམ་པོའི་བཅོས་གཞུག་ཕལ་ཆེར་བད་ཀན་དུ་ལོག་པས་ཕོ་བའི་མེ་དྲོད་འཆོར་བ་དེའི་རྟགས་ནི་སྦོ་སྒྲེག་འཇུ་དཀའ་གདོང་བོལ་གོང་སོགས་གཡོ། དེ་མཆིན་པར་སླེབས་ན་མཆིན་ཚད་སྐྱེ་ཞིང་ལོང་དུ་རླུང་འཕེལ་བས་ན་སྦོ་འཁྲོག་བྱེད་ཅིང་མཁལ་རྐེད་གྲང་ལ་དྲི་ཆུ་བསྲི། དེ་ལ་དྲོད་སྐྱེད་པའི་སྨན་ཕྱི་རྒྱུད་ཀྱི་སེ་འབྲུ་བཞི་པ་བཏང་བ་དང་མེ་ཐུར་དང་ཚོ་ཁུ་ཕྱི་རྒྱུད་ལས་ལྔའི་འཇམ་རྩིས་བསལ། རྗེས་ལ་ཐོར་བུའི་རླུང་སྐྱེས་ནས་གཉིད་མེད་ཅིང་གཡལ་མང་འདར་ལ་དྲན་མེད་དུ་ཕོག་མྱོས་འཕྱོས་པ་འབྱུང་སྲིད་པས་ན། རུས་ཐང་ཚོ་ཁུ་བུར་ཆང་སོགས་བཏང་ཞིང་བསྐུ་མཉེ་བྱ་བ་དང༌། ཐོར་བུའི་རླུང་དེ་ཁ་ཐལ་ན་ཟུངས་ཟད་རླུང་ལས་གྱུར་པའི་ཚ་བར་ལྡོག་པར་འགྱུར་བས་ན་དེ་བས་ཚད་རླུང་གི་ཞུ་འཁྱགས་ས་མཚམས་ཟིན་པར་གྱིས་ཤིག་གོ།

བཅོས་ཉེས་པའམ་སྔོན་གྱི་ལས་དབང་གིས་ཕལ་ཆེར་སྔོ་ཐང་དང་བཤལ་མངས་པས་མེ་དྲོད་ཤི་ཚ་བ་མ་ཐོན་པར་དམུ་ཆུའམ་སྐྲན་དུ་འགྲིལ་ལམ་གཅོང་ནད་དུ་ལོག་པ་མང་ཞེས་འདིའི་ཤུགས་ལ་དཔགས་ན་བཅོས་ཀྱི་གནས་སྐབས་ཤེས་པར་བྱ་དགོས་པས་ཟུངས་བསྲུང་བ་དང་མེ་དྲོད་གསོ་བ་ལ་གཙོ་བོར་འབད་ཅིང་སྔོན་ལས་སྦྱང་བ་ལ་དགེ་རྩ་འགྲུབ་ཚད་བྱ་ཞིང༌། དེ་ལྟར་བྱས་ཀྱང་སྐྲན་དུ་ལོག་པ་ན་རྒྱ་ཚྭ་དང༌། རྒྱམ་ཚྭ་དང༌། ཤིང་ཚ་དང༌། མཛེ་ཚྭ་དང༌། བིག་པན་གྱི་ཐལ་བ། ཚ་བ་སྒ་པི་ཕོ་གསུམ། རུ་རྟ། ཨ་བྱག་དང༌། སྲོ་ལོ་དཀར་པོ། ཨ་རུ་ར་སོགས་ཆང་དང་སྦྱར་ལ་གསུམ་ཡར་ཞེས་དུས་གསུམ་དུ་བཏང་ལ་སྐྲན་བཤིག་ནས་སྐྲན་རོ་སྦྱང་བ་དང༌། ཡང་ན་འདི་སྐབས་སྨད་ཀྱི་འབྲས་བུ་ཨ་སྲ་འཇམ་གསུམ་དང༌། སེ་འབྲུ་དང༌། སྐྱུ་རུ་ར། ཤིང་ཚ། དབྱི་མོང༌། ཚ་བ་སྒ་པི་ཕོ་གསུམ། སྤང་རྩི་དོ་བོ་བུ་རམ་རྣམས་སྦྲང་དང་སྦྱར་ལ་བཏང༌། ཡང་ན་དམུ་ཆུར་ལོག་པ་ན་དང་པོ་མགོ་སྐྲངས་ཤིང་ལུས་ལ་སྐྲངས་པོ་མེད་པའི་དུས་རེ་རལ། རི་ཤོ། ཁྱིའི་ཀླད་པ་རྣམས་རའི་འོ་མ་དང་སྦྱར་ལ་ཁོང་དུ་བཏང་བ་དང༌། ཕྱི་ནས་བྱུག་པ་དང༌། གནྡྷ་པ་ཏྲ་དང༌། རྒྱ་རུ། ཙི་ཏྲ་ཀདོམ་མཁྲིས་རྣམས་འབྲས་ཀྱི་ཆུས་སྦྱངས་ལ་བཏང་བ་དང༌། མཚེའི་ཐལ་བ་དང་ར་མར་སྦྱར་བས་བྱུག་དགོས་སོ། །ཆུར་སྨིན་ནས་ཆུ་སྦྱོངས་ཀྱིས་སྦྱང་བྱས་ནས་སེ་འབྲུ། སྐྱུ་རུ་ར། མགྲོན་བུའི་ཐལ་བ། ཤིང་མངར་དང༌། རྒྱ་ཚྭ་དང༌། པི་པི་ལིང༌། ཤིང་ཚ། ཨ་རུ་ར་དང༌། སྦྲང་དང༌། ཉུང་མ་རྣམས་ལས་སྦྱར་བའི་རིལ་བུ་སྲན་མ་ཙམ་གསུམ་གསུམ་བཏང་བས་སྐེམ་ཞིང༌། གཞན་ཡང་གཉེན་པོ་གང་ལ་གང་འཚམ་གོང་གི་དམུ་སྐྲན་གསོ་བའི་སྐབས་ལྟར་དཔེར་ན་རང་ལ་མཁོ་བའི་དངོས་པོ་ལག་འཐོགས་ན་གཞན་ཡོད་པ་དེ་ལ་སྐྱི་འཕྲུལ་བྱེད་པ་ལྟར་འདིར་ཡང་གོང་མ་གཉིས་དང་འཕྲུལ་ཞིང་བཅོས་སོགས།

དེ་ལྟར་བཅོས་རྗེས་སུ་ཕྱིར་མི་ལྡོག་པའི་རྗེས་བཅད་ཀྱི་ཐབས་ལ་ཟས་དང་སྤྱོད་ལམ་གང་གནོད་པས་བསླང་ཞིང་སྨན་དཔྱད་གང་འོས་ཡང་ཡང་བསྐྱར་བ་དང༌། སྨན་དྲེད་ཁྱེར་ནས་ནད་ལ་མི་བརྐོ་ན་སྦྱོར་བ་དེ་བཞག་ནས་གཞན་སྤོ་བ་དང༌། གང་ཕན་གྱི་སྨན་དེ་སྐྱོར་ན་སྨན་རྟ་བསྒྱུར་བ་དང༌། གཞི་ནས་དུག་གི་ནད་ལུས་ལ་ལོ་དང་ཟླ་བར་འདྲེས་པའི་ཕྱིར་འདོན་དཀའ་བས་ན་སྨན་ཡང་ཡང་བསྐྱར་ལ་ཚ་བ་རྩད་ནས་འདོན་ཞིང༌། དེ་ཡང་ཚ་བ་ཞེན་ཆེ་བ་ལ་གོང་བཤད་གང་འོས་ཀྱིས་སྦྱང་བའི་རྗེས་རང་བྱུང་གི་ཆུ་ཚན་བྱ་བ་དང༌། འབྲིང་ལ་ཁྲི་ལུམས་ནི་བདུད་རྩི་ལྔའི་ལུམས་བསྐོལ་ལ་གོང་བཤད་ཀྱི་སྟེང་དུ་གོས་དྲོ་བར་བསྐོན་ལ་བཞག་པའི་འོག་ནས་ལུམས་བསྐོལ་བའི་རླངས་པས་ནད་པར་བདུག་ཅིང་ཁོང་དུ་ག་བུར་ཉེར་ལྔ་གཏོང་བ་སོགས་བྱ་ཞིང་ཐ་མ་རྔུལ་དུ་དབྱུང༌། ཟས་དང་སྤྱོད་ལམ་གནོད་པས་ཀྱང་མི་ལྡང་ན་རྩད་ནས་ཐོན་པ་ཡིན་པས་ཨ་རུ་གསེར་མདོགབོང་ང་དཀར་པོ། དོམ་མཁྲིས། བྲག་ཞུན་བཅས་བཞི་པོ་ཆུ་བསིངས་བྱས་པ་ཟླ་བ་ཕྱེད་བསྟེན་པས་ནད་ལྷག་ལྡོག་མི་སྲིད་དོ། །དེ་རྗེས་གཙོ་བོ་རྣམ་པར་དང༌། རེ་རལ། སྤང་རྩི། འོམ་བུ། ཧོང་ལེན། ཏིག་ཏ་དྲུག་དང༌། དམར་པོ་ཚོས་བཙོད་འབྲི་མོག་གསུམ། འབྲས་བུ་ཨ་བར་སྐྱུར་གསུམ་དང༌། སེ་རུལ་གོང་བཤད་བཅས་ཀྱི་སྨན་མར་ལ་བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག་དང༌། མངར་ཀ་ར་སྦྲང་བུར་གསུམ་སྦྱར་ལ་བཏང་བར་བྱས་ན་དེས་ལུས་ཟུངས་བརྟས་ཤིང་ནད་ཕྱིར་མི་ལྡོག་པར་བྱེད་དོ། །ཡང་ན་སྤང་རྒྱན་དཀར་པོ། འོམ་བུ། ཙན་དན་དམར་པོ། སོ་ཐོག་ཅེས་ལྕགས་སྐྱགརེ་རལ་རྣམས་ཀྱི་སྨན་མར་ལ་བུད་མེད་གྲོང་ཆོས་ཀྱིས་མ་གོས་པའི་མངལ་ཁྲག་ཕག་ཚིལ་ར་ལུག་གི་རིལ་མ་སྦྲང་རྣམས་སྦྱར་བ་བཏང་ཞིང༌། ཉ་དང༌། ཕག་པ་དང༌། བཤུལ་ཆགས་ཀྱི་ཤ་རིགས་དང༌། རུས་སྐྱུར་སོགས་དང་པོ་སྦྱོར་རྟ་གང་བྱས་ཀྱི་རྟ་དང༌། སྤྱོད་ལམ་རྟ་རྒྱུགཆགས་སྤྱོད་སོགས་ལོ་གཅིག་གི་དུས་ཀྱི་བར་དུ་བསྲུང་དགོས་ཏེ། གང་ཞེ་ན་དེས་རྐྱེན་དབང་དུ་མི་འགྲོ་བར་ཚེ་སྲོག་མཐའ་རུ་ཕྱིན་པར་ངེས་ཤིང་འདོད་དོན་ཐོབ་པར་བྱེད་དོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྦྱར་བའི་དུག་བཅོས་པའི་ལེའུ་སྟེ་བརྒྱད་ཅུ་རྩ་བདུན་པའོ།། །།




 

མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 5:03 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།