སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གྱ་བདུན་པ། སྦྱར་བའི་དུག་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 09.02.2011
མན་ངག་རྒྱུད། >> ལེའུ་གྱ་བདུན་པ། སྦྱར་བའི་དུག་བཅོས་པ།



ལེའུ་གྱ་བདུན་པ། སྦྱར་བའི་དུག་བཅོས་པ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །ཕྱི་ཡི་རྐྱེན་ལས་ནད་དུ་གྱུར་པ་ཡི། །དུག་ནད་གསོ་བའི་སྐབས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས།  སྟོན་པས་གསུངས་པ།  ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག དུག་ལ་སྦྱར་བའི་དུག་དང་གྱུར་པའི་དུག །རང་བཞིན་དུག་དང་རྣམ་པ་གསུམ་དུ་བཤད།།

དེ་ལ་དང་པོ་སྦྱར་དུག་ཅེས་བྱ་བ། །ལྔ་བརྒྱ་དུས་ཀྱི་ཐ་མར་གྱུར་ཙ་ན། །དུས་ངན་དབང་གིས་སྦྱོར་ངན་སྣ་ཚོགས་བྱེད།  །དེ་དུས་མུ་སྟེགས་བསམ་ངན་སྦྱོར་བ་དར།   །རྐང་གཉིས་སྲོག་ལ་དུག་གི་ཆན་པས་འདེབས།  །དེ་ལ་རིགས་དང་འཇུག་ཚུལ་ངོས་བཟུང་དང༌། །བཅོས་ཐབས་ལོག་གནོན་ཕྱི་རྗེས་བཅད་པ་དྲུག།

དང་པོ་དུག་རིགས་བསྐུར་བའི་རྟ་ཡིས་དབྱེ། །མཐོང་བ་ཉི་མའི་ཟེར་ལ་བསྐུར་བ་དང༌།  །དུ་བ་རླུང་གི་རྫི་ལ་བསྐུར་བ་དང༌། །འགོམས་པ་ས་ཡི་རླངས་ལ་བསྐུར་བ་དང༌། །རེག་པ་སྣུམ་གྱི་རྟ་ལ་བསྐུར་བ་དང༌། །ཁོང་པར་ཟས་ལ་བསྐུར་བ་རྣམ་ལྔའོ། །དེ་ལ་དབྱེ་བ་ཡུལ་དང་རྫས་སྦྱོར་དང༌། །ནད་ཀྱི་རིགས་དང་ལྡང་བའི་དུས་ཀྱིས་དབྱེ། །ཡུལ་ནི་རྒྱ་གར་རྒྱ་ནག་དོལ་པོ་མོན། །མཚོན་ཆ་གསལ་ཤིང་ཧོས་དང་རྩི་དང་བཞི། །རེ་རེ་ལ་ཡང་སྟོང་དང་རྩ་བཞིར་སྦྱོར། །རྫས་སྦྱོར་རིན་ཆེན་རྡོ་དང་ཤ་སྦྱོར་དང༌། །རྩི་སྦྱོར་དངོས་དང་སྔོ་ལས་སྦྱར་བ་དྲུག  །རིན་པོ་ཆེ་ལ་གསེར་ཟངས་འཁར་བ་དང༌། །ལྕགས་དང་དངུལ་ཆུ་ཞ་ཉེ་ལས་སྦྱོར་ཏེ། །ཁྱད་པར་ཞ་ཉེ་དངུལ་ལ་སྦྱར་བ་མང༌། །རྡོ་ནི་སྦལ་རྒྱབ་ཏི་ཙ་ཅོང་ཞི་མཚལ། །མུ་ཟི་ཕ་ཝཾ་ལོང་བུ་རྣམས་ལ་སྦྱོར། །ཤ་སྦྱོར་ཤ་ཁྲག་མཁྲིས་པ་སྤུ་རུས་ལྔ། །ཤ་ནི་ཚེ་ཚེ་ར་དང་མཁའ་ལྡིང་བྱ། །ཁྱི་དང་སྲེ་མོང་བྱང་པ་ཉ་སྦལ་སྡོམ། །སྡིག་པ་རྩངས་པ་ལ་སོགས་སྣ་ཚོགས་སྦྱོར།   །ཁྱད་པར་ར་ཁྱི་བྱ་དང་བྱང་པ་མང༌། །རྩི་སྦྱོར་དུག་རིགས་ཀུན་གྱི་བཅུད་བསྡུས་ཡིན། །དངོས་ལ་སྦྱོར་བ་བོང་ང་ནག་པོ་དང༌། །བཙན་དུག་ར་དུག་གསུམ་ལ་སྦྱར་བའོ། །སྔོ་ལ་སྦྱར་བ་ཐང་ཕྲོམ་འོལ་མོ་སེ། །ཞོ་ཤ་གཟེ་མ་དུར་བྱིད་ཐར་ནུ་སོགས། །སྣ་ཚོགས་ཀུན་ལ་སྦྱོར་བ་བྱེད་ན་ཡང༌། །གཙོ་བོར་ཐང་ཕྲོམ་པ་ལ་སྦྱར་བ་མང༌། །དེ་ལ་ལྡན་འདུས་དུ་མར་འགྱུར་བ་ཡིན། །མང་པོར་ཕྱེ་བས་རྟོགས་པ་ཤིན་ཏུ་དཀའ། །གཉེན་པོ་ལོག་ན་སླར་ཉིད་གནོད་པར་འགྱུར། །མདོར་བསྡུས་ཚ་སྦྱོར་གྲང་སྦྱོར་གཉིས་སུ་འདུས། །རིན་ཆེན་རྡོ་ལ་སྦྱོར་བ་གྲང་བ་སྟེ། །ཤ་རྩི་སྔོ་སྦྱོར་ཧ་ལས་གཙོ་བྱས་ལ། །གྲང་བར་མི་སྲིད་ཚ་སྦྱོར་དུག་ཏུ་འགྱུར། །འདྲེས་པའི་སྦྱོར་བ་ཚ་གྲང་འཐབ་པར་བྱེད། །ནད་རིགས་མཛེ་དུག་སྨྱོ་དུག་གྲི་རྒོད་དུག །ཁ་རྨ་རྒྱུ་སྐམས་ཟ་རེམ་ལྟག་དགྱེ་དང༌། །རྒྱ་ནད་རེངས་འཁུམས་སྲིན་བུ་སྣ་ཟན་དང་། །སྨུག་པོ་འཇུ་སྐེམས་མཁྲིས་ནད་མིག་སེར་དང༌། །རིམས་ནད་རྩ་བྱེར་ནག་པོ་ཐོག་རྡེག་དང༌། །འཁྱམ་པོ་གཟའ་ནད་གཟེར་ནད་ཆུ་འགགས་སོགས། །ངོ་མཚར་ན་ལུགས་དུ་མ་འབྱུང་བ་ཡོད། །ལྡང་དུས་ལོ་ཟླ་ཞག་གིས་བྱེད་པའི་ཕྱིར། །ཞག་དུག་ཟླ་དུག་ལོ་དུག་གསུམ་དུ་འགྱུར།།

འཇུག་ཚུལ་ཟེར་ལ་བསྐུར་བ་མདངས་ལ་འཇུག །རྫི་ལ་བསྐུར་བ་རྩ་སྒོ་སྣ་ནས་འཇུག །རླངས་ལ་བསྐུར་བ་སྣ་སྒོ་བ་སྤུ་གཉིས། །སྣུམ་ལ་བསྐུར་བ་བ་སྤུའི་སྒོ་ནས་འཇུག །ཟས་ལ་བསྐུར་བ་སོ་ལམ་ཁ་ནས་འཇུག །དེ་ཉིད་དང་པོ་ཕོ་བའི་ནང་དུ་འབབ། །དུག་དེ་དྭངས་མ་ལ་ཞོན་ནད་བཅས་ཕྱིར། །སྒྲེག་སྐྱུག་ཟས་ལ་འཁྲེན་པས་མ་ཞུའི་ཚུལ། །དྭངས་མ་མཆིན་པའི་གནས་སུ་ཁྲག་གྱུར་པས། །མཆིན་པ་རོ་སྟོད་ན་གཟེར་རྩ་རྣམས་འཁྱུག །ཁྲག་ལས་ཤར་གྱུར་སྔོ་སྐམས་ཀོ་ལེར་ན། །ཤ་ལས་ཚིལ་གྱུར་ཤེད་མེད་གཉིད་མི་སྙོམས། །ཚིལ་ལས་རུས་པར་གྱུར་པས་སོ་སེན་ན། །ཚིགས་གཞི་རུས་པ་ཁོལ་བུར་ན་བ་ཡིན། །རུས་ལས་ཀླད་གཞུང་རྐང་དུ་འགྱུར་བའི་ཕྱིར། །མགོ་འཁོར་ཉི་མ་མི་བཟོད་རྐང་རྣམས་འཁྱུག །སྒལ་ཚིགས་ཁ་བྱེ་བཙིར་ན་ཕན་སྙམ་བྱེད། །ཀླད་གཞུང་ས་བོན་དཀར་དམར་གཉིས་སུ་སྨིན། །སྐྱེས་པའི་བཅུད་འཛག་ཆགས་པ་འཆོར་བ་དང༌། །བུད་མེད་ཟླ་མཚན་འབྱམ་མམ་འཁྱིལ་བར་བྱེད། །ས་བོན་དྭངས་མ་མདངས་གྱུར་སྙིང་ལ་གནས། །མདངས་འཕྲོག་བརྗེད་ངས་མྱོས་དང་སྙིང་མི་དགའ། །མདོར་ན་དྭངས་མའི་རྟ་ལ་དུག་ཞོན་པས། །ལུས་ཟུངས་བདུན་དང་དྲི་མ་ཀུན་ལ་ཁྱབ། །གནས་ཀྱིས་བསྒྱུར་བ་ནད་རྟགས་ཅིར་ཡང་སྟོན། །རླུང་མཁྲིས་བད་ཀན་འདུ་བ་འཁྲུག་པར་བྱེད། །དེ་ཕྱིར་དང་པོ་བར་དང་ཐ་མའི་དུས། །ངོས་བཟུང་བཅོས་དང་རྗེས་གཅོད་ཤིན་ཏུ་དཀའ། །སྦྱོར་བའི་རིགས་དང་ལུས་ཀྱི་ནད་ཁམས་དང༌། །ཁ་ཟས་རྟ་ཡིས་བསྒྱུར་བས་དོན་ལ་འབབ། །སྣོད་ལྷུང་རུས་ཞེན་རྩ་རུ་རྒྱུག་པ་དང༌། །ཤ་ལྤགས་ལ་སོགས་མ་ངེས་གར་ཡང་འབབ།།

བརྟག་པའི་ཐབས་ལ་རྣམ་པ་གསུམ་ཡིན་ཏེ། །སྤྱི་རྟགས་འཁྲུལ་མེད་མི་འགྱུར་ངོས་བཟུང་དང༌། །ནད་རིགས་བབས་ས་སོ་སོའི་བརྟག་པ་དང༌། །མི་འཚོ་འཆི་ལྟས་བརྟགས་ལ་སྤང་བ་གསུམ། །དང་པོ་ངོས་བཟུང་ཕྱི་ནང་གསང་བ་གསུམ། །ཕྱི་རྟགས་འདུ་བ་གཞན་དང་རྒྱབ་ཤ་བཅད། །ནང་རྟགས་རྩ་ཆུ་ན་ལུགས་སློང་རྐྱེན་གྱིས། །ནད་ཀྱིས་ངོས་བཟུང་གསང་བས་ངེས་པ་བསྐྱེད། །དང་པོ་ནམ་ལངས་མ་ལབས་ཟས་མ་ཟོས། །མཆིལ་མ་མ་དཀྲོགས་རང་ལུགས་ཆུ་གཙང་བླུག །ཁར་ལྡིང་དུག་མེད་ཞབས་སུ་སོང་ན་ཡོད། །རྒྱ་རུ་ལ་བྱུགས་སྟེང་བཏབ་ཁོལ་ན་ཡིན། །དཀར་གོང་མེས་བསྲེགས་སྟེང་དུ་མཆིལ་མ་བླུག །བཅག་པས་ནས་རེ་ནག་པོར་སོང་ན་ཡིན། །བ་མེན་རྭ་ནང་དྲི་ཆུ་ཆང་བསྲེས་བླུག །བྱི་ཐུར་དཀྲུགས་པས་འཇའ་ཚོན་འདྲ་ན་ཡིན། །ཡང་ན་བ་མེན་རྭ་ནང་དྲི་ཆུ་བླུག །རི་བོང་སྨ་རས་དཀྲུགས་པས་ཚིག་ན་ཡིན། །ནད་པའི་དྲི་ཆུར་མུར་གོང་སྐྲ་བཅུག་སྟེ། །ཞག་ལོན་ནང་པར་སྐམ་ཀྱོག་ཚིག་འདྲ་ཡིན། །དྲི་ཆུར་བྱ་ཡི་ཟེ་བའི་ཁྲག་བླུག་ལ། །བོང་ང་བཏབ་པས་རྣག་ལྟར་སོང་ན་ཡིན། །ར་མེད་དངུལ་ལེབ་སོ་ནང་རྟོད་ལ་བཞག །ནང་པར་མདོག་ཉམས་ཕྱི་བ་དཀའ་ན་ཡིན། །ཆང་ཁྱོར་གང་དང་ཧུ་ལུ་ཀ་སྦྱར་བ། །སྲོད་ལ་འཐུངས་ལ་མི་སྨྲ་ནང་པར་བལྟ། །ལྕེ་རྙིལ་རྐན་ལ་འཇའ་ཚོན་སྣང་ན་ཡིན།  །རྨ་བྱའི་མདོངས་གཅིག་མར་གྲིལ་ཁྱུར་མིད་བྱ། །ནང་པར་ཆུས་བཀྲུས་མདོག་མ་ཉམས་ན་ཡིན། །དེ་ལྟར་ཕྱི་ནས་བརྟག་ཐབས་ཀུན་ཚང་ན། །ཡིན་པར་ངེས་ཏེ་མེད་ཀྱང་ངེས་མེད་ཕྱིར། །ནང་གི་རྟགས་ཀྱིས་ནད་ཀྱི་ངོས་བཟུང་བ། །རྩ་རྒྱུད་མ་ངེས་ཇི་ལྟར་འདུག་གྱུར་ཀྱང༌།  །འགྱུར་ལྡོག་མང་ལ་གདོན་རྩ་འདྲ་ན་ཡིན། །ཆུ་མདོག་མ་ངེས་ཇི་ལྟར་འདུག་ན་ཡང༌། །འཁར་སྣོད་ཁ་སྦྱར་ས་འོག་རླངས་བསུབས་པས། །ས་རྡོ་རིན་ཆེན་སྔོ་ཡི་ཕྱེ་མ་འམ། །སྦལ་སྒོང་འདྲ་དང་ནག་རྙིངས་འཇའ་ཚོན་འོད། །ཡང་ན་དྭངས་སངས་དུག་ཏུ་ངེས་པ་སྟེ། །ཟངས་ལ་བྱུགས་ན་ནག་པོར་འགྲོ་ན་ཡིན། །ན་ལུགས་ཁོང་དུ་སོང་བའི་ཟླ་གཅིག་ནས། །གློ་ཆམ་མོད་ཅིང་ཤེད་ཆུང་ཁམས་མི་བདེ། །ཟླ་བ་གཉིས་ནས་ཡང་ཡང་ལྡང་དུབ་བྱེད། །གསུམ་ནས་གང་དུ་བབས་པའི་གནས་དེར་ན། །བཞི་ནས་ཟས་སྤྱོད་མི་འཕྲོད་རྐྱེན་གྱིས་སློང༌། །དེ་ཡང་སྦྱོར་བ་ནད་ཁམས་ཟས་ཀྱི་རྟ། །བབས་སའི་དབང་གིས་རྟགས་ལ་ངེས་པ་མེད། །འོན་ཀྱང་ཕལ་ཆེ་བ་ལ་འདི་རྣམས་འབྱུང༌། །ཟས་ལ་བྲོ་མེད་སྒྱིད་སྐྱུར་ཚིག་པ་ཟ། །ལུས་ལྕི་སྟོབས་འཆོར་ཤ་སྐམ་ཁ་དོག་སྔོ། །ལྕེ་འགས་བ་སྤུ་བརྩེ་ལ་སེན་རྩ་སྦྲིད། །མགོ་འཁོར་ཤེས་པ་ཟི་ལ་གོམ་པ་འཁྱོར། །མགོ་དང་ཕོ་མཆིན་ཁ་འཁོར་རོ་རྒྱབ་ན། །ཤ་སྣ་འགུལ་འཕྲིག་ཉྭ་གཞི་རྐང་རྣམས་ན། །མེ་ཉི་བསིལ་གྲིབ་སྙེག་ཅིང་འདུག་མི་ཚུགས། །རྔུལ་དང་ཚད་པ་གཉིད་ལ་འཕེལ་འགྲིབ་བྱེད། །མིག་འགྲིབ་ཁ་མངལ་གཡལ་དང་སྦྲིད་པ་མང༌། །སྐབས་སུ་འཁྲུ་སྐྱུག་དྲི་ཆུ་སྲི་བ་དང༌། །གསང་གནས་མི་ལྡང་སྐབས་སུ་སྙིང་མི་དགའ། །སྟོད་སྨད་ཡན་ལག་ཁོལ་བུར་ན་ཞིང་འཕོ། །ཟླ་མཚན་མི་རྒྱུ་ལྕེ་ཡི་བད་ཀུན་དག །མིག་འབྲས་སོ་དང་རྣ་བ་མགོ་བོ་གཟེར། །མཇིང་པ་རེངས་དང་གྲེ་བ་འཛེར་བ་སོགས། །ངེས་མེད་སྣ་ཚོགས་དུ་མའི་རྟགས་འབྱུང་སྟེ། །ཁ་སོ་རུས་པ་ན་བས་རླུང་དང་འདྲ། །མིག་སེར་ཚ་བ་སྐྱེ་བས་མཁྲིས་པ་འདྲ།  །འཇུ་དཀའ་སྒྲེག་སྐྱུག་འཚིངས་པས་བད་ཀན་འདྲ། །རྩ་འཁྱུག་རོ་སྟོད་གཟེར་བས་ཁྲག་ནད་འདྲ། །ཟ་འཕྲུག་སྦྲིད་ལ་བེམ་པས་ཆུ་སེར་འདྲ། །གྲང་ཤུམ་ཚིགས་གཞི་ན་བས་རིམས་དང་འདྲ། །ཁྲག་སྐྱུག་ཕོ་མཆིན་ན་བས་སྨུག་པོ་འདྲ། །སྟོབས་ཆུང་ཤ་ལྤགས་སྐམ་པས་ས་བདག་འདྲ། །དེ་དག་སྦྱོར་ངན་ཟས་ཀྱི་ན་ལུགས་ཡིན། །ཁྱད་པར་རྩ་དང་ཆུ་གཉིས་རྟག་མི་ཐུབ།  །སྣ་ཚོགས་ནད་སྣ་མང་ཞིང་འགྱུར་ལྡོག་ཆེ། །ཟོས་ཀྱང་མི་ཕན་ཤ་འབྲོས་ལུས་སྟོབས་འཆོར།  །ཕོ་མཆིན་མི་བདེ་ཆམ་འདེབས་སྙིང་མི་དགའ། །དོན་མེད་ན་ཞིང་བྱས་མེད་དར་རེ་འདྲག །དེ་བདུན་ལྡན་ན་ངེས་པར་གདོན་མི་ཟ། །ཕན་གནོད་བསྟེན་པ་ཉལ་པོ་རྟ་བང་དང༌། །ཉ་ཕག་ཤ་རུལ་དང་པོ་སྦྱར་བའི་རྟ། །གཏར་ཁྲག་ཚ་བས་ལྡང་ན་ནང་རྟགས་ཡིན། །ནང་རྟགས་དེ་རྣམས་ཚང་ན་མི་འགྱུར་ཏེ། །རྟགས་མེད་ངོས་མ་ཟིན་ན་གསང་བར་བརྟག །ཆུ་ཆུང་བ་ཡི་ཚ་བར་ཉ་ཕག་ཤ །བཏབ་པའི་ཚོད་མས་ལྡང་ན་ངེས་པར་ཡིན། །རཀྵ་ཆུར་བསྡུས་སྲོད་ལ་ཁྱོར་གང་བཏང༌། །ཁམས་འཁྲུགས་ལུས་ལྕི་ཕྲུམ་སེར་ཁྱེར་ན་ཡིན། །རེ་རལ་བ་འོར་བཏབ་བཏང་སྐྱུག་ན་ཡིན། །རྣམ་ཡུག་ཙན་དན་དཀར་པོ་སྐྱེར་ཤུན་ཕྱེ། །སྤྱི་ཞུར་ཁུས་འཕུལ་འཁྲུ་སྐྱུག་གཟེར་ན་ཡིན། །ཨ་རུ་སྤང་རྒྱན་སེ་སྐྱེར་བར་ཤུན་ཐང༌། །བཏང་བས་ཚིགས་གཞི་པྲན་རྩེ་ན་ན་ཡིན། །ཤུག་འབྲུ་ཤིང་ཀུན་གླ་རྩི་འབྲས་བུ་གསུམ། །བ་ཆུར་བསྐོལ་བཏང་གར་བབས་ཟུག་ལྡང་ཡིན། །སེ་རྒོད་འོམ་བུའི་ཐང་བཏང་ཆུར་བཙོས་པས། །འདྲིལ་ན་དུག་ནད་ཡིན་པའི་ངེས་ཤེས་བསྐྱེད། །ཀུན་གྱིས་མ་རྟོགས་སྡུད་སྨན་བཏང་བས་གསལ། །བྱེ་བྲག་བརྟག་པ་འཇུག་སྒོ་རྫས་རིགས་དང༌། །ནད་རིགས་ལྡང་དུས་བབས་སའི་སྒོ་ནས་བརྟག །དང་པོ་འཇུག་སྒོ་རིགས་ཀྱིས་བརྟག་པ་ནི། །ཉི་ཟེར་དུ་བ་རླངས་ལས་བྱུང་བའི་དུག །དང་པོར་མཚུལ་པ་ཚ་ཞིང་མགོ་བོ་ན། །ལུས་སྤྱིར་སྙོམ་ལ་སྒྱིད་སྐྱུར་ཚིག་པ་ཟ། །ཚིགས་གཞི་བྱིན་ཉྭ་ན་ཞིང་ཕྲུམ་སེར་ཁྱེར། །ཚབས་ཆེ་གཡོ་སྐམ་ཞ་འཁུམས་གཟའ་ཕོག་འདྲ། །རེག་པ་དང་པོ་པགས་པ་ཚ་སྦྲིད་ཟ། །ཕྲུགས་རྗེས་འབྲུམ་ཐོར་ཤུ་བ་སྐྲངས་འབུར་འོང༌། །དེ་ནས་ཁ་ཅིག་རྩ་ལ་བྱེར་བར་འགྱུར། །ཁ་ཅིག་ལྷོག་པ་ཁ་ཅིག་འབྲས་སུ་འགྲོ། །ཐ་མ་ཤ་རུལ་རྩ་ཆད་རུས་པ་ཟ། །རྫས་རིགས་སྦྱོར་བའི་སྒོ་ནས་བརྟག་པ་ནི། །དབྱིག་དུག་ཤེད་ཆུང་ཤ་སྐེམས་ཇེ་སྔོར་འགྲོ། །ན་ཚ་མི་ཆེ་ཕོ་བར་ཟུག་ཅིང་གྲང༌། །ཁ་ལ་གཡའ་བྲོ་མཚན་མ་ལྡང་མི་འགྱུར། །མིག་སེར་སྦོ་སྒྲེག་ཞོ་ཟོས་ཁྲག་ཏུ་འབྱང༌། །རྡོ་སྦྱོར་ཕོ་བ་སྲ་ལྕི་ཡན་ལག་ཕྲ། །གདོང་སྦོ་ཚ་ཚུལ་སྟོན་ལ་གྲང་བར་ལྡོག །མཆིན་མཁྲིས་ཕོ་མཆེར་སྟེང་དུ་སྐྲན་དུ་འདྲིལ། །ཤ་སྦྱོར་ཕོ་མཆིན་མི་བདེ་མིག་སྤྲིན་དམར། །མིག་འགྲིབ་མིད་པ་ལྟེབ་ལ་གྲེ་བ་འཛེར། །ཁྲག་ཏུ་ཁྲུ་འམ་ལུད་པ་ཁྲག་ཏུ་ལུ། །མགོ་དང་སྐེ་མཇིང་ཕྱི་ཤ་ནང་ཁྲོལ་སོགས། །གང་བཏང་དེར་འབབ་ཁོལ་བུར་ན་བར་བྱེད། །སྤུ་སྦྱོར་རྒྱུ་ཞབས་སྲིན་བཞིན་འཁྱུག་ཅིང་ན། །རྒྱུ་ཁྲག་འདྲེས་ཤིང་ནང་རྩ་གཟེར་བ་ཡིན། །རྩི་སྦྱོར་གཞོགས་ཕྱེད་ན་ཞིང་ངོས་ཤ་སྐམ། །མགོ་རྐང་ཚིགས་གཞི་ན་ཞིང་ཕྲུམ་སེར་ཁྱེར། །ཚ་བ་སྐྱེ་ཞིང་མིག་འགྲིབ་མཆིན་དྲི་འཁོར། །དངོས་ལས་སྦྱར་བ་ལྕེ་དང་སེན་རྩ་སྦྲིད། །མིག་འགྲིབ་སོ་ནག་ལྕེ་མཆུ་འགས་པ་ཡིན། །སྔོ་སྦྱོར་རུ་ཤིང་ན་ཞིང་ཆུ་བ་རེངས༌།  །ལུས་གྲང་སྙིང་འདར་སེམས་འཕྱོ་འགྲོ་ན་འབུབ། །རང་གིས་ཚོར་བས་ཁ་མཆུ་སྐྲངས་སྙམ་བྱེད། །མདོར་བསྡུས་ཚ་གྲང་སྦྱོར་བ་རྣམ་པ་གཉིས། །ཚ་སྦྱོར་རྩ་གྲིམས་ཆུ་སྨུག་ཀུ་ཡ་མཐུག  །རུས་ཚིགས་ཉྭ་གཞི་མགོ་ན་གྲང་ཤུམ་བྱེད། །རོ་སྟོད་ཕོ་མཆིན་གཟེར་ཞིང་ཁ་ལྕེ་སྐམ། །མཆུ་འགས་སོ་ནག་ཁོང་པ་ཚ་འཁྲུག་བྱེད། །ཤེས་པ་ཟི་ལ་རྨི་ལམ་མང་བ་སྟེ། །གཙོ་བོར་མཆིན་མཁྲིས་གཉིས་ལ་འབབ་པ་ཡིན། །གྲང་སྦྱོར་སྦོ་སྒྲེག་ཁ་ཟས་མི་འཇུ་འཁྲེན། །རྩ་དལ་ཆུ་སྔོ་ལྕེ་སྐྱ་གདོང་པ་གཡོ། །མཇུག་ཏུ་སྐྲན་དུ་འདྲིལ་ལམ་ཆུ་རུ་ལྡོག །གཙོ་བོར་མ་ཞུ་ཕོ་བར་འབབ་པ་ཡིན། །སྦྱོར་བ་འདྲེས་པ་ཕོ་མཆིན་གཉིས་ཀར་འབབ། །གྲང་ཡང་ཚ་ཚུལ་ཚ་ཡང་གྲང་ཚུལ་སྟོན། །ན་ལུགས་སྒོ་ནས་བརྟག་པ་མཛེ་དུག་ནི། །མཛེ་ཁྲག་བསེ་ཞོས་ཕལ་ཆེར་གཙོ་བྱས་པས། །འགུལ་འཕྲིག་ཟ་བེར་རྩ་འཁྱུག་རུས་རྐང་ན། །གྲེ་བ་མི་བདེ་ཤ་སྦོ་ཐོར་ཤུ་འོང༌།  །རུས་ལ་བབས་པ་ཕོ་མཛེ་སྐམས་ནས་འཆི། །ཤ་དང་རྩར་བབས་མོ་མཛེ་རུལ་ནས་འཆི། །སྨྱོ་དུག་ཕལ་ཆེར་གོང་མོའི་ཁྲག་དང་ནི། །ཐང་ཕྲོམ་པ་ཡིས་སྦྱོར་བའི་གཙོ་བྱས་མང༌། །སྟོད་རྒྱངས་ཤེས་པ་འཕྱོ་ཞིང་ཤུ་ཡིས་འདེབས། །འདར་ཞིང་ཁྲོ་བརྡེག་ཁ་ནས་སྣ་ཚོགས་འདོན།  །ཡང་ན་སོ་འཆའ་འགྱེལ་ཞིང་དྲན་མེད་འབོག །གྲི་དུག་ཚ་སིངས་ལྦུ་བ་རྒྱ་ཤོའི་འབྲུ། །འདྲེ་འདར་ཀླད་པ་གྲི་ཁྲག་སོགས་ལ་སྦྱོར། །རྟ་གྲི་ཆུ་གྲི་རྦབ་གྲི་གཡང་གྲི་དང༌། །ལྕེབ་གྲི་སོགས་ཀྱིས་འཆི་བར་བྱེད་པ་སྟེ། །སྐབས་སུ་མགོ་འཁོར་ལྡང་ཞིང་སྙིང་མི་དགའ། །འཁྱགས་ན་སྟོད་སྒང་དྲན་པ་བག་རེ་ཉམས། །གཡའ་ཟ་རྩ་སྦྲིད་འགྲོ་སྙིང་འདོད་པ་འབྱུང་། །ཏིག་ཏའི་ཐང་བཏང་ཉི་མ་ལ་ཉལ་བས། །མིག་ལ་འོད་འཕྲོ་དྲི་ཆུ་ཁྲག་ཏུ་འབྱུང་། །ཁ་རྨ་རྒྱུ་སྐམས་རིན་པོ་ཆེ་ལ་སྦྱར། །ཁ་ལ་རྨ་འབྱུང་ཟས་སྐོམ་ཟ་མི་ཤེས། །རྒྱུ་མ་སྐམས་ན་ཟུག་ཆེ་དྲི་མ་འགག །ཟ་རེམ་ལྟག་དགྱེ་ལྟོ་ཆེ་མཇིང་པ་རེངས། །རྒྱ་ནད་རེངས་འཁུམས་ཁྲག་ཏུ་བཤལ་བ་ལ། །ལག་རྐང་རེངས་འཁུམས་མི་ཡིས་བརྐྱང་བསྐུམ་དགོས། །སྲིན་བུ་སྣ་ཟན་རྟག་ཏུ་སྲིན་ནད་ལྡང༌།  །སྨུག་པོ་འཇུ་སྐེམས་རྣམས་ནི་འདུས་པའི་ནད། །ཕོ་མཆིན་མི་བདེ་ཁྲག་འཁྲུ་སྣ་ཁྲག་འཛག །ཤ་སྐམས་ཤེད་མེད་མཆིན་པ་རུལ་ནས་འཆི། །མཁྲིས་པ་མིག་སེར་གི་ཝཾ་ག་བུར་སྦྱར། །མཁྲིས་ཡུལ་རྒྱས་ནས་མིག་སྤྲིན་ཤ་མདངས་སེར། །རིམས་ནད་རྩ་བྱེར་རིམས་ཀྱི་ན་ལུགས་འདྲ། །ནག་པོ་ཐོག་རྡེག་དུག་སྦྲུལ་མགོ་ལ་སྦྱར། །མིག་སྦྲིད་ཀླད་དཀྱིལ་གཟེར་ལྡང་གསུས་པ་སྦོ། །འཁྱམ་པོ་གཟའ་ནད་འཕྲལ་དུ་རེངས་ཀྱིན་འགྱེལ། །རྐང་ལག་བཤལ་སྦྲིད་མིག་འབོར་ཤ་སྐམ་འཆི།  །གཟེར་ནད་ཆུ་འགགས་བྱང་པ་ལ་སྦྱར་བས། །རྩ་མིག་རྒྱུ་ཞབས་གཟེར་ལ་དྲི་ཆུ་འགག །གཞུག་ལ་རྩར་བྱེར་ཁྲག་སྐྱུག་སྣ་ཁྲག་འཛག །དེ་ལ་སོགས་ཏེ་སྦྱོར་བ་སྣ་ཚོགས་ལས། །ནད་རིགས་སྣ་ཚོགས་དུ་མ་འབྱུང་བར་འགྱུར། །ལྡང་དུས་སྒོ་ནས་བརྟག་པ་ཞག་གི་དུག །སྦྱོར་བ་མ་སྨིན་རྣོ་འམ་རྐྱེན་ཕྲད་པས། །གློ་བུར་ལངས་ཏེ་མ་ཞུ་ལྟ་བུ་འམ། །སྨུག་པོའམ་རིམས་ལྟར་ན་བ་ཕལ་ཆེ་སྟེ། །འཕྲལ་དུ་མིག་ལོང་ལྕེ་མཆུ་འགས་པ་དང༌། །རེངས་སམ་འགྱེལ་ཞིང་དྲན་པ་ཉམས་ཀྱང་སྲིད། །ཟླ་དུག་ཤ་སྐམས་སེན་མོའི་བཀྲག་མེད་ངལ། །མཆུ་སྐམ་སོ་ནག་མིག་འགྲིབ་རྣ་བ་འུར། །ཁོང་སྦོ་ཚིགས་གཞི་སྨུག་པོའི་ཐིག་ལེ་འོང༌། །ཞོ་འཐུངས་སྦོ་ཞིང་ཆང་འཐུངས་ཟ་ཟི་མང༌། །ལོ་དུག་ཤ་སྐམས་མཆིན་པ་འཕྱོངས་ནས་ན། །སྤྲོ་ཐུང་ངུ་སྙིང་འདོད་ཅིང་རྣ་བ་འུར། །མཁལ་མ་གྲང་ཞིང་ལྟོ་ཆེ་བག་རེ་རྔུལ། །སྲིན་བུ་ལྡོག་ཅིང་ཆང་འཐུངས་ལུས་ཉམ་ཆུང༌། །སོ་ན་རྩིབ་ལོགས་འཕོ་ཞིང་ལྟག་པ་དགྱེ། །གཉིད་མེད་ཕོ་བ་གཟེར་དང་ཟ་འཕྲུག་བྱེད། །བབས་ས་གནས་ཀྱི་སྒོ་ནས་བརྟག་པ་ནི། །སྙིང་ལ་བབས་ན་ལྕེ་ལྡིབ་ཤེས་པ་འཕྱོ། །རྔུལ་ཆེ་སྦྲིད་པ་མང་ལ་ཤུགས་རིང་བྱེད། །གློ་བབས་སྣ་འགགས་གཡལ་ལ་སྦྲིད་པ་འབྱུང༌། །གློ་མང་གྲེ་བ་འཛེར་ལ་སྐྱིགས་བུ་མང༌། །མཆིན་པར་བབས་ན་མིག་ཞུ་མཆིན་དྲི་གཟེར། །མཁྲིས་སྐྱུག་མཚོགས་མ་ལྕི་ལ་ཁ་ཆུ་འཛག །མཆེར་བབས་མཆུ་ན་སྦོ་ཞིང་རྩིབ་ཐུང་ན། །སྣ་གདོང་གྲང་ན་འགྱིང་ཞིང་ཚ་ན་འགྱུང༌། །མཁལ་བབས་མཁལ་རྐེད་གྲང་ཞིང་མཁལ་རྩ་ཁྲིད། །རྐང་པ་ལྕི་ལ་ཆུ་སྲི་རྣ་བ་འུར། །སྣོད་དུ་ལྷུང་ན་སྒྲེག་སྐྱུག་ཟས་མི་འཇུ། །རྒྱུ་ལོང་སྦོ་འཁྲོག་ཚ་འགྱུང་འཁྲུ་བ་ཡིན། །ཤར་བབས་འགུལ་འཁྲིག་གྲིམས་ཆུང་པགས་པ་སྔོ།  །རྩ་གྲིམས་རྩ་རྣམས་འཁྲིད་འཁྱུག་སྦྲིད་པ་སྟེ། །ཆུ་བ་ལ་བབས་བཤུལ་རེངས་ཡན་ལག་འཁུམ། །རུས་བབས་ཚིགས་པ་ན་ཞིང་མཉེས་ན་ཕན། །ཚིགས་ཁ་འཁོར་སྐྲངས་བརྐྱང་བསྐུམ་དཀའ་བ་དང༌། །རུས་པ་ཐམས་ཅད་སྐམ་ཁོལ་བྱེད་པ་ཡིན། །དེ་ལྟར་བྱེ་བྲག་སོ་སོའི་ནད་རྟགས་རྣམས། །གཞན་དང་འཁྲུལ་ཕྱིར་ངེས་པ་རྙེད་དཀའ་བས། །ཕྱི་ནང་གསང་རྟགས་གསུམ་གྱི་བར་ནས་འདོན། །དེ་ཡིས་འཁྲུལ་མེད་ངེས་པར་གཏན་ལ་ཕེབས། །ཤིན་ཏུ་གསང་བའི་བརྟག་པ་འདི་ནི་གསང༌། །བསེ་རུ་བོང་ང་དཀར་པོ་ཨ་རུ་ར། །ཞིབ་བཏགས་ཆུས་སྦྱངས་ན་མ་འགའ་རུ་བཏང༌། །ཆུ་དེ་སེམས་ཅན་གང་བླུད་མང་ན་འཆི། །འདི་ནི་ཤིན་ཏུ་གསང་བའི་གསང་བའོ། །མི་ཐུབ་འཆི་ལྟས་ཤ་ཟད་མུར་གོང་རྡིབ། །དང་ག་འགགས་སམ་ཟས་སྐོམ་ཟོས་ཚད་སྐྱུག །ལྕེ་རྙིལ་སེན་མོའི་བཀྲག་ཤོར་ལུས་སྟོབས་ཟད། །འབྲུམ་པ་ནག་པོས་ཁྱབ་དང་རྔམ་པ་ཐུང༌། །གནས་ལྔར་སྐྲངས་དང་སྨྱོ་དུག་སྨན་མི་ལེན། །ནང་གྲོལ་རུལ་འཁྲུ་གསོན་ཁྲག་འཁྲུ་སྐྱུག་བྱེད། །དེ་རྟགས་ལྡན་ན་མི་འཚོ་སྤང་བར་བྱ།།

གསོ་བའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་དུག་ནད་སྨན་གྱིས་གསོ་བ་དང༌། །དུག་ནད་དུག་གིས་གསོ་དང་སྔགས་ཀྱིས་གསོ། །དང་པོ་ཚ་སྦྱོར་གྲང་སྦྱོར་རྣམ་པ་གཉིས། །ཚ་སྦྱོར་གསར་རྙིང་ལུས་ཟུངས་སྟོབས་དང་སྦྱར། །གང་ཡང་དང་པོ་སྨན་གྱིས་གཞི་བཟུང་ལ། །ཟུངས་བཟང་གསར་པ་བསྡུ་བསད་སྦྱང་བས་བཅོས། །ཟུངས་ངན་རྙིངས་ན་བསྡུ་བསད་ཆིག་ཆོད་བྱ། །དང་པོ་ཚོགས་བསགས་གནོད་པའི་གདོན་ཡང་བཅོས། །སྔ་དྲོ་ཟས་བསྲུང་ཕྱི་དྲོ་ནན་ཏུར་བསྐྱེད། །ཉ་ཕག་བཤུལ་ཤ་སྔོ་ངད་རུལ་སྐྱུར་སྤང། །བ་ལང་གནའ་དགོ་ཤ་གསར་ཁུར་མངས་དང༌། །འབྲས་དང་ཡོས་ཐུག་ཇ་དང་ཆུ་བསིལ་བསྟེན། །ཟུངས་ངན་དྲོད་ཆུང་རྒས་ལ་ལུག་ཤ་གསར། །སྐམ་ཡིབ་ཆང་གསར་ཚོད་དང་སྦྱར་ཞིང་བཏང༌། །མེ་ཉི་ངལ་དུབ་ཉལ་པོ་བཞོན་པ་དང༌། །སྨྲ་བརྗོད་རླན་གྲང་ཉིན་གཉིད་སྤང་བར་བྱ། །ཚད་པ་ཅན་ལ་ཨ་རུ་གསེར་མདོག་ཐང༌། །གྲང་བ་ཆེ་ལ་འབྲས་གསུམ་པི་པི་ལིང༌། །ཁྱོར་རེ་སྔ་དྲོ་ཞག་བདུན་བར་དུ་བསྟེན། །དེ་ཡིས་འདུ་བ་སྙོམས་ཤིང་ནད་ཟུངས་འབྱེད། །རྔུལ་ཆད་ལུས་ཡང་དང་ག་བདེ་བ་དང༌། །བྱ་བ་ནུས་སྙམ་བྱེད་ན་སྨིན་པ་ཡིན། །དེ་ནས་མ་བྱེར་གསར་ལ་བསྡུ་མི་དགོས། །རྙིངས་ཤིང་བྱེར་བར་གྱུར་ན་བསྡུ་བ་གཅེས། །སྡུད་བྱེད་སྨན་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་ལུག་ཁྲག་འོ་མ་གཉིས་བཙོས་ལ། །དེ་ལ་ལུག་རུ་ཁ་ཚར་བཏབ་པས་སྡུད། །ཡུངས་ཀར་བོང་ང་རེ་རལ་ཨ་རུ་ར། །ཛཱ་ཏི་ནཱ་ག་པུཥྤ་བ་ལང་ཁྲག །ལྕུམ་རྩ་ཀླད་པ་མ་རུལ་ཚྭ་དང་སྦྱར། །མི་ཕྱུགས་གསོན་ཁྲག་ལྡུམ་གསུམ་བར་ཤུན་དང༌། །ཆུ་ཆུང་ཡུངས་ཀར་ཕྱེ་མ་སྦྱར་ལ་བཏང༌། །དཀར་པོ་ཆིག་ཐུབ་དབང་པོ་ལག་པ་དང༌། །ཡུངས་ཀར་ཕག་ཁྲག་བི་ཥ་ཀ་ར་སྦྱར།།ཕག་ཁྲག་དབང་པོ་ལག་པ་ཡུངས་ཀར་དང༌།།ཀླད་པ་སྦྱར་ཏེ་མ་འདུས་བར་དུ་བཏང༌། །འདུས་རྟགས་ལུས་ལྕི་སྒྱིད་སྐྱུར་དང་ག་འགག །ཁ་ལྕེ་སྐམ་ལ་ཕོ་བ་ཚ་རུབ་བྱེད། །དེ་རྟགས་མེད་ན་མ་འདུས་སྨན་ཐུན་བསྐྱེད། །ཕོ་བར་རུས་དུགས་རྒྱུ་ཞབས་བྱེ་དུགས་བྱ། །མཐིལ་བཞི་བསྐུ་མཉེ་མན་ངག་དུག་སྣ་གསུམ་ཨ་རུ་བདུན་འགྱུར་དྲི་ཆུའི་རིལ་བུ་བཏང༌། །དེ་ཡིས་འདུས་ནས་གཉེན་པོའི་སྨན་གྱིས་བསད། །མ་འདུས་བསད་པ་རི་དྭགས་ཐང་དེད་འདྲ། །བྱེར་བ་མི་གསོད་བཅོས་དཀའ་ཡུན་དུ་སྦྱོང༌། །འདུས་ན་མེ་སྟེང་ཆུ་བཞིན་ཆོམས་པ་སྐྱེན། །བྱེ་བྲག་སོ་སོའི་སྡུད་བྱེད་བསྟེན་པ་ནི། །ཛཱ་ཏི་གུར་ཀུམ་ལྕུམ་རྩ་ལི་ཤི་ཡིས། །ཉེས་པ་གསུམ་ལ་བབས་པ་སྡུད་པར་བྱེད། །མ་ནུ་བཞི་ཐང་སྟོད་དུ་བྱེར་བ་སྡུད། །གྲོ་སྲན་བོང་ཁྲག་སྣོད་བཞིར་བྱེར་བ་སྡུད། །ཚར་འབྲུམ་(མི་དོམ་མཁྲིས་པ་དབང་ལག་)བཞི་པས་ཡན་ལག་བྱེར་བ་སྡུད། །ཁྲ་མེན་སྦྱོར་བས་(ར་མཆེར་རྟ་སྙིང་མཁལ་མ་ཞོ་ཤ་སྙིང་ཞོ་ཤ)ཚིགས་ལ་བྱེར་བ་སྡུད། །རྒྱལ་བློན་(ག་བུར་ཅུ་གང་གུར་ཀུམ་)གསུམ་གྱིས་གྲེ་བར་བྱེར་བ་སྡུད། །ཏིག་ཏ(་སླེ་ཏྲེས་གསེར་མེ་)གསུམ་པས་སོ་ལ་བྱེར་བ་སྡུད། །འདུས་ནས་བསད་ཐབས་རྣམ་པ་གསུམ་ཡིན་ཏེ། །སྔོ་སྦྱོར་རྩི་སྦྱོར་རིན་པོ་ཆེ་དང་གསུམ། །སྟོབས་བཟང་ཚད་པ་ཆེ་ལ་ཕོ་བ་བཟང་། །གཉེན་པོ་བདུད་རྩི་སྔོ་སྦྱོར་བསྔགས་པ་ཡིན། །རེ་རལ་ཧོང་ལེན་འོམ་བུ་སྤང་རྩི་དོ། །འཁོར་དུ་རྣམ་པར་སེར་པོ་ཁྲག་རྐང་དང༌། །ཏིག་ཏ་སྤང་རྒྱན་སྐྲ་བཟང་གང་ག་ཆུང༌། །ར་མཉེ་བསྐོལ་ཁུ་སུམ་ཡར་ཡུན་དུ་བསྟེན། །ཚ་བ་ཤིན་ཏུ་ཞེན་ཆེ་རྣམ་པར་དང༌། །རེ་རལ་སྤང་རྩི་འོམ་བུ་ཧོང་ལེན་དང༌། །ཏིག་ཏ་གཙོ་བོ་དྲུག་པ་དེ་ཡི་འཁོར། །བྲག་ཞུན་བོང་ང་ཞིབ་བཏགས་གྲང་བསིངས་བྱ། །གང་ལ་བབས་པའི་ཁ་འཛིན་(དོན་ལ་བཟང་དྲུག་ཤ་ལ་ཨ་རུ་རུས་ལ་སྤྱི་ཞུར་རྩ་ལ་དོམ་མཁྲིས་)གྲོགས་དང་བཅས། །འཇུ་ཚོད་སྦྱར་ལ་མ་བརྗེད་རྒྱུན་པར་བཏང༌། །འཇུ་དཀའ་སྐབས་སུ་རྒྱམ་ཚྭ་གསུམ་པ་བསྟེན། །ཚ་སྟོབས་ཆག་གམ་འོན་ཏེ་སྣོད་དུ་འདུས། །ཨ་རུ་ལྕུམ་རྩ་དུར་བྱིད་བསྣན་ལ་སྦྱང༌། །ཡང་ན་གཙོ་བོ་དྲུག་དང་སྤང་རྒྱན་དཀར། །སེ་སྐྱེར་བྲག་སྤོས་ཐ་རམས་གང་ག་ཆུང༌། །གང་བབས་ཁ་འཛིན་(སྙིང་ལ་སྙིང་ཞོ་ཤ་གློ་ལ་སྲོ་ལོ་མཆིན་པ་ལ་གུར་ཀུམ་མཆེར་པར་ཀ་ཀོ་ལ་མཁལ་མ་ལ་ཙི་ཏྲ་ཀ་ཤ་ལ་ཡུང་བ་རུས་པ་ལ་སྤྱི་ཞུར་རྩ་ལ་འབྲི་ཏ་ས་འཛིན་)བཅས་པ་ཐང་དུ་བཏང༌། །ཡང་ན་སྔོ་ཡི་མང་སྦྱོར་ཐུན་མོང་བ། །གཙོ་བོ་གཉེན་པོ་གྲོགས་དང་དམག་མིར་བཅས་(པ་ནི་གཙོ་བོ་དྲུག་པ། །གཉེན་པོ་བོང་ང་གསུམ་ཨ་བ་ཁུར་རྩ་ལྔ། །གྲོགས་གང་ག་ཆུང་སྟག་ཤ་ལུག་མིག་བྱི་ཚེར་གོ་སྙོད་པར་པ་ཏ་ཁྲག་རྐང་བདུན། །དམག་མི་སྲོ་ལོ་རེ་སྐོན་ཀྱི་ལྕེ་དེ་བ་སུམ་ཅུ་ཏིག་དར་ཡ་ཀན་སྒོང་ཐོག་ལྕང་མ་བརྒྱད)། །ཕྱག་བརྙན་ཁ་འཛིན་(སེ་རྒོད་སྐྱེར་ཤུན་ལུག་རུ་གསུམ།  པྲི་ཡངྐུ་ལྕགས་ཕྱེ་སྲོ་ལོ་ཨ་ཀྲོང་སྟར་བུ་ལྔ་དང་)བཅས་པའི་སྦྱོར་བ་ལ། །ནད་གཞིའི་(རླུང་ལ་རུ་རྟ་མཁྲིས་ལ་གསེར་མེ་བད་ཀན་ལ་མ་ནུ་ཁྲག་ལ་བ་ཤ་ཀ་ཆུ་སེར་ལ་སེང་ལྡེང་)དོན་(ལ་བཟང་དྲུག་)སྣོད་(ལ་དང་པོ་མ་སྨིན་པ་དང་ཐ་མ་གྲང་བ་སྐྱེས་ན་བཏང༌།  བར་དུ་ཚ་བ་འབྱུང་དུས་སུ་མི་བཏང༌།  སྦོ་འཁྲོག་བྱེད་ན་སེ་འབྲུ་ཚ་བ་གསུམ་བསྣན་)ཤ་(ལ་ཨ་རུ་ཡུང་བ་)རྩ་(ལ་དོམ་མཁྲིས་འབྲི་ཏ་)རུས་པ་(ལ་རྡོ་བཞི་མཚལ་)དང༌། །གྲེ་བ་(ལ་ལི་ཤི་སྤང་རྒྱན་ཨ་རུ་)གང་ལ་བབས་པའི་སྣ་ཁྲིད་སྦྱར། །བསྡུས་གྲང་ཡུན་རིང་སུམ་ཡར་བཏང་བར་བྱ། །དེ་ལ་སོགས་པའི་སྔོ་སྦྱོར་གང་ལ་ཡང༌། །(པི་ལིང་བྲག་ཞུན་གཉིས་ཀྱི་)དུག་འདོན་(སྐྱུ་རུས་)ནུས་སྐྱེད་(ཨ་རུས་)ལུས་ཟུངས་བསྲུང་བ་གཅེས། །ཐང་རྗེས་འཁྲུར་མ་འདོད་ན་གྲོགས་པོ་(ལྕུམ་རྩ་དུར་བྱིད་མཆུ་རིང་)བསྣན། །གཟེར་ཟུག་གང་བྱུང་གཙོ་བོ་དྲུག་གིས་བསྡུ། །ཚ་བ་ཆོམས་དཀའ་དེ་རྣམས་གང་ལ་ཡང༌། །སྦལ་རྒྱབ་མཚལ་དང་རྣམ་པར་ཁ་ཚར་གདབ། །ནད་ཀྱིས་སྨན་བླངས་ལུས་ཡང་དང་ག་བདེ། །སྙིང་རྩ་སེང་ན་ནད་འགོ་ནོན་པ་ཡིན། །ཡང་ན་བསླང་ནས་འཕྲལ་དུ་འཐབ་པ་ལ། །རྗེས་ལ་གོང་གི་རྟགས་ལྡན་ཕལ་ཆེར་འབྱུང་། །བསྲིངས་ཀྱིན་གནོད་ན་མི་འཕྲོད་སྤང་བར་བྱ། །ཟུངས་ངན་རྒས་སམ་དྲོད་ཆུང་དང་ག་ཞན། །དེ་ལ་རྩི་སྦྱོར་ཕྱེ་མས་བཅོས་པ་ཡི། །རྒྱལ་བློན་ཉི་ཤུ་རྩ་བདུན་སྦྱར་བ་ནི། །བསེ་རུ་མུ་ཏིག་ལྕགས་ཕྱེ་ཚ་ལ་མཚལ། །ཨ་མྲྀ་ཏ་དང་གི་ཝཾ་བཟང་པོ་དྲུག །རེ་རལ་འོམ་བུ་སེ་རྒོད་སྐྱེར་བར་ཤུན། །ཙན་དན་ཨ་རུ་སྤྱི་ཞུར་བོང་ང་དཀར། །མི་དོམ་ཕག་མཁྲིས་ཕྱ་ཚན་རྣམ་པ་གསུམ། །རིན་ཆེན་རྩི་སྔོ་དངོས་དང་ཤ་སྦྱོར་འཇོམས། །གང་རྟགས་ལྡན་པའི་གཉེན་པོ་ཆ་བསྐྱེད་ལ། །སྟག་ཤ་གོ་སྙོད་ཀྱི་ལྕེ་ཤིང་མངར་ཚོས། །ཡུང་བ་གླ་རྩི་དྲི་ཆེན་བྲག་ཞུན་དང༌། །མི་ཤ་ལྕགས་ཞུན་ཕྱེ་མ་ཀ་ར་སྦྱར། །སེང་ལྡེང་ཁུ་བས་འཕུལ་བས་དུག་རྣམས་འཇོམས། །ཚ་བ་ཆེ་ན་དེ་སྟེང་ག་བུར་བསྣན། །ཡང་ན་རིན་ཆེན་གཉེན་པོ་བྲག་ཞུན་དང༌། །ཚ་ལ་ཨ་རུ་ར་གསུམ་རྡོ་སྦྱོར་ལ། །ཟེ་ཚྭ་རྨ་བྱའི་ཤ་དང་པི་པི་ལིང༌། །ཤ་ལ་རོ་ཚན་གསུམ་དང་མི་རའི་མཁྲིས། །དངོས་ལ་སྦྱར་བའི་གཉེན་པོ་ཨ་རུ་ར། །བོང་དཀར་བོད་ཚ་སྟབ་སེང་ཙན་དན་དཀར། །སྔོ་ལ་ལྡུམ་བུ་གསུམ་དང་བོང་ང་དཀར། །རྩི་ཡི་གཉེན་པོ་གླ་རྩི་བཟང་པོ་དྲུག །གང་རྟགས་ལྡན་པའི་གཉེན་པོ་ཆེར་བསྐྱེད་ལ། །དེ་འཁོར་བསེ་རུ་ཆོས་སྨན་ཡུང་བ་དང༌། །དཔའ་བོ་དཀར་སེར་ཁྱུང་སྡེར་དཀར་སྨུག་དང༌། །འོམ་བུ་སྐྱེར་པ་སྤང་སྤོས་ཤིང་མངར་ཚོས། །ལྕགས་ཕྱེ་སེང་ཕྲོམ་རྣམ་པར་སོ་མ་ར། །མཚལ་དཀར་སྤང་རྒྱན་རམ་བུ་ཀ་རའི་ཕྱེ། །ག་བུར་ཙན་དན་གི་ཝཾ་ཚ་སྟོབས་སྦྱར། །ནང་ནུབ་བྲག་ཞུན་ཁུ་བས་འཕུལ་ལ་བཏང༌། །ཡང་ན་བྲག་ཞུན་གླ་རྩི་རྨ་བྱའི་ཤ །མི་དང་ར་ཡི་མཁྲིས་པ་རོ་ཚན་གསུམ།  །རེ་རལ་བོང་ང་དཀར་པོ་བཟང་པོ་དྲུག །དེ་འཁོར་ག་བུར་གི་ཝཾ་ཙན་དན་གཉིས། །བསེ་རུ་ཨ་རུ་ར་དང་ཆོས་སྨན་དང༌། །ཡུང་བ་སྤང་རྩི་འོམ་བུ་སྐྱེར་པ་དང༌། །ཀྱི་ལྕེ་བྲག་སྤོས་ཤིང་མངར་ཧོང་ལེན་དང༌། །སྲོ་ལོ་སེང་ཕྲོམ་རྣམ་པར་བ་ལེ་ཀ །སོ་མ་ར་ཛ་སྤང་རྒྱན་གང་ག་ཆུང༌། །དཔའ་བོ་དཀར་སེར་ཁྱུང་སྡེར་དཀར་སྨུག་དང༌། །ཚ་ལ་ལྕགས་ཕྱེ་མཚལ་ཚོས་རམ་བུ་རྣམས། །ཀ་ར་སྦྱར་བས་དུག་ཚད་རོལ་དུ་གསོད། །ཡང་ན་མི་དོམ་སྤྲེ་ཕག་ནེ་ཙོ་དང༌།  །རྨ་བྱའི་མཁྲིས་པ་རེ་རལ་རོ་ཚན་གསུམ། །བསེ་རུ་ཡུང་བ་གླ་རྩི་ཨ་རུ་ར། །ཆོས་སྨན་གི་ཝཾ་འོམ་བུ་བོང་ང་དཀར། །ཙན་དན་དཀར་དམར་སྐྱེར་ཤུན་ཡུངས་ཀར་དང༌། །ཚ་ལ་བྲག་ཞུན་གངས་ཆུས་བསིངས་པས་དབུལ། །ཡང་ན་དོམ་དང་རྨ་བྱའི་མཁྲིས་པ་དང༌། །མཁྲིས་པ་སྣ་ཚོགས་ཁྱུང་སྡེར་ཨ་རུ་ར། །སྦལ་སྦྲུལ་ཟེར་མོའི་སྟོད་ཤ་མཆིན་མཁྲིས་བཅས། །གི་ཝཾ་ཙན་དན་གར་བབས་བཟང་དྲུག་དང༌། །གང་ག་ཆུང་རྣམས་ཀ་ར་སྦྱར་ལ་བཏང༌། །ཡང་ན་མི་ཕག་འཕྱི་མཁྲིས་སོ་མ་ར། །གླ་རྩི་ཤིང་ཀུན་སྤང་རྒྱན་ཀྱི་ལྕེ་དཀར། །རེ་རལ་སྐྱེར་པ་སྒོག་སྐྱ་ཆར་ཉུང་རྣམས། །རིལ་བུར་བྱས་པས་དུག་རྣམས་འཇོམས་པར་བྱེད། །སྦྱོར་བ་དེ་རྣམས་ཀུན་གྱི་གཉེན་པོ་སྟེ། །དུག་ཚད་རོལ་དུ་གསོད་པའི་དམ་པ་ཡིན། །ཚ་བ་ཐོན་དཀའ་སྨན་དྲེད་བསོད་ལྡན་ལ། །རིན་པོ་ཆེ་ཡི་སྦྱོར་བས་བསད་པ་ནི། །གསེར་གཡུ་མུ་ཏིག་བྱུ་རུ་ཙན་དན་གཉིས། །རྡོ་དྲེག་ཅུ་གང་གུར་ཀུམ་ཨུཏྤ་ལ། །ཀ་ར་སྦྱར་བཏང་ཡང་ན་མུ་ཏིག་དང༌།  །ཉ་ཕྱིས་བྱུ་རུ་བསེ་རུ་དཀར་པོ་དང༌། །གླ་རྩི་མི་དོམ་མཁྲིས་པ་ཙན་དན་དཀར། །ཅུ་གང་གུར་ཀུམ་ཕྱེ་མ་ཀ་ར་ལ། །རླུང་མཁྲིས་བད་ཀན་ཁྲག་དང་ཆུ་སེར་དང༌། །དོན་སྣོད་གང་ལ་བབས་པའི་ཁ་བསྒྱུར་བྱ། །ཁྱད་པར་དབྱིག་ལ་སྦྱོངས་དང་དཀར་ཀུན་སྤང༌། །རྡོ་ཡི་དུག་ལ་མར་ནག་མར་རྙིང་སྤང༌། །ཤ་ཡི་དུག་ལ་ཉ་ཕག་རུལ་སྐྱུར་སྤང༌། །རྩི་ཡི་དུག་ལ་གཏར་ཁྲག་ཚོད་མ་སྤང༌། །དུག་གང་གཉེན་པོའི་སྨན་གྱིས་མ་སོད་པར། །གཏར་དང་མེ་བཙའ་བཤལ་སྐྱུགས་བྱས་གྱུར་ན། །ནད་བྱེར་སྟོད་ལ་འཛིན་ཞིང་སློང་ཕྱིར་སྤང༌། །དེ་ལྟར་གཉེན་པོ་སྨན་གྱིས་གསོ་དུས་སུ། །ནད་རླངས་རླུང་ལ་ཞེན་ནས་རྩ་མིག་འཁྲུག །གཟེར་འཁྱུག་སྐྲངས་དང་ཚ་སྦྲིད་འབྱུང་བར་བྱེད། །གཟེར་སར་གཙོ་བོ་དྲུག་པོ་བཙོས་ལ་བདུག །ཡང་ན་རེ་ལྕག་ཤོ་མང་རྩ་བ་དང་། །སྤང་རྩི་དོ་བོ་བཙོས་པས་བདུག་པར་བྱ། །ཡང་ན་གང་ནའི་དངོས་པོ་བཙོས་པས་བདུག །ལྟོ་བ་སྐྲངས་ན་མཆོད་རྟེན་སྤུ་ཡིས་བདུག །རུས་ཚིགས་སྐྲངས་ན་བྱང་ལྟས་ས་ཡིས་བདུག །ཐུར་བརྐྱང་རླངས་ཐོན་རྩར་འདུས་ཁ་ཕྱེ་གཏར། །སྒལ་ཚིགས་རྩིབ་མ་གཟེར་སར་མེ་ཡིས་མནན། །དེ་ལྟར་ནད་རླངས་མ་ཐོན་ཕྱིར་གྲམ་ནས། །ནད་རེམས་གསོ་དཀའ་རོ་མི་ཐོན་པ་ཡིན། །བསད་རྗེས་ནད་འགོ་ཆོམས་ནས་རོ་སྦྱང་བ། །སྤྱི་དང་བྱེ་བྲག་སྦྱང་བ་རྣམ་པ་གཉིས། །སྤྱི་རུ་ནད་གང་ཡིན་ཡང་བཤལ་གྱིས་སྦྱང༌། །སྔོན་འགྲོ་མི་རིང་ཁྲུས་དང་བསྐུ་མཉེ་བྱ། །སྟེང་རླུང་ཁ་ཡན་གཟེར་འཁྱུག་མེ་ཡིས་མནན། །ཕོ་ལོང་སྲིན་ཁྲོས་ལྡང་དུབ་རིལ་བུས་གདུལ། །སྣ་སེལ་འབྲས་བུ་གསུམ་དང་པྲི་ཡངྐུ། །ལྕུམ་རྩ་བྲག་ཞུན་སྐྱེར་པའི་ཐང་བཏང་ལ། །དངོས་གཞི་ཨ་རུ་སྐྱུ་རུ་དནྡ་དང༌། །དོང་ག་བྱི་ཏང་ག་ལ་རིལ་བུ་སྦྱར༌།  དབྱིག་དུག་(ལ་ཤིང་ཀུན་ཁ་རུ་ཚྭ་ཤུ་དག་ཟི་ར་མ་ནུ་)རྡོ་དུག་(ལ་ཟེ་ཚྭ་ཚ་ལ་པི་ལིང་) རྩི་དུག་(ལ་གུར་ཀུམ་དོམ་མཁྲིས་སྤོས་དཀར་དུར་བྱིད་ཀ་ར་)ཤ་དུག་ལ་(ཀ་པེད་སོ་མ་ར་ཛ་ཆུ་སྲིན་སྡེར་མོ་དུར་བྱིད་ཀ་ར) །ནད་སྟེང་ཁྲིད་པ་ཁ་བསྒྱུར་བཤལ་གྱིས་སྦྱང༌། །བཤལ་འཕུལ་ཆུང་ན་ཨ་རུ་ར་ཡི་ལྕག །མཆིན་པ་ན་ན་བྲག་ཞུན་ཁུ་བའི་ལྕག །ཕོ་བ་སྒངས་ན་རྒྱམ་ཚྭའི་ལྕག་གིས་བྲབ། །ཡང་ན་ཨ་རུ་སྐྱེར་ཤུན་སོ་མ་ར། །དོང་ག་འབྲི་ཏ་ས་འཛིན་སྤང་རྒྱན་དཀར། །ལྕུམ་རྩ་བསྡུས་ཁུ་དུར་བྱིད་བཏབ་པས་སྦྱང༌། །ཡང་ན་ཐར་ནུ་དུར་བྱིད་རྨ་བྱའི་ཤ །ཧོང་ལེན་ཚ་གྲང་བྲག་ཞུན་གངས་ཐིགས་བསྒྱུར། །རིལ་བུ་ཕྱེ་མ་གང་འཕྲོད་རིག་པས་སྦྱང༌། །བྱེ་བྲག་སྦྱང་བ་ཕོ་བར་བབས་ན་སྐྱུགས།  །རྩ་ལ་བབས་ན་རྩ་བཤལ་བྱ་བ་སྟེ། །ཤ་ལྤགས་རུས་ལ་བབས་པ་རྔུལ་དུ་དབྱུང༌། །ནད་འདི་ཟུངས་དང་ཡུན་དུ་ཞེན་པའི་ཕྱིར། །བསྡུ་བསད་སྦྱང་གསུམ་ཟུངས་སྦྱར་ཅི་རིགས་བསྐྱར། །སྦྱོར་སྐོར་ཚར་རེའི་བར་དུ་ལུས་ཟུངས་གསོ། །ཟུངས་ངན་ནད་རྙིངས་བསྡུ་བསད་ཆིག་ཆོད་བྱ།  །ཨ་རུ་བྲག་ཞུན་བོང་ང་རྣམ་པ་གསུམ། །དཔའ་བོ་དཀར་སེར་ཙན་དན་དཀར་དམར་དང༌།  །ཅུ་གང་གུར་ཀུམ་གི་ཝཾ་ཆོས་སྨན་དང༌། །རེ་རལ་ཡུང་བ་དོམ་མཁྲིས་སེ་འབྲུ་དང༌། །སེ་རྒོད་སྐྱེར་པ་ཡུངས་ཀར་ཕྱེ་མ་སྦྱར། །བྲག་ཞུན་ཁུ་བས་འཕུལ་བས་ཆིག་ཆོད་བྱེད། །ཡང་ན་བོང་ང་གསུམ་དང་ཨ་རུ་ར། །གི་ཝཾ་བསེ་རུ་དཀར་པོ་ཙན་དན་གཉིས། །དོམ་མཁྲིས་གླ་རྩི་ཚ་ལ་རེ་རལ་དང༌། །ཡུང་བ་འོམ་བུ་སྐྱེར་ཤུན་ཀ་ར་སྦྱར། །བྲག་ཞུན་སེང་ལྡེང་ཐང་གིས་འཕུལ་ལ་བཏང༌། །ཡང་ན་ཨ་རུ་ར་དང་བོང་ང་དཀར། །སྐྱེར་ཤུན་གི་ཝཾ་ཙན་དན་བསེ་རུ་དང༌།  །ནད་གཞི་དོན་སྣོད་ཁ་འཛིན་བཅས་པར་སྦྱར། །ཆུ་གསུམ་བསྲེས་པས་འཕུལ་ཏེ་བྲིད་ལ་བཏང༌།  །ཡང་ན་མི་དོམ་རྨ་བྱའི་མཁྲིས་པ་དང་། །དཔའ་བོ་དཀར་སེར་ཁྱུང་སྡེར་དཀར་སྨུག་གཉིས།  །བོང་ང་གསུམ་དང་རེ་རལ་རྒྱམ་ཚྭ་རྣམས། །ཐོ་རངས་ཐུན་རེ་གངས་ཆུས་འཕུལ་ལ་བཏང༌།  །ཚ་གྲང་ཐུན་མོང་སེལ་བྱེད་སྐྱུག་ན་བསྲུང༌། །ཡང་ན་ཨ་རུ་ར་དང་བོང་ང་གསུམ། །དཔའ་བོ་དཀར་སེར་ཁྱུང་སྡེར་དཀར་སྨུག་གཉིས། །སེ་རྒོད་དགུ་ཐུབ་གླ་རྩི་རེ་རལ་དང༌། །ཚ་ལ་ཡུང་བ་དོམ་མཁྲིས་ཕྱྭ་ཚན་གསུམ། །ཆོས་སྨན་འོམ་བུ་བྲག་ཞུན་སྐྱེར་པ་དང༌། །གི་ཝཾ་བསེ་རུ་ཙན་དན་དཀར་པོ་རྣམས། །ཉེས་པ་བབས་སའི་ཁ་འཛིན་(རླུང་ལ་རུ་རྟ་མཁྲིས་ལ་ཏིག་ཏ་བད་ཀན་པི་ལིང་ཁྲག་ལ་ཚོས་ཆུ་སེར་སོ་ར་དོན་ལ་བཟང་པོ་ལྔ་སྲོག་རྩ་ལ་ལི་ཤི་) སྦྱར་བྱས་ཏེ། །ཟུག་ལ་མི་སྐྲག་ནད་དང་འཐབ་པ་ཡིན། །ཡང་ན་གི་ཝཾ་བོང་ང་ཨ་རུ་ར། །གུར་ཀུམ་ཅུ་གང་ཙན་དན་མཁྲིས་སྣ་ཚོགས།  །སྦལ་སྦྲུལ་ཟེར་མོའི་སྟོད་ཤ་མཆིན་མཁྲིས་བཅས། །སག་རྩི་ཕག་ཚིལ་ཀ་ར་གངས་ཆུས་དབུལ།  །ཡང་ན་རྨ་བྱ་དོམ་མཁྲིས་གླང་ཆེན་མཁྲིས། །རིམ་བསྐྱེད་ཀུན་དང་སྦྲུལ་ཤ་སྟོད་ཆ་མཉམ། །ཨ་རུ་ར་དང་བོང་ང་སྦྲུལ་ཤ་མཉམ། །བཟང་དྲུག་གང་ལ་བབས་པ་འགྲེ་ལོག་སྦྱར། །བྲག་ཞུན་སྤྱི་ཞུར་ཐང་གིས་འཕུལ་ལ་བཏང༌། །མཆོག་ཏུ་ཟུངས་ངན་ཤ་ཟད་ནད་ལ་བསྔགས། །རྨ་བྱའི་མཁྲིས་པ་རྩད་དང་རྒུ་ཐུབ་དང༌། །གླ་རྩི་རེ་རལ་རིམ་པས་ལོག་པོར་བསྐྱེད། །བྱི་ཀུ་སག་རྩི་ཉ་དང་མི་མཁྲིས་དང༌། །ལོ་བརྒྱད་དྲི་ཆུའི་རིལ་བུ་བྱས་ལ་བཏང༌། །དེ་དག་ཀུན་གྱིས་བསྡུ་གསོད་ཆིག་ཆོད་བྱེད། །ཚ་བ་ཟུངས་ལ་རྩི་ལྟར་ཞེན་པའི་ཕྱིར། །དར་དྲགས་པ་ཡིས་ཞེན་པ་མི་སེལ་བར། །ཕོ་བའི་མེ་འཆི་ཚད་རོ་ལྡས་པའི་ཕྱིར། །ཐུན་བསྐྱུངས་ཡུན་དུ་བསྲིངས་ལ་རོལ་དུ་བསད། །སྐབས་སུ་རྒྱུན་བཤལ་བཏང་ཞིང་ནད་རོ་སྦྱང༌། །ཤིན་ཏུ་ཟུངས་ངན་འཇམ་རྩི་ནི་རུ་སྤེལ། །རང་བཤལ་རང་རྔུལ་བྱུང་ན་སྦྱང་མི་དགོས། །གྲང་སྦྱོར་བཅོས་པ་བྱི་བྲུན་པི་པི་ལིང༌། །སྒ་སྐྱ་ཚ་ལ་འོམ་བུ་སག་རམ་རྩི། །རྒྱ་སྐྱེགས་བུ་རམ་སྦྱར་བ་ཆུ་སྐོལ་དབུལ༌།  སྐབས་སུ་དུར་བྱིད་སྤོས་དཀར་པི་པི་ལིང༌། །ཨ་རུ་སྒ་སྐྱ་སྦྱར་བས་ནད་རོ་སྦྱང༌། །སྐྱ་རྦབ་སྐྲངས་ན་སྲད་དཀར་རྩ་བ་བསྣན། །དེ་རྗེས་མུ་ཟི་ཟངས་ཐལ་འགྲོན་ཐལ་དང༌། །ཚ་བ་གསུམ་ཐལ་གོང་སྟེང་བསྣན་ཏེ་བསྐམ། །སྐྲན་དུ་འདྲིལ་ན་ཟེ་ཚྭ་ཡ་བཀྵ། །ཚ་བ་གསུམ་དང་འགྲོན་བུའི་ཐལ་བ་བསྣན། །ཚ་ལ་ཨ་རུ་སྐྱེར་ཤུན་བུལ་ཏོག་སྦྱར། །ཡང་ན་འགྲོན་ཟངས་ཚ་བ་གསུམ་སོགས་ཐལ། །གངས་ཐིགས་བུལ་ཏོག་ཚ་ལ་མི་རུས་བཙའ། །མི་དོམ་མཁྲིས་པ་བྲག་ཞུན་ཡུང་བ་དང༌། །ཁུར་རྩ་རྣམ་སྣང་གར་བབས་བཟང་པོ་དྲུག །ཨ་རུ་ཆུ་བསོལ་འཕུལ་བས་གསོད་ཅིང་སྦྱོང༌། །འཁྲུར་མ་འདོད་ན་དུར་བྱིད་པི་པི་ལིང༌། །ཚ་ལ་བ་ཆུར་སྦྱར་བས་ནད་རོ་སྦྱང༌། །ཡང་ན་ཅོང་ཞི་འཕྲུལ་གྱི་ཐལ་སྨན་སྦྱར། །རྗེས་ལ་ཨ་རུ་དན་རོག་རིལ་བུས་སྦྱང༌། ། གྲང་ཡང་ཚ་ཚུལ་སྟོན་ན་ཚ་བ་གསུམ། །ཐལ་བ་ཚད་འཇོམས་སྤྱི་སྨན་སྦྱར་བས་སེལ། །ཁ་ཟས་ལུག་ཤ་གསར་དང་སྐམ་ཡིབ་དང༌། །ཆང་འཇམ་ཟས་སྤྱོད་དྲོད་ལ་བསྟེན་པར་བྱའོ། །བྱེ་བྲག་བཅོས་ཐབས་འཇུག་སྒོ་རྫས་རིགས་དང༌། །ནད་རིགས་ལྡང་དུབ་བབས་སའི་སྒོ་ནས་བཅོས།  །དང་པོ་འཇུག་སྒོའི་རིགས་ཀྱིས་བཅོས་པ་ནི། །དུད་པ་ཉི་ཟེར་རླངས་དུག་རྣམ་གསུམ་ལ། །གཙོ་བོ་དྲུག་སྦྱོར་ཕྱེ་མའི་ཐང་སྟེང་དུ། །བོང་ང་བྲག་ཞུན་བསྣན་པས་དུད་པ་འཇོམས། །གཙོ་བོ་དྲུག་གི་ལུམས་ཀྱིས་ཕྱི་ནས་བདུག །རྗེས་ལ་དམར་པོ་གསུམ་གྱི་སྨན་མར་སྦྱར། །ཉི་ཟེར་རླངས་ལ་བདུད་རྩིའི་རླངས་ལུམས་བྱ། །ཀོ་ལེར་ན་སྐྲངས་བྱུང་ན་ཐོན་པ་ཡིན། །རྗེས་ལ་གཙོ་བོ་དྲུག་གི་སྨན་མར་སྦྱར། །རེག་པ་རྨ་ཁོང་གཉིས་ནས་བཅོས་པར་བྱ། །དྲི་ཆུ་དྲི་ཆེན་བཙིར་བའི་ཁུ་བ་ལ། །གུར་ཀུམ་གླ་རྩི་ཤིང་ཀུན་སྒོག་སྐྱ་སྦྱར། །དེ་ཡི་ཁྲུས་བྱ་མུ་ཟི་ག་བུར་དང༌། །སོ་མ་ར་ཛ་ཆུ་རྩ་བུལ་ཏོག་དང༌། །གླ་རྩི་ཤིང་ཀུན་བྱང་པ་གཡེར་མ་དང༌། །དུད་པ་ཞིབ་བཏགས་སྦང་གར་སྦྱར་ལ་བྱུག །ཡང་ན་བཟང་དྲུག་མུ་ཟི་གླ་རྩི་དང༌། །བོང་ང་དཀར་པོ་སྤོས་དཀར་ཨ་རུ་ར། །བསེ་རུ་ར་ལུག་རྭ་གཞོབ་མར་སྦྱར་བསྐུ། །ཀྱི་ལྕེ་སྔོན་བུ་སྤྱང་ཚེར་ལྕུམ་རྩ་སྒ། །པི་པི་ལིང་དང་ཟེ་ཚྭ་སྦྲང་རྒོད་སྦྱར། །བྱུགས་པས་མཛེ་འབྲས་ལྷོག་པ་སེལ་བར་བྱེད། །མཚེ་དང་བ་ལུ་ཤུག་འབྲུ་ཙན་དན་སྨུག །གླ་རྩི་ཨ་རུ་སྔོན་བུ་འབྲས་བུ་གསུམ། །ཙན་དན་དཀར་པོ་དབང་པོ་ལག་པ་དང༌། །སྙིང་དང་གླ་གོར་ཞོ་ཤ་བ་ལེ་ཀ །ཆུར་བསྡུས་མི་ཚིལ་ཁྱོར་གང་སྦྱར་ལ་བྱུག །ཨ་རུ་རུ་རྟ་བོང་ང་དཀར་པོ་དང༌། །མཛེ་ཚྭ་དོམ་དང་བ་ལང་མཁྲིས་པ་རྣམས། །རྨར་བླུག་ར་ཚིལ་འཇིབས་བྱ་ཤ་རོ་ཆེ། །ལྕགས་བསྲེགས་མེ་ཏོག་སྒོ་ངས་ཞག་གསུམ་མནན། །དེ་འོག་མུ་ཟི་དུར་བྱིད་ཐར་ནུ་དང༌། །རྒྱ་ཚིལ་དཀར་པོ་རུས་པ་བསྲེགས་པས་མནན། །ཤ་རོ་ཆོད་ནས་ར་རུ་བསྲེགས་པ་དང་། །ཕ་བ་དགོ་དགོ་རྙིང་ཀྲད་གསོམ་ཐལ་དང༌། །ཨ་མྲྀ་ཏ་དང་སྦྱར་ལ་རྨ་ལ་བྱུག །ཚ་བའི་རྨ་ལ་མི་བསྲེག་བསིལ་གསུམ་དང༌། །ག་བུར་ཙན་དན་གི་ཝཾ་ཨ་རུ་ར། །གླ་རྩི་ལྕགས་ཕྱེ་ར་ཁྲག་སྦྱར་བ་བྱུག །བཟང་དྲུག་ཙན་དན་དཀར་དམར་ཨ་རུ་ར། །གླ་རྩི་དཔའ་བོ་དཀར་སེར་སྤང་རྩི་དོ། །སྲོ་ལོ་ཏིག་ཏ་ཞིམ་ཐིག་བ་ཤ་ཀ །སེ་འབྲུ་ཤུག་འབྲུ་སྐྱུ་རུ་བོང་ང་དཀར། །དོམ་དང་བ་ལང་མཁྲིས་པ་ཀ་ར་སྦྱར། །ཁོང་དུ་བཏང་ཞིང་ར་ཁྲག་ར་ཤ་བསྟེན། །རྫས་ཀྱི་སྦྱོར་བའི་སྒོ་ནས་བཅོས་པ་ནི། །རིན་ཆེན་སྤྱི་ཡི་གཉེན་པོ་བྲག་ཞུན་དང༌། །ཨ་རུ་མུ་མེན་མུ་ཟི་ཀུན་ལ་གཅེས། །ཁྱད་པར་གསེར་ལ་ཏིལ་དང་ཟར་མ་བསྣན། །ཟངས་ལ་ཚ་ལ་འཁར་བ་སྒོག་སྐྱ་བསྣན། །དངུལ་ཆུའི་གཉེན་པོར་སྟར་བུ་བ་ཆུ་བཏང༌། །ཞ་ཉེ་མཛོ་མར་གནའ་བ་གླང་སྤུའི་གཞོབ། །ཡང་ན་གསེར་དངུལ་ཟངས་ལྕགས་མུ་ཏིག་གཡུ། །བྱུ་རུ་ཙན་དན་དཀར་དམར་རྡོ་དྲེག་དང༌། །ཨུཏྤལ་ཅུ་གང་གུར་ཀུམ་ཀ་ར་སྦྱར། །རང་རང་ངོས་ཟིན་གོང་གི་མདེ་ཁ་བསྒྱུར། །ཡང་ན་ར་ཁྲག་རཏྣ་ཞག་དགུར་བཏང༌། །དེ་འོག་བསེ་རུ་བཟང་དྲུག་ཨ་བི་ཥ། །ཨུཏྤལ་གླ་རྩི་གི་ཝཾ་ཀ་ར་དང༌། །ར་ཡི་མཆིན་པ་སྦྱར་ལ་བཏང་བར་བྱ། །བོང་ང་དོམ་སྦྲུལ་མཁྲིས་པའི་རིལ་བུ་བཏང༌། །རྡོ་སྦྱོར་སྤྱི་ཡི་གཉེན་པོར་ཚ་བ་གསུམ། །ཟེ་ཚྭ་རྒྱ་ཚྭ་ཚ་ལ་རྨ་བྱའི་ཤ །ཁྱད་པར་སྦལ་རྒྱབ་ཏི་ཚྭ་ཅོང་ཞི་མཚལ༌།  མུ་ཟིའི་གཉེན་པོར་ཆང་བཟང་པི་པི་ལིང༌། །ཡུ་གུ་ཤིང་དང་སྒོག་སྐྱ་སྦྲང་རྩིས་བསྒྱུར། །ཡང་ན་གྲང་སྦྱོར་འཇོམས་པའི་སྨན་སྟེང་དུ། །ཟེ་ཚྭ་རྒྱ་ཚྭ་བསྣན་པས་འཇོམས་པར་ངེས། །ཡང་ན་རྒྱ་ཚྭ་རྒྱམ་ཚྭ་ཁ་རུ་ཚྭ། །ཟེ་ཚྭ་ཚ་ལ་ཚ་བ་གསུམ་སྦྱར་བཏང༌། །ཤ་སྦྱོར་སྤྱི་ཡི་གཉེན་པོར་དོམ་མཁྲིས་དང༌། །མི་རྟའི་རོ་ཚན་དང་ནི་སྟག་ཤ་བ། །འོམ་བུ་བོང་ང་དཀར་པོ་ཚ་ལ་ཡིན།  །ཁྱད་པར་ར་ལ་གུར་ཀུམ་ཨ་རུ་ར། །ཨ་བི་ཥ་གསུམ་བྱ་ལ་གུར་ཀུམ་དང༌། །སྲེ་མོའི་སྨ་ར་བྱ་མོ་ནག་མོའི་ཤ། །ཁྱི་ཡི་ཤ་ལ་དུད་པ་བྱ་བལ་མ། །སྲེ་མོའི་ཤ་ལ་འུག་པ་སྲིན་བྱ་བཏང༌།  །ཡང་ན་འབྲས་བུ་གསུམ་མམ་བཟང་དྲུག་སྦྱར། །བྱང་པ་ཆུ་སྦུར་ཆ་ག་བོང་ང་དཀར། །ཡང་ན་འབྲི་མོག་ཁུར་རྩ་ར་ཁྲག་འཇོམས། །ཉ་ལ་སྐྱར་མོ་སྦལ་པ་རྨིགས་པས་འཇོམས། །སྡོམ་ལ་སྲད་དཀར་སྡིག་ལ་ལྗོང་མོ་དང༌། །རྨིགས་པ་སྦལ་པ་དཔའ་བོ་སེར་པོས་འཇོམས། །གོང་མོ་མཛེ་ཁྲག་ཏིག་ཏ་སྤང་རྩི་དོ། །རི་བོང་མཁྲིས་པ་དོམ་མཁྲིས་ཕྱ་ཚན་གསུམ། །གི་ཝཾ་ལ་ནི་ཁྱི་ལུད་དྲི་ཆེན་བཏང༌། །སྤུ་ལ་བྲག་ཞུན་གུར་ཀུམ་ག་བུར་བསྣན། །ཡང་ན་རྒྱ་ཚྭ་རྒྱ་སྐྱེགས་བྲག་ཞུན་བཏང༌། །རུས་པར་ཟེ་ཚྭ་མུ་ཟི་བོང་ང་དཀར། །མདེ་ཁ་སྤྱི་སྨན་སྦྱར་བས་འཇོམས་པ་ཡིན། །རྦ་བྱེ་ཨོག་དཀར་ཤ་ནི་ཀུན་ལ་གཅེས། །ཡང་ན་གི་ཝཾ་ཉ་སྤྲེའི་མཁྲིས་པ་དང་། །གླ་རྩི་བྲག་ཞུན་ཆོས་སྨན་སྦྱར་ལ་བཏང༌། །ཡང་ན་སྔོ་སྦྱོར་དགུ་ཡི་ཐང་གིས་འཇོམས། །(དེ་ལ་རེ་རལ་བྲག་སྤོས་ཧ་བོ་གསུམ་སྐྱེར་པ་འོམ་བུ་པྲི་ཡངྐུ་གསུམ་རྩི་མར་སྤང་རྒྱན་སྟག་ཤ་གསུམ་བཏང་ཐབས་ཁ་བསྒྱུར་སྔོ་ཐང་དང་འདྲ་སྦྱར་དུག་ཀུན་སེལ་ཁྱད་པར་ཤ་སྦྱོར་འཇོམས་པར་བྱེད)། །སྤུ་ལ་དུད་པ་བྲང་ཀྲད་ལྟག་སྤུའི་གཞོབ། །རྗེས་ལ་རྣོན་པོ་(དུར་བྱིད་དུང་རྒྱ་ཚྭ་སྟར་བུའི)བཤལ་གྱིས་སྦུ་རོ་སྦྱང༌། །རྨ་བྱའི་སྒོང་དུག་བྱ་མཚལ་མཁྲིས་པ་དང༌། །པུ་ཤུད་ཅོ་གའི་སྒོ་ངས་འཇོམས་པར་བྱེད། །རྩི་དུག་གཉེན་པོར་གླ་རྩི་ཨ་བི་ཥ། །བསེ་རུ་བཟང་དྲུག་ཆོས་སྨན་གཅེས་པ་ཡིན། །ཁྱད་པར་གླ་རྩི་མེད་དུ་མི་རུང་ངོ༌། །ཡང་ན་ལྷ་ཡི་བདུད་རྩིས་འཇོམས་པར་བྱེད། །དུག་དངོས་བོང་ང་དཀར་སེར་དམར་པོ་གསུམ།  །ཨ་རུ་ཧ་བོ་ཕྱ་ཚན་ཡུང་བ་དང༌། །རྒྱ་ཚྭ་བུལ་ཏོག་དྲི་ཆུས་འཇོམས་པར་འགྱུར། །སྔོ་སྦྱོར་གཉེན་པོར་འོམ་བུ་ལུག་མིག་པ། །ཁུར་རྩ་སྤྲ་ཐོག་བོང་ངའི་ལོ་མས་འཇོམས། །ཡང་ན་སེར་ཐིག་སྤྲ་ཐོག་ཨུག་ཆོས་དང་། །གི་ཝཾ་བསིལ་གསུམ་བསེ་རུ་གླ་རྩི་དང༌། །རྩད་དང་ཀ་ར་དྲི་ཆུས་འཕུལ་བས་འཇོམས། །ཁྱད་པར་ཐང་ཕྲོམ་རེ་རལ་བ་ཤ་ཀ །ཡང་ན་རྒྱ་ཚྭ་སྒོག་སྐྱ་ནུ་ཞོས་འཇོམས། །འོལ་མོ་སེ་ལ་བ་ལེ་བ་ཤ་ཀ །ཞོ་ཤ་སུག་སྨེལ་ཅུ་གང་ཏིག་ཏས་འཇོམས།  །དུར་བྱིད་ལ་སོགས་འཁྲུ་བྱེད་གཉེན་པོར་ནི། །དྲོད་སྐྱེད་བཞུ་དང་རོ་སྦྱང་གཅོད་པ་གཅེས། །འཁྲུ་བའི་དུག་ལ་བཤལ་སྨན་ཀུན་གནོད་དེ། །དེ་ཕྱིར་ཨ་རུ་ལྕུམ་རྩས་བཀྲུ་བར་བྱ། །སྔོ་སྦྱོར་ཀུན་ལ་རེ་རལ་གཅེས་པ་ཡིན། །ན་ལུགས་སྒོ་ནས་བཅོས་པ་མཛེ་དུག་ལ། །རྩ་སྦྱོངས་(བཤལ་དྲག་པོ་བཏང་རྗེས་ལ་བ་ཤས་ཚས་བྱ་ལོ་བརྒྱད་དྲི་ཆུ་བཏུང་)ཐང་(སྐྱེར་ཤུན་གི་ཝཾ་བེ་དོ་ཨ་རུ་བོང་ང་ཏིག་ཏ་བྲག་ཞུན་ཞིམ་ཐིག་གངས་ཆུ་ལ་བསྡུས་ལ་བཏང་རྔུལ་མང་བྱུང་ན་ཁམས་གསོ་བར་བྱའོ་)ཕྱེ་(རེག་པའི་སྐབས་སུ་བཤད་པ་ལྟར་བཏང་)རིལ་བུ་(ལ་རའི་འོ་མ་ལྟོ་སྟོང་ལ་ཞག་ལྔ་བཏང་ཨ་རུ་རྨ་བྱའི་མདོངས་མུ་ཟི་ཅོང་ཞི་ཅུ་གང་ཀྱི་ལྕེ་ཀ་ར་མི་ཚིལ་སྦྲང་བུར་ལ་རིལ་བུ་བྱས་པའོ་)སྨན་རྩིས་(མཁྲིས་པ་སྣ་ཚོགས་དངུལ་ཐལ་དུར་བྱིད་ལྡོང་རོས་ཁྱི་ལུད་སེར་ག་མ་ར་ཐུག་གི་སྦྲེ་དྲི་ཆེན་ཨ་མྲྀ་ཏ་སྦྲང་པོ་ཆེ་ར་ཁྲག་བུ་མོ་ལོ་བཅོ་ལྔ་ལོན་པའི་ཆུ་ལ་སྦྱར་བས་བྱུག)བཅོས། །སྨྱོ་བའི་དུག་ལ་སྤང་རྒྱན་བཟང་དྲུག་སྦྱར། །སྒོག་གཅིག་ས་མཚུར་གུར་ཀུམ་ཧ་བོ་དང༌། །རེ་རལ་རིམ་བསྐྱེད་བ་འོ་སྦྱར་ལ་བཏང༌། །འབྲས་བུ་གསུམ་པོ་ཆང་དུ་སྦངས་ཁུ་བཏུང༌། །རུས་སྣའི་ཁུ་བར་ཤིང་ཀུན་པི་པི་ལིང༌། །ཁ་ཚར་བཏབ་བཏང་དྲུག་བདུན་ནུ་དབྲག་བསྲེག །འབོག་ན་སེ་འབྲུ་སྒོག་སྐྱ་དྭ་བའི་འབྲུ། །སྨན་མར་སྦྱར་བཏང་རྗེས་ལ་གོང་བཞིན་བསྲེག །གྲི་རྒོད་དུག་ལ་བུ་མོ་ལོ་ལྔའམ། །ལོ་དགུ་ལོན་པའི་དོན་ལྔ་དབང་པོ་ལྔ། །ཉུང་གཞི་མར་ཁུ་སྦྱར་ལ་སྔགས་འདི་གདབ།  །ཨོཾ་ཏྲིག་ལེ་ཏྲི་སྭཱཧཱ། །ཞག་གསུམ་ལྟོ་བ་བཀུག་ལ་བཏང་བར་བྱ། །ཁ་རྨ་རྒྱུ་སྐམས་ཤུག་ལོས་རྒྱུ་ཞབས་བདུག །ཀྲད་རྙིང་ཨ་བ་རྭ་གཞོབ་མཁུར་བཀང་བཅང༌། །ཨ་བི་ཥ་དང་རྨ་བྱའི་མཁྲིས་པ་དང་། །ཤ་གཉིས་གཙོད་ཁྲག་སྦྲང་སྨྱོན་རིལ་བུ་སྦྱར། །ཟ་རེམ་ལྟག་དགྱེ་ལྡད་ཆུ་བྱ་ཡི་ཁྲག  གཙོད་ཁྲག་རྩད་དང་གླ་རྩི་སྦྱར་ལ་བཏང༌། །རྒྱ་ནད་རེངས་འཁུམས་དོམ་མཁྲིས་ཨ་རུ་ར། །(ཤིང་རྟ་མོ་རྨིགས་པ་སྡིག་པའི་)ཤ་གསུམ་མཛོ་ཡི་མར་དང་སྦྱར་ལ་བཏང༌། །སྲིན་བུ་སྣ་ཟན་བྱ་ཁྱུང་རིལ་བུས་འཇོམས། །སྨུག་པོ་འཇུ་སྐེམས་སྨུག་པོ་སྤྱི་ཡི་སྨན། །མང་སྦྱོར་ཆེན་མོ་ལྟག་པ་སྤྲད་པས་འཇོམས། །མཁྲིས་པ་མིག་སེར་དང་པོ་(ར་ཁྲག་ཁྱི་ལུད་དྲི་ཆེན་ཁུ་བ་དང་སྦྱར་བའི་)ཁྲག་བཤལ་བཏང༌། །དེ་འོག་(སྐྱེར་ཤུན་ཁུ་བ་ཕུལ་ཕྱེད་བྱིན་ཆུ་སྐོལ་ལན་བཞི་བཏང་བའི་)སྐྱུགས་དང་(ཞི་བྱེད་སྦྲང་དང་བ་ཆུ་ཕུལ་གང་བསྲེས་ལ་བྱིན་རའི་རྭ་གཞོབ་ཆུ་ལ་སྦྱངས་ལ་བཏང་ཞག་བཞི་ནས་ལོང་རྩ་ལ་)གཏར་གྱིས་བཅོས།  །རིམས་ནད་རྩར་བྱེར་སྔོ་ཐང་ཆེན་མོ་བཏང༌། །དེ་ནས་ཕྱེ་མ་རྗེས་ལ་མེ་ཡིས་བཅད། །ནག་པོ་ཐོག་བརྡེག་གཉེན་པོ་གི་ཝཾ་སྟེ། །ཤ་སྦྱོར་སྤྱི་ཡི་གཉེན་པོར་བསྡེབས་ཏེ་སྦྱར། །འཁྱམ་པོ་གཟའ་ནད་གཉེན་པོ་གུ་གུལ་ནག །རེ་རལ་ཨ་རུ་ར་དང་དུད་པ་དང༌། །གསེར་སྐུད་རྒྱ་ཚྭ་ཨ་ཤོ་གནྡྷ་དང༌། །ར་སྲུས་ལྕུམ་རྩ་རྒྱ་སྣེ་བུལ་ཏོག་འཇོམས། །རེ་རེ་གཉིས་གཉིས་བཞི་དང་བདུན་དུ་སྦྱར། །བ་ཡི་ཆུ་ལ་རིལ་བུ་ཕྱེ་མ་བྱ། །རིལ་བུ་བདུན་བདུན་གླང་ཆུ་ཆང་གིས་དབུལ། །ཕྱེ་མ་ཞོ་རེ་ཆང་དང་དྲི་ཆུས་དེད། །མཚོན་ཆ་གསལ་ཤིང་ཧོས་དང་རྩི་ལ་སོགས། །ལོ་ཟླ་ཞག་དང་ཕྱི་ནང་སྦྱོར་བའི་རིགས། །ནད་རིམས་མི་འདྲ་སྣ་ཚོགས་གཏོང་གྱུར་ཀྱང་། །ཞག་བདུན་གྱིས་ནི་ངེས་པར་གསོས་པར་ནུས། །སྡུད་གསོད་སྦྱོང་བ་ཆིག་ཆོད་བྱེད་པ་ཡིན། །གཟེར་ནད་ཆུ་འགགས་གླ་རྩི་བོང་ང་དཀར། །ཆུ་སྦུར་ཡུང་བ་ཐལ་ཀ་རྡོ་རྗེ་དང་། །འབྲི་མོག་ཁུར་རྩ་ར་ཁྲག་སྦྱར་བས་འཇོམས། །དེ་འོག་རྩ་སྦྱོངས་རྗེས་ལ་ཆུ་སྨན་བསྟེན། །ལྡང་བའི་དུས་ཀྱི་སྒོ་ནས་བཅོས་པ་ནི། །ཞག་དུག་གཉེན་པོ་གོང་འདྲ་གཞན་ན་མེད། །ཟླ་དུག་བདུད་རྩི་སྔོ་ཡི་སྦྱོར་བས་སེལ། །ལོ་ཡི་དུག་ལ་རིན་ཆེན་རྩི་སྦྱོར་བསྟེན། །བབས་ས་གནས་དང་སྦྱར་ལ་བཅོས་པ་ནི། །སྙིང་ལ་བབས་ན་མུ་ཏིག་(ཅུ་གང་གུར་ཀུམ་རེ་རལ་འདམ་བུ་དབང་ལག་བོང་ང་དཀར་པོ་)བདུན་པའམ། །ཙན་དན་(གུར་ཀུམ་ག་དུར་ཏིག་ཏ་སྙི་བའི་མེ་ཏོག་)ལྔ་དང་ཤ་སྦྱོར་(རི་བོང་གི་སྙིང་ཏེ་ལོའི་ཀླད་པ་སྲེག་པའི་སྒོ་ང་ག་བུར་རྣམ་སྣང་)ལྔ་པ་སྦྱོར། །གློར་བབས་ག་བུར་(ཙན་དན་དཀར་དམར་ཅུ་གང་གུར་ཀུམ་བ་ལེ་ཀ་རྒུན་འབྲུམ་རྒྱ་ཚྭ་བྱི་ཏང་ག)དགུ་དང་ཤ་སྦྱོར་(དོམ་གྱི་ཤ་གླ་བའི་སྙིང་སྲེག་པ་དང་སྲིན་བྱའི་ཀླད་པ་ཧོང་ལེན་ག་བུར་ཁྲུ་གང་འོག་ས་དྲི་ཆུ་)བརྒྱད། །མཆིན་བབས་གུར་ཀུམ་(ཅུ་གང་ཏིག་ཏ་ཀ་ཀོ་ལ་ནཱ་ག་གེ་སར་ནཱ་ག་པུཥྤ་བ་ལེ་ཀ་ཨུཏྤལ་ལི་ཤི་པྲི་ཡངྐུ་ཤིང་ཚ་ཤིང་མངར་)བཅུ་གཉིས་ག་བུར་(གུར་ཀུམ་ཨ་ག་རུ་ལི་ཁྲི་མཚལ་ཏིག་ཏ་ཧོང་ལེན་རེ་རལ་གྲོ་ཆང་སྲོ་ལོས་བསིངས་པ་)དགུ། །མཆེར་བབས་ལི་ཤི་(གུར་ཀུམ་ཅུ་གང་སུག་སྨེལ་ཏིག་ཏ་རྡོ་དྲེག་བ་ཤ་ཀ་སྟག་སྡེར་དོམ་མཁྲིས་གླ་རྩི་ཨུཏྤལ་ཀ་ར་དང་སྦྱར་བའི་)བཅུ་གཅིག་སེ་འབྲུ་དགུ་(ཤིང་ཚ་གུར་ཀུམ་པི་ལིང་ཀ་ཀོ་ལ་རུ་རྟ་བོང་ང་བ་ལེ་ཀ་མཁྲིས་ཆེན)། །ཡང་ན་ཤ་སྦྱོར་(ནས་ཟན་དང་པུ་ཤུད་ཀླད་པ་རའི་མཆེར་པ་གླ་བའི་སོ་སྟག་གི་ཤ་རུ་རྟ་བ་ལེ་ཀ་བེའུའི་སྙིང་རི་སྙིང་རྣམ་སྣང་ག་བུར་སྲེག་པའི་བྲུན་) བཅུ་གཉིས་བསྟེན་པར་བྱ། །མཁལ་མར་བབས་ན་ད་བྱིད་(ཞོ་ཤ་གསུམ་གུར་ཀུམ་སུག་སྨེལ་ཛཱ་ཏི་ལི་ཤི་ཀ་ཀོ་ལ་རྒྱ་མཚོའི་ལྦུ་བ་པུ་ཤེལ་རྩེ་མཚེ་ཚིགས་སྲིན་བུ་དུག་མོ་ཉུང་ཐལ་ཀ་རྡོ་རྗེ་སོ་མ་ར་ཛ་དང་)བཅུ་དྲུག་སྦྱར། །སྣོད་དུ་བབས་ན་བཤལ་ལས་ལྷག་པ་མེད། །ཕྱེ་མ་སེ་འབྲུ་(སུག་སྨེལ་རྒྱ་ཚྭ་རྒྱམ་ཚྭ་སླེ་ཏྲེས་སྟར་བུ་མ་ནུ་ཙི་ཏྲ་ཀ་ད་ཏྲིག་སྡིག་པ་ཤིང་ཚ་སེ་ཡབ་ལང་ཏང་ཙེ་ཨ་རུ་ཀ་ར་ཉུང་གཞིའི་མར་ཁུ་དང་སྦྱར་བ་གངས་ཆུས་དབུལ་)བཅུ་བཞི་སྦྱར་བས་འཇོམས། །ཁྱད་པར་ཕོ་བར་བབས་ན་སེ་འབྲུ་(ཤིང་ཚ་ལི་ཤི་རྒྱམ་ཚྭ་ཁ་ཆེ་གོ་སྙོད་)དྲུག །རྒྱུ་མར་བབས་ན་གླ་རྩི་(བོང་ང་དཀར་པོ་རེ་རལ་འདམ་བུ་ཀ་ར་ཅུ་གང་མཚལ་)དྲུག་པ་སྦྱར། །ལོང་དུ་བབས་ན་སྒོག་སྐྱ(་ཆིག་སྐྱེས་བྱི་ཏང་ག་ཨ་རུ་གུར་ཀུམ་)བཞི་པ་སྦྱར། །ལྒང་པར་བབས་ན་སྡིག་སྲིན་(རྒྱ་ཚྭ་སུག་སྨེལ་གླ་རྩི་ཉི་དགའ་ཨ་རུ་)དྲུག་པ་སྦྱར། །མཁྲིས་པར་བབས་ན་(ག་བུར་གུར་ཀུམ་ཅུ་གང་ཏིག་ཏ་བ་ལེ་ཀ་ཤིང་མངར་ཧོང་ལེན་)བདུན་པ་སྦྱར། །ཤ་དང་ལྤགས་ལ་བབས་ན་རྔུལ་དུ་དབྱུང༌། །དབྱུང་ཐབས་གསུམ་སྦྱོར་(བཟང་དྲུག་གིས་དོན་ཚད་འཕུལ་ཚ་བ་གསུམ་གྱིས་སྣོད་ཚད་འཕུལ་འབྲས་བུ་གསུམ་གྱིས་ཕྱི་ཚད་འཕུལ་བར་བྱེད་པས་ཆ་གསུམ་དུ་བྱས་ལ་གཅིག་ཐོ་རངས་ཆང་གིས་འཕུལ་ལ་བཏང་བས་ལམ་འབྱེད། །གཅིག་སྔ་དྲོ་རུས་ཁུས་དབུལ་ཚ་བ་འཕུལ་བས་གོས་དྲོ་བར་གོན།  གཅིག་ཉི་ཕྱེད་ཆབ་ཚས་དབུལ་རྔུལ་དབྱུང་བར་བྱའོ་)རྒྱ་སྣེའི་སྦྱོར་བ་ཤིས་(དུ་བ་བྱ་བལ་མ་དང་གུ་གུལ་ནག་པོ་ཆ་མཉམ་དེའི་བརྒྱད་འགྱུར་རྒྱ་སྣེ་མ་རུ་ཨ་ཤོ་གནྡྷ་བ་ཆུའི་རིལ་བུ་བྱ་ཐོ་རངས་ཆང་གིས་དབུལ་ནམ་བདུན་ལོན་ནས་སྣེའུ་དེ་བཅོས་པས་བདུགས་ལ་རྔུལ་དྲག་ཏུ་དབྱུང་ངོ་)།རྔུལ་རྗེས་བལ་དང་ཕྱེས་ཕྱེ་ཁམས་གསོ་བཏང༌། །ནད་ཟུངས་སྦྱར་ལ་གསུམ་ལྔ་ཅི་རིགས་གདོན། །ཚད་རྙིང་བ་སྤུར་འདོན་པའི་དཔྱད་མཆོག་ཡིན། །རུས་ཞེན་སྤྲ་ཡས་ཁོལ་བུར་གྲམ་པ་ལ། །རྔུལ་གྱིས་མི་འདྲོངས་རླངས་ལུམས་བྱས་ལ་གདོན།  །(ཚ་བ་ཆེ་ན་བདུད་རྩི་ལྔ་གྲང་རླུང་ཅན་ལ་མི་རུས་བཙའ་མས་ལ་ཐབ་བཅས་རླུང་སྒོ་དུད་ཁུང་བཞག་ཟངས་སུ་བསྐོལ་ཞིང་ཁྲི་ལ་ཕྱ་ར་རྒྱངས་ལ་གླ་ལོག་སྤོས་ཀྱིན་དབྱུང་ཁམས་གསོ་བཏང་ངོ་)།ཤིན་ཏུ་གདོན་དཀའ་རང་བྱུང་ཆུ་ལུམས་བྱ། །རྩ་ལ་བབས་ན་ནང་རྩ་རྩ་ནས་སྦྱང༌། །ཕྱི་རྩར་བབས་ན་རྩ་ཁ་ཕྱེ་ཙམ་གཏར། །དེ་རྗེས་ཨ་རུ་གཡག་མཁྲིས་ཉུང་གཞི་མར། །ཅོང་ཞི་བུ་མོ་ལོ་བརྒྱད་ཆུས་འཕུལ་འཇོམས། །གསུམ་པ་དུག་ནད་དུག་གིས་བཅོས་པ་ནི། །ནང་ཡན་གྲོགས་པོ་མཚོན་ཆ་རྣམ་པ་གསུམ། །རིན་ཆེན་ནང་ཡན་གསེར་དངུལ་བྱུ་རུ་ཟངས། །མུ་ཏིག་གཡུ་དྲུག་གྲོགས་སུ་རྡོ་དྲེག་ལྔ། །གསོད་པའི་མཚོན་ཆར་བསེ་རུ་བསྐུར་བས་འཇོམས། །རྡོ་ལ་ནང་ཡན་གངས་ཐིགས་ཆུ་རྡེའུ། །གཡུ་དང་མཚལ་དཀར་ཅོང་ཞི་རྣམ་པ་ལྔ། །ཚ་བ་གསུམ་གྱི་གྲོགས་ལ་ཟེ་ཚྭའི་མཚོན། །ཤ་ལ་ནང་ཡན་བུ་མོ་རེ་འུ་ཁྱི། །བྱ་མཆིན་རྨ་བྱའི་ཤ་ལྔ་བྲག་ཞུན་གྲོགས། །གསོད་པའི་མཚོན་དུ་བོང་ང་དཀར་པོ་བསྐུར། །དངོས་ལ་ནང་ཡན་དུག་སྣ་ཅི་ཚོགས་ལ། །གྲོགས་སུ་ཨ་རུ་མཚོན་དུ་དྲི་ཆུ་བསྐུར། །སློང་སྡུད་ངོ་བོས་ངོ་བོ་འཇོམས་བྱེད་པ། །དཔེར་ན་སྲུངས་མ་བདུད་དུ་བབས་དང་མཚུངས། །གཙོ་བོ་ངོས་འཛིན་གང་ཡིན་སྲན་ཙམ་རེ། །དེ་བས་ཆེས་ན་ནང་ཡན་དགྲ་ལ་ལྡོག །སྦྱོར་འདི་སྨན་དང་ལྟག་པ་སྤྲད་ཀྱང་ཤིས། །དུག་ནད་སྔགས་ཀྱིས་གསོ་བ་འདི་ལྟ་སྟེ། །ཨོཾ་ཀ་ལི་ཀུ་ཀུ་རི་ཧད་འུང༌། །འབུ་འཛུ་བྷ་ཏི་སེ་དྷ་ན་དྷ་བྷིས། །བྷ་གང་འུང༌། །ཨ་ན་བྷིས།  རྡེས་གང་འུང༌། །བྷིས་པ་རི་ཀ་འུང༌།  བྷིས་གང་དྷི་བྷིས།  ཧ་ར་ཧ་ར་མེ་ཧཱུཾ་ཁྱི་སྭ་ཧཱ།  སྲབ་བྷ་ར་བྷིས།  ལ་ཧི་ཀ་རོ་ཨ་མྲྀ་ཏ་ཀ་རི་པ་རི་ན་ཧོ། །མ་ཧཱ་དེ་རོ། །ནི་ལེན་ཀན་དྷ་ཏོ་ཧོར་ཙ།  ཧ་རི་བྷིས།  ནན་ཏི་བྷིས།  ཨོཾ་ཤད་དེ་ཤད་དེ་སྭཱཧཱ།  ཨོཾ་ཤེད་ཤེད་བི་ཤེད་སྭཱཧཱ།  ཨོཾ་ཀྲུག་ལེ་ཧྲི་ཨ་ཧྲི་ཁ།  ཉི་ཤུ་རྩ་རེས་རང་ཉིད་སྲུང་བ་སྟེ། །བརྒྱ་འམ་སྟོང་གིས་གཞན་གྱི་དུག་ནད་སེལ། །བཙན་དུག་ཤ་དུག་སྦྱར་དུག་མ་ལུས་འཇོམས། །ཚེག་མེད་གསེར་གྱིས་བྲིས་ནས་བཏགས་པས་ཐུབ། །དྲང་སྲོང་རྣམས་ཀྱིས་འདི་ལ་གཅེས་པར་གྱིས།།

དེ་ནས་གསོ་བའི་ལོག་གནོན་བསྟན་པ་ནི། །ཟས་དང་སྤྱོད་ལམ་འཁྲུལ་ནས་ལོག་པ་དང༌། །གདོན་གྱིས་ལོག་དང་བླ་གཉན་ཐོར་བུའི་ནད། །འདུ་བ་ལོག་དང་གཅོང་དུ་ལོག་པའོ། །ཟས་སྤྱོད་ལོག་པ་སྐྱོན་ཉིད་ཡོན་ཏན་འགྱུར། །གསོད་ཅིང་སྦྱོང་བ་རོ་མི་ལྡས་པའི་རྒྱུ། །གདོན་གྱིས་ལོག་པ་མོ་ཕྱྭ་རིམ་གྲོས་བཅོས། །བླ་གཉན་ཐོར་བུའི་ནད་སྣ་གང་བྱུང་བསལ། །མགོ་དང་ཀླད་པ་ན་ན་ག་བུར་(ཅུ་གང་བྲག་ཞུན་ཏིག་ཏ་ཨ་རུ་ཙན་དན་དུག་ཉུང་བ་ལེ་བ་ཤ་)དགུ། །སྒོང་མར་སྦྱར་ལ་ར་མཁྲིས་ཆུ་ཡིས་དབུལ། །སྐྱེས་པའི་ཆུ་དང་གཉེན་པོ་(གཡག་མཁྲིས་བ་སྤུ་གླ་རྩི་ལྕམ་པ་)བཞི་སྦྱར་བཏང༌། །ཡང་ན་རྡོ་སྦྱོར་(གངས་ཐིགས་སྦལ་རྒྱབ་ཚ་ལ་ཅོང་ཞི་ཆོ་ལོང་འབྲུག་རུས་)དྲུག་པ་བཏང་བས་སེལ། །མིག་དམར་ཚ་འགྲིབས་བྱུག་སྨན་(ནི་ག་བུར་གླ་རྩི་སག་རྩི་མར་དཀར་ཨ་རུ་བྱུག་ནུ་ཞོ་དང་སྐྱེར་པ་བྱུག་ཆུ་ལྕག་བྱ་འབྲས་བུ་གསུམ་སྐྱེར་པ་གོ་སྙོད་ཨ་འབྲས་ཀ་ར་བ་མར་གྱི་སྨན་མར་སྦྱར་ལ་)གཏར་བས་བསལ། །མིག་འགྲིབས་དོམ་མཁྲིས་གླང་རོག་མཁྲིས་པ་བཏང༌། །སྣ་ཁྲག་འཛག་ན་མེ་ཏོག་རྩ་གཉིས་བདུན། །ཤིང་མངར་ཐང་ལ་དོམ་མཁྲིས་བཏབ་སྟེ་བཏང༌། །གྲེ་བ་འཛེར་འགགས་མཆེར་པ་(བ་ལང་མཆེར་སྐམ་ལི་ཤི་ཆུ་གྲང་སྦྱར་བའི་)སྦྱོར་བའམ། །སྤང་རྒྱན་(བོང་ང་སེ་བའི་མེ་ཏོག་འཕང་མའི་བསྡུས་ཐང་)ཨ་རུ་གཅིག་བསྲེགས་གཅིག་མ་བསྲེགས་པའི་བསྡུས་ཐང་)སེ་རུལ་(ཁུ་བ་སེ་རྒོད་བར་ཤུན་གླ་རྩི་བསྡུས་པའི་)སྦྱོར་བས་བསལ། །གློ་སྙིང་གདུང་ན་གི་ཝཾ་(ཤུག་པ་གཡེར་མ་)སུམ་སྦྱོར་བཏང༌། །སྙིང་འཕྱོ་སྟབ་སེང་ཆང་དུ་སྦངས་ཁུ་ལ། །ཛཱ་ཏི་བཏབ་བཏང་བདུན་པ་མེ་ཡིས་མནན། །གློ་སྐམ་མང་ལུ་བུར་དཀར་(སྤང་རྒྱན་ཅུ་གང་ལི་ག་དུར་སྟར་བུ་རུ་རྟ་སེ་འབྲུ་སྲོ་ལོ་སྲིན་བྱའི་ཤའི་)ཏིང་ཁྲོལ་བཏང༌། །མཆིན་པ་ན་ན་བ་མཁལ་སྨུག་པོའི་ཐང༌། །མཁལ་གཟེར་པི་པི་ལིང་དང་ཞོ་ཤའི་ཐང༌། །ཕོ་བ་སྦོས་ན་(རུ་རྟ་རྒྱམ་ཚྭ་ཤིང་ཚ་)སུམ་ཐང་བཏང༌། །ཕོ་ལོག་གླང་ཐབས་ནད་ལ་(སོ་བྱ་དུར་བྱིད་དོམ་མཁྲིས་ཨ་རུའི་)རྒྱ་བཤལ་བྱ། །ཡང་ན་རེ་རལ་(གཉིས་ཨ་རུ་གུར་ཀུམ་རྒྱམ་ཚྭ་ཐལ་ཚྭ་)དྲུག་གམ་ཚྭ་(རྒྱ་ཚྭ་ཁ་རུ་ཚྭ་རྭ་ཚ་ཐལ་ཚྭ་དྲི་ཆུའི)་ཐང་བཏང་། །ཕོ་བར་འདྲིལ་ན་(རྒྱམ་ཚྭ་སེ་འབྲུ་སུག་སྨེལ་གྱི་)ཐང་དང་(ཨ་རུ་གོ་སྙོད་མི་ཤ་མར་ནག་ལ་བསྐོལ་བའི་)སྣུམ་དུགས་བྱ། །ཁྲག་ཏུ་འཁྲུ་སྐྱུག་ཕྱྭ་ཚན་ཅུ་གང་དང༌། །ག་བུར་གུར་ཀུམ་རེ་རལ་རིམ་པས་བསྐྱེད། །ཁྱེའུ་འཐུང་བའི་ནུ་ཞོ་སྦྱར་ལ་བཏང༌། །ཆུ་འགགས་གླ་རྩི་གཟེ་མའི་བསྡུས་ཐང་དང༌། །རྒྱུན་འགགས་སྨན་འདྲེན་བིག་པན་ཁུ་བ་བཏང༌། །སྐྱུག་གམ་འཁྲུ་ན་བ་ལྕིའི་སྦྱོར་བ་བྱ་(མཚེའུ་སྐྱོང་ཁྲུ་གང་འོག་གི་ས་བེའུ་ཞོ་འཐུང་གི་ལྕི་བ་ཆུར་སྦྱངས་ཏེ་བཙགས་ཁུར་སོ་མ་ར་ཛ་བསྐོལ་བ་བཏང་)།འཁྲུ་བ་འབྱམས་ན་ལུག་ཤའི་ཚོ་ཁུ་བཏང༌། །གཞན་ཡང་གཅོད་སྨན་སྦྱོར་བ་གང་ཤིས་བསྟེན། །སྨན་ཟས་འཇུ་དཀའ་སྦང་སྐམ་བསྲོས་པས་བདུག །རྒྱམ་ཚྭ་པི་པི་ལིང་གི་བསྡུས་ཐང་བཏང་། །ཤ་ཟོས་ན་ན་ཤ་ཁུ་ཁྲག་སྐྱུགས་བྱ་(དགོང་མོ་ཤ་ཁུ་ལ་ཚྭ་སྣ་ཚོགས་ཚད་བཏབ་ལ་བཏང་ནད་པར་ར་ཁྲག་དྲོན་མོ་ཚུགས་ཚད་བཏང་བས་སྐྱུག་གོ་རྗེས་ལ་སེ་འབྲུ་ལྔ་པ་སྦྱར་རོ)། །ནད་རླངས་ཁོལ་བུར་ན་ན་སྐྱེར་ཁཎྜ། །(རྟ་ཡི་ཕྱ་ཚན་ཆུར་སྦྱངས་ཡང་ཡང་བཏང་)།ཁོལ་བུར་གཟེར་འཕོ་མ་ནུ་བཞི་ཐང་བཏང་། །གཉའ་རེངས་སེར་ཤའི་ཐང་བཏང་གཉའ་ཤས་བདུག །ཡན་ལག་རེངས་ན་གླ་རྩི་(བོང་ང་སྤང་སྤོས་ཛཱ་ཏི་)བཞི་པ་དང༌། །བུ་མོའི་ཆུ་སྦྱར་རམ་པའི་བསྡུས་ཐང་བཏང༌། །མཚན་བཙོས་སྔོ་ཐང་ཁུ་བ་བྲན་པས་བདུག །ལྷུ་ཚིགས་སྦྲིད་ན་ཉུང་ཁུ་(མ་བཙོས་པའི་ཁུ་བ་དང་རའི་འོ་མ་ཉ་ཁུ་རྒོད་གཡག་ཤ་ཁུ་སྦྱར་བ་བུད་མེད་སྦྲུམ་མའི་ཆུས་འཕུལ་བའི་)སྦྱོར་བ་བྱ། །པྲན་རྩེ་རུས་ཚིགས་ན་ན་ནེ་སེག་ཐང༌། །ཆུ་སེར་སྐྱེས་ན་རུ་རྟ་(ཙི་ཏྲ་ཀ་བོང་ང་དཀར་པོ་གཡག་མཁྲིས་)བཞི་པ་དང༌། །མཛེ་འབྲས་འབྲུམ་པ་ཙན་དན་མར་ཁུ་དང༌། །པགས་པ་ཚ་ཙག་བྱེད་ན་གངས་ཆུས་བྱུག །(ཡང་ན་སེ་སྐྱེར་བར་ཤུན་སོ་མ་ར་བྱུག་གཙོ་བོ་དྲུག་གི་ཆུ་ལྕག་བརྡེག །)དེ་སོགས་གཉིད་ཡེར་སྣ་ཁྲག་འཛག་པ་དང་། །རྔུལ་འབྱམས་ལ་སོགས་ཚ་བ་སྤྱི་མདོར་འཕྲུལ། །གཞན་ཡང་དབུགས་མི་བདེ་ན་ཁུར་བསྐུར་ཞིང་། །རོ་སྟོད་མི་བདེ་རྡོ་བ་འཕང་བ་དང་། །རོ་སྨད་ན་ན་རྟ་ཞོན་འདུར་བ་དང༌། །རྐེད་པ་ན་ན་ས་ཕད་འཁུར་ལ་སོགས། །ལུས་སྦྱོངས་འཇམ་པོས་རྩ་ནད་རང་སར་འགྲེམས། །འདུ་བར་ལོག་ན་རླུང་མཁྲིས་བད་ཀན་གསུམ། །བཅོས་གཞུག་ཕལ་ཆེར་ཕོ་བའི་མེ་དྲོད་འཆོར། །མཆིན་ཚད་སྐྱེ་ཞིང་ལོང་དུ་རླུང་འཕེལ་བྱེད།  །དེ་ལ་དྲོད་སྐྱེད་བཏང་དང་འཇམ་རྩིས་བསལ། །རྗེས་ལ་ཐོར་བུའི་རླུང་སྐྱེས་གཉིད་མེད་ཅིང༌།  །གཡལ་འདར་བོག་མྱོས་འཕྱོས་པ་འབྱུང་སྲིད་ན། །རུས་ཐང་ཚོ་ཁུ་བུར་ཆང་བསྐུ་མཉེ་བྱ། །ཁ་ཐལ་ཟུངས་ཟད་རླུང་གྱུར་ཚ་བར་ལྡོག །དེ་བས་ཞུ་འཁྱགས་ས་མཚམས་ཟིན་པར་གྱིས། །བཅོས་ཉེས་པ་འམ་སྔོན་གྱི་ལས་དབང་གིས། །ཕལ་ཆེར་དམུ་སྐྲན་གཅོང་དུ་ལོག་པ་མང༌། །སྐྲན་དུ་ལོག་ན་རྒྱ་ཚྭ་རྒྱམ་ཚྭ་དང༌། །ཤིང་ཚྭ་མཛེ་ཚྭ་བིག་པན་ཚ་བ་གསུམ། །རུ་རྟ་ཨ་བྱག་སྲོ་ལོ་ཨ་རུ་ར། །ཆང་སྦྱར་གསུམ་ཡར་བཏང་ལ་བཤིག་ནས་སྦྱང་། །ཡང་ན་འབྲས་བུ་གསུམ་དང་སེ་འབྲུ་དང༌། །སྐྱུ་རུ་ཤིང་ཚ་དབྱི་མོང་ཚ་བ་གསུམ། །སྤང་རྩི་བུ་རམ་སྦྲང་དང་སྦྱར་ལ་བཏང༌། །དམུ་ཆུར་ལོག་ན་དང་པོ་མགོ་སྐྲངས་དུས། །རེ་རལ་རི་ཤོ་ཁྱི་ཀླད་ར་འོ་སྦྱར།  །ཁོང་དུ་བཏང་དང་ཕྱི་ནས་བྱུག་པ་དང༌། །གནྡྷ་པ་ཏྲ་རྒྱ་རུ་ཙི་ཏྲ་ཀ །དོམ་མཁྲིས་འབྲས་ཀྱི་ཆུ་ཡིས་སྦྱངས་ལ་བཏང༌། །མཚེ་ཡི་ཐལ་བ་ར་མར་སྦྱར་བས་བྱུག །ཆུར་སྨིན་སྦྱང་བྱས་སེ་འབྲུ་སྐྱུ་རུ་ར། །འགྲོན་ཐལ་ཤིང་མངར་རྒྱ་ཚྭ་པི་པི་ལིང༌། །ཤིང་ཚ་ཨ་རུ་སྦྲང་དང་ཉུང་མ་ལས། །སྦྱར་བའི་རིལ་བུ་གསུམ་གསུམ་བཏང་བས་སྐེམས། །དམུ་སྐྲན་གསོ་བའི་སྐབས་དང་འཕྲུལ་ཞིང་བཅོས།།

བཅོས་རྗེས་ཕྱིར་མི་ལྡོག་པའི་རྗེས་བཅད་ཐབས། །ཟས་སྤྱོད་གང་གནོད་བསླང་ཞིང་སྨན་དཔྱད་བསྐྱར། །སྨན་དྲེད་ནད་ལ་མི་བརྐོ་སྦྱོར་བ་སྤོ། །གང་ཕན་སྨན་དེ་སྐྱོར་ན་སྨན་རྟ་བསྒྱུར། །དུག་ནད་ལུས་ལ་ལོ་ཟླར་འདྲེས་པའི་ཕྱིར། །ཡང་ཡང་བསྐྱར་ལ་ཚ་བ་རྩད་ནས་འདོན། །ཞེན་ཆེ་བ་ལ་སྦྱངས་རྗེས་ཆུ་ཚན་བྱ། །འབྲིང་ལ་ཁྲི་ལུམས་ཐ་མ་རྔུལ་དུ་དབྱུང༌། །ཟས་སྤྱོད་གནོད་པས་མི་ལྡང་རྩད་ཐོན་པས། །ཨ་རུ་བོང་ང་དོམ་མཁྲིས་བྲག་ཞུན་བཞི། །ཆུ་བསྲིང་ཟླ་བ་ཕྱེད་བསྟེན་ལྡོག་མི་སྲིད། །དེ་རྗེས་གཙོ་བོ་དྲུག་དང་དམར་པོ་གསུམ། །འབྲས་བུ་གསུམ་དང་སེ་རུལ་སྨན་མར་ལ། །བཟང་དྲུག་མངར་གསུམ་སྦྱར་ལ་བཏང་བར་བྱ། །དེ་ཡིས་ལུས་བརྟས་ཕྱིར་མི་ལྡོག་པར་བྱེད། །ཡང་ན་སྤང་རྒྱན་དཀར་པོའི་སྨན་མར་ལ། །མངལ་ཁྲག་ཕག་ཚིལ་རིལ་མ་སྦྲང་སྦྱར་བཏང༌། །ཉ་ཕག་བཤུལ་ཤ་རུལ་སྐྱུར་དང་པོའི་རྟ། །རྟ་རྒྱུགས་ཆགས་སྤྱོད་ལོ་དུས་བར་དུ་བསྲུང༌། །དེ་ཡིས་ཚེ་སྲོག་མཐའ་རུ་ཕྱིན་པར་ངེས། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྦྱར་བའི་དུག་བཅོས་པའི་ལེའུ་སྟེ་བརྒྱད་ཅུ་རྩ་བདུན་པའོ།། །།




མཐའ་མའི་འདོན་ཐེངས་།: 21.12.2022 ཉིན། 10:38 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།