སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གྱ་བདུན་པ། སྦྱར་དུག་གི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011
མན་ངག་རྒྱུད། >> ལེའུ་གྱ་བདུན་པ། སྦྱར་དུག་གི་ནད་གསོ་བ།

  ལེའུ་གྱ་བདུན་པ་སྦྱར་དུག་གསོ་བ་ལ་གཉིས། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་གཞུང་དོན་ལ་གསུམ་དུས་དང་བསམ་སྤྱོད་ཀྱི་ཉེས་པ་སྤྱིར་བསྟན་པ། སྐབས་དོན་མདོར་བསྟན་པ། དེ་དོན་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལ་ཞེས་རྐང་པ་ལྔས་བསྟན་ཏེ། དེ་ཡང་དང་པོ་གནོད་བྱེད་རིགས་འདྲ་མང་པོ་ལྷན་དུ་སྦྱར་བའི་དུག་ཅེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་ལོ་ལྔ་སྟོང་གནས་པ་ལས། ལྔ་བརྒྱ་ཕྲག་ཐ་མ་རྟགས་ཙམ་འཛིན་དང་ཉེ་བའི་དུས་ཀྱི་ཐ་མར་གྱུར་ཙམ་ན། སྙིགས་མ་ལྔ་བདོ་བའི་དུས་ངན་པའི་མི་དགེ་བ་བཅུ་ལ་སོགས་པའི་སྤྱོད་པ་ངན་པ་མང་དུ་བྱེད། དེའི་དུས་སུ་སྔར་ནས་མུ་སྟེགས་ཀྱི་སྟོན་པ་དབང་ཕྱུག་ཆེན་པོ་སོགས་ཀྱི་བསྟན་པའི་གཞུང་མང་དུ་ཡོད་པ་སྟེ་སློབ་དཔོན་བདེ་བྱེད་བདག་པོའི་ལྷ་ལས་ཕུལ་བྱུང་གི་བསྟོད་པར། བདག་གི་འདི་ནི་བསྲུང་བྱ་འདི་དག་གསད་བྱ་ཞེས་པ་ལྷ་ཆེན་མཆོག་གི་གཞུང་ལུགས་ཏེ། །སངས་རྒྱས་ལ་ནི་དགྲ་དང་མཛའ་བཤེས་ཡོང་མི་མངའ་ཞེས་སོ། །དེས་ན་སྔར་ནས་ཡོད་པ་དང་མུ་སྟེགས་སྟོན་པ་ནག་པོའི་ཕྱོགས་སུ་གྱུར་པ་རྣམས་ཀྱིས་གློ་བུར་དུ་བསམ་ངན་གསོད་སེམས་ཀྱིས་ཀུན་ནས་བླངས་ཏེ་དུག་སྦྱོར་སྣ་ཚོགས་པ་དར་ནས་རྐང་པ་གཉིས་པ་མིའི་སྲོག་ལ་དུག་གི་གཅོད་པ་ནི་གཅད་བྱའི་དངོས་པོ་ལ་ཆད་ཆན་པས་འདེབས་པ་ལྟར་དུ་དུག་གིས་ཕྲལ་དུ་སྲོག་གཅོད་པར་བྱེད་པའོ། །གཉིས་པ་སྐབས་དོན་མདོར་བསྟན་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དེ་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དུག་ནད་དེ་ལ་རིགས་དང༌། འཇུག་ཚུལ་དང༌། ངོས་བཟུང་དང༌། བཅོས་ཐབས་དང༌། ལོག་གནོན་དང༌། ཕྱི་རྗེས་བཅད་པ་དྲུག་ཏུ་བསྟན་པའོ། །གཉིས་པ་རྒྱས་པར་བཤད་པ་ལའང་དྲུག་ལས། དང་པོ་ལའང་གཉིས། གང་ལ་བསྐུར་བ་རྟའི་དབྱེ་བ་དང༌། གང་བསྐུར་བ་ངོ་བོའི་དབྱེ་བའོ། །དང་པོ་ནི། དང་པོ་ཞེས་རྐང་པ་དྲུག་གིས་བསྟན་ཏེ། དེ་ཡང་དང་པོ་དུག་རིགས་གང་ལ་བསྐུར་བ་རྟའི་སྒོ་ནས་དབྱེ་ན་ཀུན་གྱིས་མཐོང་བ་ཉི་མའི་ཟེར་ལ་བསྐུར་བ་ནི་ཟེར་དུག་ཅེས་བྱ་བ་དང༌། དུ་བའི་རླུང་ལ་དུག་གི་དྲི་དགོས་པ་རྫི་ལ་བསྐུར་བ་ལ་རྫི་དུག་དང་དུད་པ་རླུང་གཞོན་ཞེས་ཀྱང་བྱའོ། །རྐང་པས་འགོམས་པ་སའི་རླངས་ལ་བསྐུར་བ་རླངས་དུག་དང༌། རེག་ཏུ་འཇུག་པ་སྣུམ་གྱི་རྟ་ལ་བསྐུར་བ་ལ་རེག་དུག་སྒ་དུག་ཅེས་པ་དང༌། ཁོང་པར་འཇུག་པ་ཟས་སྐོམ་ལ་བསྐུར་བ་ཟས་དུག་དང་རྣམ་པ་ལྔའོ།།

        གཉིས་པ་གང་བསྐུར་ངོ་བོའི་དབྱེ་བ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། དེ་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་གང་ལ་བསྐུར་བའི་རྟ་དེ་ལ། གང་བསྐུར་ངོ་བོའི་དབྱེ་བ་ནི། ཡུལ་དང༌། རྫས་སྦྱོར་དང༌། ནད་ཀྱི་རིགས་དང༌། ལྡང་བའི་དུས་ཀྱི་དབྱེ་བ་དང་བཞིའོ། །གཉིས་པ་རྒྱས་བཤད་ལའང་བཞི་ལས། དང་པོ་ནི། ཡུལ་ནི་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་ཡུལ་གྱི་དབྱེ་བ་ནི། རྒྱ་གར་རྒྱ་ནག་དོལ་པོ་མོན་བཞི་ནི་ཡུལ་གྲུ་ཆེ་ཞིང་དུག་དར་བས་སྨོས་པ་ཡིན་ལ་གཞན་ཡུལ་ཀུན་དུ་སྦྱོར་མོད། ཕན་གནོད་ཀྱི་དབྱེ་བའང་བལྟོས་པ་སྟེ་ཉིན་མཚན་བཞིན་ནོ། །དེ་ཡང་རྒྱ་གར་ན་མཚོན་ཆ། རྒྱ་ནག་ན་གསལ་ཤིང༌། དོལ་པོ་ན་ཧོས། མོན་ན་རྩི་སྟེ། དེ་བཞི་པོ་རེ་རེ་ལ་ཡང་སྦྱོར་སྡེ་མ་གྲངས་སྟོང་དང་རྩ་བཞིར་སྦྱོར་རོ། །གཉིས་པ་རྫས་སྦྱོར་ལ་གསུམ་མདོར་རྒྱས་མཇུག་གོ དང་པོ་ནི། རྫས་སྦྱོར་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་ཇི་ལྟར་སྦྱོར་ན་རིན་པོ་ཆེ་སྦྱོར་བ་དང༌། དེ་བཞིན་དུ། རྡོ་སྦྱོར་དང༌། ཤ་སྦྱོར་དང༌། རྩི་སྦྱོར་དང༌། དངོས་དང༌། སྔོ་སྦྱོར་དང་དྲུག་གོ གཉིས་པ་རྒྱས་བཤད་ལའང་དྲུག་ལས།

        དང་པོ་ནི། རིན་ཆེན་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་ནི་རྡོ་ནི་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ནི། ཤ་སྦྱོར་ཞེས་རྐང་པ་ལྔས་བསྟན་ནོ། །བཞི་པ་ནི། རྩི་སྦྱོར་ཞེས་རྐང་པ་གཅིག་གོ ལྔ་པ་ནི། དངོས་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །དྲུག་པ་ནི། སྔོ་ལ་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། དེ་ལྟར་སྦྱོར་ཚུལ་དང་སྦྱོར་རྒྱུ་མི་འདྲ་བ་དེ་དག་ལས་ལྡན་འདུས་དུ་མ་གྱུར་པ་ཡིན་ནོ། །གསུམ་པ་མཇུག་བསྡུ་བ་ནི། མདོར་བསྡུས་ཞེས་རྐང་པ་ལྔས་བསྟན་ནོ། །གསུམ་པ་ནད་རིགས་ཀྱི་དབྱེ་བ་ནི། ནད་རིགས་ཞེས་རྐང་པ་བདུན་གྱིས་བསྟན་ནོ། །བཞི་པ་ལྡང་བའི་དུས་ཀྱིས་དབྱེ་བ་ནི། ལྡང་དུས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །དེ་ལྟར་རྟ་ལྔ། ཡུལ་བཞི། རྫས་རིགས་དྲུག མདོར་བསྡུས་གཉིས། ནད་རིགས་བཅུ་གསུམ། ལྡང་དུས་གསུམ་རྣམས་ནི་རགས་པའི་དབྱེ་བའོ། །གཉིས་པ་འཇུག་ཚུལ་ལ་གཉིས། རྟའི་འཇུག་ཚུལ་བཞི་སྤྱིར་བསྟན་པ་དང༌། ཟས་དུག་གི་འཇུག་ཚུལ་ཁྱད་པར་དུ་བཤད་པའོ། །དང་པོ་རྟའི་འཇུག་ཚུལ་སྤྱིར་བསྟན་པ་ནི། འཇུག་ཚུལ་ཞེས་རྐང་པ་བཞིས་བསྟན་ཏེ། དེ་ཡང་འཇུག་ཚུལ་ནི་ཉི་ཟེར་ལ་བསྐུར་བ་ནི་ལུས་ཀྱི་མདངས་སམ་མདོག་ལ་འཇུག་གོ རྫི་ལ་བསྐུར་བ་ནི་རྩའི་སྒོ་སྣ་བུག་ནས་འཇུག་སྟེ། འཇུག་དོན་དུའང་དུ་བ་རླངས་པ་རིས་སམ་དྲི་སྣ་ནས་འཇུག་ཅེས་སོ། །རླངས་ལ་བསྐུར་བ་རྩ་སྒོ་སྣ་དང་བ་སྤུ་གཉིས་ནས་འཇུག སྣུམ་ལ་བསྐུར་བ་ནི་བ་སྤུའི་སྒོ་ནས་འཇུག་སྟེ། འདི་དག་ཏུ་ཐོག་མ་ཞུགས་ནས་རིམ་གྱིས་ལུས་ཟུངས་ལ་མཆེད་པར་བྱེད་དོ། །གཉིས་པ་ཟས་དུག་འཇུག་ཚུལ་ཁྱད་པར་དུ་བཤད་པ་ལ་གསུམ། དང་པོ་འཇུག་པ། དེ་ཉིད་ལུས་ཟུངས་དང་འགྲོགས་པའི་གྱུར་ཚུལ་རྟགས་དང་བཅས་པ། དོན་བསྡུ་བ་གསུམ་མོ། །དང་པོ་ནི། ཟས་ལ་ཞེས་རྐང་པ་གཅིག་གོ །གཉིས་པ་ནི། དེ་ཉིད་ཅེས་རྐང་པ་བཅུ་བདུན་གྱིས་བསྟན་ཏེ། དུག་དེ་ཉིད་ཕོ་བར་དྭངས་མ་ནས་མདངས་ཀྱིས་བར་དུ་རིམས་གྱིས་ཁྱབ་པས། དེ་མཚུངས་རྟགས་དང་བཅས། གསུམ་པ་ནི། མདོར་ན་ཞེས་རྐང་པ་བཅུས་བསྟན་ནོ། །གསུམ་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བརྟག་པའི་ཞེས་རྐང་པ་བཞིས་བསྟན་ཏེ། སྤྱི་རྟགས་འཁྲུལ་མེད་མི་འགྱུར་ངོས་བཟུང་བ་དང༌། བྱེ་བྲག་ནད་རིགས་བབས་ས་སོ་སོའི་བརྟག་པ་དང༌། མི་འཚོ་བའི་ཚེ་ལྟས་བརྟག་ལ་སྤང་བ་དང་གསུམ་མོ། །དང་པོ་ལའང་གཉིས་མདོར་རྒྱས་སོ། །དང་པོ་ནི། དང་པོ་ཞེས་རྐང་པ་བཅུ་དགུས་བསྟན་ཏེ། ཕྱི་ནང་གསང་གསུམ་མོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། རིམ་བཞིན་ལྷན་ཅིག་ཏུའང་བསྟན་པ་ལ།

        དང་པོ་ནི། ཕྱི་རྟགས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་ཕྱི་རྟགས་འདུ་བ་གཞན་དང་རྒྱབ་ཤ་བཅད་པ་དང༌། ནང་རྟགས་རྩ་ཆུ་ན་ལུགས་སློང་རྐྱེན་བཞི་ཡི་སྒོ་ནས་ནད་ངོས་བཟུང་པ། གསང་བའི་རྟགས་ཀྱིས་ངེས་པ་བསྐྱེད་པའོ། །དང་པོ་ལ་གཉིས་རྟགས་དངོས་དང༌། མཇུག་བསྡུ་བའོ། །དང་པོ་ནི། དང་པོ་ཞེས་རྐང་པ་ཉེར་གཉིས་ཀྱིས་བསྟན་ཏེ། ཧུ་ལུ་ཀ་ཞེས་པ། གཡུ་ཐོག་པའི་ཕྱག་དྲེག་མ་དང༌། བླ་རྟའི་བཞེད་པར་བྲག་སྐྱ་ཧ་བོ་ལ་བཞེད། ཙན་དན་དཀར་པོ་ལ་བཞེད་པའང་འདུག་གོ །གཉིས་པ་མཇུག་བསྡུ་བ་ནི། དེ་ལྟར་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། འདི་ནི་ཕྱི་མ་འདྲེན་པའི་ཚིག་གོ །གཉིས་པ་ནང་རྟགས་ལ་གསུམ། མདོར་རྒྱས་མཇུག་གོ །དང་པོ་ནི། ནང་གི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྩ་ལ་བརྟག་པ་དང༌། དེ་བཞིན་དུ། ཆེ་ཆུང་དང་ན་ལུགས་དང་སློང་རྐྱེན་སམ་གོམས་པས་བརྟག་པ་བཞིའོ། །གཉིས་པ་རྒྱས་བཤད་ལའང་བཞི་ལས། དང་པོ་ནི། རྩ་རྒྱུད་ཅེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི་ཆུ་མདོག་ཅེས་རྐང་པ་དྲུག་གིས་བསྟན་ཏེ། ཆུ་དྲོན་མོ་དེ་འཁར་སྣོད་ཁ་སྦྱར་ས་འོག་ཏུ་རླངས་པ་བསུབས་ནས་ཞག་གཅིག་བཞག་པས་ས་རྡོ་རིན་པོ་ཆེ་སྔོའི་ཕྱེ་མའམ་སྦལ་སྦྲུལ་གང་བྱུང་དེ་ཡིན། སྦལ་བའི་སྒོ་ང་འདྲ་བ་དང་ནག་སྙིགས་བྱུང་ན་ཤའི་དུག་འཇའ་ཚོན་འདྲ་ན་ཤ་དུག་ཡིན་ནོ། །གསུམ་པ་ན་ལུགས་ལ་གཉིས། སྤྱི་དང་ཁྱད་པར་རོ། །དང་པོ་ནི། ན་ལུགས་ཞེས་རྐང་པ་སོ་གཉིས་ཀྱིས་བསྟན་ཏེ། དེ་ཡང༌། ཟླ་བ་གཉིས་པར་སྣ་ནང་ལྡང་དུབ་བྱེད་ཅེས་པར། ནད་ཟུག་གི་སྣའམ་ནད་མགོ་ལྡང་ཞིང་ལྡང་དུབ་ནི་རེས་ན་རེས་བ་དེའོ། །ཟས་ཀྱི་རྟ་ཞེས་པ་དང་རྟགས་ལ་ངེས་པ་མེད་ཅེས་པ་ཁོང་དུ་སོང་ནས་ཟླ་བ་བཞི་ནས་ངེས་པ་དེ་ལ་ཡང༌། སྦྱོར་བའི་རིགས་ལུས་ཀྱི་ནད་ཁམས་ཤས་ཆེ་ཆུང་ཟས་གང་ལ་བསྐུར་བའི་རྟ་ལུས་ཟུངས་བདུན་མདངས་དང་བརྒྱད། དྲི་མ་གསུམ་སོགས་ལ་བབས་པའི་དབང་གིས། དེ་དག་གི་མཚན་ཉིད་དང༌། དང་པོ་འཐབ་ཅིང་འཕེལ་འགྲིབ་བྱེད། མཐའ་མར་མ་རུང་བར་གྱུར་པས་རྟགས་ཅན་སྣ་ཚོགས་པར་གྱུར་པས་བརྟག་ལ་འདི་འོང་གི་ངེས་པ་མེད་མོད། འོན་ཀྱང་ཕལ་ཆེ་བ་ལ་འདི་རྣམས་འབྱུང་བའོ། །གཉིས་པ་ཁྱད་པར་གྱི་ན་ལུགས་ནི། ཁྱད་པར་ཞེས་རྐང་པ་དྲུག་གིས་བསྟན་ནོ། །བཞི་པ་སློང་རྐྱེན་ཕན་གནོད་ཅེས་རྐང་པ་བཞིས་བསྟན་ནོ། །གསུམ་པ་གསང་རྟགས་ནི་རྟགས་མེད་ཅེས་རྐང་པ་བཅོ་ལྔས་བསྟན་ཏེ། ཆུ་ཆུང་ཞེས་པ་ཆུ་ཤག་ཏུ་སྐྱེ་བ་ལོ་མ་སྒོར་ཆུང་ལ་སྡོང་པོ་དམར་བ་འབྲས་བུ་རལ་པ་ཅན། ཆུ་རྩ་འདྲ་བ་ལ་དེ་བས་ཆུང་བ་དེའོ། །རུ་རཀྵ་དྲག་པོའི་མིག་ཅེས་ཟུར་ཆག་པ་རག་ཤ་སྟེ་མིག་མེད་ལྔ་ཆུར་བསྡུས་པ་ལ་བཤད་ནའང༌། ཞེས་བླ་རྟ་གསུང་ཀྱང་རང་ལུགས་ནི་སྲོག་ཆགས་གྲོག་མ་ལ་བཞེད་དོ། །སེ་རྒོད་འོམ་བུའི་ཐང་བཏང་ཞེས་པ་རྒོང་མོ་སེ་རྒོད་མ་དང༌། འོམ་བུའི་བར་ཤུན་གྱི་ཐང་བཏང༌། ཞོགས་སྔའི་ཆུ་སྣོད་གཙང་དུ་བཙོས་པས་ཆུ་ཆད་སྟེ་སོར་སོར་འདྲིལ་ན་དུག་ནད་ཡིན་པའི་ངེས་པ་བསྐྱེད་དོ། །སྡུད་སྨན་ནི་འོག་ཏུ་བསྟན་ནོ།།

        གཉིས་པ་བྱེ་བྲག་གི་རྟགས་བཤད་པ་ལ་གསུམ། མདོར་རྒྱས་མཇུག་གསུམ་མོ། །དང་པོ་ནི། བྱེ་བྲག་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་བྱེ་བྲག་གི་རྟགས་དེ་ལ་འཇུག་པའི་སྒོ་དང༌། དེ་བཞིན་དུ། རྫས་དང༌། རིགས་དང༌། ནད་རིགས་དང༌། ལྡང་དུས་དང༌། བབས་པའི་སྒོ་ནས་བརྟག་པ་དང་ལྔའོ། །གཉིས་པ་རྒྱས་བཤད་ལའང་ལྔ་ལས། དང་པོ་ནི། དང་པོ་ཞེས་རྐང་པ་བཅུ་གཅིག་སྟོང་བསྟན་ནོ། །གཉིས་པ་རྫས་རིག་ལ་གཉིས། རྒྱས་པར་བཤད་པ་དང་མདོར་བསྡུས་པའོ། །དང་པོ་རྒྱས་པར་བཤད་པ་ནི་རྫས་རིགས་ཞེས་རྐང་པ་ཉེར་གསུམ་གྱིས་བསྟན་ཏེ། ཤ་སྦྱོར་གྱི་མགོ་དང་སྐེ་མཇིང་ཕྱི་ཤ་ནང་ཁྲོལ་སོགས་གང་བཏང་དེར་བབ་ཁོལ་བུར་ན་བར་བྱེད་ཅེས་པར་དུག་བསྐུར་བའི་རྟ་ཤ་གང་ལ་སྦྱར་བ་དེ། དེ་མཐུན་གྱི་ལུས་ལ་ཡང་བབ་ཅིང་དེར་ཁོལ་བུར་ན་བར་བྱེད་དོ། །རང་ནད་སེལ་བ་རང་དང་རང་ནད་དེར་ཁྲིད་པ་ཕྱི་ནང་གི་རྟེན་འབྲེལ་ལམ་ཚུལ་མཚུངས་པའོ། །སྤུ་སྦྱོར་ནི་སྟག་གི་སྨ་ར་ལ་སྦྱོར་ཞིང༌། རྒྱུ་ཁྲག་འདྲེས་པ་ནི། རྒྱུ་མ་ཁྲག་གིས་ཟོས་པའོ། །གཉིས་པ་མདོར་བསྡུས་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། མདོར་བསྡུས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང༌། ཚ་སྦྱོར་དང་གྲང་སྦྱོར་གཉིས་སོ། །གཉིས་པ་རྒྱས་པར་བཤད་པ་ལའང་གསུམ་ལས། དང་པོ་ནི། ཚ་སྦྱོར་ཞེས་རྐང་པ་དྲུག་གིས་བསྟན་ཏེ། སྦྱོར་བ་འདི་ནི་གཙོ་བོ་མཆིན་མཁྲིས་ལ་བབས། གཉིས་པ་ནི་གྲང་སྦྱོར་ཞེས་རྐང་པ་བཞིས་བསྟན་ཏེ། སྦྱོར་བ་འདི་ནི་གཙོ་བོར་ཕོ་བར་བབས། གསུམ་པ་ཚ་གྲང་འདྲེས་པར་སྦྱར་བ་ནི་སྦྱོར་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། འདི་ནི་གཉིས་ཀར་བབས་སོ། །གསུམ་པ་ནད་རིགས་སྒོ་ནས་བརྟག་པ་ནི། ན་ལུགས་ཞེས་རྐང་པ་བཞི་བཅུ་ཞེ་གཉིས་ཀྱིས་བསྟན་ཏོ། །བཞི་པ་ལྡང་དུས་བཤད་པ་ནི་ལྡང་དུས་ཞེས་རྐང་པ་བཅུ་དྲུག་གིས་བསྟན་ཏེ། ཞག་དུག་གི་སྦྱོར་བ་མ་སྨིན་རྣོའམ་རྐྱེན་ཕྲད་ཅེས་ཟླ་བར་མ་ལོང་ཞག་གཅིག་སོགས་ལ་ལྡང་བའི་དུག་ནི། སྦྱོར་བ་མ་སྨིན་ཡང་སྦྱོར་བ་རྣོ་བའམ་ཡང་ན་སློང་རྐྱེན་དང་འཕྲད་པས་གློ་བུར་དུ་ལངས་པའོ། །ལྔ་པ་བབས་སྒོ་ལ་བརྟག་པ་ནི། བབས་ས་ཞེས་རྐང་པ་བཅུ་དགུས་བསྟན་ཏེ། དེ་ཡང་མཆིན་བབས་ཀྱི་མིག་ཞུ་བ་ནི་མིག་མདངས་ཉམས་ཤིང་ཆུང་ངུ་འགྲོ་བའོ། །མཆེར་བབས་ཀྱི་སྣ་འདར་ཞེས་པ་མཆེར་བའི་སྣ་འདར་བའོ། །རྒྱུ་ལོང་གི་འགྱུར་བ་ནི་འཁྲུ་ཉམས་བྱེད་པའོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་ཞེས་རྐང་པ་བཞིས་བསྟན་ནོ། །གསུམ་པ་མི་ཐུབ་འཆི་ལྟས་ནི། མི་ཐུབ་ཅེས་རྐང་པ་བདུན་གྱིས་བསྟན་ཏེ། གནས་ལྔ་ཞེས་པ་ནི། མགོའི་འདུས་སོ་གསུམ། མཆིན་གསང་བཅུ། དྲུག་མདོ། ཕོ་བ། བྲང་གཞུང་ལྔ་སྐྲངས་ན་ཞེས་མཆན་དུ་འབྱུང་ངོ༌། །བཞི་པ་བཅོས་ཐབས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། གསོ་བའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱིའི་བཅོས་ཐབས་དང༌། བྱེ་བྲག་གི་བཅོས་ཐབས་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ནི། སྤྱི་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དུག་ནད་སྨན་གྱིས་གསོ་བ་དང༌། དུག་གིས་གསོ་བ་དང༌། སྔགས་ཀྱིས་གསོ་བ་གསུམ་མོ། །དང་པོ་ནི། སྨན་གྱིས་གསོ་བ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། དང་པོ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཚ་སྦྱོར་དང་གྲང་སྦྱོར་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ནི། ཚ་སྦྱོར་ལའང་གཉིས། མདོར་རྒྱས་སོ།།

        དང་པོ་ནི། ཚ་སྦྱོར་ཞེས་རྐང་པ་བཞིས་བསྟན་ཏེ། དེ་ཡང་གོང་དུ་བཤད་མ་ཐག་པའི་དུག་ནད་དེ་རྣམས་ལ་དང་པོ་སྨན་གྱིས་གཞི་བཟུང་བ། ཟུངས་བཟང་བ་དང་གསར་དུས་སུ་བསྡུ་བསད་སྦྱང་བ་གསུམ་གྱིས་བཅོས་པ། ཟུངས་ངན་པ་དང་རྙིང་ནས་བསྡུ་བསད་ཆིག་ཆོད་བྱའོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་ནི། དང་པོ་ཞེས་རྐང་པ་བཅུ་བདུན་གྱིས་བསྟན་ཏེ། ནད་འདིའི་བཅོས་ཀྱི་དང་པོ་ནི། སྔོན་གྱི་ལས་ངན་དང་འཕྲལ་རྐྱེན་ཉེས་པ་ཞི་བའི་ཕྱིར། དངོས་བསྟན་དུ་ཚོགས་བསགས་ཤུགས་བསྟན་དུ་སྒྲིབ་པ་སྦྱངས། གནོད་པའི་གདོན་ཡང་གང་ལ་གང་འཚམ་བཅོས། ཟས་སྤྱོད་ཀྱི་སྤང་བླང་སྨན་གྱིས་སྣ་སེལ་དང་བཅས་རིམ་པས་བསྟེན་པས་ནད་ཟུངས་ཕྱེད་གསོ་སླ་བའོ། །གཉིས་པ་ལ་གསུམ། བསྡུ་བ་དང༌། བསད་པ་དང༌། སྦྱང་བ་གསུམ་ལས། དང་པོ་བསྡུ་བ་ལའང་གཉིས་མདོར་རྒྱས་སོ། །དང་པོ་ནི། བསྡུ་བྱེད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱི་དང་བྱེ་བྲག་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་སྤྱི་ལའང་བཞི། སྡུད་སྨན་དང༌། འདུས་རྟགས་དང༌། ལོག་གནོན་དང༌། བསྡུ་བསད་ཀྱི་དཔེ་དོན་བསྟན་པ་དང་བཞི་ལས། དང་པོ་ནི། དང་པོ་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། དེ་བ་ནི་སྔོ་དེ་བ་སྟེ་སྔོ་སྨན་མཐིང་མདོག་གོ །ལུག་རུ་ནི་དམར་པོ་དགོས་སོ། །ལྡུམ་གསུམ་བར་ཤུན་ཞེས་པ་ནི། སེ་རྒོད་འོམ་བུ་སྐྱེར་པ་གསུམ་ལ་མཆོང་ལྡུམ་གཡུ་ལྡུམ་གསེར་ལྡུམ། ཞེས་དེ་གསུམ་བར་ཤུན་ནོ། །དཀར་པོ་ཆིག་ཐུབ་ནི་མོན་ནས་ཡོང་བའི་སྒ་རྒོད་དཀར་པོ་འདྲ་བ་ལ་རོ་ཁ་བ་དེའོ། །བྷི་ཥ་ནི་བཙན་དུག་སྟེ་ནས་ཕྱེད་ཙམ། གཉིས་པ་འདུས་པའི་རྟགས་ནི། འདུས་རྟགས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ནི། དེ་རྟགས་ཞེས་རྐང་པ་གསུམ་ཀྱིས་བསྟན་ནོ། །བཞི་པ་སྡུད་བྱེད་ཀྱི་དཔེ་དོན་བསྟན་པ་ནི། དེ་ཡིས་ཞེས་རྐང་པ་བཞིས་བསྟན་ཏེ། མ་འདུས་པར་མི་བསད་པའི་དཔེ་རི་དྭགས་ཐང་དུ་འདེད་པ་འདྲ་སྟེ་མི་གསོད་པའོ། །འདུས་ནས་གཉེན་པོས་གསོད་པའི་དཔེ་མེ་ཐོག་ཏུ་ཆུ་བླུག་པ་བཞིན་ཏེ་ཆོམས་རྐྱེན་པའོ། །གཉིས་པ་བྱེ་བྲག་སོ་སོའི་སྡུད་བྱེད་བསྟན་པ་ནི། བྱེ་བྲག་ཅེས་རྐང་པ་དགུས་བསྟན་ཏེ། གོ་སྲན་ཞེས་པ་ནི། གོ་ཞེས་པ་གོ་ཕྱེ་དང༌། སྲན་ཞེས་པ་བླ་རན་ཏེ། གཟའ་དུག་དཀར་པོའི་འབྲུའོ། །སྣོད་བཞི་ནི་ཕོ་བ་མཁྲིས་པ་རྒྱུ་མ་ལོང་བཞིའོ། །ཚར་འབྲུམ་ཞེས་པ་ནི་ཚར་པའི་འབྲུམ་བུའམ་འབྲས་བུ་དམར་པོ་དེ་དང་ཚར་བོང་གི་འབྲས་བུའོ། །གཉིས་པ་བསད་ཐབས་བསྟེན་པ་ལ་གསུམ། མདོར་རྒྱས་མཇུག་གོ །དང་པོ་ནི། འདུས་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྔོ་སྦྱོར་གྱིས་བསད་པ་དང༌། རྩི་སྦྱོར་གྱིས་བསད་པ་དང༌། རིན་པོ་ཆེའི་སྦྱོར་བས་བསད་པ་དང་གསུམ་མོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་ནི། སྟོབས་བཟང་ཞེས་རྐང་པ་སུམ་ཅུ་སོ་ལྔས་བསྟན་ཏེ། རྒྱས་བཤད་བར་མཆན་དུ་གསལ། གཉིས་པ་རྩི་སྦྱོར་ལ་གསུམ། བསྟེན་ཡུལ་བསྟན་པ་དང༌། སྦྱོར་བ་དངོས་བསྟན་པ་དང༌། ཕན་ཡོན་བསྟན་པ་གསུམ།

        དང་པོ་ནི། ཟུངས་ངན་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་སྦྱོར་བ་དངོས་ལ་གཉིས། རྒྱལ་བློན་ཉི་ཤུ་རྩ་བདུན་གྱི་སྦྱོར་བ་དང༌། ཁ་འཐོར་གྱི་སྦྱོར་བ་གཉིས་སོ། །དང་པོ་ནི། རྒྱལ་བློན་ཞེས་རྐང་པ་བཅུ་གསུམ་གྱིས་བསྟན་ཏེ། དེ་ལྟར་ཉི་ཤུ་རྩ་བདུན་པོ་དེ་ལ་དུག་རིགས་གང་གི་རྟགས་ལྡན་པ་དེའི་གཉེན་པོ་ཆ་བསྐྱེད་པ་ནི། རྫོང་འཕྲང་དུ་བསེ་རུ་མུ་ཏིག་ལྕགས་ཕྱེ་མཚལ། །ཚ་ལ་དབྱིག་དུག་འཇོམ་པའི་མཆོག །རིན་ཅེན་ཤས་ཆེ་འདི་རྣམས་བསྐྱེད། །བཟང་དྲུག་གི་ཝང་ཨ་མྲྀ་ཏ། །རྩི་དུག་འཇོམས་པའི་རྒྱལ་པོ་ཡིན། །རྩི་སྦྱོར་རྟགས་མང་འདི་རྣམས་བསྐྱེད། །ལྡུམ་གསུམ་སྐྱེར་པའི་བར་ཤུན་བཞི། །སྔོ་སྦྱོར་འཇོམ་པའི་རྒྱལ་པོ་ཡིན། །སྔོ་སྦྱོར་རྟགས་ལྡན་འདི་རྣམས་བསྐྱེད། ཙན་དན་སྤྱི་ཞུར་བོང་ང་དཀར། །དུག་དངོས་འཇོམས་པའི་རྒྱལ་པོ་ཡིན། །དངོས་དུག་རྟགས་ལྡན་འདི་རྣམས་བསྐྱེད། །མཁྲིས་པ་གསུམ་དང་ཕྱ་ཚན་གསུམ། །ཤ་སྦྱོར་འཇོམས་པའི་རྒྱལ་པོ་ཡིན། །ཤ་སྦྱོར་ཤས་ཆེ་འདི་རྣམས་བསྐྱེད། །རྒྱལ་པོ་སྡེ་ལྔ་གཙོ་བོ་སྡེ། །བསྡུ་བསོད་ཚ་བ་འཇོམས་པ་ཡིན། ཞེས་དང༌། ཕྱ་ཚན་གསུམ་ནི་མི་རྟ་ཁྱི་གསུམ་གྱི་མ་གསར་པའི་ཕྲུ་གུ་སྐྱེས་འཕྲལ་འོ་མ་མ་འཐུང་གོང་གི་བྲུན་ནོ། །བློན་པོ་བཅུ་གཅིག་ནི། སྟག་ཤ་གོ་སྙོད་ཀྱི་ལྕེ་ཤིང་མངར་ཚོས། །ཡུང་བ་གླ་རྩི་དྲི་ཆེན་བྲག་ཞུན་དང༌། །མི་ཤ་སྤྱང་བྲུན་ཕྱེ་མ་ཀ་ར་སྦྱར་ཞེས་དང༌། རྟ་དང་སྐྱོངས་ནི་སེང་ལྡེང་གི་ཁུ་བས་ཕུལ་བས་དུག་རྣམས་འཇོམས། ཚ་བ་ཆེ་ན་དེ་སྟེང་ག་བུར་དང་བཅས་པའི་ཉི་ཤུ་རྩ་བདུན་བློན་པོ་བཅུ་གཅིག་སྟེ་སུམ་བཅུ་སོ་བདུན། སེང་ལྡེང་ཐང་དང་སོ་དགུའི་སྦྱོར་བའོ། །འདིའི་བཏང་ཚུལ་ལ་རྫོང་འཕྲང་དུ། དེ་བར་སྨན་ནད་འཐབ་པའི་ནད་ཇི་ལྟར་བྱུང་ཡང་འཇིག་མི་བྱ་ཞེས་འབྱུང་ངོ༌། །གཉིས་པ་ཁ་འཐོར་ནི་ཡང་ན་ཞེས་རྐང་པ་བཞི་བཅུ་ཞེ་གཅིག་གིས་བསྟན་ཏེ། ཆོས་སྨན་ནི་ཨ་མྲྀ་ཏ་དང་བདུད་རྩི་རིལ་བུ་གང་རིགས་སོ། །གསུམ་པ་ཕན་ཡོན་ནི། སྦྱོར་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་རིན་པོ་ཆེའི་སྦྱོར་བས་བསད་པ་ནི། ཚ་བ་ཞེས་རྐང་པ་བཅུས་བསྟན་ཏེ། དེ་ལྟར་དུག་གི་ཚ་བ་ཐོན་པར་དཀའ་ཞིང་སྨན་གཞན་རྣམས་འདྲེད་ནས་མི་ཟུག་པ་དང་བསོད་ནམས་དང་ལྡན་པ་པ་རིན་ཅེན་སྦྱོར་བ་བསྟན་པའོ། །གསེར་ནི་བསྲེག་ཐལ་ཏེ་ཕྱི་རྒྱུད་ཀྱི་ཐལ་སྨན་དང་རིན་པོ་ཆེ་སྦྱོར་སྡེ་བཤད་པ་ལྟར་བྱ་དགོས་སོ། །རླུང་མཁྲིས་སོགས་དང་དོན་སྣོད་སོགས་དང་གང་ལ་བབས་པའི་ཁ་བསྒྱུར་ཞེས་པ་རླུང་ལ་རུ་རྟ། མཁྲིས་པར་ཏིག་ཏ། ཁྲག་ལ་བ་ཤ་ཀ་བད་ཀན་ལ་མ་ནུ། ཆུ་སེར་ལ་སོ་མ་རཱ་ཛ། དོན་ལ་བཟང་དྲུག སྣོད་ལ་སེ་འབྲུ་པི་པི་ལིང་རྣམས་སོ། །གསུམ་པ་མཇུག་བསྡུ་བ་ལ་གཉིས། སྤང་བྱ་དང་བླང་དོན་ནོ། །དང་པོ་སྤང་བྱ་ལའང་གཉིས་སོ་སོའི་སྤང་བྱ་དང་སྤྱིའི་སྤང་བྱ་བསྟན་པའོ།།

        དང་པོ་ནི། ཁྱད་པར་ཞེས་རྐང་པ་བཞིས་བསྟན་ཏེ། དེ་དག་བསྟན་ན་ཆེར་མི་འཕེལ་འགྲོ་བའོ། །མ་སྤངས་འཕེལ་ཏེ་གྲོགས་སུ་འབྱུང་ཞེས་སོ། །གཉིས་པ་སྤྱིའི་སྤང་ནི་དུག་གང་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དུག་ནད་གང་ལ་ཡང་གཉེན་པོའི་སྨན་གྱིས་མ་གསོད་པར་གཏར་ན་ནད་བྱེར་མེ་བཙའ་བྱས་ན་ནད་སྟོད་ལ་འཛིན་ཏེ་ཚད་རོ་ལུས། བཤལ་སྐྱུགས་བྱས་ན་ནད་སློང་བས་དེ་ཕྱིར་སྤང་ངོ༌། །གཉིས་པ་བླང་དོན་ལ་གསུམ། རྒྱུན་རྟགས་དང༌། བཅོས་དང༌། མ་ཐོབ་པའི་ཉེས་དམིགས་སོ། །དང་པོ་ནི། དེ་ལྟར་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་ནི། གཟེར་སར་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། གཙོ་བོ་དྲུག་ནི་རྣམ་པར་རེ་རལ་སྤང་རྩི་དོ་བོ་འོམ་བུ་ཧོང་ལེན་ཏིག་ཏ་རྣམས་སོ། །གང་ན་ནི་དངོས་པོ་བཅོས་པས་བདུག་ཅེས་ཤ་ན་ན་ཤས་བདུག རུས་ན་ན་རུས་པས་བདུག་པ་སོགས་གང་དེ་མཐུན་གྱི་དངོས་པོ་དེས་བདུག་པའོ། །མཆོད་རྟེན་སྤུ་ཡིས་བདུག་ཅེས་པ་ནི། མཆོད་རྟེན་རྙིང་བའི་གྲོག་ཤིང་བས་བདུག་པའོ། །བྱང་ལྟས་པ་ཡིས་བདུག་ཅེས་ས་ཕུག་ཁ་བྱང་ལྟས་བྱི་ས་ཁ་བྱང་ལྟས་ཁྲུ་གང་འོག་སའི་བདུག་གོ། ཐུར་གྱིས་རླངས་ཐོན་ཞེས་པར། རྫོང་ཕྲང་དུ་སྨན་གྱིས་གཟེར་བ་མ་ཆོམ་ན། ཐུར་རྐྱང་རླངས་འདོན་གསེང་བ་ལམ་བཅོས་འབྱུང་ངོ༌། །གསུམ་པ་ནི། དེ་ལྟར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་སྦྱོང་བ་ལ་གསུམ། མདོར་རྒྱས་མཇུག་གོ དང་པོ་ནི། བསད་རྗེས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྤྱིའི་སྦྱང་བ་དང་བྱེ་བྲག་གི་སྦྱང་བ་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་སྤྱི་ལའང་གཉིས་མདོར་རྒྱས་སོ། །དང་པོ་ནི། སྤྱི་རུ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །སྤྱི་རུ་སྦྱང་བ་དེ་ལ་ཡང༌། སྔོན་འགྲོ་དང༌། སྣ་སེལ་དང༌། དངོས་གཞིའོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས།

        དང་པོ་ནི། སྔོན་འགྲོ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་མི་རིངས་ཞེས་པ་དལ་བུས་བྱ་བའོ། །རིལ་བུས་འདུལ་ཞེས་པ་ནི་གོང་དུ་བསྟན་པའི་མན་ངག་རིལ་བུའོ། །གཉིས་པ་ནི་སྣ་སེལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། གསུམ་པ་དངོས་གཞི་ལ་གཉིས། ཀུན་རྒྱུག་གི་སྤྱི་བཤལ་ཁ་བསྒྱུར་དང་བཅས་པ་དང་སྦྱོར་སྡེའོ། །དང་པོ་ལ་གསུམ་གཙོ་བོ་དང་ཁ་བསྒྱུར་དང་ལྕག་གོ དང་པོ་ནི། དངོས་གཞི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་གྱི་ཚད་ནི་ཨ་རུ་ར་གཉིས་སྐྱུ་རུ་ར་ཚོམ་གཅིག དན་ད་རོག་པོ་ལྔ་ལྕེ་ཤུན་ཕྲལ་བ། དོང་གའི་ཐོག་ལྔ། བྱི་ཏང་ག་ཐུན་གཅིག དེ་རྣམས་རྟའི་ཆུས་རིལ་བུ་བྱའོ། །གཉིས་པ་ཁ་བསྒྱུར་ནི་དབྱིག་དུག་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། བར་མཆན་དུ་གསལ་བ་ལྟར་དེ་རྣམས་ཀྱིས་གར་དགོས་ཁ་བསྒྱུར་རོ། །གསུམ་པ་ལྕག་ནི་བཤལ་འཕུལ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་ནི། ཡང་ན་ཞེས་རྐང་པ་དྲུག་གིས་བསྟན་ཏེ། ཚ་གྲང་བྲག་ཞུན་གངས་ཐིགས་བསྒྱུར་བ་ནི། ཚ་ན་བྲག་ཞུན་གྲང་ན་གངས་ཐིགས་བསྣན་པའོ། །གཉིས་པ་བྱེ་བྲག་གི་སྦྱང་བ་ནི། བྱེ་བྲག་ཅེས་རྐང་པ་གསུམ་གྱིས་བསྟན་ཏེ། སྐྱུགས་སྨན་ནི། རི་ཤོ་དུར་བྱིད་བོང་དཀར་རྣམས། རྩ་བཤལ་ནི་བྱང་པ་དྲི་ཆུར་བཏུལ་བ་བཅུ་གཅིག་རྒྱ་ཚྭ་སྡིག་སྲིན་དར་ཚུར་ཧ་ཤིག་མཚལ་ད་ཆུ་གུར་གུམ་རྣམ་ཐུན་ལོང༌། བཟང་དྲུག་ཐུན་ཕྲན་རེ་ཨ་རུ་ར་སྤྱི་བཞུར་དོམ་མཁྲིས་བོང་དཀར་རྣམས་ཐུན་ཕྲན་རེ་བསྣན་པའི་རྩ་སྦྱོངས་ལྟར་བཏང་ངོ༌། །རྔུལ་དབྱུང་བ་ནི་འོག་ཏུ་བསྟན་ནོ། །གསུམ་པ་མཇུག་བསྡུ་བ་ནི། ནད་འདི་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་ཟུང་ངན་ཞིང་རྙིངས་པར་སོང་ནས་བསྡུ་བསད་དང༌། ཆིག་ཆོད་བྱ་བ་ལ་གཉིས་སྦྱོར་སྡེའི་རིམ་པ་བསྟན་པ་དང༌། དོན་བསྡུ་བ་གཉིས་སོ། །དང་པོ་ནི། ཟུངས་ངན་ཞེས་རྐང་པ་བཞི་བཅུ་ཞེ་བཞིས་བསྟན་ཏེ། དེ་ལྟར་གསོ་བྱ་ནད་གསར་རྙིང་ཟུངས་བཟང་ངན་ལ་ལྟོས་པའི་གསོ་བྱེད་ཀྱང་ནད་གསར་པ་ཟུངས་བཟང་པོ་ལ་སོ་སོར་བསྡུ། འདུས་ནད་བསད། གསོད་བྱེད་ནད་འཇོམས་སྦྱང་བ་རིག་པས་བསྟན་ནས། ཟུངས་ངན་ཞིང་ནད་རྙིང་པ་ལ་བསྡུ་བསད་གཉིས་ཀ་ཆིག་ཆོད་བྱ་བ་བསྟན་ནོ། །སྦྱོར་སྡེ་འདི་རྣམས་ནི་འདྲ་བ་ལ་ཁྱད་པར་ཅུང་ཟད་ཡོད་པ་སྟེ། ནད་དམིགས་དང་སྦྱར་ནས་མཁས་པས་གང་ལ་གང་རིགས་སྦྱར་བ་དང༌། སྦྱོར་སྡེ་གཅིག་ལའང་ནད་ལ་བལྟོས་པའི་སྨན་གྱིས་ཆ་ཆེ་ཆུང་ཤེས་དགོས་པས་རྒྱུད་དོན་དཔང་པོར་བཞག་སྟེ་ཤེས་རབ་རིག་ལ་དྲིས་ཤིག བོང་གསུམ་ཞེས་པར་སྤྱིར་བོང་ང་ལ་སྨན་དང་དུག་གཉིས་ལས་འདིར་དུག་མེད་གསུམ་སྟེ་བོང་ང་དཀར་སེར། དམར་པོ་གསུམ་འདི་གསུམ་ཡང་རྒྱ་མོན་ནས་འོང་བའི་རྩ་མཐེབ་ཆེན་ལས་མི་ཆུང་བ་ནི་རྒོད། ཡུལ་གཞན་ནས་འོང་བའི་ཕྲ་མོ་ནི་གཡུང་ངོ༌། །ཡང་རྫོང་ཕྲང་དུ། བོང་ང་དཀར་པོ་མཐེབ་ཆེན་ཙམ། བོང་ང་སེར་པོ་རླན་དང་མི་བྲལ་བ་རོ་ཁ་ལ་ཅུང་ཟད་བོར་བ་རིལ་མ་ཙམ། བོང་ང་དམར་པོ་རེ་མེན་འདྲ་རོ་ཁ་བེར་བ་རིལ་མ་ཕྱེད་ཙམ་བཏང་ཞེས། དཔའ་བོ་དཀར་སེར་ནི་ས་ཕུག་འདྲ་བ་ལ་ཁོངས་སུ་སྤུ་ཡོད་པ་ནི་དཔའ་བོ་དཀར་པོ། སེར་ལ་ཀྲོན་པ་ནི་དཔའ་བོ་སེར་པོ། གཉིས་ཀ་རོ་ཤིན་ཏུ་ཁ་བརྒྱ་མོན་ནས་ཡོང་ངོ༌། །ཡུང་བ་དཀར་སེར་གཉིས་ལ་འདི་སེར་པོའི་མིང་ཆུ་རྩི་མོ་ཞེས་ཀྱང་བྱའོ། །ནད་གཞི་དོན་སྣོད་ཁ་འཛིན་བཅས་པར་སྦྱར་ཞེས་པ་རིན་ཅེན་སྦྱོར་སྡེ་ལྟར་རོ། །ཆུ་གསུམ་བསྲེས་ཞེས་པ་ནི། གངས་ཆུ་དྲི་ཆུ་ཆང་གསུམ་བསྲེས་པའོ། །བྲིང་བཏང་བ་ནི་དང་པོ་ཐུན་ཆུང་བསྟེན་ཁད་ཀྱིས་ཆེར་བཏང་བའོ།།

        དགུ་ཐུབ་ནི་དཔའ་བོ་སེར་པོའི་རིགས་རྒྱ་བོང་འདྲ་བ་སྟེ་གླང་ཆེན་ཆིག་ཐུབ་ཅེས་ཀྱང་བྱ། སག་རྩི་ཞེས་པ་སག་རམ་རྩི་སྟེ་ངོ་བོ་ཟངས་གཡའ་ཡིས་བསླང་པའི་ལྗང་གུ་དེའོ། །རྨ་བྱ་སོགས་ཀྱི་ཚད་དང་བཟང་དྲུག་གང་ལ་བབ་པའི་འདྲེ་ལོག་ནི། རྨ་བྱའི་མཁྲིས་པ་ཆ་གསུམ། དོམ་མཁྲིས་ཆ་གཉིས། གླང་ཆེན་མཁྲིས་པ་ཆ་གཅིག དེ་གསུམ་ག་དང་མཉམ་པའི་སྦྲུལ་གྱི་སྟོད་ཤ། ཨ་རུ་ར་དང་བོང་ང་དཀར་སེར་སྦྲུལ་ཤ་དང་མཉམ་པ། བཟང་དྲུག་ཐུན་རེ་རེ་ཉེས་པ་གང་ཤས་ཆེ་བ་དང༌། བབ་ས་དེའི་ཁ་འཛིན་འདྲེ་ལོག་བཏང་སྟེ། དཔེར་ན་ཉེས་པ་ཁྲག་ཚད་ཤས་ཆེ་བབས་ས་མཆིན་པར་བབ་ན་ཁ་ཆེ་གུར་གུམ་བཟང་དྲུག་ཐམས་ཅད་བསྡོམས་པ་དང་མཉམ་པ་བཏང་བའོ། །ལར་འདྲེ་ལོག་ཅེས་པ་ཉིས་ལོག་སུམ་ལོག་སོགས་ཀྱི་མིང་ངོ༌། །བྱི་ཀུ་ཞེས་པ་སྒོག་སྐྱའི་མིང་ངོ༌། །ཐུན་ཚད་ནི་རྨ་བྱའི་མཁྲིས་པ་ཆ་གཅིག རྩད་ནི་སྦང་ལ་སྐྱེས་པའི་མེ་ཏོག་དཀར་པོ་ལོ་མ་གོ་སྙོད་འདྲ་བ་མིང་རྩད་རྩོད་པ་ཞེས་པ་དེའོ། །དགུ་ཐུབ་ཆ་བཞི་གླ་རྩི་ཆ་བརྒྱད་རེ་རལ་བེ་སྐྱེས་རེ་རལ་ཆ་བཅུ་དྲུག བྱི་ཀུ་སག་རྩི་ཉ་མཁྲིས་རྣམས་རིལ་མ་ཙམ་ལོ་བརྒྱད་དྲི་ཆུས་རིལ་བུ་བྱས་ལ་བཏང་ངོ༌། །གསུམ་པ་ནི་ཚ་བས་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། རྩི་ལྟར་ཞེན་ཞེས་པ་ནི་ཤིང་ལ་རྩི་བཏང་བ་ལྟར་ཞེན་པའོ། །གཉིས་པ་ནི། གྲང་སྦྱོར་ཞེས་རྐང་པ་ཉེར་བཞིས་བསྟན་ཏེ། སྐྱ་རྦབ་ཀྱིས་ལུས་སྐྲངས་ན་སྲད་དཀར་རྩ་བ་བ་ཆུར་བཙིར་བ་བསྣན་པའི་བཤལ་བཏང༌། རྣམ་སྣང་ནི་གསང་སྔགས་ཀྱི་ལྷ་ཐམས་ཅད་རིགས་ལྔ་ཡབ་ཡུམ་གསུམ་དུ་དག་སྦྱོར་དུ་དྲི་ཆེན་རྣམ་པར་སྣང་མཛད་དུ་བཤད་པའོ། །ཅོང་ཞི་འཕྲུལ་ཐལ་ནི་རྒྱུད་ཕྱི་མ་ལྟར་རོ། །ཚད་འཇོམས་སྤྱི་སྨན་ནི་གོང་གི་སྔོ་རྩི་རིན་ཆེན་སྦྱོར་བའོ། །གཉིས་པ་བྱེ་བྲག་གི་བཅོས་ཐབས་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བྱེ་བྲག་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་བྱེ་བྲག་གི་བཅོས་ཐབས་ལ། འཇུག་སྒོའི་སྒོ་ནས་བཅོས་པ་དང༌། རྫས་རིགས་ཀྱི་སྒོ་ནས་བཅོས་པ་དང༌། ནད་རིགས་ཀྱི་སྒོ་ནས་བཅོས་པ་དང༌། ལྡང་དུས་ཀྱི་སྒོ་ནས་བཅོས་པ་དང༌། བབ་སའི་སྒོ་ནས་བཅོས་པ་དང་ལྔའོ། །གཉིས་པ་རྒྱས་བཤད་ལའང་ལྔ་ལས། དང་པོ་འཇུག་སྒོ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། དང་པོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དུད་པ་ཉི་ཟེར་རླངས་དུགས་གསུམ་ཕྱོགས་མཐུན་དུ་བཅོས་པ་དང༌། རེག་དུག་ཟུར་དུ་བཅོས་པ་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ནི། གཙོ་བོ་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། དེ་ལྟར་གཙོ་བོ་དྲུག་སྦྱོར་ཕྱི་མིའི་ཐང་སྟེང་ཞེས་པ་གོང་གི་སྔོ་སྦྱོར་གྱི་གཙོ་བོ་དྲུག་སྦྱོར་སྔ་ཕྱི་གཉིས་ཡོད་པའི་ཕྱི་མ། ཡང་ན་གཙོ་བོ་དྲུག་དང་སྤང་རྒྱན་དཀར། །སེ་སྐྱེར་བྲག་སྤོས་ཐ་རམ་གང་ག་ཆུང༌། གབ་བབ་ཁ་འཛིན་བཅས་པ་ཐང་དུ་བསྟན། ཞེས་པ་དེའོ། །གཉིས་པ་རེག་དུག་བཅོས་པ་ལ་གཉིས་མདོར་རྒྱས་སོ། དང་པོ་ནི། རེག་པ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྨ་བཅོས་པ་དང༌། ཁོངས་ནས་བཅོས་པ་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས།

        དང་པོ་ནི། དྲི་ཆུ་ཞེས་རྐང་པ་ཉེར་དགུས་བསྟན་ཏེ། ལྕགས་བསྲེག་མེ་ཏོག་སྒོ་ང་ཞག་གསུམ་མནན་ཞེས་པ་ཤ་རོ་ཆེ་ན་བཅད་དེ་ལྕགས་ཀྱིས་བསྲེག དེའི་ཤུལ་དུ་མེ་ཏོག་སྣ་ཚོགས་སྒོ་ང་སྣ་ཚོགས་ཞག་གསུམ་མནན། རྒྱ་ཚིལ་ཞེས་པ་སེམས་ཅན་རྒྱའི་ཚིལ་ལའང་འདོད་སྦྱང་བྲུན་ལའང་བྱེད་པ་གང་རུང་ངོ༌། །ཀྲད་རྙིང་ནི་ལྷམ་རྙིང་པའི་ཀོ་ཀྲད་དོ། །གསོམ་ཤིང་ཞེས་པ་ཤིང་གསོམ་གྱི་ཐལ་བ་སྟེ། ནགས་མ་འདྲ་བ་ལ་ཡལ་ག་ལག་པ་ཁ་བུབ་འདྲ་བ་སྟེ། མཐིང་ནག་ཁྲོས་པའི་ལྗོན་པ་ཞེས་ཀྱང་བྱའོ། གཉིས་པ་ཁོངས་ནས་གསོ་བ་ནི། བཟང་དྲུག་ཅེས་རྐང་པ་དྲུག་གིས་བསྟན་ཏེ། ཞིམ་ཐིག་ཅེས་ཞིམ་ཐིག་ལེ་སྟེ། སྡོང་པོ་སྤུ་ཅན་མེ་ཏོག་སེར་དཀར་སྙེ་མ་ལྟ་བུ་ཚེར་མ་ཅན་འབྲས་བུ་སྣུམ་ཞིང་མིག་སྨན་སངས་རྒྱས་ཞེས་ཀྱང་བྱའོ། །གཉིས་པ་རྫས་རིགས་ཀྱི་སྒོ་ནས་བཅོས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རྫས་ཀྱི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རིན་པོ་ཆེ་ལ་སྦྱོར་བ་དང༌། དེ་བཞིན་དུ། རྔོ་སྦྱོར་དང༌། ཤ་སྦྱོར་དང༌། རྩི་སྦྱོར་དང༌། དངོས་སྦྱོར་དང༌། སྔོ་སྦྱོར་དང་དྲུག གཉིས་པ་རྒྱས་བཤད་ལའང་དྲུག་ལས། དང་པོ་རིན་པོ་ཆེའི་སྦྱོར་བ་ལ་གསུམ། སྤྱིའི་གཉེན་པོ་དང༌། སྒོས་ཀྱི་གཉེན་པོ་དང༌། ཕྱིང་དྲིལ་བཅོས་སྐོར་གསུམ་ལས། དང་པོ་ནི། རིན་ཅེན་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི་ཁྱད་པར་ཞེས་རྐང་པ་བཞིས་བསྟན་ཏེ། དེ་ཡང་ཁྱད་པར་གསེར་ལ་སྦྱར་ན་མཁྲིས་པ་སྐྱེ་བས་སྤྱི་སྨན་སྟེང་དུ་གཉེན་པོ་ཏིལ་དཀར་ནག་དང་ཟར་མ་བསྣན། ཟངས་ལ་སྦྱར་ན་ཤ་སྐམས་པས་གཉེན་པོ་ཚ་ལ་བསྣན། མཁར་པ་ལ་སྦྱར་ན་ཕོ་བ་ལྕི་བས་གཉེན་པོ་སྒོག་སྐྱ་བསྣན། དངུལ་ཆུ་ལ་སྦྱར་ན་ཕོ་ལོང་འདྲིལ་ཁ་གདོང་གཡོ་ཁ་ལ་རྨ་བྱུང་གཉེན་པོ་ལྟ་བུ་བ་ཆུ་བསྣན། ཞ་ཉེ་ལ་སྦྱར་ན་སོ་དང་སྒལ་ཚིགས་ན། ས་བོན་ལུག་པས་གཉེན་པོ་མཛོ་མར་དང་སྣ་བའི་སྤུ་དང་གླང་གི་སྤུ་བཞོབ་བསྣན་ནོ། །གསུམ་པ་ནི། ཡང་ན་ཞེས་རྐང་པ་དགུས་བསྟན་ཏེ། མདེ་ཁ་བསྒྱུར་ཞེས་པ་གསེར་ལ་སྦྱར་བ་ངོས་ཟིན་ན་ཏིལ་དང་ཟར་མ་ཕྱིང་དྲིལ་སྦྱོར་བ་ལ་བསྣན་པའོ། །དེ་ནི་དུས་ཀུན་ལ་སྦྱོར། ཡང་ན་ར་ཁྲག་སྣ་ལྔ་ཞག་དགུར་བཏང་ཞེས་པའི་སྣ་ལྔ་ནི་ར་ཁྲག་རཏ྄ན་ཞེས་བྱུང་བས་རིན་ཅེན་སྦྱོར་སྡེའི་ཡང་གསེར་དངུལ་ཟངས་མུ་ཏིག་གཡུ་ལྔའོ། །གཉིས་པ་རྡོ་སྦྱོར་ནི། རྡོ་སྦྱོར་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། ཏི་ཚ་ནི་སྔར་བཤད་ལྟར་རོ། །སྤྱི་སྒོས་ཀྱི་ཕྱིང་དྲིལ་ནི་གོང་ལྟར་རོ། །གསུམ་པ་ཤ་སྦྱོར་ལ་གསུམ། སྤྱིའི་གཉེན་པོ་དང༌། སྒོས་ཀྱི་གཉེན་པོ་སྣ་ཁྲིད་དང༌། ཞར་བྱུང་ངོ༌། །དང་པོ་ནི། ཤ་སྦྱོར་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། མི་དང་རྟའི་ཕྱ་ཚན་དངོས་པོ་རོའི་དྲི་ཆེན་དང་སྤང་ངོ༌། །གཉིས་པ་སྒོས་ཀྱི་གཉེན་པོ་ནི། ཁྱད་པར་ཞེས་རྐང་པ་བཅུ་གཉིས་ཀྱིས་བསྟན་ཏེ། དེ་ཡང་སོ་སོའི་སྒོས་ཀྱི་གཉེན་པོ་ནི་རའི་ཤ་ལས་སྦྱར་བ་ལ་གཉེན་པོ་གུར་གུམ་ཨ་རུ་ར་ཨ་བྷི་ཥ་དུག་ལ་འཇུག དེ་ཨ་ཡིག་ཐུང་ངུས་བགག་པས་པས་དུག་མེད་ཅེས་བྱ་སྟེ་སྤྱི་མིང་སྤྱི་ལ། ཡི་གུ་སྐྱུ་རུ་ཅུ་གང་སྒོག་སིལ་མ་ཞེས་བྱའོ། བྱ་ཤ་ལ་གུར་གུམ། སྲེ་མོའི་སྨ་ར་ལ་བྱ་མོ་ནག་མོའི་ཤ། ཁྱིའི་ཤ་ལ་དུད་པ་བྱ་བལ་མ། སྲེ་མོའི་ཤ་ལ་འུག་པ་དང་སྲིན་བྱའི་ཤ་བཏང༌། ཡང་ན་འབྲས་བུ་གསུམ་དང་བཟང་དྲུག་སྦྱར་བྱང་པ་ལ་ཆུ་སྤུར་དམ་སྦུར་མགྱོགས་ཆ་ག་པ་སྟེ་ལྟེ་བ་ཅག་ཅག སེང་ཕྲུག་གནམ་འཆོང་བོང་ང་དཀར་པོ་བསྣན། ཡང་ན་འབྲི་མོག་ཁུར་རྩ་ར་ཁྲག་སྦྱར། ཉ་ལ་སྐྱར་མོ་སྟེ་ཉ་ཁྲ། སྦལ་བ་ལ་རྨིགས་པའམ་བྱེ་མ་མྱུ་གུ་གཡང་ང་གཡང་ཆུང་ཞེས་པ་དེས་འཇོམས་སོ། །སྔོ་ལ་མ་སྲད་དཀར་སྡིག་པ་ལྕོང་མོ་དང་རྨིགས་པ་སྦལ་བ་རྣམས་ལ་དཔའ་བོ་སེར་པོས་འཇོམས་སོ། །གོང་མོ་དང་དང་མཛེ་ཁྲག་ལ་ཏིག་ཏ་དང་སྤང་རྩི་དོ་བོས་འཇོམས་སོ།།

        གསུམ་པ་ཞར་བྱུང་ནི། རི་བོང་ཞེས་རྐང་པ་བཅུ་བཞིས་བསྟན་ཏེ། རི་བོང་མཁྲིས་པ་ལ་དོམ་མཁྲིས་དང་ཕྱ་ཚན་གསུམ། གི་ཝང་ལས་སྦྱར་བ་ལ་ནི་ཁྱི་ལུད་དྲི་ཆེན་བཏང༌། སྤུ་དུག་ལ་བྲག་ཞུན་གུར་གུམ་ག་བུར་བསྣན། ཡང་ནརྒྱ་ཚ་རྒྱ་སྐྱེགས་བྲག་ཞུན་བསྣན། རུས་པ་ལ་ཟེ་ཚྭ་མུ་ཟི་བོང་ང་དཀར་པོ་བསྣན། དེ་སོགས་གང་དགོས་ཀྱི་མདེ་ཁ་སྤྱི་སྨན་ལ་སྦྱར་བས་འཇོམས་པ་ཡིན་ནོ། །ཆུ་སྦ་ལ་གནས་པའི་སྦ་བྱི་ཨོག་དཀར་གྱི་ཤ་ནི་ཀུན་ལ་གཅེས་ཏེ་ཤ་སྦྱོར་ཀུན་གྱི་གཉེན་པོའོ། །སྔོ་སྦྱོར་དགུ་པ་བར་མཆན་དུ་གསལ། སྟག་གི་སྨ་ར་དང་བུ་མོ་སྟག་ལོ་མའི་མཆན་འོག་དང་སྤྱི་བོའི་སྐྲ་ལ་སྦྱར་བའི་སྤུ་དུག་ལ། དུད་པ་བྲང་ཀྲད་ལྟག་སྤུའི་བཞོབ་བཏང་ངོ༌། །རྨ་བྱའི་སྒོང་དུག་ལ་བྱ་མཚལ་ལུའི་མཁྲིས་པ་དང་པུ་ཤུད་དང་ཅོ་ཀའི་སྒོང་སྤྱིའི་གཉན་པོ་ལ་བསྣན་པས་འཇོམས་པར་བྱའོ། །བཞི་པ་རྩི་སྦྱོར་ནི། རྩི་དུག་ཅེས་རྐང་པ་བཞིས་བསྟན་ཏེ། ལྷའི་བདུད་རྩི་ཞེས་པ་ནི་སྦྱོར་སྡེའི་མིང་སྟེ། རྩི་སྦྱོར་རྩི་སྨན་དུ། ཡང་ན་མི་སྦྲེལ་དོམ་ཕག་ནེ་ཙོ་དང༌། །རྨ་བྱའི་མཁྲིས་པ་རེ་རལ་ཕྱ་ཚན་གསུམ། །བསེ་རུ་ཡུང་བ་གླ་རྩི་ཨ་རུ་ར། །ཆོས་སྨན་གི་ཝང་འོམ་བུ་བོང་ང་དཀར། །ཙན་དན་དཀར་དམར་སྐྱེར་ཤུན་ཡུངས་ཀར་དང༌། ཚ་ལ་བྲག་ཞུན་གངས་ཆུས་གསིངས་པས་ཕུལ། ཞེས་པ་འདི་ལ་ཚངས་པ་ལྷའི་བདུད་རྩི་ཞེས་བྱའོ། །ལྔ་པ་ནི། དུག་དངོས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །དྲུག་པ་ལ་གསུམ། སྤྱིའི་གཉེན་པོ་དང༌། སྒོས་ཀྱི་གཉེན་པོ་དང༌། མཆོག་གི་གཉེན་པོའོ། །དང་པོ་ནི། སྔོ་སྦྱོར་ཞེས་རྐང་པ་ལྔས་བསྟན་ཏེ། ལུག་མིག་པ་ལ་རིགས་ལུག་མིག ལུག་ཆུང༌། ལུག་ངལ་གསུམ་ལས། སྡོང་པོ་ཆེ་བ་ནི་ལུག་མིག་དང་མིང་ཅན་ནག་པོ་རྒྱལ་བའི་སྤྱན་ཞེས་པ་དེའོ། །སྤྲ་ཐོག་ཅེས་པ། སྔོ་སྤྲ་བའི་ཐོག་གུའོ། །གཉིས་པ་ནི། ཁྱད་པར་ཞེས་རྐང་པ་བརྒྱད་གྱིས་བསྟན་ཏེ། ཁྱད་པར་སོ་སོའི་གཉེན་པོ་ནི་ཐང་ཕྲོམ་པ་ལ་སྦྱར་ན་ཤེས་པ་འཁྲུལ། དེ་ལ་སྤྱིའི་གཉེན་པོ་ལ་རེ་རལ་དང་བ་ཤ་ཀ་བསྣན། ཡང་ན་རྒྱའི་བྲུན་ལུད་དམ་ཡང་ན་ཁྱི་རྒྱ་བོའི་ལུད་དཀར་པོ་དེ་དང་སྒོག་སྐྱ་ནུ་ཞོས་འཇོམས་སོ། །འོལ་མོ་སེ་དམར་པོ་ནས་འདྲ་བ་དང་རྨེ་རུ་མགོ་ནག་གང་རུང་སྦྱར་ན། སྐྲ་དང་སྨིན་མ་འབྱི་གསུས་པ་ཆེ། དེ་ལ་གཉེན་པོ་བ་ཤ་ཀ་བསྣན་ནོ། །ཞོ་ཤ་སྟེ་གླ་གོར་ཞོ་ཤ་ལ་སྦྱར་ན་གསུས་པ་ཆེ་རྐང་ལག་ཕྲ། དེ་ལ་སུག་སྨེལ་ཅུ་གང་ཏིག་ཏས་འཇོམས། དུར་བྱིད་ལ་སོགས་ཞེས་པ་ནི་འཁྲུ་བར་བྱེད་པ་དན་ད་དོང་ག་ཐར་ནུ་རྣམས་ལ་སྦྱར་ན། འཁྲུ་འབྱམས་འོང༌། དེ་ལ་གཉེན་པོ་ནི། དང་པོ་དྲོད་བསྐྱེད་སེ་འབྲུ། བར་དུ་བཞུ་བ་ཚ་སྣ་དང༌། ཐ་མར་བཀྲུ་སྨན་གྱིས་རོ་སྦྱང༌། དེ་ཡང་འཁྲུ་བའི་དུག་ལ་བཤལ་སྨན་དྲག་པོ་ཀུན་ལ་གནོད་དེ། སླར་འཁྲུ་མེ་དྲོད་འཇོམས་པས་དེ་ཕྱིར། ཨ་རུ་ར་མཆུ་སྙུང་དང་ལྕུམ་རྩས་བཀྲུ་བར་བྱའོ། །དེ་རྗེས་དུག་ཉུང་སྙ་ལོ་ཨ་བོས་གཅོད་དོ། །གསུམ་པ་མ་ཆག་གི་གཉེན་པོ་ནི། སྔོ་སྦྱོར་ཞེས་རྐང་པ་གཅིག་གིས་བསྟན་ནོ།།

        གསུམ་པ་ནད་རིགས་ཀྱི་སྒོ་ནས་བཅོས་པ་ནི། ན་ལུགས་ཞེས་རྐང་པ་བཞི་བཅུ་ཞེ་དགུས་བསྟན་ཏེ། སྨན་མིང་སྦྱོར་སྡེ་ཕན་ཡོན་གྱི་རྒྱས་བཤད་པར་མཆན་དུ་གསལ་ལོ། །རིམ་ནད་རྩ་བྱེར་གྱི་སྔོ་ཐང་ཆེན་མོ་ནི་གོང་གི་གཙོ་བོ་དྲུག་འཁོར་ཁ་བསྒྱུར་དང་བཅས་པའོ། །དེ་ནས་ཕྱེ་མ་ནི་གོང་གི་རྩི་སྦྱོར་གང་རིགས་ལ་ཤ་སྤྱིའི་གཉེན་པོ་བསྡེབས་པའོ། །འཁྱམས་པོ་གཟའ་ནད་གཉེན་པོ་གུ་གུལ་ནག རེ་རལ་ཨ་རུ་ར་དང་དུད་པ་དང༌། །གསེར་སྐུད་རྒྱ་ཚ་ཨ་ཤོ་གནྡྷ་དང༌། །ར་སྲུས་ལྕུམ་རྩ་རྒྱ་སྣེ་བུལ་ཏོག་འཇོམས། །རེ་རེ་གཉིས་གཉིས་བཞི་དང་བདུན་དུ་སྦྱར། །ཞེས་པ། ཨ་རུ་ར་གསེར་མདོག་བདུན་འགྱུར། བེ་སྐྱེས་རེ་རལ་ཁནྜ་བཞི་འགྱུར། ལྕུམ་རྩ་བུལ་ཏོག་ཆ་གཉིས་གཉིས། གཞན་གུ་གུལ་ནག་པོ། དུད་པ་  བལ་མ། གསེར་སྐུད་མཐོ་སར་སྐྱེས། ས་ལ་ནར་མོར་གནས། དཀར་པོ་ལ་གངས་བཙན་ཤ་རུ་དང༌། དངུལ་སྐུད། དམར་སེར་ལ་གསེར་སྐུད་ཅེས་པ་དེ་དང༌། རྒྱ་ཚ་དང་ཨ་ཤྭོ་གནྡྷ་དང༌། ར་སྲུས་ཏེ་སྲུབ་ཀ་དང༌། རྒྱ་སྣེ་སྟེ་སྣེའུ་རྒྱབ་དམར་པོ་ཅན་སྐྱ་བ་དང་ལེ་བརྒན་རྩི་ཞེས་པ་དེ་དང་བདུན་པོ་ཆ་རེ་རེ་དེ་རྣམས་ཕྱེ་སའི་ཆུ་ལ་རིལ་བུ་བྱ། ཕྱེད་ཕྱེ་མར་བྱ། རིལ་བུ་སྲན་མ་ཙམ་བདུན་བདུན་ཚ་ན་གླང་གི་ཆུ་གྲང་ན་ཆང་གིས་ཕུལ་ནས་གུང་ལ་བཏང༌། ཞག་གསུམ་སོང་ནས་ཕྱེ་མ་ཕུལ་རེ་གྲང་ན་ཆང་དང་ཚ་ན་དྲི་ཆུས་འཕུལ་བ་ཞག་རེ་བཏང༌། ཡང་ན་གུ་གུལ་ནག་པོ་རེ་རལ་ཨ་རུ་ར་དུད་པ་བཞི་ཆ་རེ་རེ་བ་ཆུས་རིལ་བུ་བྱའོ། །འོག་མ་གསེར་སྐུད་སོགས་བདུན་ཆ་གཉིས་གཉིས་ཕྱེ་མ་བྱ། རིལ་བུ་བདུན་བདུན་དང་ཕྱེ་མ་ཕུལ་གང་གང་སྤེལ་ལོ། །ཕན་ཡོན་ནི། མཚོན་ཆ་གསལ་ཤིང་ཧོས་དང་རྩི་ལ་སོགས། །ལོ་ཟླ་ཞག་དང་ཕྱི་ནང་སྦྱོར་བའི་རིགས། ནད་རིགས་མི་འདྲ་སྣ་ཚོགས་གཏོང་གྱུར་ཀྱང༌། །ཞག་བདུན་གྱིས་ནི་ངེས་པར་སོས་པར་འགྱུར། །བསྡུ་གསོད་སྦྱོང་བ་ཆིག་ཆོད་བྱེད་པ་ཡིན། །ཞེས་སོ། །གཟེར་ནད་ཆུ་འགགས་ཀྱི། དེ་འོག་རྩ་སྦྱོངས་རྗེས་ལ་ཆུ་སྨན་ཏེ། ཞེས་པ་རྩ་སྦྱོངས་སྤྱི་དང་ཆུ་སེར་སྐེམས་སྨན་དང་ཆུ་འགགས་སྦྱོང་སྨན་སྤྱི་ལྟར་བསྟན་ནོ། །བཞི་པ་ལྡང་དུས་ཀྱི་སྒོ་ནས་བཅོས་པ་བྱ་བ་ནི། ལྡང་བའི་ཞེས་རྐང་པ་བཞིས་བསྟན་ཏེ། ལྡང་དུས་ཞག་དུག་ལ་གཉེན་པོ་བཤད་མ་ཐག་པའི་བཞི་དང་བདུན་གྱིས་སྦྱོར་བའི་གོང་ན་གཞན་མེད་གོང་དང་འདྲ་བའང་གཞན་ན་མེད། ཟླ་དུག་ལ་གོང་གི་བདུད་རྩི་སྔོའི་སྦྱོར་བས་སེལ། ལོའི་དུག་ལ་གོང་གི་སྤྱི་སྨན་རིན་པོ་ཆེ་སྦྱོར་བ་དང་རྩི་སྦྱོར་གང་འཚམ་བསྟན་ནོ། །ལྔ་པ་བབས་ས་གནས་དང་སྦྱར་ཏེ་བཅོས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བབས་ས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ནང་དོན་སྣོད་ལ་བབས་པ་བཅོས་པ་དང༌། ཕྱི་ཤ་པགས་རྩ་རུས་ལ་བབས་པ་བཅོས་པ་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས།

        དང་པོ་ནི། སྙིང་ལ་ཞེས་རྐང་པ་བཅུ་བཞིས་བསྟན་ཏེ། དེ་ལྟར་སྨན་མིང་སྦྱོར་སྡེ་ཕན་ཡོན་གྱི་རྒྱས་བཤད་བར་མཆན་དུ་གསུངས་སོ། །གཉིས་པ་ཕྱི་བབས་བཅོས་པ་ལ་གསུམ། ཤ་པགས་ལ་བབས་པ་རྔུལ་དབྱུང་གིས་བཅོས་པ་དང༌། རུས་བབས་རླངས་ལུམས་ཀྱིས་བཅོས་པ་དང༌། རྩར་བབས་ཕྱི་ནས་སྦྱང་བ་གསུམ་ལས། དང་པོ་ནི། ཤ་དང་ཞེས་རྐང་པ་ལྔས་བསྟན་ཏེ། སྨན་མིང་བཏང་ཚུལ་རྒྱས་པར་བར་མཆན་དུ་གསལ་ལོ། །རྔུལ་རྗེས་བལ་གྱིས་ཕྱིས། དེ་རྗེས་རླུང་དགག་པའི་ཕྱིར་ཕྱེས་ཕྱིས་ཁམས་གསོ་ཕྱིར་ཤ་ཁུ་ཟན་དྲོན་བཏང་ངོ༌། །དེ་ནས་ནད་ཞེན་ཆེ་ཆུང་དང་ཟུངས་བཟང་ངན་ལ་སྦྱར་ཏེ་གནང་ཆགས་ཙམ་ལན་གྲངས་གསུམ་ལྔ་ཅི་རིགས་གདོན། དུག་ཚད་རྙིང་པ་བ་སྤུར་འོདན་པའི་དཔྱད་མཆོག་ཡིན་ནོ། །གཉིས་པ་རུས་ཞེན་རླངས་ལུམས་ཀྱིས་བཅོས་པ་ནི། རུས་ཞེན་ཞེས་རྐང་པ་གསུམ་གྱིས་བསྟན་པའི་སྨན་མིང་སྦྱར་ཚད་བར་མཆན་དུ་གསལ་ལོ། །རང་བྱུང་ཆུ་ལུམས་ནི་ཆུ་ཚན་ནོ། །གསུམ་པ་ནི། རྩ་ལ་ཞེས་རྐང་པ་བཞིས་བསྟན་ཏེ། དེ་ལྟར་རྩར་བབས་ན་རྩ་སྦྱོངས་སྤྱི་ལྟར་ལ་དུག་རིགས་གང་ཡིན་གྱི་གཉེན་པོས་མདེ་ཁ་བསྒྱུར་ལ་སྦྱངས། ཕྱི་རྩ་ལ་བབས་ན་གང་རྒྱས་རྩ་ཁ་ཕྱེ་ཙམ་གཏར་རོ། །འདི་སྐབས་ཀྱི་ས་བཅད་ལ་རྟོགས་དཔྱོད་དང་ལྡན་པ་དག་ན་རེ་གོང་མདོར་བསྟན་དུ་སྤྱི་བྱེ་བྲག་གཉིས་སུ་གསུངས་པས་སྤྱི་ལ་ས་བཅད་གསུམ་ཡོད་པའི། དང་པོ་མདོར་བསྟན་ལྟར་གསུང་ཞིང༌། གཉིས་པ་དང་གསུམ་པ་གཉིས་རྒྱས་བཤད་འཆད་སྐབས་སུ་བྱེ་བྲག་གི་རྒྱས་བཤད་རྫོགས་འཚམས་སུ་གསུང་འདུག་པས་སྔ་ཕྱི་གོང་འོག་འཆོལ་ནས་མི་མཐད་དོ་ཞེ་ན།  འདི་ནི་དགོས་པ་ཅན་དུ་གསུངས་པ་ཡིན་ཏེ། གང་ལགས་ཤེ་ན། ཚད་ལྡན་གྱི་སློབ་དཔོན་བསྟེན་ཞིང་དེ་ཉིད་ཀྱིས་ཞལ་ལས་ཤེས་དགོས་པའི་དོན་གྱིས་གསུངས་པ་ཡིན་ཀྱང༌། འདིར་རྗེས་འཇུག་རྣམས་རྟོགས་སླ་བའི་ཆེད་དུ་དཀྱུས་སུ་གང་འདུག་བཞིན་བྲིས་པ་ཡིན་ནོ། །འདིར་རྒྱུད་འགྲོས་ལྟར་གྱིས་གཉིས་པ་དུག་ནད་དུག་གིས་བཅོས་པ་ལ་གསུམ། མདོར་རྒྱས་མཇུག་གསུམ་མོ། །དང་པོ་ནི། གསུམ་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་ནང་ཡན་གྲོགས་པོ་མཚོན་ཆ་གསུམ་ཞེས་པར། རྫོང་འཕྲང་དུ། དཔེར་ན་གྲོང་ཁྱེར་ཆེན་པོའི་དབུས། །གནོད་པར་བྱེད་པའི་དགྲ་ཡོད་ན། །དེ་ཡིས་ནང་ཡན་སྣ་ཁྲིད་གཅིག དེ་རྗེས་ཟླ་གྲོགས་རྩལ་ལྡན་ན། །ལག་ཏུ་གསོད་པའི་མཚོན་བསྐུར་བས། །དགྲ་བོ་སྟོབས་ལྡན་གྱུར་ཀྱང་འཇོམས། །སྦྱོར་བ་འདི་ཡང་དེ་དང་འདྲ་ཞེས་གསུངས་སོ། །གཉིས་པ་རྒྱས་བཤད་ལའང་བཞི། རིན་པོ་ཆེ་དང་རྡོ་དང༌། ཤ་དང༌། དངོས་པོ་དང་བཞིའོ། །དང་པོ་རིན་པོ་ཆེ་ལའང་གསུམ་ནང་ཡན་དང༌། གྲོགས་པོ་དང༌། མཚོན་ཆ་གསུམ་མོ། །དང་པོ་ནང་ཡན་ནི། རིན་ཅེན་ཞེས་རྐང་པ་གཅིག་དང་འབྲུ་བཞིས་བསྟན་ཏེ། དེ་ལྟར་རིན་པོ་ཆེའི་གཡའ་དུག་ཡིན་ན། དེའི་ནད་ཡན་རྒྱུས་ཡོད་ཀྱིས་སྣ་ཁྲིད་ནི། གསེར་དངུལ་བྱུ་རུ་ཟངས་མུ་ཏིག་གཡུ་རྙིང་དྲུག་པོ་སྲན་མ་ཙམ་རེ་བཏང་ངོ༌། །གཉིས་པ་གྲོགས་ནི་གྲོགས་སུ་ཞེས་འབྲུ་ལྔས་བསྟན་ཏེ། དེ་དག་གི་གྲོགས་སུ་རྡོ་དྲེག་དཀར་པོ་དང་དམར་པོ་དང་སེར་པོ་དང༌། ལྗང་གུ་དང་ནག་པོ་ལྔ་གཏོང༌། གསུམ་པ་མཚོན་ཆ་བསྐུར་བ་ནི་གསོད་པའི་ཞེས་རྐང་པ་གཅིག་སྟེ། གསོད་པའི་མཚོན་དུ་བསེ་རུ་དཀར་པོ་བསྐུར་བས་འཇོམས་སོ། །གཉིས་པ་རྡོ་ལའང་གསུམ་ལས། དང་པོ་ནི། རྡོ་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཆུ་རྡེ་ནི་མི་ལ་རྡེ་ནད་བྱུང་བའི་རྡེའུ་བཏོན་པ་དེའོ། །དེ་ཡང་ཕོ་ལ་མོའི་རྡེའུ་དང༌། དེ་བཞིན་མོ་ལ་ཕོ་རྡེ་བྱུང་ན་ལེགས་སོ། །གཉིས་པ་གྲོགས་ནི་ཚ་བ་ཞེས་འབྲུ་དྲུག་གིས་བསྟན་ནོ། །གསུམ་པ་མཚོན་ཆ་ནི་ཟེ་ཚའི་ཞེས་འབྲུ་གསུམ་གྱིས་བསྟན་ནོ། །གསུམ་པ་ཤ་སྦྱོར་ལའང་གསུམ་ལས།

        དང་པོ་ནི། ཤ་ལ་ཞེས་རྐང་པ་གཅིག་དང་འབྲུ་དྲུག་གིས་བསྟན་ཏེ། ཤ་སྦྱོར་ལ་ནང་ཡན་ནི། བུ་མོ་ལོ་བཅུ་བདུན་ལོན་པ། རེའུ་རྒྱ་བོ་ཞོ་འཐུང༌། ཁྱི་གུ་མིག་མ་ཕྱེ་བ། བྱ་མཚའ་ལུ་དེ་རྣམས་ཀྱི་མཆིན་པ་དང༌། རྨ་བྱའི་ཤ་ལྔ་ནི་ཤ་དུག་གི་རྒྱུ་ཡིན་པས་ནང་ཡན་ནུས་པའོ། །གཉིས་པ་གྲོགས་ནི་བྲག་ཞུན་ཞེས་འབྲུ་གསུམ་མོ། །གསུམ་པ་མཚོན་ཆ་ནི་གསོད་པའི་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བཞི་པ་དངོས་ལའང་གསུམ་ལས། དང་པོ་ནི། དངོས་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ནང་ཡན་དུག་སྣ་ཅི་ཚོགས་རེ་དུག་གི་རིགས་སུ་གྱུར་ཚད་ཟད་ཅུང་རེ་བཏང་ངོ༌། །གནིས་པ་གྲོགས་ནི་གྲོགས་སུ་ཞེས་འབྲུ་བཞིས་བསྟན་ཏེ། ཨ་རུ་གསེར་མདོག་བདུན་འགྱུར་གཏང༌། གསུམ་པ་མཚོན་ཆ་ནི། མཚོན་དུ་ཞེས་འབྲུ་ལྔས་བསྟན་ནོ། །གསུམ་པ་མཇུག་བསྡུ་བ་ནི། སློང་སྡུད་ཅེས་རྐང་པ་ལྔས་བསྟན་ཏེ། དེ་ལྟར་དུག་ནད་དུག་གིས་གསོ་བའི་སྦྱོར་བ་འདི་དག་གིས་གབ་པ་སློང་བྱེད་པ་སྡུད་དུག་གི་ངོ་བོས་ནད་ཀྱིས་ངོ་བོ་འཇོམས་པར་བྱེད་པ་སྟེ། དཔེར་ན་བྱད་མའི་སྲུང་བ་ཁོ་རང་གི་བདུད་དུ་བབས་པ་དང་མཚུངས་ཏེ་རང་གཤེད་རང་ལ་འབེབས་པའོ། །དུག་གང་སྦྱོར་བའི་གཙོ་བོ་ངོས་ཟིན་ན་གང་ཡིན་པའི་གཙོ་བོ་སྲན་མ་ཙམ་རེ་སྦྱོར་སྡེའི་གསེབ་ཏུ་བཏང་ངོ༌། །དེ་བས་ཚེས་ནས་ནང་ཡན་རང་གི་དུག་གི་སྟོབས་བསྐྱེད་པས་དགྲ་རུ་ལྷག་གོ་ །སྦྱོར་བ་འདི་དག་གོང་གི་སྨན་སྔོ་རྩི་རིན་ཅེན་སྦྱོར་སྡེ་རྣམས་དང་ལྟག་པ་སྤྲད་ན་ཡང་མཆོག་ཏུ་ཤེས་པས་ན། རྫོང་འཕྲང་དུ་དེའི་ཞལ་གདམས་ཀྱི་མན་ངག་ནི། ཤ་སྦྱོར་རིགས་མང་བས། དཔེར་ན་རའི་ཤའི་སྦྱོར་བ་ལྟ་བུ་གཅིག་གིས་མཆིན་པ་དང་གློ་བ་དང་ཀླད་པ་དང་མིག་དང༌། རུས་པ་ལ་སོགས་པ་གང་ལ་སྦྱང་བ་དེ་རང་ནར་འོང་བའོ། །རང་གྲོལ་གྱི་སྦྱོར་བ་ལ་ཡང་མིག་སོགས་གང་ན་བ་དེ་རང་སྣ་ཁྲིད་དེ་བཏང་ངོ༌། །དེའི་རྟ་བྱ་ཁྱི་ཟེར་མོ་སོགས་གང་ལ་སྦྱར་བ་དེའི་དབང་པོ་ལྔ་དང་གང་ལ་སྦྱར་བ་དེ་དང་སྣ་ཁྲིད་བཏང་ངོ༌། །གལ་ཏེ་རིན་པོ་ཆེ་དང་ཤ་དུག་དངོས་སོགས་འདྲེས་མར་སྦྱར་བ་འདུག་ན་ཡང་སུམ་ཆར་གར་འདུག་དེའི་སྣ་ཁྲིད་བཏང་ངོ༌། །ཞེས་འབྱུང་ངོ༌། །གསུམ་པ་ནི། དུག་ནད་སྔགས་ཀྱིས་གསོ་བ་འདི་ལྟ་སྟེ་ཞེས་གསུངས་ཏེ། སྔགས་ཀྱིས་གསོ་བ་ནི། ཨོཾ་ཀ་ལི་ཞེས་སྔགས་རྐང་པ་བཅུ་བདུན་དང་ཚིག་རྐང་ལྔས་བསྟན་ཏེ། མཆན་དུ། ཨོཾ་ནས་ནན་ཧི་བྷིས་ཞེས་པའི་བར་ཉི་ཤུ་རྩ་གཅིག་བཟླས་ལ་རང་བརྒྱ་སྟོང་གི་གཞན་གྱིས་དུག་ནད་སེལ། ཨོཾ་ཤད་དེ་ཤད་ནི་སྭཱཧཱ། དང་པོ་དུག་གམ་ཟས་ལ་བརྒྱ་བཟླས་ལ་ཟ། ཨོཾ་ཤད་དེ་ཤད་དེ་བྷི་ཤད་དེ་སྭཧཱ། ཟོས་རྗེས་བརྒྱ་བཟླས། ཨོཾ་ཀྲུག་ལོ་ཧྲི་ཨ་ཧྲི་ཁ། བཙན་དུག་བྱུང་ན་སྨན་ལ་བཏབ་ལ་བཏང༌། ཞེས་འབྱུང་ཞིང༌། སྔགས་ཐམས་ཅད་བསྒྲིལ་ནས་མཐིང་ཤོག་གསེར་གྱིས་ཚེག་མེད་པརབྲིས་རང་སྔགས་ཀྱིས་རབ་གནས་བྱས་ནས་ལུས་སམ་མགུལ་ལ་བཏགས་པས་དུག་རིགས་ཐམས་ཅད་ཐུབ་བོ། །ལྔ་པ་ལོག་གནོན་བསྟན་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དེ་ནས་ཞེས་རྐང་པ་བཞིས་བསྟན་ཏེ། དེ་ཡང་ལོག་རྐྱེན་ཟས་སྤྱོད་ཀྱིས་ལོག་པ་དང༌། གདོན་གྱིས་ལོག་པ་དང་བྱེ་བྲག་བླ་གཉན་ཐོར་བུས་ལོག་པ་དང༌། ངོ་བོ་འདུ་བར་ལོག་པ་དང༌། གཅོང་དུ་ལོག་པ་དང་དྲུག་གིས་བསྟན་པའོ། །གཉིས་པ་རྒྱས་བཤད་ལའང་དྲུག་ལས།

        དང་པོ་ནི། ཟས་སྤྱོད་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་ཟས་སྤྱོད་ཀྱིས་ལོག་པའི་སྐྱོན་ཡིན་ཡང༌། དེ་ཉིད་ཡོན་ཏན་དུ་འགྱུར་ཏེ། ལང་དུས་བསད་ཅིང་རྗེས་ལ་སྦྱངས་པས་དུག་རོ་མི་ལའང་པའི་རྒྱུ་རུ་འགྲོ་བས། གཉིས་པ་གདོན་གྱིས་ལོག་པ་ནི། གདོན་གྱིས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། གདོན་གྱིས་ལོག་ན་ངོས་འཛིན་པའི་མོ་ཕྱྭ། དེ་མཐུན་གྱི་རིམ་གྲོས་བཅོསཏེ་དེ་ཡང་ཡོངས་གཏད་ཀྱི་ལེའུར། བརྒྱ་དང་རྩག་ཅགིག་ཀུན་བརྟགས་གདོན་གྱི་ནད། །དེ་མ་བཅོས་པར་སྨན་དཔྱད་ལེན་མི་འདོད། །གདོན་བཅོས་སྨན་མེད་གྱུར་ཀྱང་འཚོ་བ་ཡོད། །དཔེར་ན་དཔུང་བ་གཡར་བའི་བཙོན་བུ་འདྲ། ཞེས་གསུངས་པ་ལྟར་རོ། །གསུམ་པ་བྱེ་བྲག་བླ་གཉན་ཐོར་བུས་ལོག་པ་ནི། བླ་གཉན་ཞེས་རྐང་པ་བཞི་བཅུ་ཞེ་དགུས་བསྟན་ཏེ། སྒོང་མར་ཞེས་པ་ཕུག་རོན་སྒོ་ང་མར་དང་སྨན་སྦྱར་ལ་ར་མཁྲིས་ཆུར་སྦྱངས་ལ་དབུལ་ལོ། གཏར་བས་བསལ་ཞེས་པ་ན། མིག་རྩ་སྣ་རྩེ་གཏར་རོ། །གཉའ་རེངས་གསེར་ཤའི་ཐང་བཏང༌། ཉྭ་ཤས་བདུག་ཅེས་པ། སྤང་གི་ཤ་མོ་སེར་པོའི་ཐང་བཏང༌། དུད་འགྲོའི་གཉའ་ཤ་ཡི་དུགས་ཀྱིས་བདུག་གོ་ རྙེད་ན་གླང་གི་གཉའ་ཤ་དགོས། བུ་མོ་ལོ་ལྔ་ལོན་པའི་ཆུ་སྦྱར་བཏང༌། རམ་པའམ་དུར་ཝའམ་སྡུད་ཐང་བཏང༌། ཚན་དང་སྲོ་ལོ་བཙོས་པ་ལ་གོང་གི་སྔོ་ཐང་གི་སྡུད་སྨན་ཁུ་བས་བྲན་པས་བདུག་གོ་ །པྲན་རྩེ་ཞེས་པ་ལག་པའི་མཁྲིག་མ། རྐང་པའི་ལོང་མོ་མན་གྱི་རྒྱ་ཚིགས་དང་རུས་ཚིགས་རྣམས་ན། མི་ཕྱུགས་གང་རུང་གི་མཁྲིག་ལོང་མན་གྱི་རུས་པ་ལ་ནེ་སེག་ཅེས་བྱ་བ་དེའི་ཐང་བཏང༌། ཙན་དན་མར་ཁུ་ནི་ཤུག་པ་ཙན་དན་ཚོན་པོ་མར་ལ་སྤངས་པ་ཉི་མར་བསྲོ། །གདོན་ལུགས་ནི་བདུད་རྩི་འབྱུང་ཁུང་ནས་གསུངས་པའི་བདུད་རྩི་མར་ཁུ་འདོན་པ་ལྟར་རོ། །དེ་སོགས་ཞེས་པ་གོང་དུ་བསྟན་པ་དེ་དག་ལ་སོགས་པ་གཞན་སྣ་ཁྲག་འཛག་པ་གཉིད་ཡེར་བ་རྔུལ་འབྱམས་པ་སོགས་ཁོང་ནས་ཐོར་བུ་ཐ་དག་བསྡུས་ཏེ་དུག་ཚད་ནི་ཚ་བ་སྡེ་བཞིའི་ཡ་གྱལ་ཅིག་ཡིན་པའི་ཕྱིར། ཚ་བ་སྤྱིར་བཅོས་ཀྱི་ངོ་མཚར་ཚེགས་མེད་གནད་ཀྱི་དགོས་བཅོས་ཕན་ཚུན་འཕྲུལ་ཏེ་བཅོས་སོ།།

        གཞན་ཡང་དབུགས་མི་བདེ་ན་འཁུར་པོ་འཁུར་ནས་འགྲོ་བ། སྟོད་མི་བདེ་ན་རྡོ་བ་འཕང་བ། རོ་སྨད་མི་བདེ་ན་གཞོན་པ་འདུར་བ་སྟེ་དལ་བུར་འགྲོ། རྐེད་པ་ན་ན་ཕད་ཁུར་བ་སོགས་གང་ལ་གང་འཚམ་གྱིས་ལུས་སྦྱོངས་འཇམ་པོས་རྩ་ནད་འདྲོངས་ཏེ་སོར་ཚུད་པར་བྱེད། གཞན་རྣམས་རྒྱས་པར་བར་མཆན་དུ་གསལ་ལོ། བཞི་པ་སོ་སོ་འདུ་བར་ལོག་པ་ནི་འདུ་བར་ཞེས་རྐང་པ་དགུས་བསྟན་ཏེ། འདུ་བར་ལོག་པ་ལ་རླུང་མཁྲིས་བད་ཀན་གསུམ་ལས། བཅོས་གཞུག་ཕལ་ཆེར་བད་ཀན་དུ་ལོག་པས་ཕོ་བའི་མེ་དྲོད་འཆོར། དེས་འཇུ་མ་ནུས་པས་དམུ་སྐྲན་སོགས་སུ་འགྱུར། མ་ཞུ་བ་དེ་མཆིན་པར་སླེབས་མཁྲིས་ཚད་བསླང་ནས་དྲོད་ཏེ་ཚ་བའམ་མཁྲིས་པར་ལོག་གོ་ །དེ་ལོང་དུ་རླུང་འཕེལ་བར་བྱེད་དེ། མཐའ་མར་རླུང་གི་དུས་སོ། །དེ་ལ་ལོང་དང་ཕོ་བར་མེ་དྲོད་བསྐྱེད་སེ་འབྲུ་ལུག་ཤ་གསར་འཇམ་བཏང༌། སྨད་དུ་འཇམ་རྩིས་བསལ་ལོ། །རྗེས་ལ་ཐོར་བུའི་རླུང་སྐྱེས་ནས་གཉིད་མེད་པ་དང་གཡལ་མང་འདར་དྲན་མེད་དུ་འབོག་སྨྱོས་འཕྱོས་པར་འགྱུར་སྲིད་པས་ན་རུས་ཐང་ཚོ་ཁུ་བུར་ཆང་བཏང་སྐུ་མཉེ་བྱའོ། །དེ་ལ་རླུང་སྣ་མ་གླན་པར་ཁ་ཐལ་ན་ཟུངས་ཟད་རླུང་ལས་གྱུར་པའི་ཚ་བར་ལྡོག་པར་འགྱུར་བས་ན་ཚད་རླུང་གི་ཞུ་འཁྱགས་ས་མཚམས་ཟིན་པར་བྱའོ། །ལྔ་པ་གཅོང་དུ་ལོག་པ་ནི་བཅོས་ཉེས་ཞེས་རྐང་པ་ཉི་ཤུས་བསྟན་ཏེ། ལར་འདིའི་ཤུགས་ལ་དཔགས་ན་བཅོས་ཀྱི་གནས་སྐབས་ཤེས་པར་བྱ་དགོས་པས་ཟུངས་བསྲུང་བ་དང་མེ་དྲོད་གསོ་བ་ལ་གཙོ་བོར་འབད། སྔོན་ལས་སྦྱངས་པའི་དགེ་རྩ་འགྲུབ་ཆེད་བྱའོ། །དྲུག་པ་རྗེས་གཅོད་ལ་གཉིས། མདོར་རྒྱས་སོ།།

        དང་པོ་ནི། བཅོས་རྗེས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྗེས་བཅད་པ་དང༌། སྤང་བར་བྱ་བ་དང༌། ཕན་ཡོན་བཤད་པ་གསུམ་མོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་རྗེས་གཅོད་ནི་ཟས་སྤྱོད་ཅེས་རྐང་པ་བཅུ་དྲུག་གིས་བསྟན་ཏེ། སྤང་རྒྱན་དཀར་པོའི་སྨན་མར་ནི། སྤང་རྒྱན་དཀར་པོ་འོམ་བུ་རེ་རལ་ཙན་དན་སོ་ཐོག་ཕུག་རོན་བྲུན་རྣམས་སྨན་མར་ལ་བུད་མེད་གྲོང་པའི་ཆོས་ཀྱིས་མ་དགོས་པའི་མངལ་ཁྲག་ཕག་ཚིལ་ཕག་གི་རིལ་མ་སྦྲང་སྦྱར་བ་བཏང་ངོ༌། །གཉིས་པ་སྤང་བྱ་ནི། ཉ་ཕག་ཅེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ཕན་ཡོན་བཤད་པ་ནི། དེ་ཡིས་ཞེས་རྐང་པ་གཅིག་དང་འབྲུ་གསུམ་གྱིས་བསྟན་ཏེ། དེས་ནི་འདོད་དོན་ཐོབ་པར་བྱེད་དོ། །གཉིས་པ་ལེའུའི་མཚནནི་བདུད་རྩི་ཞེས་པ་ནས་བརྒྱད་ཅུ་རྩ་བདུན་པའོ། ཞེས་པས་བསྟན་ནོ།།

མཐའ་མའི་འདོན་ཐེངས་།: 23.08.2011 ཉིན། 3:15 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།