སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གྱ་དྲུག་པ། ཡན་ལག་གི་རྨ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011
མན་ངག་རྒྱུད། >> ལེའུ་གྱ་དྲུག་པ། ཡན་ལག་གི་རྨ་གསོ་བ།

 ལེའུ་བརྒྱད་ཅུ་གྱ་དྲུག་པ་ཡན་ལག་གི་རྨ་གསོ་བ་ལ་གཉིས། བསླབ་པར་ཞུས་པ་དང་དེའི་ལན་ནོ། །དང་པོ་ནི། དེ་ནས་ཞེས་རྐང་པ་ལྔ་དང་འབྲུ་བཞིས་བསྟན་ནོ། །གཉིས་པ་དེ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་ནོ། །དང་པོ་ནི། སྟོན་པས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་གཞུང་དོན་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཡན་ལག་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཡན་ལག་གི་གནད་དང༌། སྤྱི་རྟགས་དང༌། བཅོས་པའི་ཐབས་དང༌། ལོག་གནོན་རྣམས་བཤད་པའོ། །གཉིས་པ་རྒྱས་བཤད་ལ་བཞི་ལས། དང་པོ་གནད་བཤད་པ་ལ་གསུམ། མདོར་རྒྱས་སོ། །མཇུག་གོ །དང་པོ་ནི། གནད་ནི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཡན་ལག་གི་གནད་བཤད་པ་ལ་ཉྭ་གནད་རྨེན་བུ། རྩ་དང་རུས་པ་དང༌། ཆུ་རྒྱུས་རྣམས་སོ། །གཉིས་པ་རྒྱས་བཤད་ལ་ལྔ་ལས། དང་པོ་ཉྭ་གནད་བཤད་པ་ནི། སོ་སོའི་གནས་བསྟན་པ་དང༌། གྲངས་ཀྱི་ངེས་པ་འགོད་པའོ། །དང་པོ་ལ་གཉིས་སྤྱི་དོན་དང་ཚིག་དོན་ནོ།།

དང་པོ་ནི་སོ་མ་རཱ་ཛ་ལས། ཤ་ལ་སྟོད་ན་སོགས་པའི་ཤ །དཔུང་པའི་ཤ་དང་ཉྭ་ཤའོ། །སྨད་ན་དཔྱི་ཤ་བརླ་ཤ་དང༌། །བྱིན་རྗེ་ངར་བ་ཤ་དག་གོ །སྟོད་ཤ་སོག་གཡས་བསྐོར་ཤ་དང༌། །འབྲོས་ཤ་ནེ་གུ་དང་སུལ་བདུན། །ལུས་མཇུག་ཕྱིའི་གར་ཤ་དང༌། །ཉྭ་ཟླུམ་སུལ་ཆེན་གཉིས་དང་བཅས། །གར་ཤ་བཤུལ་ཤ་འབྲེལ་ཞིང་ཉ་ཟླུམ་དང༌། །སུལ་ཆེན་གཉིས་དང་བཅས་པ་དང༌། །རྟ་ཤ་དག་དང་དཔུང་ཤར་འབྲེལ། །ལག་ངར་ཉྭ་ཤ་ཉ་གཙང་འདྲ། །ཉྭ་ཆེན་ཉྭ་ཆུང་ཕྱེ་ན་དགུ །སུལ་ཆེན་བཅུ་གཉིས་སྨྱུག་སྦམ་འདྲ། །ལག་པའི་ཐེལ་འགོ་བསྡུས་ན་སྲང༌། །སྨད་ཤ་དཔྱིའི་ཁ་གཟར་ཤ། །བསྐོར་ཤ་ནག་པོའི་ཆང་བཟུང་གི། །གྲིམ་ཤ་འབྲོས་ཤ་ནག་པོ་ཆེ། །གླན་ཤ་གཉེར་མ་རིང་པོ་དང༌། །བརླའི་སྒང་ཤ་འཐེབ་སྙིང་གང༌། །བརླ་ཤ་སུལ་མང་དར་ལྡབ་འདྲ། །བཅུ་གསུམ་སུལ་དང་བཅས་པའོ། །བྱིན་པའི་ཉྭ་ཤ་སྨད་གསུམ་ནི། །དབུས་མ་བྱིན་སྙིང་ཉ་ཡི་དབྱིབས། །ལྕག་ཐུར་དང་འདྲ་སྦོམ་ཕྲ་ནི། །ནས་ཙམ་རིང་ཐུང་སོ་བཞི་གྲིམས། །ཕྱི་ནང་གཉན་རྩ་ཆེ་ཆུང་འདྲ། །མཐེབ་གང་རྒྱུས་པའི་སྙིང་ཐག་གོ །ནང་ན་ཉྭ་ལེབ་ཉྭ་རྐང་འབྲེལ། །གཉན་ཤ་ཐིག་འཕྲོག་བྱིན་ཤའོ། །གཉིས་པ་ཚིག་དོན་ནི། དེ་ལ་ཞེས་རྐང་པ་ཉི་ཤུས་བསྟན་ཏེ། ཡན་ལག་གི་ཉྭའི་གནད་ལ་ཕྲག་པའི་སྟེང་ན་གཉའ་བ་དང་མཚམས་ཀྱི་ཉྭ་ནི་གཉའ་ཤ་ནག་པོ་ཞེས་བྱ་སྟེ་གནད་གཉིས་སོ། །སོག་པའི་མེ་ལོང་གི་སྟེང་ན་འབྲོས་ཤ་ཁྲ་བོའི་གནད་དེ་ཕར་འབྲོས་ཚུར་འབྲོས་བྱེད་པ་གཉིས་སོ། སོག་པའི་ཁ་འཁོར་ན་བྱ་བ་བྱེད་དུས་འདར་བས་འདར་ཤ་ཁུག་པའི་གནད་གཉིས་སོ། །དཔུང་པའི་ཉྭ་ལ་སྤྱིར་སུལ་སྒོ་བདུན་ཡོད་དེ།

        གཉན་པ་ནི་དཔུང་པའི་ཚིགས་མཚམས་ནས་རང་སོར་བཞི་བཅལ་བ་ན་ལུག་གཞུག་ཅེས་བྱ་སྟེ་ཉྭ་གནད་གཉིས་སོ། །ལག་ངར་རམ་རྗེ་ངར་གྱི་ཉྭ་ནི་ཉ་མོ་གདང་ལ་རྒྱུས་པ་འདྲ་བར་གཤིབས་པ་ལ་ཉྭ་སུལ་དགུ་དང་ལྷག་པར་ཆེ་བའི་ཉྭ་ཆེན་རྣམ་པ་གཉིས་ཏེ་བཅུ་གཅིག་ཡོད་དེ། རབ་ཏུ་གཉན་པ་ནི་མཁྲིག་མའི་ཟུར་གྱི་མཚམས་དང༌། གྲུ་མོའི་གཞུ་མཆོག་བར་ཏེ་དེ་ཡང་བསེ་སྒྲོམ་སྨུག་པོར། མཁྲིག་མའི་མཚམས་ནས་མཁྱིད་གང་དང༌། །གཞུ་མཆོག་ཚིགས་ནས་སོར་དྲུག་བཅལ། །ཞེས་གསུངས་པས། མཁྲིག་ཚིགས་ནས་མཛུབ་མོའི་བར་ཚིགས་བསྐུམ་མཐེ་བོང་བརྐྱངས་པའི་བར་མཁྱིད་གང་བཅལ་བ་ཡན་ཆོད། གཞུ་མཆོག་སྣ་ནས་སོར་དྲུག་ལག་མགོ་ཕྱོགས་སུ་བཅལ་བ་མན་ཆོད་ཀྱི་བར་སོར་བཞིའི་ཡུལ་དེ་ན་ཉྭ་སྙིང་གི་གནད་ཕྱིར་གཉིས་དང་ནང་དུ་གཉིས་ཏེ་བཞིའོ། །ལག་མགོའི་མཐེབ་མཛུབ་ཀྱི་བར་ན་གར་ཤའི་གནད་གཉིས། ཉྭ་འདི་ཞུ་ན་མཛེ་འབྱུང་བར་ཡང་བྱེད་དོ། །སྨད་དུ་སྤྱིའི་ཤ་ནི་རྒྱ་གྲམ་དག་ཏུ་གནས་པ་ལས་ཕྲ་ཞིང་གྲིམ་པ་འཆང་བཟུང་ཞེས་པ་རྐེད་པའི་མིང་ཡིན་ལ་དེའི་སྟེང་གི་ཤ་རྒོད་དེ་རྟ་ཤ་ཟེར་བར་དེ་གཉིས་གཉན་པའི་གནད་ཡིན་ནོ། །བརླ་ལ་སུལ་སྒོ་བཅུ་གསུམ་དར་སྦོམས་པའི་སུལ་འདྲ་བར་ཡོད་དེ། རབ་ཏུ་གཉན་པ་ནི་དཔྱིའི་ཚིགས་མཚམས་ནས་བརླའི་སྒང་དྲང་པོར་སོར་གཉིས་འཇལ་བ་ན་སྒང་ཤ་དཀར་མོའི་གནད་དོ། །པུས་མོའི་ལྷ་བ་སླེབས་མཚམས་དེ་ལ་གཉན་གོང་ཞེས་བྱ་དེ་ནས་སོར་བཞི་བཅལ་བའི་ཉྭ་སྣའི་རྭ་གཉིས་ལ་སྦལ་བ་ནག་པོའི་གནད་དོ། །བྱིན་ཉྭ་ནི་སུལ་མེད་པས་མདའི་སྨྱུག་མ་སྦོམས་པ་འདྲ་སྟེ་རབ་ཏུ་གཉན་པ་ནི་བྱིན་པའི་དཀྱིལ་ན་ཉྭ་སྨད་རྣམ་པ་གསུམ་ཡོད་པ་ལ་ཤིན་ཏུ་གཉན་པ་ནི་སྲེ་ལོང་སྟེ་རྟིང་པའི་རུས་འབུར་དེའི་སྟེང་ནས་བྱིན་དཀྱིལ་དུ་མཁྱིད་གང་བཅལ་བ་ན་ཉྭ་མགོའི་གནད་དོ། །དེ་ནས་སྒབ་ཁུང་ངོས་སོར་དྲུག་བཅལ་བ་ན་བྱིན་སྙིང་གནད་དེ་སྲན་མ་ཙམ་ཞིག་གནས་པ་ལ་ཟེར། ཕྱག་དྲེག་མར་རིལ་མ་ཙམ་ཞིག་ཡོད་པར་བཤད་དོ། །གཉིས་པ་གྲངས་ཀྱི་ངེས་པ་བཤད་པ་ནི། དེ་ལྟར་ཞེས་རྐང་པ་གཅིག་གིས་བསྟན་ཏེ། གོང་དུ་བསྟན་པ་དེ་ལྟར་གྱི་གྲངས་ནི། གཉའ་ཤ་ནག་པོ་གཉིས། འབྲོས་ཤ་ཁྲ་བོ་གཉིས། འདར་ཤ་ཁུག་པ་གཉིས། ལུག་གཞུག་གཉིས། ཉྭ་སྙིང་གཉིས། གར་ཤ་གཉིས། རྟ་ཤ་གཉིས། སྒང་ཤ་དཀར་མོ་གཉིས། སྦལ་ནག་གཉིས། ཉྭ་མགོ་གཉིས། བྱིན་སྙིང་གཉིས་ཏེ་ཡོངས་སུ་དྲིལ་བས་ཉི་ཤུ་རྩ་གཉིས་པོ་འདི་རྣམས་སྐྲངས་པའི་གནད་དུ་བཤད་པའོ། །གཉིས་པ་རྨེན་བུའི་གནད་བཤད་པ་ལ་གཉིས། གནས་ཀྱི་ངེས་པ་དང༌། རྣམ་གྲངས་རྒྱུ་མཚན་བསྟན་པའོ། །དང་པོ་གནས་ཀྱི་ངེས་པ་བསྟན་པ་ནི་རྨེན་བུའི་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། རྨེན་བུའི་གནད་ནི་དཔུང་རྒྱབ་སྐྱོགས་ར་སྟེ་སོག་མགོ་དང་སྒྲོག་རུས་ཀྱི་བར་ཚིགས་མཚམས་ནས་ཕྲག་གོང་དུ་སོར་བཞི་བཅལ་བ་ན་རྨེན་བུ་མགོ་སྔོན་གྱི་གནད་ཡོད་དོ། །གྲུ་མོའི་ཚིགས་ཀྱི་གོང་ཟུར་གྱི་ཚིགས་མཚམས་ལག་པ་བརྐྱང་བསྐུམ་བྱས་ན་ཁྱི་ཁྲོས་པ་ལྟར་ཉེར་ཉེར་བྱེད་པའི་དེའི་སྣ་ནས་གྱེན་དུ་སོར་ལྔ་ན་དཔུང་པའི་རྨེན་བུ་སྨུག་པོ་གནས་ཡིན་ཏེ། དེ་ཡང་ལུག་གཞུག་གི་སྣ་ནས་མར་སོར་བཞི་བཅལ་བ་དེ་ནའོ། །པུས་མོའི་ཕྱི་ཟུར་གྱི་ཚིགས་ཀྱི་མཚམས་ནས་ཡར་བརླའི་ཕྱི་ཟུར་དུ་མཐོ་གང་བཅལ་བ་རྨེན་བུ་དཀར་པོའི་གནད་དོ། །དེ་ནས་ཡར་ལ་སོར་གསུམ་ན་སྦྲུལ་མགོ་གདེངས་པའི་གནད་དོ།།

        གཉིས་པ་རྣམ་གྲངས་དང་རྒྱུ་མཚན་བསྟན་པ་ནི། དེ་བརྒྱད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། རྨེན་བུ་མགོ་སྔོན་གཉིས། སྨུག་པོ་གཉིས། དཀར་པོ་གཉིས། སྦྲུལ་མགོ་གདེངས་པ་གཉིས་ཏེ་འདི་བརྒྱད་ནི་གློ་བུར་དུ་ལྷོག་ཐབས་སུ་སྐྲངས་པ་དང་སྲོག་འཕྲོག་པར་བྱེད་པའི་གནད་དོ། །གསུམ་པ་རྩ་གནད་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རྩ་གནད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། ཡན་ལག་གི་རྩ་གནད་བཤད་པ་དེ་ལའང་རླུང་རྩ་དང་ཁྲག་རྩ་དང་རླུང་ཁྲག་གཉིས་འདོམས་ཀྱི་རྩ་རྣམས་བཤད་པའོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་རླུང་རྩ་ལ་གཉིས། གནས་ཀྱི་ངེས་པ་དང༌། གྲངས་བསྟན་པའོ། །དང་པོ་ནི། དེ་ལ་ཞེས་རྐང་པ་དྲུག་གིས་བསྟན་ཏེ། ཡན་ལག་ལ་རྩ་གནད་གསུམ་ཡོད་པ་དེ་ལ་ཀླད་སྙིང་ལས་རྩ་བ་ལྟ་བུར་ཐུར་དུ་ཟུག་ཅིང༌། རླུང་རྒྱུ་བའི་ལུས་འགུལ་སྐྱོད་ཀྱི་བྱ་བ་བྱེད་པའི་རྩ་ཀར་ཆུ་རྩ་དྲུག་ལས་གྱེས་ནས་ཡན་ལག་ཏུ་འབྲེལ་བ་ནི། ལྟག་ཟུར་སྤུ་འཁྱིལ་འཇའ་བྱེད་ཀྱི་རྣ་སྣ་དཔུང་པའི་ལུག་གཞུག་དང་ཕྱི་མཆན་བར་ན་ཆུ་རྩའི་གནད་དེ་ཁྲག་མི་རྒྱུ་བས་དཀར་པོ་ཆུ་རྒྱུས་ལྟར་ཡོད་པས་རྩ་དཀར་དང་ཆུ་རྩ་བཏགས་སོ། །གྲུ་མོའི་ཡར་ཟུར་ངོས་ཀྱི་ཚིགས་མཚམས་ནས་གཞུ་མཆོག་གི་བར་ན་རྩེ་མགོའི་རླུང་རྩ་རནྜའི་རྩ་སྣ་གཟི་བེ་རེ་སྟེ་རཏྣའི་གནད་དོ། །པུས་མོའི་གཉན་གོང་གི་གཉེར་མའི་མཚམས་སྦལ་ནག་གི་བར་ནི་བདུད་ཁུང་སྦུ་གུ་ཅན་གྱི་བཅུ་བཞི་པ་ནས་མདུན་ངོས་ཀྱི་དཔྱི་སྟེང་དོན་པའི་རྩ་སྣ་རུས་རྩ་སྒྱེད་བུའི་གནད་དོ། །སྲེ་ལོང་སྟེ་རྟིང་པ་དང་ཕྱི་ལོང་རུས་འབུར་གྱི་བར་ན་སྦུ་གུ་ཅན་གྱི་བཅུ་བཞི་པ་ནས་རྒྱབ་ངོས་གཞུག་ཐུང་ཕྱི་ལེབ་མཚམས་བརྒྱུད་པའི་རྒྱུངས་རྩའི་གནད་དོ། །རྐང་པའི་མཐེ་བོང་གི་ཚིགས་པར་སྤུ་སྐྱེས་པ་ནི། སྦུ་གུ་ཅན་གྱི་རྒྱབ་མདུན་གཉིས་ཀའི་རྩ་འདུས་པ་རྒྱུས་པ་པིར་ཁ་ལྟར་ཡོད་པས་པིར་མགོའི་གནད་དོ། །འདི་དག་གི་འབྲེལ་ཚུལ་དང་དོན་དམིགས་ནི་རྩ་དཀར་བཅོས་པར་བསྟན་པ་ལྟར་རོ།།

        གཉིས་པ་གྲངས་བསྟན་པ་ནི། དེ་བཅུ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཆུ་རྩ་གཉིས། རཏྣ་གཉིས། སྒྱེད་བུ་གཉིས། རྒྱུ་རྩ་གཉིས། པིར་མགོ་གཉིས། འདི་བཅུ་ནི་རླུང་ཁ་ཡན་དུ་འཕྱོ་བ་དང་ལུས་ཀྱི་བྱ་བ་ཉམས་པའི་གནད་དོ། །གཉིས་པ་ཁྲག་རྩའི་གནད་བསྟན་པ་ལ་གཉིས། སོ་སོའི་ངེས་པ་བསྟན་པ་དང༌། སྤྱི་སྡོམས་ཀྱི་གྲངས་བསྟན་པའོ། །དང་པོ་སོ་སོའི་ངེས་པ་བསྟན་པ་ལ་བཞི། གློ་རྩ་ཐིགས་གསོག་པ་དྲུག་བཤད་པ་དང༌། མཁྲིས་རྩ་མཁྲིས་ཚད་བསྐྱེད་པ་བཞི་དང༌། མཆིན་རྩ་ཁྲག་འཆོར་བ་བརྒྱད་དང༌། མཁལ་མཆེར་གྱི་རྩ་བད་ཀན་གྲང་བ་བསྐྱེད་པ་བརྒྱད་བསྟན་པའོ། །དང་པོ་གློ་རྩ་ནི། ཁྲག་རྩ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ཁྲག་རྩ་ལ་སོགས་པའི་སོག་པ་མེ་ལོང་འོག་ཏུ་གནས་པའི་སྔོན་བུ་གཉིས་དང༌། དཔུང་པའི་ཚིགས་མཚམས་ནས་ཆག་གང་ས་ན་ཨུ་ཟུར་ཁ་ལ་བཀལ་བའི་ཁུག་པ་གཉིས། དཔུང་པའི་ནང་ངོས་ཆག་གང་ས་ན་གནས་པའི་དུད་འབུད་གཉིས་ཏེ་དྲུག་པོ་འདི་ནི་གློ་བའི་རྩ་ཡིན་པས་ནང་དུ་ཐིགས་གསོག་པས་གནད་དུ་བཞག་གོ། གཉིས་པ་མཁྲིས་རྩ་ནི། སྐྱོགས་རའི་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དཔུང་སོག་བར་གྱི་སྐྱོགས་རའི་ཚིགས་མཚམས་གསེར་གྱི་ཀ་བའི་གནད་དོ། །འདིའི་རྩ་གཞུག་ནི་འོག་ཏུ། མགོ་ན་ལུག་གཞུག་ཕྱི་འདེབས་རྩ་གཞུག་བསྲེག །ཅེས་དེར་ཡོད་དོ། །དཔྱིའི་རྣག་པོ་ཆེའི་ལྡེབས་སུ་ལང་ན་གཉེར་མ་རིང་པོ་འོང་བ་དེ་མཁྲིས་རྩ་སྐྱ་རིངས་ཀྱི་གནད་དེ། འདིའི་རྩ་མཇུག་ནི་འོག་ཏུ་མཁྲིས་རྩ་སྐྱ་རིངས་ལ་ཕོག་གླང་ཐབས་ན། བྱིན་པའི་ནང་ངོས་ཉྭ་མཚམས་རྩ་གཞུག་བསྲེག །ཅེས་དེར་ཡོད་དོ། །བསེ་སྒྲོམ་སྨུག་པོར་ཡང་རྣག་པོ་ཆེའི་ཤའི་སྲུབས་ན་མཁྲིས་རྩ་སྐྱ་རིངས་ཞེས་བྱ་བ་ཡོད། ཅེས་སོ། །དེ་ལྟར་གསེར་གྱི་ཀ་བ་གཉིས་སྐྱ་རིངས་གཉིས། མཁྲིས་རྩ་དེ་བཞི་ནི་མཁྲིས་ཚད་བསྐྱེད་པའི་གནད་དོ། །གསུམ་པ་མཁྲིས་རྩ་ཁྲག་འཆོར་ནི། སྣོད་ཀ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ལག་པའི་ཁུག་མ་ཟུར་གྱི་སྣོད་ཀ གཞུ་མཆོག་ནང་ངོས་ནས་འགྲིམས་པའི་རུ་ཐུང༌། བརླའི་ནང་འདེགས་ཀྱི་རྩ་བོ་ཆེ། མཆིན་རྩ་སྨད་གསུམ་ལ། གསོ་དཔྱད་ཡན་ལག་བཞི་འགྲེལ་དུ། སྒབ་ཁུང་བྱིན་པའི་སྟེང་ན་སྨད་རྩ་གསུམ་ཡོད་པ་ནི། སྒབ་རྩ་ནག་པོ་སྨད་གསུམ་ཞེས་བྱ་སྟེ། དེའི་དབུས་མའི་ལྷམ་སྒྲོག་འཆིང་བའི་འོག་བྱིན་སྙིང་གི་གོང་དུ་གདབ་སྟེ་མཆིན་པའི་རྩ་ཡིན་ཞེས་གསུངས་ལ། དེའི་རྩ་སྣ་ཡིན་པར་བསམས་ནས་བྱིན་གཞུག་ལ་འདོད་པའང་སྣང་མོད། རྩ་རྒྱུད་གཅིག་གི་ཡང་དོན་སྣོད་ཐོབ་སྐལ་དང་རྩ་གྲོགས་ཀྱི་ངེས་པས་སོ་སོར་བཤད་པས་སྔ་མ་ཡིན་པར་སེམས་སོ། །དེ་བརྒྱད་ཆོད་ན་ཁྲག་འཆོར་བ་མི་འཆོད་པས་ཁྲག་འཆོར་གྱི་གནད་དོ། །བཞི་པ་མཁལ་མཆེར་གྱི་རྩ་བཤད་པ་ནི། དཔྱི་ཡི་ཞེས་རྐང་པ་བཞིས་བསྟན་ཏེ། དཔྱི་ཡི་བརླ་སྒང་ཕྱོགས་ཀྱི་ཁ་གཟར་སྲབ་མོ་ན་མཁལ་རྩ་ན་གུ་དང་ཞེས་གསུངས་པ་འདི་ལ། བསེ་སྒྲོམ་སྨུག་པོར། དཔྱི་ཡི་ཁ་གཟར་སྲབ་མོ་ན། །མཁལ་རྩ་ནང་ལ་མཆིན་རྩ་ཕྱི། །མཆེར་རྩ་དབུས་ན་ཡོད་པ་ཡིན། །ཞེས་གསུངས་ལ། བརླའི་སྒང་མཐོ་སའི་སྟེང་གི་མཁལ་རྩ་རུས་ཞེན་དང་ཞེས་པ་འདི་ཡི་འདོམ་ས་ནི། བསེ་སྒྲོམ་སྨུག་པོར། དཔྱིའི་འབྲེལ་མཚམས་རུས་པ་ནས། །མཚོན་དོ་བཅལ་བའི་ས་ན་མར། །མཁལ་རྩ་མ་རུ་ཞེས་བྱ་ཡོད། །རུས་པ་ནས་འདོན་ཚ་དང་འབྲེལ། །ཅེས་སོ། །བརླའི་ཕྱི་ཟུར་དུ་མཁལ་རྩ་རྐང་པ་འདེགས་པའི་བྱ་བ་བྱེད་པ་སྟེ་དྲུག འདི་ལ་བསེ་སྒྲོམ་སྨུག་པོར། བརླའི་ཕྱི་སུལ་དཀྱིལ་དག་ན། །མཁལ་རྩ་རྐང་འདེགས་བྱ་བ་གནས། །ཞེས་དང༌། ཕྱི་མ་རྒྱུད་ཀྱི་མེ་རྩའི་ལེའུར། གུང་མོས་གང་སླེབས་བརླ་ཡི་ཕྱི་སུལ་བསྲེག །ཅེས་གསུངས་པ་རྣམས་དོན་མཐུན་ནོ། །བརླ་ཡི་ཕྱི་སུལ་མཆེར་པའི་རྩ་ནག་གཉིས་ཏེ་འདི་གཉིས་ནི་དཔྱིའི་ཁ་གཟར་ནས་བརླ་སུལ་རྒྱུད་ནས་གནས་སོ། །གཉིས་པ་ནི། དེ་བརྒྱད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། མཁལ་རྩ་དྲུག་མཆེར་རྩ་གཉིས་ཏེ་དེ་བརྒྱད་ནི་བད་ཀན་གྲང་བ་བསྐྱེད་པའི་གནད་དོ།།

        གཉིས་པ་སྤྱི་བསྡོམས་ཀྱི་གྲངས་བསྟན་པ་ནི། དེ་ལྟར་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ལྟར་གློ་རྩ་དྲུག མཁྲིས་རྩ་བཞི། ཁྲག་འཆོར་གྱི་གནད་བརྒྱད། མཁལ་རྩ་དྲུག མཆེར་རྩ་གཉིས་ཏེ་བརྒྱད་བསྡོམས་པས་ཉི་ཤུ་རྩ་དྲུག་ནི་ཁྲག་རྩའི་གནད་དོ། །གསུམ་པ་རླུང་ཁྲག་གཉིས་འདོམས་ཀྱི་རྩ་གནད་ལ་གསུམ། མདོར་རྒྱས་མཇུག་གོ །དང་པོ་ནི། རླུང་ཁྲག་ཅེས་རྐང་པ་གཅིག་གིས་བསྟན་ཏེ། སྐྱེད་བྱེད་ཀྱི་རླུང་དང་བསྐྱེད་བྱའི་ཁྲག་གཉིས་ཀ་རྩ་ནང་དུ་འདོམས་པ་ལ་གཅིག་རྐྱེན་གཅིག་གིས་བྱས་ནས་ལྷན་དུ་འཕར་བའི་རྩ་ནི། གཉིས་པ་རྒྱས་བཤད་ནི་རྐང་པའི་ཞེས་རྐང་པ་བཅུ་གཉིས་ཀྱིས་བསྟན་ཏེ། རྐང་པའི་མཐིལ་ན་བཞག་ལྟར་འཁྱིལ་བ་འདྲ་བ་ལ་མིང་མཐིལ་འཕྲོག་ཅེས་པ་དེའི་གནད་དེ། འདི་ལ་ཡན་ལག་བརྒྱད་པར། རྐང་པའི་མཐིལ་ན་གུང་མོ་ཡིས། །ཐད་ཀ་ན་ནི་མཐིལ་འཕྲོག་པ། །གནད་ཡོད་ཅེས་ནི་རྣམ་བཤད་པ། །དེ་ཕུག་གནད་ཀྱི་འཆི་བར་འགྱུར། །ཞེས་གུང་མོའི་ཐད་ཀའི་མཐིལ་དུ་འཕུར་བ་དེའོ། །བོལ་གོང་གི་སྟེང་ན་འགུལ་རྩ་ནག་པོའི་གནད་དེ། ཕྱི་རྒྱུད་དུ། མཐའ་ནས་སྡུད་ཕྱིར་ཕྱི་རྩ་བོལ་ལ་བརྟག  །ཅེས་གསུངས་པ་དེའོ། །ནང་ལོང་གི་རུས་འབུར་འོག་ནང་ཁུང་དུ་ལྕགས་ཀྱི་སྲན་མའི་གནད་དོ། །ལོང་ཚིགས་མཚམས་ནས་གྱེན་དུ་སོར་བཞི་བཅལ་བའི་ངར་གདོང་ཐུར་བར་གྱི་འཕར་རྩ་དེ་གསེར་རྩ་ཀ་གདུང་གི་གནད་དོ། །དགབ་ཁུང་སྟེ་སྒྱིད་ཁུང་གི་ནང་ན་དགབ་རྩ་ནག་པོའི་གནད་དོ། །བརླ་འདོགས་མཚམས་ཀྱི་ནང་ཁུགས་སྣེ་ཁུག་པའམ་སྣེ་སའི་ཁུད་ན་སྙིང་རྩ་མིག་དམར་གྱི་གནད་དོ། །ལག་མཐིལ་གྱི་སྲིན་ལག་བཀུག་པའི་འོག་ན་མྱུར་བའི་གནད་དོ། །ལག་མཐིལ་དབུས་དང་གར་ཤའི་མཚམས་མཛོད་པུ་ཆུང་གི་འོག་ན་འགུལ་རྩའི་གནད་དོ། །རུས་པ་འབུར་པོའི་སྟེང་ངམ་ལྡེབས་ན་བལྟ་རྩའི་གནད་དོ། །དེ་ཡི་ཡར་ཟུར་ཆུ་བའི་བར་ན་བླ་རྩའི་གནད་དོ། །གྲུ་མོའི་ནང་ཁུང་དུ་ཨ་སོ་ལི་ཀའི་གནད་དོ། །མཆན་ཁུང་ནང་ན་སྙིང་རྩ་རྔུལ་འདུའི་གནད་དེ་འདི་རྣམས་སུ་ངེས་པར་འབུར་བ་ལས་ཤེས་སོ། །གསུམ་པ་མཇུག་བསྡུ་ནི། དེ་ལྟར་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ལྟར་དུ་བསྟན་པའི་གནད་འདི་དག་ནི། སྲོག་རྩའི་ཡལ་ག་རྣམ་གཉིས་ལག་པར་རྒྱུ་ཞེས་པ་དེ་གཉིས་དང་རྩེ་ནག་གཉིད་ལོག་རྣམ་གཉིས་མགོ་ལ་རྒྱུ་ཞེས་དང༌། བཅུ་བཞི་པ་ནས་སྲོག་རྩ་གཉིས་སུ་གྱེས། སྣེ་སར་ཐོན་ནས་རྐང་པ་གཉིས་ལ་རྒྱུ། །ཞེས་གསུངས་པས་གཡས་གཡོན་ལག་པའི་ཡ་ཟུར་མ་ཟུར་དུ་རྒྱུ་བ་གཉིས། མགོ་ལ་རྒྱུ་བ་གཉིས། བཅུ་བཞི་པ་ནས་གཉིས་པོ་དེ་ལ་ཡང་གཉིས་སུ་གྱེས་ནས་རྐང་པའི་གདོང་དང་ནང་དུ་འགྲོ་བ་གཉིས་གཉིས་ཏེ། སྲོག་རྩའི་རྩ་སྟོད་ལ་སྙིང་འབྲས་བུ་ལྟར་སྨིན་ནས་རླུང་ཁྲག་ཐུན་མོང་དུ་གྱུར་པས་སྙིང་རྩ་ཞེས་བྱ། སྲོག་རྩའི་ཡན་ལག་མགོ་མཇུག་ཏུ་གཉིས། གཡས་གཡོན་དུ་གཉིས་ཏེ་རྩ་བཞི་ཁུག་པར་རྒྱུས་པ་ལ་ཁུག་མཚམས་རྐང་མཐིལ་དུ་མཐིལ་འཕྲོག ལག་མཐིལ་དུ་མྱུར་བ་དང་མཛོད་ཆུང༌། གཞན་ཕྱི་རུ་འབུར་བས་འཕར་རྩའི་གནད་དུ་བསྟན་པ་ཡིན་ཏེ། མཐིལ་འཕྲོག་གཉིས། མགུལ་རྩ་ནག་པོ་གཉིས། ལྕགས་ཀྱི་སྲན་མ་གཉིས། གསེར་རྩ་ཀ་གདུང་གཉིས། དགབ་རྩ་ནག་པོ་གཉིས། མིག་དམར་གཉིས། མྱུར་བ་གཉིས། མགུལ་རྩ་གཉིས། བལྟ་རྩ་གཉིས། བླ་རྩ་གཉིས། ཨ་སོ་ལི་ཀ་གཉིས། སྙིང་རྩ་རྔུལ་འདུ་གཉིས་ཏེ་ཉེར་བཞི་པོ་འདི་དག་ནི་སྟོད་དུ་ཚ་བ་འཆོར་ཞིང་འཆི་བའི་གནད་དོ། །བཞི་པ་རུས་གནད་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རུས་པའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཚིགས་དང་རུས་ཕྲན་ནོ།།

        གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ཚིགས་བཤད་པ་ནི། ཚིགས་ཆེན་ཞེས་རྐང་པ་བཞིས་བསྟན་ཏེ། ཚིགས་ཆེན་བཅུ་གཉིས་ལ་དཔྱི་གཉིས་དང༌། དཔུང་པ་གཉིས། པུས་མོ་གཉིས། གྲུ་མོ་གཉིས། མཁྲིག་མ་གཉིས། ལོང་ཚིགས་གཉིས་ཏེ་བཅུ་གཉིས་རྣམས་ཀྱི་ཡར་སོར་བཞི་མར་སོར་བཞི་ནི་རུས་མིག་གི་ལྷ་བ་དང་བཅས་པ་ནི་ཚིགས་ཀྱི་ཁོངས་སུ་འདུས་ཏེ་གཉན་པ་ཡིན་ནོ། །གཉིས་པ་ནི། རུས་ལྷག་ཅེས་རྐང་པ་གསུམ་གྱིས་བསྟན་ཏེ། རུས་ལྷག་ལ་དཔྱི་དམིགས་སོགས་པ་ལ་མཆན་དུ། ཟླ་བ་ཚེས་པའི་དབྱིབས་མས་ཚིགས་ཁ་བཀབ། ཡས་ཚིགས་པར་བརྟེན་པ་གྲི་ལྟག་གང་ཡོད་པ་དེ་གཉན། ཞེས་གསུངས། པུས་ཚིགས་སྟེང་གི་ལྷ་ང་ལོང་བུ་དང་རྟིང་རུས་སྲེ་ལོང་སོར་ཚིགས་མན་མཁྲིག་མ་ཡན་གྱི་བར་སྦྲན་རྩེ། དེ་ཡན་ལ་སྤུན་མངས་ལ་སོགས་པའི་ཁོངས་ནས་རྗེ་ངར། དར་གདོང་ལྷུའི་རྐང་རྣམས་ཀྱང་བསྡུས་མོད། འདིར་གྲངས་སུ་བྱ་བ་ནི། ཚིགས་ཆེན་བཅུ་གཉིས། དཔྱི་གཉིས། སོག་པ་གཉིས། ལྷ་ང་གཉིས། ལོང་བུ་གཉིས། སྲེ་ལོང་གཉིས། སྤྲན་རྩེ་རྐང་ལག་གི་གཡས་གཡོན་བཞི་བསྡོམས་པས་ཉི་ཤུ་རྩ་དྲུག་ནི་ཡུན་དུ་སྦྱོང་ཞིང་ན་བའི་གནད་དོ། །ལྔ་པ་ཆུ་རྒྱུས་ཀྱི་གནད་བཤད་པ་ལ་གཉིས། གནས་ཀྱི་ངེས་པ་བཤད་པ་དང༌། གནད་ཀྱི་རྒྱུ་མཚན་བསྟན་པའོ། །དང་པོ་ནི། ཆུ་རྒྱུས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ཆུ་རྒྱུས་ཀྱི་གནད་ནི་སྒྱིད་ཁུང་གཉིས། གྲྭ་མོ་གཉིས་དང༌། མཁྲིག་མ་གཉིས་དང༌། རྟིང་པའི་ཆུ་བ་གཉིས། ཆུ་བ་སྦལ་མགོ་གཉིས་ནི་འདི་ལ་བསེ་སྒྲོམ་སྨུག་པོར། ལོང་ཚིགས་བར་མ་ཆུ་བའི་བར། །གདོང་རྩའི་གཞུག་མའི་བར་དག་ན། །གནས་པ་ཆུ་བ་སྦལ་མགོའི་མིང༌། །ཞེས་གསུངས་པ་དེ་གཉིས་ཏེ་བཅུ། དེ་ཡང་ཆུ་བ་ནི་ལུས་ཀྱི་རྒྱབ་ལ་རྒྱུས་པ་ནི་ལུས་ཀྱི་མདུན་གནས་སོ།།

        གཉིས་པ་གནད་ཀྱི་རྒྱུ་མཚན་བསྟན་པ་ནི། ཞ་དང་ཞེས་རྐང་པ་གཅིག་གིས་བསྟན་ཏེ། འདི་བཅུ་ནི་ཞ་བ་སྟེ་འཁུམས་པ་དང༌། རེངས་པ་ནི་བསྐུམ་མི་ཤེས་པར་ཤིང་ལྟར་རེངས་པར་བྱེད་པས་ན་གནད་ཅེས་བྱའོ། །དེ་ལ་སྤྱིར་གཉན་དང་གནད་ཀྱི་གོ་དོན་ལ། གཉན་པ་ནི་དེ་དང་མཐུན་ན་མྱུར་དུ་གནོད་པའི་མཐུན་ཅན་འཁུ་ལྡོག་སྐྱེན་པ་སྟེ། ཕྱི་རོལ་དུ་ཡང་ས་གཉན་ཞེས་སོགས་དང༌། ལུས་ལ་ཡང་བཤད་རྒྱུད་དུ། གཉེན་པའི་གནད་ནི་རྒྱལ་པོས་མངའ་བསྐུར་འདྲ། །ཞེས་སོགས་གསུངས་པ་བཞིན་གནད་ནི་གཉན་པ་ཙམ་ལས་ལྷག་པར་གནོད་པ་མྱུར་བ་སྟེ། གནད་སོ་སོ་འབྱེད་པ་ནི། བཤད་རྒྱུད་དུ། ཤ་གནད་སྐྲངས་ཤིང་རུས་གནད་ན་ཟུག་ཆེ། །ཆུ་རྒྱུས་གནད་ནི་འཇའ་བར་བྱེད་པ་སྟེ། །རྩ་ཚིལ་དོན་སྣོད་གནད་ཀྱིས་སྲོག་འདོར་བྱེད། །འཆི་སྦྱོངས་གསོ་བ་དཀའ་ཕྱིར་གནད་ཅེས་བྱ། །ཞེས་སོ། །གནད་འདི་ལྟར་བསྟན་པ་རྣམས་དང༌། གཞན་ཡང་ཡན་ལག་བརྒྱད་པར། གང་དུ་མནན་ན་ཤིན་ཏུ་འགུལ། །རབ་ན་དེ་གནད་ཡིན་ཞེས་བྱ། །ཞེས་སོ། །གནད་ཐམས་ཅད་དུ་སྤྱིར་ནི་སྲོག་གནས་པ་ཡིན་ལ། ཁྱད་པར་དུ་འདི་ལྟར་བསྟན་པ་རྣམས་ལ་གནས་ཏེ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པར། རྩ་རྒྱུས་པ་དང་རྩ་ཆེན་དང༌། །རྩ་དང་ཚིགས་ནི་འདུས་ས་རུ། །གནད་ཅེས་བྱ་སྟེ་དེ་ན་དཔེར། །སྲོག་ནི་ལྷག་པར་གནས་པ་ཡིན། །མང་དུ་རྣམ་པར་བསྟན་མོད་ཀྱིས། །གནད་ནི་རྣམ་པ་དྲུག་ཏུ་བརྟག །སྲོག་གི་གནས་སུ་ཐུན་མོང་བས། །གནད་ནི་གཅིག་ཏུའང་གནས་པ་ཡིན། །ཞེས་སོ། །གསུམ་པ་མཇུག་བསྡུ་བཤད་པ་ལ་བཞི། གནད་ལྔ་སྤྱིའི་རབ་འབྲིང་མཐའ་དབྱེ། བྱེ་བྲག་སོ་སོའི་རབ་འབྲིང་མཐའ་དབྱེ། ཁྱད་པར་ནད་གཞི་སོ་སོའི་གནད། ཤེས་ནས་ཕྱིས་འབྱུང་ཁ་དམར་གདགས་པའོ། །དང་པོ་གནད་ལྔ་སྤྱིའི་རབ་འབྲིང་མཐའ་དབྱེ་བཤད་པ་ལ་ལྔ་ལས། དང་པོ་ནི། དེ་ཡང་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྔར་བཤད་དེ་རྣམས་ཀྱི་ཁྱད་པར་ཡང་འཆི་སྦྱོང་གི་རིམ་པས་རྩ་དང་རྨེན་བུ་ནི་རབ་ཏུ་གཉན་ཏེ་སྲོག་འཕྲོག་པའི་ཕྱིར། ཉྭ་དང་ཚིགས་ནི་འབྲིང་དུ་གཉན་པ་ཡིན་ཏེ་ཡུན་དུ་སྦྱོང་བའི་ཕྱིར། དེ་དག་ལས་གཞན་པ་རྣམས་དང་ཆུ་རྒྱུས་ནི་ཐར་མར་བཤད་དེ་ཞ་རེངས་ཙམ་བྱེད་ཀྱང་འཆི་བ་ལ་བལྟོས་ན་མི་གཉན་པའི་ཕྱིར་རོ། །གཉིས་པ་བྱེ་བྲག་སོ་སོའི་རབ་འབྲིང་མཐའ་དབྱེ་བཤད་པ་ནི། རྩ་ལས་ཞེས་རྐང་པ་བཅུས་བསྟན་པའི་དེ་དག་སོ་སོ་ལ་རབ་འབྲིང་མཐའ་དབྱེ་བ་ཡོད་པ་ནི་ཡན་ལག་བརྒྱད་པའི་ལུང་དྲངས་ཏེ་བཤད་ཟིན་ཏོ། །གསུམ་པ་ནི། ཁྱད་པར་ནད་གཞི་སོ་སོའི་གནས་བཤད་པ་ནི། ཚིགས་དང་ཞེས་རྐང་པ་བཞིས་བསྟན་ཏེ། སྤྱིར་རྟེན་ལུས་འདི་ངོ་བོ་ཡེ་ཤེས་ཀྱི་རང་རྩལ་རྣམ་པ་འབྱུང་བ་ལྔ་ལས་གྲུབ་ཅིང་དེ་ལ་བརྟེན་པའི་ནད་ཀྱང་འབྱུང་བ་ལྔའི་མཚན་ཉིད་འཛིན་པས་གང་དུ་འབྱུང་བ་གཅིག་ཡོད་པ་དེར་ལྔ་ཀ་ཚོགས་དགོས་ནའང་ཤས་ཆེ་ཆུང་གི་དབང་གིས། རླུང་གི་ངོ་བོ་གྲང་ཡང་བྱེད་ལས་ཐམས་ཅད་ལ་ཁྱབ་པ་ཟུང་འཇུག མེ་ལས་ཁྲག་མཁྲིས། ས་ཆུ་ལས་བད་ཀན་ནམ་མཁའ་སྤྱིའི་སྒོ་འབྱེད་ཡིན་པའི་ངེས་པས་བཅོས་ཀྱང་མཚན་ཉིད་འཛིན་པས། དེ་ཡང་ཚིགས་དང་ཆུ་རྒྱུས་དང་ཆུ་རྩ་རྣམས་ནི་རླུང་ཤས་ཆེ་བའི་རླུང་གི་གནད་དེ་འཆི་སྦྱོང་རླུང་གི་བྱེད་པ་ཆེ་བས། རྟགས་བཅོས་ཀྱང་དེ་མཐུན་དགོས་སོ། །དེ་བཞིན་དུ་གློ་རྩ་སྙིང་རྩ་མཁྲིས་རྩ་རྣམས་ནི་མཁྲིས་པའི་གནད་དུ་བསྟན་ནོ། །རྩ་བོ་ཆེ་དང་མཆིན་རྩ་རྣམས་ནི་ཁྲག་གི་གནད་དོ། །མཆེར་རྩ་དང་མཁལ་རྩ་དང་ཉྭ་རྨེན་རྣམས་ནི་བད་ཀན་གྱི་གནད་དེ། རླུང་གནད་ལ་རླུང་འཕྱོ། མཁྲིས་གནད་ལ་དོན་སྣོད་རང་རང་ལ་སྟོད་དུ་ཚ་བ་སྐྱེ། ཁྲག་གནད་ལ་ཁྲག་འཆོར་ཁྲག་ཚད་སྐྱེའོ། །བད་ཀན་གྱི་གནད་ལ་འཚོ་བུལ་གྲང་འབྱམས་སུ་འགྱུར་རོ། །བཞི་པ་ཁ་དམར་གདགས་པ་ནི། དེ་ལྟར་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། གོང་དུ་བཤད་པ་ལྟར་གནད་ཀྱི་གནས་ལུགས་རབ་འབྲིང་མཐའི་ཁྱད་པར་ནད་གཞིར་ནས་ཆེ་ཆུང་ཤེས་པ་ཡིས། དེ་ཡང་ཚུལ་ཇི་ལྟར་ཤེས་དགོས་ན་གནད་རབ་ཀྱིས་འཆི་བ་དང༌། འབྲིང་གིས་ཡུན་དུ་སྦྱོང་བ་དང༌། ཐ་མས་གསོ་སླ་བ་དང༌། ཞ་རེངས་སོགས་འདི་དང་འདི་འོང་གི་ཁ་དམར་གདགས་པར་བཤད་ཀྱང་གསོ་བ་ལ་སྦྱར་ཚེ་གང་ལ་གང་འཚམ་བཅོས་དང་བཅོས་ཚུལ་གྱིས་ངེས་པ་སྟེར་བ་སྟེ། གསོ་ཐབས་ནི་གསོ་བྱ་ལ་བལྟོས་པའི་ཕྱིར་རོ། །གཉིས་པ་རྟགས་བཤད་པ་ལ་གཉིས། སྤྱི་དང་ཁྱད་པར་རོ། དང་པོ་ནི། གཉིས་པ་ཞེས་རྐང་པ་དྲུག་གིས་བསྟན་ཏེ། མོད་ལ་ཞེས་པ་ཕོག་འཕྲལ་ལའོ།།

        ལྷོག་ཐབས་སྐྲངས་པ་ནི། གཉན་ནམ་ལྷོག་པ་ཕོག་པ་ལྟར་སྐྲངས་པ་མྱུར་བའོ། །རྡོས་བུ་བཅུག་པ་ནི་ཉ་དང་རི་དྭགས་རྒྱར་ཚུད་པ་ལྟར་འགུལ་མི་ཤེས་པའོ། །གནད་ལ་ཕེབས་ནི་ཉམ་ཐག་ཅིང་ཅི་བྱ་གཏོལ་མེད་པའོ། །གཉིས་པ་ཁྱད་པར་གྱི་རྟགས་བཤད་པ་ལ། ཤ་དང༌། རྨེན་བུ་དང༌། རྩ་དང༌། རུས་པ་དང༌། ཆུ་རྒྱུས་དང་ལྔ་ལས། དང་པོ་ནི། ཁྱད་པར་ཞེས་རྐང་པ་ལྔས་བསྟན་ཏེ། རྣག་མདོག་དམར་ལ་རྩིགས་ཅན་ནི་རྩིགས་པ་ཅན་ནོ། །གཉིས་པ་ནི། རྨེན་བུ་ཞེས་རྐང་པ་བཞིས་བསྟན་ནོ། །གསུམ་པ་ལ་གསུམ། རླུང་རྩ་དང༌། ཁྲག་རྩ་དང༌། འཕར་རྩ་ལ་ཕོག་རྟགས་བཤད་པའོ། །དང་པོ་ལ་གཉིས། སྤྱི་དང་ཁྱད་པར་རོ། །དང་པོ་ནི་རླུང་རྩ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། མིག་རྩ་རྒོད་པ་ནི་རིག་རིག་པོ་བྱེད་པའོ། །ཇ་ལོག་སྐྲངས་ཞེས་པ་ནི། གཡས་ཀྱི་རླུང་རྩ་ལ་ཕོག་ན་གཡོན་གྱི་རྩ་སྐྲངས། སྟོད་དུ་ཕོག་ན་སྨད་དུ་སྐྲངས་ཏེ་གོ་ལོག་གི་དོན་ནོ། གཉིས་པ་ནི། ཁྱད་པར་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། རྐྱལ་བ་བུས་འདྲ་ནི། བརླ་སྒང་སྐྲངས་པའོ། །གཡའ་ཆུང་རྨི་བ་ནི་ནང་དུ་རླུང་སེམས་རྩ་རྣམས་སུ་རྒྱུ་བ་ལས་པིར་མགོར་བསྣད་སར་རླུང་སེམས་འདུས་པའི་རྟེན་འབྲེལ་ལས་ཕྱི་རོལ་ཏུ་གཡང་ལ་ལྷུང་བ་དང་ཆུ་ལ་ཁྱེར་བ་རྨི་བའོ། །གཉིས་པ་ཁྲག་རྩ་ནི། གློ་རྩ་ཞེས་རྐང་པ་ཉི་ཤུས་བསྟན་ཏེ། དུང་འབུད་ཀྱི་སོགས་པ་ནི་ལུང་བ་སོགས་པའོ། །ཆུ་དད་ཆེ་བ་ནི་ཆུ་ལ་རྩེད་པ་དང་འཐུང་འདོད་པའོ། །གསུམ་པ་འཕར་རྩ་ལ་གཉིས། སྤྱི་དང་ཁྱད་པར་རོ། དང་པོ་ནི། སྙིང་གི་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། འབོག་ཚུལ་སྟོན་པ་ནི་དྲན་མེད་དུ་བརྒྱལ་བ་ལྟར་བྱེད་པའོ། །རྨ་འཁྱིམས་པ་ནི་ཁྲག་མི་འབབ་པའོ། །རྩ་ཁ་འབུད་ཅིང་གཞན་དུ་བྱེར་བ་ནི། རྩ་སྣ་ནས་ཡང་ཡང་ཁྲག་ཤོར་ཞིང་རྩ་རྒྱུད་གཞན་དུ་བྱེར་འགྲོ་བའོ། །གཉིས་པ་ཁྱད་པར་ནི། ཁྱད་པར་ཞེས་རྐང་པ་དགུས་བསྟན་ཏེ། གཉིད་མེད་བྱིང་བ་ནི་ནུབ་མོ་གཉིད་མེད་ལ་ཉིན་མོ་བྱིང་བའོ། །བཞི་པ་རུས་གནད་ཀྱི་རྟགས་ནི། ཚིགས་གནད་ཅེས་རྐང་པ་བཅུ་བཞིས་བསྟན་ཏེ། བཤུལ་རེངས་ནི་སྒལ་པའི་བཤུལ་ས་རེངས་པའོ། །རྣག་ཐག་རིང་བ་ནི་རྣག་ཆད་དཀའ་བའོ། །རྐང་ནང་རྡོལ་ནས་རྐང་མར་དུ་སླེབ་ན་ཟུག་རྔུ་སྟེ་མདེའུ་བྱ་འདས་པས་ཕྱི་རུས་ཀྱི་བསྡམས་ནས་འདོན་དཀའ་བའོ། །དེ་ལ་མདའ་ནི་དགྱེར་ནས་འགྲོ་བས་དང་པོ་འཕོག་དུས་ལྟར་བཅོས་ལ་འདོན། རྐང་བཤགས་བར་དུ་དབྱེ་ལ་འདོན་དགོས་སོ། །རྐང་མགོའི་ཁྲག་བཅས་ཀྱི་ལྷ་བ་ནག་པོ་ལ་འཕོག་ན་རུས་པ་ཚ་བམ་དུ་འགྱུར་རོ། །ལྔ་པ་ཆུ་རྒྱུསཀྱི་གནད་ནི། ཆུ་རྒྱུས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རྨ་གཏིང་ནུབ་ན་ཞེས་པ་ཆུ་རྒྱུས་ཆད་ན་རྨ་གཏིང་དུ་ནུབ་པའོ། །རྣག་ཆུ་རྩིགས་ཆགས་པ་ནི་ཁུ་ཚིགས་ཅན་ནོ། །བྱེ་ཕོངས་ནི་རྨ་ཁ་བྱེའུའི་འཕོངས་ལྟར་འགྱུར་བའོ། །གསུམ་པ་བཅོས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། གསུམ་པ་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། ཉེས་བྱེད་དུས་དང་སྦྱར་ཏེ་བཅོས་པ་དང༌། འཕོག་ས་གནས་དང་སྦྱར་བ། རིམ་པ་དུས་དང་སྦྱར་ཏེ་བཅོས་པ། དུས་གསུམ་དཔེ་དང་སྦྱར་བ། གཉན་པ་གནད་དང་སྦྱར་བ། མན་ངག་སྐབས་དང་སྦྱར་ནས་བཅོས་པའོ།།

        གཉིས་པ་རྒྱས་བཤད་ལའང་དྲུག་ལས། དང་པོ་ཉེས་བྱེད་དུས་དང་སྦྱར་ནས་བཅོས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དང་པོ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཉེས་པས་བྱེད་པའི་ཁྲག་ཆུ་སེར་རྣག་གི་དུས་དང་སྦྱར་ཏེ་བཅོས་བཤད་པའོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་ཁྲག་དུས་ལ་གསུམ། གཞུང་དགུག་ཚད་ཕན་ཡོན། རྨ་ཆས་བཤད་པའོ། །དང་པོ་ནི། དང་པོ་ཞེས་རྐང་པ་བཞིས་བསྟན་ཏེ། དང་པོར་མཚོན་འཕོག་འཕྲལ་ནི་ནད་ཞུགས་པ་ཁྲག་གི་དུས་ཡིན་པས་ལྟོ་དགུག་དགོས་ཏེ། དར་མ་ལ་ཞག་ལྔ། བྱིས་པ་ལ་ཞག་གསུམ། རྒས་པ་ལ་ཞག་གཅིག་སྨྱུང་བར་གནས་དགོས་སོ། །གཉིས་པ་ཕན་ཡོན་ནི། དེ་ཡི་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ནི། རྨ་ཆས་ཞེས་རྐང་པ་དགུས་བསྟན་ནོ། །གཉིས་པ་ཆུ་སེར་གྱི་དུས་ནི། བར་དུ་ཞེས་རྐང་པ་སུམ་ཅུས་བསྟན་ཏེ། འདིར་སྨན་གྱི་སྐྱོ་མ་ཡང་ཡང་བྱུགས་པ་ཞུན། དེ་སྟེང་སྤུ་འཇག་གིས་བསྣན་པ་ནན། གང་འཕྲོད་སྐྲངས་སམ་རྨ་ལ་དྲིས་པ་ནི། སྐྲངས་ན་ཞུན་དང་བྱེར་སྦོས་ལ་ནན་འཕྲོད་པའི་དོན་ལ་བྱ། ཁྲ་བོས་ཆས་ཀྱི་ཕོ་ཚོས་ནི་རྒྱ་ཚོས་སོ། སོ་ཐོག་ནི་མགར་བའི་སོལ་མེར་ལྕགས་ཀྱི་ལས་བྱས་པ་ལ་བྱུང་བའི་ཡུལ་སྐད་དུ་ལྕགས་སྐྱག་དང༌། མགར་ཚ་དང༌། ལྕགས་སོལ་ཟེར་བ་དེའོ། །གྲོག་ཤིང་ཐལ་བ་ནི་མཆོད་རྟེན་ནམ་གྱང་རྙིང་པ་ལ་སྦང་ལྟར་ཆགས་པ་ལ་གྲོག་ཤིང་པ་སྟེ་དེ་དང་བཅས་པའི་ཐལ་བའོ། །གྲོག་ཚང་པ་ནི་གྲོག་མའི་ཚང་པའོ། །ས་ཞག་ནི་སྐམ་པའི་ས་ཞག་སྟེ་ས་སྨྱག་འཇིམ་པ་སྟེ་དོན་དུ་ཆུ་འཁྱིལ་ཤུལ་གྱི་སའོ། །རྗེན་ཕྱི་ནི་ནས་དངོས་སུ་མ་བརྔོས་པའི་ཕྱེའོ། །ནག་པོའི་ལུམས་ཀྱི་དུག་གསུམ་ནི། བཙན་དུག་མེ་ཏོག་སེར་པོ་བོང་དུག་མེ་ཏོག་དཀར་པོ་ར་དུག་མེ་ཏོག་སྔོན་པོ་སྟེ་མེ་ཏོག་གི་དབྱེ་བའི་དུག་གསུམ་ཡིན་པར་ཕྱག་དྲེག་མར་བཤད། བྲུན་བཞི་ནི་ཝ་སྦྱང་གོང་མོ་རི་བོང་དང་བཞིའི་བྲུན་ནོ། །ཞེས་ཕྱག་དྲེག་མ་དང་ཟུར་མཁར་བའི་སྒམ་ནང་མ་མཐུན་པར་གསུངས་སོ། །འཁན་སྦང་ལྕམ་འབྲུམ་གཡེར་ཕབས་འཇིབས་སུ་གཞུག །ཞེས་གསུངས་པའི་ལྕམ་འབྲུ་ལ་དཔེ་རྙིང་འགར་ལྕ་བ་ཟེར་བ་སྣང་བས་ཕྱིས་བྲིས་ནོར་རམ་སྙམ། བསིལ་ཞུན་ནི་བསིལ་བའི་སྔོ་ཐམས་ཅད་བསྡུས་པའི་དམར་སྦྱོར་གྱི་ཞུན་བྱུགས་པ་ཤིས་པའི་དོན་ནོ། །གསུམ་པ་རྣག་གི་དུས་དང་སྦྱར་ནས་བཅོས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཐ་མ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དང་པོ་ཞུགས། བར་དུ་རྒྱས། ཐ་མ་སྨིན་པ་ནི་རྣག་གི་དུས་ཡིན་པའོ། །འདི་དག་སྐྲངས་པ་རང་ལ་བརྟགས་པས་ཀྱང་ཤེས་ལ། ཞག་གྲངས་ཀྱི་ངེས་པ་ནི་བྱང་ཁོག་གསོ་བ་དང་སྦྱར་ན་དང་པོའི་ཞག་བདུན་ཁྲག་དུས་བར་གྱི་ཞག་བདུན་ཆུ་སེར་དུས་དེ་ནས་རྣག་དུས་སུ་བཞག་གོ །རྣག་དུས་རྒྱས་པར་བཤད་པ་ལ་ལྔ། རྣག་ཏུ་འགྲོ་རྟགས། རྣག་གཡོས་རྟགས། རྣག་ཏུ་སྨིན་རྟགས། བྱེར་བའི་རྟགས། བཅོས་དབུགས་ཐབས་སོ། །དང་པོ་ནི་རྣག་ཏུ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། དེ་རྗེས་ཞེས་རྐང་པ་བཞིས་བསྟན་ནོ། །གསུམ་པ་ནི། དེ་ནས་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། འབྲི་མིག་བསྲུབས་འདྲ་ནི། མཆན་དུ། ཤ་སུལ་རྣག་ལ་མཐེ་བོང་ཙམ། །རུས་ཐོག་རྣག་ལ་སྲན་མ་ཙམ། །ཞེས་གསུངས་སོ།།

        བཞི་པ་ལ་གཉིས། རྣག་བྱེར་གྱི་རྟགས་དང་བཅོས་གཉིས་སོ། །དང་པོ་ནི། རྣག་བྱེར་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། རྣག་བྱེར་བ་ནི་རུས་པའི་ཐོག་ཏུ་འགྲམས་པ་དང༌། སུལ་ཁ་ཡན་པ་ནི། ཚིགས་སུལ་ཉྭ་སུལ་དུ་ཁ་ཡན་ཏེ་ཕྱོགས་མེད་དུ་འགྲོ་བའོ། །གཉིས་པ་བཅོས་ནི། སྒ་དང་ཞེས་རྐང་པ་དྲུག་གིས་བསྟན་ཏེ། ཚིལ་ཆེན་ནི་མི་ཚིལ་ལོ། །དགོས་པ་ནི་འདིར་ཡོད་སྙམ་པའོ། །སྨིན་པའི་རྟགས་ཚད་ནི་གོང་གི་སྨིན་རྟགས་སོ། །ལྔ་པ་ལ་གསུམ། དབུགས་ཐབས་དངོས་དང༌། རྣག་པྲ་དང༌། རྣག་ཆས་སོ། །དང་པོ་ནི། དབུགས་ཐབས་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། ཆང་འཕུལ་ཕྱེད་བཏང་བ་ནི་རླུང་མི་སྐྱེ་བཟོད་ཆེ་བས་སོ། །ཤ་འགྲོས་སྦྱར་བ་ནི། རྣག་ཡོད་པའི་ཤའི་འབྲོས་དང་གནད་ལས་བྱོལ་ལ་ཐེམ་ཁ་རན་པར་ལག་པས་དབུག་པའི་ཉམས་བླང་ཞིང་ཕུག་པའོ། །རྨ་ཁ་བུལ་དང་རྣག་དང་སྦྱར་བར་བྱ་ཞེས་པ་ལ། གསེར་མཆན་དུ། སུལ་ཚིགས་ལ་རྣག་མང་ན་རྨ་ཁ་ཆེ་བར་བྱ་ཆུང་ན་རྣག་རོ་མི་ཐོན། ཉྭ་ལྷུ་ལ་ཆུང་བར་བྱ་ཆེས་ན་ཉྭ་ལུག་ཅེས་གསུངས་སོ། །ཁྲག་ཤོར་གྱི་སྤྲུ་ནི་སྤྲུ་མའི་རྩ་བའོ། །ཟོར་པ་ནི་མཁན་སྐྱའོ། །གཉིས་པ་ནི། རྣག་པྲ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། གསུམ་པ་ནི། ཞག་གསུམ་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ནོ། །དེབ་ཆིངས་དང་འབོལ་ཆས་རྣམས་འོག་ཏུ་སྟོན་ནོ། །གཉིས་པ་འཕོག་ས་གནས་དང་སྦྱར་ཏེ་བཅོས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། འཕོག་ས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། བཅོས་ཐབས་ནི་བཅོས་ཡུལ་དང་སྦྱར་དགོས་པས་མཚོན་གང་དུ་འཕོག་པའི་གནས་དང་སྦྱར་ལ་བཅོས་པའོ། །གཉིས་པ་རྒྱས་བཤད་ལ་གསུམ། །ཡུལ་དང་སྦྱར་བའི་རྣམ་གྲངས་མདོར་བསྟན་པ། ཤིན་ཏུ་གཅེས་པའི་འགྲོ་དམིགས་ཁྱད་པར་དུ་བརྗོད་པ། བཅོས་ཐབས་ལག་ལེན་གྱི་རིམ་པ་རྒྱས་པར་བསྟན་པའོ། །དང་པོ་ཡུལ་དང་སྦྱར་བའི་རྣམ་གྲངས་མདོར་བསྟན་པ་ནི། ཤ་ཡི་ཞེས་རྐང་པ་བཞིས་བསྟན་ཏེ། ཤའི་གནད་ལ་འཇིབས་དང་ཞུན་དང་ནན་དང་གསུམ་གྱིས་གཙོ་ཆེར་བཅོས་ཏེ་ཁྲོས་པ་འདུལ་བའོ། །རྩའི་གནད་ལ་མེ་བཙའ་དང་གཏར་ཀ་དང་སྨན་དང་གསུམ་གྱིས་གཙོ་ཆེར་བཅོས་པ་སྟེ་དངོས་རྒྱུ་གཞོམ་པའོ། །ཚིགས་ཀྱི་གནད་ལ་དེབ་དང་ཆིངས་དང་རྒྱོགས་དང་གསུམ་གྱིས་བཅོས་ཏེ་རང་སོར་གཞུག་པའོ། །དེ་ལྟར་གཉེན་པོའི་བཅོས་དགུ་པོ་ནི། གཙོ་གང་ཆེར་སོ་སོར་བསྟན་ཀྱང་ཤ་རྩ་ཚིགས་རུས་ཆུ་སྨིན་གར་དགོས་སྤྱི་རུ་སྤེལ་བའི་མ་འཁྲུལ་པ་གཅེས་ཏེ་འཕོག་ས་གནས་དང་སྦྱར་དགོས་པའི་ཕྱིར་རོ།།

        གཉིས་པ་ཤིན་ཏུ་གཅེས་པའི་འགྲོ་དམིགས་ཁྱད་པར་དུ་བརྗོད་པ་ནི། འཇིབས་ཀྱི་ཞེས་རྐང་པ་དགུས་བསྟན་ཏེ། ཞེས་པ་དེ་ཡང་གཅེས་ཞེས་པ་བཤད་པའི་གཞིར་བཞག་གོ་ །གང་གཅེས་ན་གཉན་པའི་བཅོས་དགུ་གཅེས། གང་དུ་གཅེས་ན་འཕོག་པའི་གནས་སོ་སོར་གཅེས། ཅི་ལྟར་གཅེས་ན་རང་སྐབས་ཀྱི་ཆོ་ག་ཚུལ་མཐུན་གཅེས། ཅི་ཕྱིར་གཅེས་ན་འཆི་སྦྱོང་གསོ་དཀའ་བ་ལས་གྲོལ་བའི་ཕྱིར་གཅེས་སོ། །དེ་ལ་འཇིབ་ཀྱིས་རྨའི་ཆུ་སེར་དྲངས་པ་གཅེས། ཞུན་གྱི་རྨའི་ཆུ་སེར་བཞུ་བ་གཅེས་ཏེ། ནན་གྱིས་རྨ་བྱེར་བ་དང་སྦོས་པ་དང་སྐྲངས་པ་གཡོས་པ་རང་སར་མནན་པ་གཅེས་སོ། །མེ་ཡིས་རྩའི་ཟུག་བཅག་པ་དང་གཞན་དུ་འབྲོས་པའི་འཕྲོང་བསྡམ་པ་གཅེས། གཏར་གྱིས་ཁྲག་ངན་དང་ཆུ་སེར་དབྱུང་བ་གཅེས། སྨན་གྱིས་རྨ་དང་ཁོང་གཉིས་ཀྱིས་ཉེས་པ་བསལ་བ་གཅེས། དེབ་ཀྱིས་ཞུན་ཅན་གྱི་སྟེང་དུ་བཏང་བའམ་རྐྱང་པའང་རུང་སྟེ། རྣག་ཆུ་བྱེར་བ་ཕྱི་རུ་བཅར་ལ་གདབ་པ་གཅེས་ཏེ་རྣག་བཅར་བའམ་འཇིབ་བའི་དོན་ནོ། །འཆིངས་ཀྱིས་ནན་དང་དེ་སྟེང་གི་དེབ་གཉིས་རང་སར་བཞག་སྟེ་མི་འདྲུལ་བར་བྱ་བ་གཅེས་སོ། །རྒྱོགས་ཀྱིས་ཚིགས་འཁྲུལ་ཞིག་པ་དང་ཆུ་སེར་འཁོར་བ་བསྡམས་པ་གཅེས་སོ། །གསུམ་པ་བཅོས་ཐབས་ལག་ལེན་གྱི་རིམ་པ་བཤད་པ་ལ་དགུ་ལས། དང་པོ་འཇིབ་ནི། དང་པོ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཚ་འཇིབས་དང༌། བསིལ་འཇིབས་དང༌། བསིལ་དྲོད་སྙོམ་པའི་འཇིབས་སོ། །དེ་ཡང་བར་ཆན་གྱི་མཚན་ནི་སྲོ་ལོ་དམར་པོའོ། །གཉིས་པ་ཞུན་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཞུན་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། འཕོག་ས་དང་བསྟུན་པའི་ཞུན་དང༌། དུས་དང་བསྟུན་པའི་ཞུན་དང༌། གནད་དང་བསྟུན་པའི་ཞུན་ནོ། །གཉིས་པ་རྒྱས་བཤད་ལ་གསུམ་ལས། དང་པོ་ནི་འཕོག་ས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་ནི། གནོད་བྱེད་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། བར་མཆན་གྱི་སྣུམ་བཞི་ནི། འབྲུ་མར། རྩི་མར། ཚིལ། ཞག་དང་བཞིའོ།།

        གསུམ་པ་ཉེས་བྱེད་དུས་དང་སྦྱར་ནས་བཤད་པ་ལ་གཉིས། དངོས་དང༌། ཐོར་ནད་དོ། །དང་པོ་ནི། ཉེས་བྱེད་ཅེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བར་མཆན་གྱི་དམར་བ་ནི་གོང་གི་སྦྱོར་བའོ། ། སེར་བོ་ནི་གོང་གི་སྦྱོར་བའོ། །ཕུར་ཡོག་ནི་ཕུར་ནི་ཕུར་མོང་ངོ༌། །ཡོག་ནི་ཡོག་མོ་སྟེ་སྐམ་སར་སྐྱེ་བའི་ཤིང་ཕུང་པོ་ཆུང་ངུ་མེ་ཏོག་སྔོ་བྱི་བ་རྣ་བའང་ཟེར་བ་དེ་ཡིན་པར། ཕྱག་དྲེག་མ་ཟུར་མཁར་བ་བླ་རྟ་རྣམས་མཐུན་པར་གསུངས་སོ། །གཉིས་པ་ནི། ཐོར་བུ་ཞེས་རྐང་པ་བཞིས་བསྟན་ནོ། །གསུམ་པ་ནན་བཤད་པ་ལ་གཉིས། འགྲོ་དམིགས་སོ་སོའི་ནན་དང༌། དོན་བསྡུ་གནད་ཀྱི་མན་ངག་གོ་ དང་པོ་ནི། ནན་ལ་ཞེས་རྐང་པ་ལྔས་བསྟན་ནོ། །གཉིས་པ་དོན་བསྡུ་གནད་ཀྱི་མན་ངག་ནི། དེ་ཡང་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། གོང་དུ་བསྟན་པའི་ནན་དེ་རྣམས་ཀྱང༌། ན་སོ་བྱིས་པ་དར་མ་རྒན་པོ་གསུམ་མོ། །ནད་ཁམས་ནི་བད་མཁྲིས་རླུང་ཁྲག་བཞིའོ། །ནམ་ཟླ་ཚ་གྲང་སྙོམས་པའི་བྱེ་བྲག་ཤེས་པ་ཡིས་སྦྱར་བའི་རྟ་སྦང་མའི་ཉེའུ། དྲི་ཆུ། ནན་སྦྱར་དུས་གྲང་མོ་དང་བསྲོས་པའི་དྲོན་མོ་དང༌། བྱུག་ཚད་སྲབ་པ་དང་འཐུག་པ་བྱེ་བྲག་ཤེས་པར་བྱོས་ཏེ། དཔེར་ན་མི་དར་མ་ནད་གཞི་ཁྲག་ཤས་ཅན་ནམ་ཟླ་དྲོ་དུས་ལ། རྟ་ཞོ་བཙགས་རེག་བྱ་གྲང་མོ། རྔབས་སྲབ་པ་བསྟན་ནོ། །དེ་བཞིན་དུ་རྐྱང་པའམ་ལྡན་པ་ཀུན་ལ་དཔྱད་ཀྱི་གང་ལ་གང་འཚམ་གྱི་འཕྲོད་བསྟེན་ཤེས་པར་སྤྱོད་དགོས་སོ།།

བཞི་པ་མེ་བཙའ་ནི། མེ་ནི་ཞེས་རྐང་པ་བཞིས་བསྟན་ཏེ། བར་མཆན་གྱི་སྤྲ་བ་ལྔས་ཞེས་པའི་དོན་ནི། སྤྲ་མེ་གཅིག་ཤུལ་དུ་གཅིག་སྦར་བ་ཐེངས་ལྔས་བསྲེག་གོ །བར་མཆན་གྱི་མིག་དམར་ནི་རྐང་པར། ལག་པར་ཨ་སོ་སྟེ་སྒོ་བཞི་བསྡོམ་པའོ། །བར་མཆན་གྱི་མོད་ལ་ཞེས་པའི་དོན་ནི་རྨ་བྱུང་ལ་ཁད་པའོ། །བར་མཆན་གྱི་རི་བོའི་རྩེ་ལ་མེ་བརྒྱས་གདབ་པ་ནི། སྤྱི་གཙུག་དང་མཐིལ་བཞི་སོགས་གང་འབྲེལ་གྱི་རྩ་ལ་གདབ་པའོ། །ལྔ་པ་གཏར་གྱིས་ཁྲག་ངན་དང་ཆུ་སེར་དབྱུང་བ་ནི། གཏར་ག་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །དྲུག་པ་སྨན་གྱི་རྨ་དང་ཁོང་གཉིས་ཀྱིས་ཉེས་པ་བསལ་བ་ནི། སྨན་ནི་ཞེས་རྐང་པ་བཞིས་བསྟན་ནོ། །བདུན་པ་དེབ་བཤད་པ་ལ་གཉིས། དབྱེ་བ་དང་བཏང་ཚུལ་ལོ། །དང་པོ་ནི། དེབ་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཞུན་ནན་གྱི་སྟེང་དུ་ཚོ་འཛིན་བཏང་བ་ལ་དེབ་ཅེས་བྱ་སྟེ། དེ་ལ་ཡང་ཡུལ་གྱི་དབྱེ་བ་དྲུག ཆག་པ་ལ་ཧེལ་གེ་སོགས་ཀྱི་པགས་དེབ། རུལ་མྱགས་ཚ་བ་ཆེ་ན་འཇག་མ་སོག་མ་སོགས་ཀྱི་རྩ་དེབ། སྐྲངས་པ་ལ་བོང་བུ་སྟེ་རི་བོང་རི་བལ་སོགས་ཀྱི་སྤུ་དེབ་དང༌། བྱེར་བ་ལ་ཤོག་དེབ། རྩ་ཆོད་པ་ལ་ཤིང་བྱང་སོགས་ཀྱི་དེབ་རྣག་དང་ཆག་གྲུམ་ལ་ཕྱིངས་པའི་དེབ་དང་རྣམ་པ་དྲུག་གོ །གཉིས་པ་ནི། དེ་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། བཤད་མ་ཐག་པའི་དེབ་དྲུག་པོ་དེ་ལ་ཡང་ནན་གྱི་སྟེང་དུ་བཏང་བ་ཕོ་དེབ། འོག་ཏུ་བཏང་བ་མོ་དེབ། སྤེལ་མར་བརྩེགས་པ་ཡང་དེབ་བམ་ལག་ལེན་དམར་ཁྲིད་དུ་རྐྱང་པ་རེ་རེ་བཏང་བ་ལ་མོ་དེབ་ཡིན། ཉིས་བརྩེགས་སུ་བཏང་བ་ལ་ཕོ་དེབ་ཡིན། སུམ་བརྩེགས་སུ་བཏང་བ་དེ་ལ་ཡང་དེབ་ཡིན་ཞེས་གསུངས་ལ། ལར་ལག་ལེན་ནི་མཐོང་བ་བརྒྱུད་པ་ལས་ཤེས་དགོས་ལ། འོན་ཀྱང་ཕྱོགས་མཚོན་ཙམ་ཞིག་བཤད་ན་དམར་ཁྲིད་དུ། དེབ་བཏང་བ་ལ་མགོ་བོའི་ཕྱིང་དེབ་ནི། གཙུག་ཏུ་ཕྱིང་པ་སྒོར་མོ་གཅིག་ཕྱོགས་བཞིར་རྨོག་གི་རྣམ་པ་འདྲ་བ་སྟེ། དྲ་མིག་གསུམ་གསུམ་གཏོད་ལ་རྣ་བའི་མདུན་རྒྱབ་ནོན་པར་གཏང༌། བྱང་ཁོག་ལ་རྒྱབ་གཞུང་དུ་ཕྱིང་པ་མང་བར་བརྩེགས་ལ་བཤུལ་པ་གཉིས་ལས་མཐོ་བར་བྱ། བྲང་གཞུང་ལ་གཉིས་གཉིས་བརྩེགས། སྒྲོག་རུས་གཤོངས་སུ་ཕྱིང་པ་བརྩེགས་ལ་ནང་ཁེངས་པར་བྱ། ལྟོ་བ་ལ་ཕྱིང་དེབ་བམ་སྤུ་དེབ་བཏང་བྱར་བུལ་གོ་མེད། ཡན་ལག་གི་ཚིགས་སུ་དེབ་དང་མཐུན་པར་ཉིས་བརྩེགས་བཏང༌། རུས་མགོ་ལ་རུས་མགོ་དང་མཐུན་པའི་རེ་རེ་བཏང༌། རྐང་རྣམས་ལ་རྐང་དང་རིང་ཐུང་མཉམ་པའི་ཕྲ་སྦོམ་ལུས་སྤྱིའི་དབྱིབས་དང་བསྟུན། སུལ་སྟེང་དུ་ཉིས་བརྩེགས་བཏང༌། རྣག་ཁྱིམ་ཆེ་བར་སུམ་བརྩེགས་བཏང༌། ཆིག་རྐྱང་རེ་རེ་བཏང་བ་དེ་མོ་དེབ་ཡིན། ཉིས་བརྩེགས་སུ་བཏང་བ་དེ་ཕོ་དེབ་ཡིན། སུམ་བརྩེགས་སུ་བཏང་བ་དེ་ཡང་དེབ་ཡིན། ཕྱིང་པ་ཐམས་ཅད་ཀྱི་བར་དུ་ནས་རེ་ཤོང་བའི་གསང་བྱས་ལ་ཕྲུག་སྐྱུགས་སམ་རེ་བལ་བཏང༌། ཕྱི་ནང་ཐམས་ཅད་ལའང་བཏང༌། རྐང་རྣམས་ལ་སྣམ་ཐེར་གྱིས་དཀྲིས་པ་ལ་སྦ་ཀྲབ་ཀྱི་དེབ་ཕྱིང་པ་དང་དྲས་མཉམ་པར་བཏང་ཞེས་གསུངས་ལ། དེའི་རིག་པས་དེབ་གཞན་རྣམས་ལའང་ཐོག་མར་ཡུལ་དེ་སྐྱོན་མེད་ལྟར་བཞག་ལ། དེ་ནས་ཁུངས་སར་བརྩེགས་འབུར་སར་ཕྱིར་འཁྱོགས་པར་བསྲང༌། རྣག་ཁར་ཧར་སྟོང་དུ་བཞག་པ་སོགས་གང་ལ་གང་དགོས་དཔྱད་པར་བྱའོ། །བརྒྱད་པ་འཆིངས་པ་ལ་གསུམ། འཆིངས་རིགས་སྤྱིར་བསྟན་པ། སྡོམས་ཆིངས་སོ་སོའི་བཅིངས་ཚུལ་བྱེ་བྲག་ཏུ་བཤད་པ་དང༌། འཆིང་རྒྱུ་བཅིངས་ལུགས་ཁྱད་པར་དུ་བརྗོད་པའོ།།

        དང་པོ་ནི། ཆིངས་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཐོག་མར་ཞུན་ནན་གང་རིགས་དེ་སྟེང་དེབ་གང་རིགས་བཏང༌། དེ་སྟེང་ཆིངས་ཀྱི་ནན་དེབ་གཉིས་མི་འདྲུད་པར་རང་སར་བཞག་ལ། ཆག་ཆིངས་ལ། ལག་ལེན་དམར་ཁྲིད་ཡིག་ཆུང་དུ། སྐྲངས་པོ་ལ་ཆག་ཆིངས་བྱ་བ་ནི། སྐྲངས་ཤོར་བའམ་རྨ་ཆས་བྱས་པའི་ཆིངས་བྱ་བ་ལ་གནས་དེ་གང་ཆག་བཅིངས་བདེ་བ་ལྟར་བཅིངས་པར་བྱའོ། །རིག་པས་དཔྱད་པར་བྱའོ། །གསོན་ཆིངས་ཞེས་པ་རྐང་ཆག་པ་ལ་ཐོག་མར་ཆག་སྣ་དཀྲིས་ནན་གྱིས་མནན། ཐེར་སྲབ་དཀྲིས་དེ་སྟེང་ཤིང་དེབ་དང་བུ་མགོ་ཞབས་སུ་མིག་ཕུག་ཅིང་བསྒྲིགས་པ་བཏང༌། དེ་སྟེང་ཐགས་ཀྱིས་གསོམ་མ་ལྟར་ཡས་ལེན་མས་ལེན་དཀྲིས་པའི་བསྣོལ་མ་འོང་བ་ལ་གསོན་ཆིངས་ཞེས་བྱའོ། །དེ་ལ་དམར་ཁྲིད་དུ། ཆག་པ་ལ་གསོན་ཆིངས་བྱ་བ་ནི་ཡས་མར་ཤེད་ཀྱིས་བཅིངས་ནས་བར་སྙོམས་པ་གསུམ་གསུམ་བཞག་ནས་ཡར་དཀྲི། དེ་ནས་མར་དཀྲིས་ཏེ་ཕྱོགས་བཞིར་བསྣོལ་མ་མ་འཕྱུགས་པར་བྱའོ། །དེ་ནས་བར་གྱི་དཀྱིལ་བཤགས་དེ་ནས་ཐེར་པོར་མནན་ནོ། །ཞེས་སོ། །འདེད་ཆིངས་ཞེས་པ་རྣག་འདེད་པའི་ཆིངས་ཏེ། དམར་ཁྲིད་དུ། རྣག་འདེད་པའི་ཆིངས་བྱ་བ་ནི་སྣ་ལ་ཡས་བཞོས་མདའ་བཅས་ཆིངས་སུ་རྨ་ལ་ཐུག་པར་བཅིངས། དེ་ནས་ཡས་མར་ལ་བཅིངས་རྨའི་གཡས་གཡོན་དུ་ཤིང་བྱང་གཉིས་ལ་སྣང་ཞིང་བཅིངས་མཐའ་དམ་ལ་རྨ་ཁ་བག་ལྷོད་དུ་བཅིངས་པས་རྣག་ཕྱིར་ལུག་འོང་ངོ༌། །འདེད་ཆས་ཆིངས་དང་ཞེས་པ་ཉྭ་བཞི་ལ་ནན་གྱིས་སྟེང་དུ་མདའི་མདེའུ་གཞུག་པ་ལ་མདའ་ཆས་གཅེས། དེའི་ཆས་རྒྱུའི་ཚུལ་སྦོམ་པར་ཆུང་བའི་དེབ་བཏང༌། དེ་སྟེང་ཆས་སྐུད་འཆིང་བ་ལྟར་བྱ་བ་ནི། དམར་ཁྲིད་དུ་ཉྭ་བཞི་ལ་མདའ་ཆས་ཆིངས་ནི་སུམ་ཆ་སུམ་ཆ་གནོན་པར་བྱས་ལ་དཀྲིས་ཤིང་བཅིང་བའོ། །ཞེས་གསུངས་སོ། །སྡོང་ཆིངས་ལ་གཉིས། མགོ་དང་བྱང་ཁོག་གི་སྡོམ་ཆིངས་ཀྱི་ལེའུ་གོང་མའི་དོན་བཀྲོལ་བ། ཚིགས་ཀྱི་སྡོམ་ཆིངས་སོ་སོར་བཤད་པའོ།།

        དང་པོ་ནི། ལག་ལེན་དམར་ཁྲིད་ཡིག་ཆུང་དུ། དེབ་ཀྱི་སྟེང་དུ་ཆིངས་བྱས་ཏེ། ཆིངས་ཀྱི་རྒྱུ་ནི་རབ་དར་འབྲིང་མན་ཏྲི་ཕྲ་རས་མཐའ་མ་བོད་རས་དང་སྣམ་སྲབ་ལ་བྱ་སྟེ། བྱང་ཁོག་ལ་ཞེང་སོར་གསུམ། མགོ་དང་ཡན་ལག་སྤྱི་ལ་སོར་གཉིས། མཁྲིག་མ་དང་རྨ་མང་པོ་ལ་སོར་ཕྱེད་དང་གཉིས་སུ་བྱའོ། །བཅིང་ཐབས་ནི་འཇག་གི་སྣ་ནས་དལ་བུས་དྲིལ་བའི་ཕྱི་ནས་རང་འགྲོས་སུ་བཅིངས་ཏེ། དེ་ཡང་མགོ་ལ་རྒྱ་ཆིངས་གསུམ་སྟེ། དྲུ་བུ་ཆིངས། རྒྱ་ཡི་སྡོམ་ཆིངས། འཁོར་ལོ་ཆིངས་སོ། དེ་གསུམ་གང་བྱེད་ཀྱང་ངོས་གཅིག་ཐག་གུ་གསུམ་སྒྲིལ་ཕྲ་མོ་བྱས་ལ་དེའི་ཐ་མ་བསྐོར་བར་བྱའོ། །ངོས་གཅིག་འཇག་མ་བྱ་སྟེ་དེས་བཅིངས། འཇག་གི་སྣ་ཐག་གུའི་ངོས་ནས་མགོ་ལ་འཁོར་གཅིག་བསྐོར་ལ་ལྟག་པར་བསྣོལ་ལ། ཕྱེད་མ་ཕྱེད་མ་དྲུ་བུའི་མགུལ་བཞིན་དཀྲིས་ཐེར་སྤུངས་མེད་པར་བྱའོ། །སྡོམ་ཆིངས་ལ་ལྟག་པར་བསྣོལ་བ་དེ་ནས་སྨིན་དབྲག་ཏུ་གཏང་ལ། དེ་ནས་དཔྲལ་ཟུར་གཡས་སུ་ཁྱེར་ལ་དེ་ནས་གཡོན་གྱི་རྣ་བའི་ལྟག་ཏུ་འཐེན་ལ། དེ་ནས་ལྟག་ཟུར་གཡས་སུ་བཏང་དེ་ནས་ལྟག་ཟུར་གཡོན་དུ་འཐེན་ལ་དེ་ནས་རྣ་ལྟག་གཡས་སུ་ཁྱེར་ལ་དེ་ནས་དཔྲལ་ཟུར་གཡོན་དུ་བཏང༌། དེ་ནས་དཔྲལ་དཀྱིལ་དུ་འཐེན་ལ། སྔར་གྱི་དེའི་གཡས་ནས་བར་བཤགས་ལ་ལྟག་པར་བཏང༌། དེ་ནས་སྔར་གྱི་དེའི་ཐེབ་གཅིག་བཤགས། དེ་ནས་ལྟག་པ་ནས་དཔྲལ་བ་གཡོན་ངོས་སུ་བཏང་ལ་བར་བར་བཤགས་ལ་ཐེར་དཔུང་མེད་པར་བྱའོ། །དེ་ཚོགས་སྲུབས་གཉིས་སུ་རྒྱ་གྲམ་དུ་བསྣོལ་འོང་བས་སྡོམ་ཆིངས་ཞེས་བྱའོ། །འཁོར་ལོ་ཆིངས་ལ་དང་པོ་ལྟག་པར་བསྣོལ་ལ་དེ་དཔྲལ་ཟུར་གཡས་སུ་འཐེན། དེ་ནས་རྣ་རྒྱབ་གཡོན་དུ་འཐེན། དེ་ནས་རྣ་རྒྱབ་གཡས་སུ་འཐེན། དེ་ནས་དཔྲལ་ཟུར་གཡོན་དུ་འཐེན། དེ་ནས་ལྟག་པ་འཐེན་པས་རྩིབས་ལྔའོ། །ལྟག་པ་ནས་སྨིན་དབྲག་ཏུ་འཐེན་ལ། དེ་ནས་ལྟག་ཟུར་གཡས་སུ་འཐེན། དེ་ནས་རྣ་རྒྱབ་གཡོན་དུ་འཐེན། དེ་ནས་ལྟག་ཟུར་གཡོན་དུ། དེ་ནས་རྣ་བའི་མདུན་གཡས་སུ། དེ་ནས་ལྟག་ཟུར་གཡོན་དུ། དེ་ནས་སྨིན་དབྲག་ཏུ་འཐེན་པ་ལ་རྩིབས་བཅུ་ཡོད་དོ། །དེ་ནས་དེའི་བར་བཤགས་ལ་ཐེར་དཔུངས་མེད་པར་བྱའོ། །ཚབས་སུ་ཆེ་བ་རྣམས་ལ་དེའི་སྟེང་དུ་ཕུར་བས་བཅུད་པར་བྱའོ། །དེ་ལ་གླ་འབྲེང་མཉེན་པ་ཞིག་གིས་ཐ་མ་སྐོར་གྱིས་བཏང༌། རྣ་ལྟག་གཉིས་དཔྲལ་བ། ལྟག་པ་གཉིས་སུ་རྒྱ་གྲམ་དུ་བཏང་ལ། སྤྱི་གཙུག་དང་ལྟག་པ་དང་དཔྲལ་དཀྱིལ་དང་རྣ་ལྟག་གཉིས་ལྔ་པོ་དེའི་རྒྱ་གྲམ་ལྕགས་ཀྱིས་ཡང་མིག་ལ་སླངས་ནས་སྟོན། བཅུད་ཕུར་གཉིས་བསྣོལ་ལ་གདབ་བོ། །བསྡམ་ཆུང་ན་ལྟག་སྲུབས་མཚོགས་སྲུབས་གཉིས་ཀྱི་སྟེང་ནས་ཕར་འབྲེང་པ་སྟེ་རྣ་ལྟག་ཏུ་བཏང་ལ་སྲུབས་སྟེང་གི་རྒྱ་གྲམ་གཉིས་པོ་ལ་ཡང་ཕུར་བ་བསྡམ་མོ། །ཡང་ཆུང་ལ་ཨ་ལོང་མ་འཛོམ་ན་སྔར་གྱི་རྒྱ་གྲམ་ལྔ་པོ་ལ་ཤིང་བུ་མཛུབ་གུ་ཙམ་ལྔ་བཅུག་ལ་སྲད་བུ་གཅིག་གི་དང་པོ་སྤྱི་གཙུག་ཏུ་བསྐོར། དེ་ནས་ལྟག་པར་བསྐོར། དེ་ནས་རྣ་ལྟག་གཡས་སུ་བསྐོར། དེ་ནས་སྤྱི་གཙུག་ཏུ་བསྐོར། དེ་ནས་རྣ་ལྟག་གཡས་སུ་ལོག་ལ་བསྐོར། དེ་ནས་སྨིན་དབྲག་ཏུ་བསྐོར། དེ་ནས་ལྟག་པར་ལོག་ལ་བསྐོར། དེ་ནས་ཡང་སྤྱི་གཙུག་ཏུ་ལོག་ལ་བསྐོར། དེ་ནས་སྤྱི་གཙུག་ཏུ། དེ་ནས་ཡང་རྣ་ལྟག་གཡོན་དུ་ལོག དེ་ནས་ལྟག་པར།  དེ་ནས་སྤྱི་གཙུག་ཏུ། དེ་ནས་ལྟག་པར་ལོག དེ་བཞིན་དུ་མ་དམ་བར་དུ་དཀྲི་བར་བྱའོ། །ཆིངས་མ་འཛོམ་བར་དུ་འཁྱོམས་ན་ཐ་མ་བསྐོར་གྱི་སྐེ་རགས་ཀྱིས་བསྐོར་ལ། དེ་ལྟག་བར་ཤིང་བུ་བཅུད་ལ་དམ་སྦྲིད་བཏང་སྟེ། དེའི་ཁར་ཤིང་དེ་མི་འཁྲོལ་བའི་སྲད་བུས་བཀྱིགས་ཀྱང་རྒྱ་བསྡམ་མོ། །ཡང་ན་རས་བསྐོར་བཏང་བའི་སྟེང་དུ་རས་བལ་དྲུ་བུ་དཀྲིས་ཀྱང་བསྡམ་མོ། །ཞེས་དང༌། དེ་ནས་བྱང་ཁོག་གི་བསེ་ཁྲ་ཆིངས་བྱ་བ་ནི། སྐེད་པ་ནས་ཐག་གུ་དཀྲིས་དེ་ལ་བཤུལ་ཤའི་ཕྱི་ཟུར་གཉིས། ལྟེ་བའི་ཕྱི་ཟུར་གཉིས་ལ་ཐག་གུ་བཞི་དཀྱིལ་བསྐོན་ལ། དེ་མི་བཞི་ཡིས་ཐག་གུའི་སྣ་བརྒྱད་ལ་བཀད་བླངས་ལ། བཀད་དཀྱིལ་སྤུན་དུ་འཇག་སྒོ་རེ་རེ་དཀྲིས་ལ་མཇུག་ཐག་གུ་བཞི་པོ་ཕྲག་གོང་དུ་མདུད་པར་བྱའོ། །ཡང་ལུགས་གཅིག་ལ་རྐེད་པ་ལ་ཐག་གུ་དཀྲིས། དཔུང་པ་གཉིས་ལ་ཐག་གུ་རེ་བསྐོན་ལ་དེ་རྣམས་ལ་འཇག་གི་དྲ་མིག་སླངས་ལ་བཅིང་ངོ༌། །ཞེས་གསུངས་སོ།།

        གཉིས་པ་སྡོམ་ཆིངས་སོ་སོའི་བཅིངས་ཚུལ་བྱེ་བྲག་ཏུ་བཤད་པ་ལ་བདུན། སོག་པའི་ཆིངས། སུམ་སྒྲོག་འཛུམས་ཆིངས། བསྣོལ་ཆིངས། རེ་ལྡེ་ཆིངས། རྭ་བརྒྱངས་དྲ་བའི་ཆིངས། དྲུག་ཆིངས། མོན་བུ་ལྷས་རྣམས་བཤད་པའོ། །དང་པོ་སོག་པའི་ཆིངས་ལ་གཉིས། འཁོར་ལོ་ཆིངས་དང༌། གཤོག་བརྒྱངས་ཆིངས་གཉིས་ལས། དང་པོ་འཁོར་ལོ་ལྟར་བཅིང་བ་ནི། སོག་པར་ཞེས་འབྲུ་བཞིས་བསྟན་ཏེ། དེ་ཡང་བར་མཆན་དུ་དཔུང་པ་ནས་མཆན་འོག་ཏུ་བླངས་ལ་བཅིངས་ཏེ་གྱེན་ཤིང་ཡོད་མེད་གཉིས་སོ། །དེ་ཡང་བར་མཆན་དུ་དཔུང་པ་ནས་མཆན་འོག་ཏུ་བླངས་ལ་བཅིངས་ཏེ་གྱེན་ཤིང་ཡོད་མེད་གཉིས་སོ། །ཞེས་གསུངས་པ་ལ་དམར་ཁྲིད་དུ། དེ་ལ་སོག་པའི་འཁོར་ལོ་ཆིངས་བྱ་བ་ནི། གྲེ་མོའི་གོང་ནས་བཅིངས་ནས་གཅིག་ངོས་ཀྱི་མཆན་འོག་ཏུ་གྱེན་དུ་ཤིང་བཅུག་ལ་དེ་ལ་བླངས་གྱིན་འཆིང་བའོ། །གཉིས་པ་གཤོག་པ་བརྒྱངས་པ་ལྟ་བུའི་ཆིངས་བཤད་པ་ནི། གཤོག་བརྒྱངས་ཞེས་འབྲུ་ལྔས་བསྟན་ཏེ། བར་མཆན་དུ་གྱེན་ཤིང་ཡོད་མེད་གཉིས་སོ་ཞེས་པས་ཡོད་པ་ནི་བཤད་ཟིན་ལ་མེད་པ་ནི། དམར་ཁྲིད་དུ། གཤོག་བརྒྱངས་ཆིངས་ནི་འགྱེན་ཤིང་མེད་པར་མཆན་འོག་ནས་བླངས་ནས་བཅིངས་པའོ། །གཉིས་པ་སུམ་སྒྲོག་འཛུམ་ཆིངས་ནི། དཔུང་པ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་བར་མཆན་དུ། མཆན་འོག་ནས་ལེན་པ་དང༌། གྱེན་ཐག་ནས་ལེན་པ་གཉིས་སོ་གསུངས་པའི་སུམ་སྒྲོག་ཆིངས་ནི། དེ་ཉིད་ལས། གཅིག་ངོས་ཀྱི་དཔུང་པ་ལ་ཐག་གུ་འདོར་པོ་དཀོན་ནས་ལག་པའི་ཕུད་བུ་སྟེ་ལུག་གཞུག་དང་གྲུ་མོའི་བར་དེ་ནས་བཅིངས་ཏེ་ཐག་གུ་དེ་ལ་བླངས་ཀྱིན་སུམ་སྒྲོག་ཏུ་བཅིངས་པའོ། །སྟག་མོ་འཛུམ་ཆིངས་ནི་ལག་པའི་ཕུད་བུ་ནས་བཅིངས་ནས་ཕྲག་པར་བསྣོལ་ཏེ། གཅིག་ངོས་ཀྱི་མཆན་འོག་ནས་བླངས། དེ་ནས་དཔུང་སྙིང་ནས་བླངས་ནས་ལྷས་མ་འཛུམ་ཤིག་གེ་བྱས་པ་དེ་ལ་མིང་འདྲ་བ་རྒྱུ་མཚན་དུ་བྱས་པའི་བཏགས་མིང་ངོ༌། །གསུམ་པ་བསྣོལ་ཆིངས་བཤད་པ་ནི། གྲུ་མོར་ཞེས་འབྲུ་བཞིས་བསྟན་ཏེ། བར་མཆན་དུ་སྟེང་འོག་གཉིས་ནས་ཞེས་གསུངས་པས། འདི་ལ་ལྷས་ཆིངས་དང་བསྣོལ་ཆིངས་གཉིས་ལས། ལྷས་ཆིངས་ནི་འཇག་གི་སྣ་ནས་ཁྲུ་གང་གི་བར་གྲུ་མོའི་ཁ་ལ་འུར་རྡོའི་མཐིལ་ལྟ་བུའི་ཀྱོང་མོ་ཞིག་བྱས་ལ། དེ་གྲུ་མོ་ལ་བསྐོན་ལ་མཁྲིག་མ་ནས་ཡར་ལ་མོན་བུ་ལྷས་ཆིངས་བྱེད་པའོ། །བསྣོལ་ཆིངས་པ་ཏྲ་མ་ནི། དེའི་སྟེང་དུ་ནང་བསྡོམ་གཉིས་ཕྱི་བསྡོམ་བཞི་བྱེད་པའོ། །ཞེས་སོ།།

        བཞི་པ་རེ་ལྡེ་ཆིངས་ནི་མཁྲིག་མར་ཞེས་འབྲུ་ལྔས་བསྟན་ཏེ། བར་མཆན་དུ་ཡས་ལེན་མས་ལེན་བྱ་གསུངས་པས། དེའི་དོན་ནི་མཐེ་བོང་དང་མཐེའུ་ཆུང་གི་རྩ་བ་ནས་མཁྲིག་མ་ལ་ཐུག་པར་འཕྲེད་ལ་བཅིངས་ནས་མཁྲིག་མ་ནས་རྒྱབ་ཏུ་ཁྱེར་ལ་གུང་མོ་ལ་རེ་རེ་ལྷས་སུ་བསྐོན་ནས་ཡང་མཁྲིག་མ་ལ་རེ་བསྐོན་ནོ། །དེ་ནས་མཛུབ་མོ་སྲིན་ལག་གཉིས་ལ་བསྐོར་ཞིང་འཆིང་བའོ། །ཞེས་སོ། །ལྔ་པ་རྭ་བརྒྱངས་ཆིངས་ནི་དཔྱི་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་དཔྱི་སྟེང་སུ་ར་རྒྱངས་ཆིངས་བྱ་བ་ནི། པུས་མོའི་གོང་ནས་ཕྱིར་དཀྲིས་ལ་གཞུག་ཆུང་སྟེང་ནས་ཡང་འཐེན་ཏེ་རྐེད་པ་ལ་འཁོར་རེ་བསྐོར་ལ་དཔྱི་སྟེང་ནས་ཙོག་ཙོག་བུ་ནས་མར་ལ་ཁྱེར་བརླ་སྟེང་དུ་འཁོར་རེ་དཀྲི། དེ་བཞིན་དུ་སྔར་གྱི་དེ་ཀ་རྩ་ནས་ཡར་མར་བཅིངས་ཏེ་དེབ་ནོན་པར་བཅིང་བའོ། ཡང་དྲ་བ་སམ་པ་ཏྲ་ལྷས་ཆིངས་ནི། རྐེད་པར་ཐག་གུ་འདོར་པོ་གཅིག་བསྐོན་ལ་འཇག་བུ་ནས་གོང་དུ་བཅིངས་ཏེ། གཉེར་རིངས་སྟེང་ནས་བརླའི་ནང་ཟུར་ཁྱེར་ལ་ཐག་གུ་ལ་ཡར་མར་བསྐོན་ནས་བསྣོལ་ཏེ་སྣེ་ས་ལ་མར་ཁྱེར་ནས་བརླ་ལ་འཁོར་རེ་དཀྲི། དེ་ཀ་སྔར་མཚན་མའི་རྩ་ནས་བཅིངས་ནས་གཞུག་ཆུང་ལ་ཐུག་པར་དཀྲི། ཞེས་སོ། །དྲུག་པ་ནི། པུས་མོར་ཞེས་འབྲུ་བཞིས་བསྟན་ཏེ། འདི་ལ་རིགས་ནི་བར་མཆན་དུ་བསྣོལ་ཆིངས་སྐྱོར་ཆིངས་གཉིས་ཞེས་གསུངས་པས། སེང་གེ་དྲུག་ཆིངས། སྐྱོར་ཆིངས། རྡོ་རྗེ་བརྩེགས་ཆིངས་དང་གསུམ་ལས། སེང་གེ་དྲུག་ཆིངས་བྱ་བ་ནི། དང་པོ་བྱིན་པ་ནས་ལྷམ་སྒྲོག་འཆིང་སར་དཀྲི། དེ་ནས་སྒྱིད་ཁུང་དུ་མར་ཁྱེར་ལ་བརླའི་དཀྱིལ་ནས་སྦལ་ནག་ལ་ཐུག་པ་དཀྲི། དེ་ནས་གཉན་གོང་དུ་བསྣོལ་བའི་ལྷག་མ་གཉིས་བྱས་ལ། སྒྱིད་ཁུང་ནས་ཡར་ཁྱེར་ལ་མར་གྱི་ལྟབ་སྣ་གཉིས་ཁྲིད། གཅིག་གི་མནན་ཏེ་དེ་ནས་སྒབ་ཁུང་ནས་ལྷ་ངའི་སྟེང་ཁྲིད་བརྩེགས་མ་གསུམ་བརྩེག་གོ སྐྱོར་ཆིངས་ནི་སྣལ་མ་ལྷ་ངའི་སྟེང་དུ་ཁྲིད་ཅིང་དཀྲིས་ལ་སྟོད་མིག་གཉིས་བྱ། དེ་ལ་སྒལ་ཁུང་ནས་བསྐོར་གྱིན་སྟོད་དམིགས་ལ་གཡས་བསྐོར་གཡོན་བསྐོར་གཉིས་བྱ། དེ་ནས་སྟོད་མིག་གཉིས་ཀྱི་བར་དུ་རྒྱ་གྲམ་དུ་བཤགས། དེ་ནས་བརླ་དང་བྱིན་པའིདཀྲིས་བ་རེ་དང་ལྷ་ངའི་གཡས་གཡོན་བསྐོར་སྒྱིད་ཁུང་དུ་ཐུག་པར་བཅིངས་སོ། །གཞུག་ཏུ་སྟོད་མིག་གཉིས་ཀྱི་བར་རྒྱ་གྲམ་ཐེབ་གཅིག་འོང་བར་བཅིངས་པའོ། །རྡོ་རྗེ་བརྩེགས་ཆིངས་ནི། མཛོད་མིག་ལྷ་ང་གཉན་གོང་གསུམ་དུ་ལྷས་མ་འོང་བའི་གསོན་ཆིངས་སུ་བཅིངས་པའོ། །ཞེས་སོ། བདུན་པ་མཽན་བུ་ལྷས་ནི། ལོང་ཚིགས་ཞེས་འབྲུ་ལྔས་བསྟན་ཏེ། བར་མཆན་དུ་ཡས་ལེན་མས་ལེན་གཉིས་པོ་གསུངས་པའི་དོན་ནི། བྱིན་གཞུག་ནས་ཚིགས་ཁའི་བར་ཁྱབ་པར་དཀྲི། དེ་ནས་རྟིང་པ་སྐོར་རྐང་མཐིལ་དུ་འཐེན། དེ་ནས་གོང་དུ་ཁྱེར་དེ་ནས་བྱིན་གཞུག་དང་ཐུར་པར་བསྐོར་བ་སྣོལ་ཞིང་རེས་དཀྲིས་རེས་བསྐོར་བའོ། །ཞར་ལ་རྒྱ་ཚིགས་ཀྱི་མོན་བུ་ལྷས་ཆིངས་ནི། རྟིང་ཁབ་འུར་མཐིལ་འདྲ་བ་གཅིག་བྱས་ལ། སྐུར་བས་སྒྱོགས་ལན་ལ་སོར་མོའི་རྩ་བར་བཅིངས་ལ་དེ་ནས་བོལ་གོང་ལ་ལྷས་མ་འོང་བར་བཅིངས་པའོ། །ཞེས་སོ། །དེ་དག་ཀྱང་གང་ལ་གང་བདེ་གང་ལ་འཚམ་པར་བྱ། ཐེར་སྤུངས་མེད་པར་བྱས་ལ་དམ་ལྷོད་རན་པ་གལ་ཆེ། སྐུད་པས་སྒྲོག་ལ་མི་ཞིག་མི་འཇིག་པར་བྱའོ།།

        གསུམ་པ་ཆིངས་རྒྱུ་བཅིང་ལུགས་ཁྱད་པར་དུ་བརྗོད་པ་ནི། རྒྱུ་ནི་ཞེས་རྐང་པ་ལྔས་བསྟན་ཏེ། ཆིངས་ཀྱི་རྒྱུ་ནི་དར་རམ་ཡང་ན་མིང་འཇམ་མམ་མེན་ཏྲི། དེ་རྣམས་ལ་འགྲུབ་ན་རྒྱུ་སྤུན་ཕྲ་སྙོམས་ཀྱི་རས་ལ་བྱའོ། །ཞེས་ཚད་གནས་དང་སྦྱར་བ་ནི། བྱང་ཁོག་གི་དཔྱི་གསེགས་ལ་སོར་གསུམ། མགོ་དང་ཡན་ལག་སོགས་ཕལ་ཆེར་ལ་སོར་གཉིས། སྲན་རྩེ་དང་རྨ་མང་ན་སོར་གཅིག དེ་ཡང་ཆིངས་ཀྱི་ཕྱོགས་གཅིག་ལེབ་མོར་བྱས་པ་ལ་འཇག ཕྱོགས་གཅིག་སུམ་དྲིལ་དུ་སྒྲིལ་བ་ཐག་གུ་ཞེས་བྱའོ། །གཅིག་ལུགས་དམ་ན་ཆས་དམ་པས་ཟུག་སྐྱེ་ལ། ལྷོད་ན་ནན་དེབ་སོགས་ཆས་མི་ཆགས་པར་བུད་འགྲོ། བཅིང་ཉེས་ཏེ་ལ་ལར་ཐེར་རེ་ལུས་པ་ལ་ཡན་དཔུང་ཤོར་ན་འོག་གི་དེབ་མི་ནོན་པས་ཐོག་མར་འཇག་གིས་དམ་དུ་སྲིས་ལ་དྲིལ། དེའི་ཕྱི་ནས་ཐག་གུ་བསྡམས་ལྷོད་པོ་མ་ཡིན་པར་རང་བགྲོས་སུ་བཅིང་ངོ༌། །འདི་ལའང་དམར་ཁྲིད་དུ་བཅིང་ཐབས་ནི། འཇག་གི་སྣ་ནས་དལ་བུས་དྲིལ་བའི་ཕྱི་ནས་རང་འགྲོས་སུ་བཅིང་ངོ༌། །ཞེས་གསུངས་སོ། །དགུ་པ་རྒྱོགས་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རྒྱོགས་ལ་ཞེས་རྐང་པ་བཞིས་བསྟན་ཏེ། རྒྱོགས་ཀྱི་བཅོས་པའི་ཐབས་དེའི་རྒྱུ་བཤད་པ། དེའི་དབྱེ་བ། བཀུར་བའི་ཡུལ། གཞུག་དུས། དབྲལ་དུས། དམ་པ་དང༌། ལྷོད་པའི་སྐྱོན་དང༌། ནང་ཚངས་དང༌། བསྡམ་ཚད་དང༌། བསྡམ་ཐབས་དང༌། ཉེས་པའི་སྐྱོན་དང༌། ལེགས་པའི་ཡོན་ཏན་རྣམས་བཤད་པའོ། །གཉིས་པ་རྒྱས་བཤད་ལའང་བཅུ་གཉིས་ལས། དང་པོ་རྒྱོགས་ཀྱི་རྒྱུ་བཤད་པ་ནི། དེ་རྒྱུ་ཞེས་རྐང་པ་བཞིས་བསྟན་ཏེ། བཅིང་རྒྱོགས་དེའི་རྒྱུ་ནི་སོམ་དང་གླང་མ་དང་སོགས་ཁོངས་ནས་དེ་དག་དང་རིགས་འདྲ་བ་རྣམས་དབྱིབས་དྲང་བ་གཞོན་པ་གཅུ་བ་དང་མཛེར་པ་མེད་པ་ཡང་ཞིང་སྐམ་པ་ལ། དྲང་ཐིག་བཏབ་ནས་ཐིག་ཁོངས་ཞོགས་བཏོན་འཆུས་པ་རྐང་ཕྲ་སྦོམ་མེད་པ། ཁོང་སྡེམ་པ། སྟོད་སྨད་གཡས་གཡོན་གྱི་ཤེད་སྙོམས་པ་སོ་སོའི་ཚད་དང་ལྡན་པར་བྱའོ། །འདི་ལ་དམར་ཁྲིད་ཡིག་ཆུང་དུ། དེ་ལ་རྒྱུའི་ཤིང་ནི་སོ་མ་མམ་ལྕང་མ་བཤོན་པོ་བཅུ་འཛེར་མེད་པ་ལ་བྱའོ། །བྱ་གཤོག་དང་སྲབ་འཐུག་དང་བཅུག་མེད་པའི་གྲུ་བཞི་ལམ་པ་གཅིག་ཁོངས་ནས་བཏོན་ལ་བཞོག །ཞེང་སོར་གཉིས་སྲབ་འཐུག་ནས་ཕྱེད་པ་ཁོང་ལྟེམ་ཅན་བཅས་པར་བྱ། དེའི་གཞུང་ནས་ཡར་སུམ་ཆ་སུམ་གཉིས་སུ་ཐིག་པོ་ཞེས་གསུངས་སོ། །གཉིས་པ་དབྱེ་བ་ནི། དབྱེ་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་པའི་དབྱེ་བ་ལ། ཤིང་བཟོའི་རིགས་ཀྱི་དབྱེ་བ་དང༌། བསྐུར་བའི་དུས་ཀྱི་དབྱེ་བ་གཉིས། དང་པོ་ཤིང་བཟོའི་རིགས་ཀྱི་དབྱེ་བ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དང་པོ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་ཚིགས་ལ་བསྐུར་བ་རྒྱོགས་དང་རྐང་ལ་བསྐུར་བ་ཁྲ་དང༌། གནས་མ་ངེས་པ་ལ་བསྐུར་བ་བྱི་ཟེའོ། གཉིས་པ་རྒྱས་བཤད་ལའང་གསུམ་ལས།

        དང་པོ་རྒྱོགས་ནི། རྒྱོགས་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། འདིའི་དགོངས་དོན་ཡང་དམར་ཁྲིད་ཡིག་ཆུང་དུ། དེ་ཡང་རྒྱོགས་ལ་རིགས་གསུམ་སྟེ། སྦ་རྒྱོགས་དྲ་བ་ཅན། སྒྲོམ་རྒྱོག་དང༌། འཕྲུལ་རྒྱོགས་སིལ་མའོ། །སྦ་རྒྱོགས་ལ་དཔུང་པའི་བྱ་གཤོག་མ། གྲུ་མོའི་གྲུ་ཆོད་མ། མཁྲིག་མའི་སྒྲོམ་ཐབས། པུས་མོའི་སྟག་མགོ་གཟེར་འགྱེད། རྒྱ་ཚིགས་ཀྱི་འགྲམས་ལྷན་ཚེམས་འགྱེད་མ་དང་ལྔའོ། །དེ་ལ་དཔུང་པ་ལ་བྱ་གཤོག་མ་བྱ་བ་ནི། བྲང་དང་སོག་སྟེང་གི་གཞུང་ཤིང་གཉིས་མཐོ་རེ། དཔུང་ལྷུ་ཕྱི་ནང་གི་གཞུང་ཤིང་མཐོ་རེ་ཆགས་པར་བྱ། ཕྱི་ནང་གཞུང་ཤིང་བཞི་བཞི་བསྣོལ་ལ་བཙེམས། ཁ་བསྡམ་བྱེད་ཀྱི་དབང་བུ་ལ་སྟོད་ཀྱི་གཉིས་མཐོ་རེ། སྨད་ཀྱི་གཉིས་མཁྱིད་རེ། ཁ་གནོན་ནི་ཕྲག་སྟེང་དུ་གཉིས། དཔུང་ལྷུ་གཉིས། སྒབ་འདེགས་གསུམ་འོང༌། བུག་པ་ཐམས་ཅད་ལྕགས་བསྲེགས་ཀྱིས་བཞི་མིག་ཏུ་ཕུག ཚེམས་ཀྱིས་རྒྱ་གྲམ་ནང་དུ་གྲུ་བཞིར་བཙེམས་སོ། ཁ་གནོན་འགབ་འདེགས་ལ་གླ་འབྲེང་གདགས། དབང་བུའི་བར་གྱི་གྲ་མིག་སྤ་ཐུང་ཕོ་རིས་སུ་བཙེམས་སོ། །དེ་བཞིན་དུ་ཀུན་ལ་ཤེས་པར་བྱའོ། །གྲུ་མོའི་གྲུ་ཆོད་བཅལ་བ་ལ་ཕྱི་ནང་སྟོད་སྨད་ཀྱི་གཞུང་ཤིང་མཐོ་གང་སོར་བཞི་བྱ། གྲེ་ཁུག་ལ་གྲུ་བཞིར་བསྣོལ། སྟོད་ཀྱི་ཁ་སྡོམ་གྱི་དབང་བུ་གཉིས་མཁྱིད་གང༌། སྨད་ཀྱི་ཆག་གང་ཁ་གནོན་བཞི། སྒབ་འདེགས་གཞི་མ་དང་མཉམ་མོ། །མཁྲིག་མའི་སྒྲོམ་ཐག་བཅའ་བ་ལ་གཞུང་ཤིང་མཐོ་རེ་མཁྱིད་རེ། རྗེ་ངར་ཕྱི་ནང་གི་གཞུང་ཤིང་བཞི་མཐོ་གསུམ་དང་སོར་བཞི། སྟོད་ཀྱི་ཁ་བསྡམས་གྱི་དབང་བུ་གཉིས་མཛུབ་རེ། སྨད་ཀྱི་ཁ་བསྡམས་ཀྱི་དབང་བུ་གཉིས་མཁྱིད་རེ། བརླ་ལ་དབང་བུ་གཉིས་མ་དང་མཉམ། ཁ་གནོན་བཞི་བྱིའུ་དང་ལྔ་སྒབ་འདེགས་བཞི་དབང་བུ་དང་མཉམ་པའོ། །མཐིལ་ཤིང་ལ་སྟག་མགོ་སྦྲགས་ལ་ཁ་བསྡམས་ཀྱི་དབང་བུ་བཅུག་ལ་གཟེར་གྱིས་བསྡམ་མོ། །རྒྱ་ཚིགས་ཀྱི་འགྲམ་ལྷན་ཚེམས་འགྱེད་མ་བཅའ་བ་ནི་ཕྱི་ནང་གི་གཞུང་ཤིང་མཐོ་དོ་དོ་འགྲམ་ལྷན་ལ་སྦྲགས། འགྲམ་ལྷན་གཉིས་ཞེང་སོར་བཞི། སྲིད་སོར་བཅུ་བཞི་མཐིལ་ཤིང་ཞོ་དོང་གཤགས་པ་མཐིལ་དང་མཉམ་པར་བྱ། འགྲམ་ལྷན་དང་མཐིལ་ཤིང་འཕེལ་ཀ་བྱས་འབྲིང་བུས་བཙེམ། བོལ་གྱི་ཁུག་ལ་ནམ་མཁའ་གཉིས་བཏང༌། གཞུང་གི་ལོགས་ལ་དབང་བུ་གསུམ་བཏང༌། སྟོད་ཀྱི་ཁ་བསྡམས་ཀྱི་དབང་བུ་མཛུབ་རེ། སྨད་ཀྱི་དབང་བུ་ཆག་རེ་བར་བྱ། ཁ་གནོན་གསུམ། སྒབ་འདེགས་གསུམ། རྟིང་ཁག་དང་ནམ་མཁའ་སྒྲོགས་སུ་ལྡན་པར་བྱའོ། །ཚད་དུ་བཤད་པ་དེ་རྣམས་ལ་ཡང་རྐང་རིང་ཐུང་ཤས་ཆེ་ཆུང་སོར་སྦོམ་ཕྲ་འཆོལ་བར་ཡང་ཡོད་པས་ཆིངས་བྱས་པའི་སྟེང་ན་འཕྲལ་ཉམས་ཀྱིས་བྱས་ན་འཛོལ་བ་མི་ཡོང༌། བཅོས་ནས་འཇོག་ན་རབ་འབྲིང་ཐ་གསུམ་བཅས་ནས་བཞག་པས་མི་གང་ལ་ཡང་གཞུག་ཏུ་བཏུབ་བོ། སྒྲོམ་རྒྱོགས་ཀྱི་བཅའ་གཞི་ལ་སྲིད་ཚད་ཐམས་ཅད་གཞུང་ཤིང་དང་མཐུན། ཞེས་ཚད་ཐམས་ཅད་དབང་བུ་དང་མཐུན། ཁ་གནོན་བཞི་སྒབ་འདེགས་ལ་ཁྱད་མེད། ཤིང་ཐམས་ཅད་ལེབ་མོ་ལ་ཚིགས་ཀྱི་ཁུགས་རྒྱུན་གྱིས་བཙེམ། ཤིང་ལ་བེར་ཀ་རེས་ཁ་སྤྲོད། ཟླ་ཆེས་ལྟག་སྤྲོད། གྲུ་གསུམ་རྩེ་སྤྲོད་པ་ཁོལ་འདོན་བྱའོ།།

        ཁྱད་པར་དཔྱིའི་སྒྲོམ་རྒྱོགས་བཅའ་བ་ནི། འཕོངས་ཙོག་ཙོག་པོ་ནས་བརླའི་ཕྱེད་སླེབ་པའི་འོག་ཤིང་ལེབ་མོ་གཅིག་ལ་དཔྱི་ཤིང་གཅིག ཚང་རའི་ཤིང་བུ། །དཔྱི་དང་ཚང་རའི་ཤིང་གཉིས་རྒྱུན་གྱིས་བཙེམས། ཚང་རའི་ཤིང་ལ་སྐྱེར་པའི་ཤིང་གཅིག་བཙེམ། དཔྱིའི་ཤིང་དང་བརླའི་ཤིང་གཉིས་བཙེམ་ནམ་མཁའ་བཏང༌། བརླའི་སྟེང་དུ་ཁ་གནོན་གསུམ་འོག་ཏུ་འགབ་འདེགས་གཅིག་བཏང༌། ནམ་མཁའ་དང་སྐྱེད་ཤིང་འབྲེང་པས་མདུད་པ་བྱའོ། །དཔུང་པའི་འཕྲུལ་རྒྱོགས་བསིལ་མ་བཅའ་བ་ལ། དཔུང་ཁབ་ཀྱི་ཤིང་ལག་མཐིལ་ཙམ་པ་ནང་ཀྱོང་ངེ་བ་གཅིག་བཏང༌། སོག་ཁབ་སོག་པ་དང་མཉམ་པ་གཅིག་བཏང༌། གཉའ་གནོན་དང་སྒྲོག་གནོན་སོག་ཁབ་རེ་བཏང༌། སོག་ཁབ་ནུ་ཁབ་གཉིས་ལ་འགབ་འདེགས་གཅིག་བཏང༌། སོག་ཁབ་གཉའ་གནོན་གཉིས། བྲང་ཁབ་སྟོད་སྨད་གཉིས་སུ་འབྲེང་པ་བཏགས་ལ་མཆན་དོན་གཅིག གཅིག་གི་གྱེན་ཤིང་དང་སྒྲོག ཤིང་གི་བར་ཐམས་ཅད་འབྲེང་པས་བསྡམ་མོ། །འདི་རྣམས་ཀྱི་ཆག་ཚད་ནི་ཤ་རྗེན་ལ་མཉམ་སྟེ། ཆིངས་བྱས་པའི་སྟོང་དུ་བསྐུར་བས་བྱེར་ཟུག་སྙོམས་ཏེ་འོང་བའོ། །གྲུ་མོའི་འཕྲུལ་རྒྱོགས་བཅའ་བ་ནི་གྲུ་མོའི་ཁུང་བུ་སྐྱོང་མོ་འུར་མཐིལ་ལྟ་བུར་གཅིག་ལ། སྟོད་དུ་ཤིང་བཞི། སྨད་ཤིང་བཞི་འབྲེང་པས་སྒྲོག་པར་བྱའོ། །མཁྲིག་མའི་འཕྲུལ་རྒྱོགས་ནི། མཐིལ་ཤིང་དང་པྲན་རྩེ་ཁབ་གཉིས་རྒྱ་དང་དབྱིབས་ལག་པ་དང་བསྟུན། མཐེ་བོང་གི་གཉའ་གནོན་དང་མཐེའུ་ཆུང་གི་འགབ་འདེགས་གཉིས། མཁྲིག་མའི་གཞུང་ཤིང་གཉིས་དེ་རྣམས་འབྲེང་པས་སྒྲག་གོ །དཔྱིའི་འཕྲུལ་རྒྱོགས་ལ་འོག་ཤིང་ཙོག་ཙོག་བུའི་ཁུང་བུ་གསང་བུག་ཅན་གཅིག་ཚང་ར་དང་དཔྱི་གཉིས་ལ་ཤིང་ལེབ་རེ། བརླའི་ཕྱི་ཤིང་ནང་ཤིང་སྒང་ཤིང་གསུམ། ནང་ཟུར་གྱི་གཅིག་དང་བཞི་དེ་རྣམས་འབྲེང་པས་སྒྲགས་ལ་བསྡམ་མོ། པུས་མོའི་འཕྲུལ་རྒྱོགས་ལ་བརླ་ཁབ་ནང་ཀྱོང་མོ་འུར་མཐིལ་ཙམ་གཅིག་ལ་བརླའི་སྒང་ཤིང་གཉིས། སུལ་གནོན་འགབ་ཤིང་གཉིས་ཏེ་ལྔ། ངར་གདོང་གིས་ཕྱི་ཤིང་ནང་ཤིང་གཉིས། བྱིན་པའི་ཕྱི་སུལ་གནོན། བྱིན་པ་ཁབ་བཞི་བཙེམ་པ་ལ་གཅིག་སྟེ་དེ་རྣམས་འབྲེང་པས་བསྡམ་མོ། རྒྱ་ཆིགས་ཀྱི་འཕྲུལ་རྒྱོགས་ལ་མཐིལ་ཤིང་མཐིལ་དང་མཉམ་པ་གཅིག འགྲམ་ལྷན་གཉིས། བོལ་ཁབ་སྟེང་ཁབ་གཉིས། དེ་རྣམས་ཟོར་བའི་མགོ་ལྟར་དུ་བྱས་ལ་དེ་ངར་གདོང་གི་ནང་ཤིང་གཅིག་བྱིན་པའི་ཕྱི་ཤིང་བྱིན་ཁབ་བཙེམས་པ་གཅིག དེ་རྣམས་སྦྲག་ལ་འབྲེང་པས་བསྡམ་མོ། །འཕྲུལ་རྒྱོགས་ཀྱི་ཡང་ཤིང་ཆེ་ཆེ་ལ་ཁོང་གསེང་རེ་བཏང༌། རྐང་གི་ཤིང་རྣམས་སོར་བཞི་དང་གསུམ་གྱིས་ཞེང་དུ་བྱ་བར་དུ་སོར་གཉིས་གཉིས་འོང་བར་བྱ། ཤིང་གི་གྲངས་བཤད་པས་མི་འཐུས་ན་ཤིང་གང་དགོས་གཞུག ཤིང་ཉུང་ན་ཆོལ་པོར་སོང་ནས་མི་སྡོམ། མང་ན་བར་ཆུང་ནས་ཡང་མི་སྡོམ་པས་རིག་པས་དཔྱད་པར་བྱའོ། །གྱོགས་ལ་རིགས་མང་ཡང་དཔྱི་སོག་མཁྲིག་མ་གསུམ་ལ་འཕྲུལ་རྒྱོགས་འཇིབ་བོ། །གྲུ་མོ་དང་པུས་མོ་རྒྱ་ཚིགས་གསུམ་ལ་སྦ་རྒྱོགས་འཇིབ་བོ། །ཞེས་སོ།

        གཉིས་པ་ལ་གསུམ། རུས་ཆག་པ་སྦྱོར་བའི་ཁྲ། ཤ་སྟེང་དུ་རང་སར་སྡོམ་པའི་ཁྲ། ཉྭ་སུལ་རྣམས་སུ་རྣག་འཁྱིམས་པ་བཅར་འདེད་ཀྱི་ཁྲ་དང་གསུམ་ལས། དང་པོ་རུས་པ་ཆག་སྦྱོར་གྱི་ཁྲ་བཤད་པ་ནི། ཁྲ་ལ་ཞེས་རྐང་པ་གཅིག་གིས་བསྟན་པའི་ཁྲ་བཤད་པ་ལ། ལག་ལེན་དམར་ཁྲིད་དུ། རུས་པ་ཆག་པ་སྦྱོར་བའི་ཁྲ་ལ་རིགས་བཞི། ཁྲ་འཁོར་ལོ་སྤྱི་སྡོམ་ཅན། ཁྲ་ཁྲང་བུ་འཁོར་ལོ་ཅན། ཁྲ་དབང་བུ་སྡོམ་ཅན། ཁྲ་སྟག་མགོ་གཟེར་སྡོམ་ཅན་ནོ། །འཁོར་ལོ་སྤྱི་སྡོམ་ཅན་བྱ་བ་ནི། བརླ་ལ་ཤིང་བརྒྱད། བྱིན་པ་ལ་བདུན། དཔུང་པ་ལ་དྲུག ལག་ངར་ལ་ལྔ། རིང་ཐུང་རྐང་དང་མཉམ། སྣ་གཉིས་རྐེད་པ་དང་གསུམ་དུ་འཁོར་ལོ་བཙེམས་པ་ལ་འཁོར་ལོ་ལ་ཉ་ཁ་བཞི་བཞི་བསྟོད། དེའི་ཐོག་ན་ཕར་ལ་འབྲིང་བས་བཅིངས་ལ། སྲད་བུས་འཁོར་ལོ་རིས་ཕྱི་ནས་ཕར་ལ་བསྐོར་ནས་བསྡམ་མོ། འབྲེང་བུ་འཁོར་ལོ་སྡོམ་ཅན་ནི་ཤིང་གི་གྲངས་འདྲ་འཁོར་ལོ་རིས་ཐད་ཀར་བུག་པ་གཉིས་བུག་པ་ལ་འབྲེང་པས་བསྡམ་མོ། །དབང་བུ་བྱི་སྡོམ་ཅན་ནི། ཕྱོགས་བཞིར་གཞུང་ཤིང་གཉིས་ལ་དབང་བུ་བཞི་བཞི་བྱས་ལ་དེ་ལ་མཚམས་བཞིར་བྱིའུ་གསུམ་གསུམ་གྱིས་བསྡམ་མོ། །སྟག་མགོ་གཟེར་མགོ་ཅན་ནི། གཡས་གཡོན་ན་མར་ཤིང་ལེབ་ལ་སྟོད་སྨད་བར་གསུམ་འབབ་ལེན་བཏང༌། དེའི་སྣ་ལ་བུག་པ་བྱས་ལ། དེའི་མིག་དྲུག་ལ་སྟག་མགོ་དྲུག་བཅུག་ལ་གཟེར་གྱིས་བསྡམ་མོ། །གཉིས་པ་ནི། ཤ་ཡི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཤའི་སྟེང་དུ་འཕྱང་བ་རང་སར་སྡོམ་པའི་ཁྲ་ལ་སྔར་བཤད་མ་ཐག་པ་དེ་དང་འདྲའོ། །ཡང་ན་སྣ་གཉིས་སུ་སྟག་མགོ་རེ་བྱས་ཀྱང་ཆོག་ཅེས་དམར་ཁྲིད་དུ་གསུངས། གསུམ་པ་ནི། ཉྭ་སུལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཉྭ་སུལ་རྣམས་སུ་རྣག་འཁྱིམས་པ་བཅར་འདེད་ཀྱི་ཁྲ་ལ་རྨའི་གཡས་གཡོན་རེར་ཤིང་རིང་བ་རེ་བཏང༌། རྨའི་སྟེང་ནས་མར་རྨ་ཁར་མ་སླེབ་པ་ཡས་གཅིག་མས་གཅིག་བཏང༌། དེ་ལ་དབང་བུ་བཞི་བཏང་ལ་དེ་རྨའི་སྟེང་དུ་བཏང༌། རྒྱབ་ཏུ་ཤིང་ལེབ་ཏུ་བཏང་བ་དེ་བྱིའུས་བསྡམ་མོ་ཞེས་གསུངས་སོ། །གསུམ་པ་བྱི་ཟེ་བཤད་པ་ལ་གསུམ། རྒྱུས་ཆད་ཁ་འཛིན་གྱི་བྱི་ཟེ། རྒྱ་ཁྱིམ་བཅའ་བའི་བྱི་ཟེ། མདེའུ་དབྱུང་བའི་བྱི་ཟེ་དང་ཞར་ལ་ཚིགས་ལམ་བཅའ་བའི་བྱི་ཟེ་བསྟན་པའོ། །དང་པོ་རྒྱུས་ཆད་ཁ་འཛིན་གྱི་བྱི་ཟེ་ལ། བྱི་ཟེ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཤིང་མཁྱིད་རེ་བ་ལྔའམ་དྲུག་བཏང་ལ་དེའི་སྟེང་དུ་འབྲེང་པས་བསྣོལ་མར་བཅིང་ངོ༌། །བསྣོལ་མཚམས་སུ་ཕུར་ཆུང་བསྣོལ་མར་བཏབ་བོ།།

        གཉིས་པ་ཁྲག་ཤོར་རྒྱ་འཁྱིམས་བཅའ་བའི་བྱི་ཟེ་ནི། ཁྲག་ཤོར་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཁྲག་ཤོར་རྒྱ་ཁྱིམས་བཅའ་བའི་བྱི་ཟེ་ལ་རྩ་ཡི་ཡར་མར་སོར་བཞིའམ་གསུམ་ཙམ་དུ་རྡེའུས་མནན། དེའི་ཁར་ཕྱིང་པ་བག་ལྡན་གྱིས་སྦྱར་ལ་བཏང༌། དེའི་ཁར་འཕྲེད་ལ་ཤིང་གཅིག་བཏང་དེའི་སྟེང་གཡས་གཡོན་དུ་ཤིང་གཅིག་བཏང༌། རྒྱབ་ཏུ་ཤིང་ལེབ་ཆེ་བ་ཞིག་བཏང་ལ་སྟག་མགོ་བསྡམ་མོ། །གསུམ་པ་མདེའུ་དབྱུང་བའི་བྱི་ཟེ་ནི། འབྱིན་ཐབས་ཞེས་རྐང་པ་གཅིག་གིས་བསྟན་པའི་བྱི་ཟེ་ནི། ཤིང་འཐུག་པོ་ཞིག་ལ་སྐམ་པ་ཤོང་བའི་བུག་པ་བྱས་ལ། རྨ་ཁ་དང་རྒྱབ་ཏུ་ཡང་ཤིང་ལེབ་ཅིག་བཏང༌། དབང་བུ་བཞི་སྟོད་སྨད་དུ་བཏང་ལ་ལྟག་ལ་སྟག་མགོ་གཞུག དེ་ཀ་བ་ལ་གཅུད་ལ་མདེའུ་དབྱུང་ངོ༌། །ཞར་ལ་དམར་ཁྲིད་དུ་གསུངས་པའི་པུས་མོའི་ཚིགས་མལ་བཅའ་བའི་བྱི་ཟེ་ནི། མགོ་བོའི་ཤིང་ལ་ཚིགས་ཀྱི་ཁུག་བྱས་ལ་གཡས་གཡོན་གཉིས་ལ་ཤིང་རེ་སྐྱོར། མཐིལ་ཤིང་བཅུག་ལ་དེའི་ནད་རྐང་པ་བཅུག་ལ་བཞག་གོ །ཞེས་གསུངས་སོ། །གཉིས་པ་བསྐུར་དུས་དབྱེ་བ་ནི། བསྐུར་དུས་ཞེས་རྐང་པ་གསུམ་གྱིས་བསྟན་པ་ལ་རྣམ་གྲངས་བརྒྱད་དུ་གསུངས་པ་ལ། དམར་ཁྲིད་དུ། རིམ་པ་བཞིན་དུ། བསིལ་རྒྱོགས་ནི་ནམ་ཟླ་དྲོ་དུས་སུ་སྦ་རྒྱོགས་བཅའ་བའོ། །དྲོད་རྒྱོགས་ནི་གྲངས་དུས་སུ་སྒྲོམ་རྒྱོགས་བཅའ་བ་དང་ལྕོག་བུའི་ནང་གཡོགས་བཏང་བའོ། །སྐམ་རྒྱོགས་ནི་རྨ་མེད་པ་ལ་བསྐུར་བའོ། །གཤེར་རྒྱོགས་ནི་རྣག་ཆུ་འཛག་པ་ལ་གསང་བུག་བཏོད་པའོ། །མཆན་དུ་ཁོང་གསིང་ཅན་ཕྱི་རྒྱོགས། དྲ་བ་ཅན་ནང་རྒྱོགས། དམར་ཁྲིད་དུ་སྡོམ་རྒྱོགས་ནི་སྡོམ་རྩ་ན་ཁ་གནོན་འགབ་འདེགས་གཞུང་ཤིང་གི་སྟེང་དུ་འདོན་པའོ། །གློད་རྒྱོགས་ནི་ནང་དུ་འཇུག་པའོ།།

        གསུམ་པ་ནི་བསྐུར་ཡུལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། བསྐུར་བའི་ཡུལ་ནི་ཚིགས་དོན་པ་དང༌། རྐང་ཆག་པ་དང༌། ཆུ་རྒྱུས་ཆད་དེ་དགྱེ་བ་དང༌། ཁྲག་ཤོར་བ་དང༌། ཉྭ་སུལ་སྟོང་བ་དང༌། ཚིགས་ལ་ཆུ་སེར་འཁོར་བ་དང༌། རྣག་འཁོར་བ་སྟེ་རྣམ་གྲངས་དྲུག་ཏུ་བཤད་པ་དེ་རྣམས་ལ་གཞུག་གོ །བཞི་པ་ནི། གཞུག་ཏུ་ཞེས་རྐང་པ་བཞིས་བསྟན་ནོ། །ལྔ་པ་ནི་དབྲལ་དུས་ཞེས་རྐང་པ་ལྔས་བསྟན་ནོ། །དྲུག་པ་ནི་དམ་སྐྱོན་ཞེས་རྐང་པ་བཞིས་བསྟན་ནོ། །བདུན་པ་ནི་ལྷོད་སྐྱོན་ཞེས་རྐང་པ་བཞིས་བསྟན་ནོ། །བརྒྱད་པ་ནི་ནང་ཚངས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཆས་ཀྱི་ནང་ཚངས་རྔ་མའམ་རས་སྦོད་དེ་སྣ་ཚར་རེ་ཐམས་ཅད་དུ་ཁྱབ་ཅིང་སྙོམས་པར་ཐེམས་པ་དང་ལྡན་པ་གཅེས་ཏེ། ཡ་ཡོ་སྙོམས་པ་དང་སྡོམས་ཆེ་ཆུང་ཐམས་ཅད་ནང་ཚངས་ཐེམས་པ་འདིར་རག་ལུས་སོ། །དགུ་པ་ནི་བསྡམ་ཚད་ཅེས་རྐང་པ་གཅིག་གིས་བསྟན་ནོ། །བཅུ་པ་ནི། བསྡམ་ཐབས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། བསྡོམ་དུས་མཐའ་ནས་བསྡམ་འགྲོལ་དུས་དབུས་ནས་འགྲོལ་ལོ། །བཅུ་གཅིག་པ་ཉེས་སྐྱོན་ཞེས་རྐང་པ་བཞིས་བསྟན་ནོ། །བཅུ་གཉིས་པ་ནི་དེ་ལས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། འདི་དག་གི་ལག་ལེན་གྱི་རིམ་པ་ནི། གོང་དུ་གཉེན་པོའི་བཅོས་དགུ་སྤྱི་རུ་འཁྲུལ་ཏེ་བཅོས་གསུངས་པས་དེ་དག་གང་ལ་གང་འོས་ཐུན་མོང་དུ་འཁྲུལ་མ་བྱེད་པའོ། །དེ་ཡང་དང་པོ་འཇིབས་ཀྱིས་འདུལ། དེ་ནས་ཞུན་ནན་གང་རིགས་བྱེད། དེ་ནས་ཐེར་སྲབ་དཀྲི་བའམ་དེ་སྟེང་དེབ་གང་རིགས་བཏང༌། དེ་སྟེང་ཆིངས་གང་འོས་བཅིངས། དེ་སྟེང་རྒྱོགས། ཁྲ། བྱི་ཟེ་གང་འཚམ་བཅའ། མེ་གཏར་སྨན་རྣམས་སྐབས་དང་བསྟུན་ཏེ། མདོར་ན་ནད་རིགས་དང་གནས་སྐབས་དང་གས་དུས་ཚོད་སྦྱར་ལ་བཅོས་པར་བྱས་ཏེ། ལག་ལེན་མཐོང་བ་བརྒྱུད་པ་གཅེས་ཤིང་འདིར་བསྟན་པ་རྣམས་ལའང་ཞིབ་ཏུ་དཔྱད་དུས་ངེས་པ་རྙེད་པར་འགྱུར་རོ། །གསུམ་པ་རིམ་པ་ཤུགས་དང་སྦྱར་ནས་བཅོས་པ་ནི། རིམ་པ་ཞེས་རྐང་པ་དགུས་བསྟན་ཏེ། ལུགས་སུ་བྱུང་བ་ལ་དུས་རིམས་བཞིན་ངེས་པས་ཁྲག་ནས་བད་ཀན་བར་གྱི་ཤུགས་ལ་ཞག་གྲངས་དང་བརྟག་པས་རིམ་པར་བཅོས་ཏེ་ཞིབ་པར་མན་ངག་སྐབས་སུ་སྟོན་ནོ། །བཞི་པ་དུས་གསུམ་དཔེ་དང་སྦྱར་ནས་བཅོས་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། དུས་གསུམ་ཞེས་རྐང་པ་བཞིས་བསྟན་ཏེ། དེ་ཡང་དཔེར་ན་ལྕགས་རིགས་རྣམས་ལ་མཚོན་ཆ་བཟོ་ན་དང་པོར་ལྕགས་རྒོད་བསྲེག་དུས་ཞུན་གྱིས་འདུལ། བར་དུ་བརྡུངས་མཐར་གྱིས་འབྱོངས་པར་སྦྱངས། ཐ་མ་ངར་གྱིས་གདགས་པ་ལྟར་འདིར་ཡང་རྨ་རྒོད་སྐྲངས་དུས་ཞུན་གྱིས་འདུལ། བར་དུ་རྣག་དུས་དབུག །ཐ་མ་ཤ་གསོ་རྨེན་པ་བརྟས་པར་བྱེད་པ་སྟེ་དུས་གསུམ་དཔེ་དང་སྦྱར་བའི་བཅོས་ཚུལ་ལོ། །གཉིས་པ་དེ་ལྟར་རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་ཞུན་འདུལ་ལ་གསུམ། བྱ་ཐབས་འཇིབས་ནན་ཞུན་ལུམས་ཀྱི་རིམ་པ་དང༌། དེ་ལྟར་བསྟེན་པའི་ཡོན་ཏན་དང༌། ཚུལ་བཞིན་བསྟེན་མ་ཤེས་པའི་སྐྱོན་བཤད་པའོ། །དང་པོ་ནི་ཞུན་དུ་ཞེས་རྐང་པ་བཅུ་དྲུག་གིས་བསྟན་ཏེ། དམར་སེར་སོགས་ཀྱི་སྦྱོར་བ་ནི་གོང་དུ་བསྟན་པ་ལྟར་རོ། །ཀུན་ལ་དབྱེ་བས་བསིལ་དྲོད་རྣམ་པ་གཉིས། །ཞེས་པ་ནི། བཅོས་ནས་དྲོན་མོ་དང༌། ཞིབ་བཏགས་གྲང་མོའོ།།

        གཉིས་པ་དེ་ལྟར་བསྟེན་པའི་ཡོན་ཏན་ནི། དེ་ལྟར་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་ཚུལ་བཞིན་བསྟེན་མ་ཤེས་པའི་སྐྱོན་ནི། སྐྱོན་ནི་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་བར་དུ་རྣག་དུས་དབུག་པ་ལ་གཉིས། བྱ་ཐབས་དང་སྐྱོན་ཡོན་ནོ། །དང་པོ་ནི། བར་དུ་ཞེས་རྐང་པ་བཅུ་གསུམ་གྱིས་བསྟན་ཏེ། སྐྱ་སྦྱོར་སེར་སྦྱོར་དམར་པོ་ནག་པོས་མནན་ཞེས་པ་ནི་སྔར་གོང་དུ་བཤད་པ་ལྟར་རོ། །ཡང་ན་རྣག་འདོན་དམར་པོ་ལ་ར་ཐུག་ནས་ཕྱེ་ས་སྨྱག་བག་ཕྱེ་སྦྱར་རོ། །སྔོན་པོ་ལ་དུད་པ་སོ་ཐོག་སྦང་གར་ཞོ་དང་སྦྱར་བ། དུད་ཁ་ལ་གླ་རྩི་སྦང་གར་ལ་སྦྱར་བ། དམར་རྩ་ལ་ཧོང་ལེན་སྦང་གར་སྦྱར་བ། སྐྱ་བོ་ལ་ས་སྨྱག་བག་ཕྱེ་ཞོ་དང་སྦྱར་བ་བྱུག་གོ །ཞེས་ཕྱག་དྲེག་མར་བཤད་བར་མཆན་གྱི་དམར་སེར་གྱི་ཆས་ནི་སྔར་གོང་དུ་བཤད་པ་ལྟར་གྱིས་ཆས་སོ། །གཉིས་པ་སྐྱོན་ཡོན་ནི་འབྱར་གྱི་ཞེས་རྐང་པ་དགུས་བསྟན་ཏེ། ཧྭགས་ཞེས་པ་ནི་སྦོས་པའི་སྣ་ལ་ནན་ཆིངས་དམ་དྲགས་ན་པུ་རྣག་བྱེར་བས་གསེང་དྲ་མིག་གཏོད་པའི་དོན་ནོ། །པགས་པར་བྱེར་བ་ལ་ཁྲག་འབྱོར་གྱི་གཟེར་མ་བཏབ་ན་འབྱོར་བ་དཀའ་འོ། །གསུམ་པ་ནི། ཐ་མ་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། འདི་དུས་མི་བཏང་ཞེས་པ་ནི་རྨ་རྙིང་གི་སྐབས་འདིའི་དུས་སུ་གཡེར་མ་མི་བཏང༌། བཏང་ན་རླུང་འབྱེར་རྨ་འཚོ་དཀའ་བའོ། །ལྔ་པ་གཉན་པ་གནད་དང་སྦྱར་ནས་བཅོས་པ་ནི། གཉན་པའི་ཞེས་རྐང་པ་གཅིག་གིས་བསྟན་པའི་བཅོས་ལ། ཉྭ་དང༌། རྨེན་བུ་དང༌། རྩ་དང༌། རྒྱུས་པ་དང༌། ཆུ་རྒྱུས་དང་ལྔ་ལས། དང་པོ་ཉྭ་བཅོས་པ་ལ་གཉིས། སྤྱི་དང་ཁྱད་པར་རོ། །དང་པོ་ནི། ཉ་གནད་ཅེས་རྐང་པ་བཅུ་གསུམ་གྱིས་བསྟན་ནོ། །གཉིས་པ་ཁྱད་པར་གྱི་བཅོས་ནི། ཁྱད་པར་ཞེས་རྐང་པ་བཅུ་དྲུག་གིས་བསྟན་ཏེ། ལུག་གཞུག་གི་ཉ་ལྕིབས་ཞེས་པ་ནི་ཆུ་སྦལ་ལྗང་གུ་སྦལ་གོས་ཞེས་པ་དེའོ། །གར་པོ་ཞེས་པ་རྣམས་ནི་གླུམ་མོ། གཉིས་པ་ནི། རྨེན་བུ་ཞེས་རྐང་པ་དགུས་བསྟན་ཏེ། ཀྱི་ལྕེ་ནག་པོ་ནི་འཇོངས་མ་ཞེས་ཀྱང་བྱ་སྟེ་ལོ་མ་ཕྲ་མེ་ཏོག་སྔོ་ནག་ཅན་དེའོ། །གསུམ་པ་རྩ་བཅོས་ལ་གསུམ། རླུང་རྩ། རླུང་ཁྲག་འདོམས་པའི་རྩ་དང༌། ཁྲག་རྩའི་བཅོས་སོ། །དང་པོ་ལ་གཉིས། སྤྱི་བཅོས་དང་ཁྱད་པར་རོ། །དང་པོ་ནི། རླུང་རྩ་ཞེས་རྐང་པ་བཅུས་བསྟན་ཏེ། ཁ་མིག་ཡོ་ན་སྤུ་འཁྱིལ་ཚུར་རོལ་བསྲེག་ཅེས་གསུངས་པའི་ཚུར་རོལ་ནི་འཆོལ་བའི་དོན་དང༌། ཁ་མིག་གཡས་ཡོ་ན་ལྷག་པའི་སྤུ་འཁྱིལ་གཡོན་ངོས་བསྲེག གཡོན་དུ་ཡོ་ན་གཡས་བསྲེག་པའི་དོན་ནོ། །རླུང་རྩ་དྲོད་དང་བསྲེག་དགོས་ཀྱང་ཁྲག་དང་སྡོངས་འདུག་ན་བསིལ་སྨན་དང་གཏར་ཀ་ཡང་བསྟན་དགོས་པས་སྡོངས་ཟླ་གང་འདྲེས་རིག་པས་དཔྱད་ནས་བཅོས་སོ། །གཉིས་པ་ནི་ཁྱད་པར་ཞེས་རྐང་པ་ཉི་ཤུས་བསྟན་ཏེ། དེ་དག་གི་བསྲེག་དམིགས་འབྲེལ་ཚུལ་དང་བཅས་པ་གོང་དུ་གནས་ལུགས་སུ་བསྟན་ཡོད་དོ། །གཉིས་པ་རླུང་ཁྲག་གཉིས་སྡོངས་ཀྱི་རྩ་བཅོས་ལ་གཉིས་སྤྱི་དང་ཁྱད་པར་རོ།།

        དང་པོ་ནི། སྙིང་རྩའི་ཞེས་རྐང་པ་དགུས་བསྟན་ཏེ། སྙིང་རྩའམ་འཕར་རྩ་རྣམས་ལ་མཚོན་འཕོག་ན་གསེར་གྱི་ཏེལ་པས་རྩ་ཆད་ཁད་བུའི་གཞུག་པའི་མེ། རྩ་རྒྱུད་གོང་འོག་ཕྲེང་བར་མྱུར་དུ་བསྲེག་རྐང་པའི་མིག་དམར་ལག་པའི་རྔུལ་འདུའམ་སྣོད་ཀའི་འགྲམ་གྱི་འཕར་རྩ་ཨ་སོ་ལི་ཀ་ཟེར་བ་དེ་གསེར་གྱིས་མྱུར་དུ་བསྲེག ཁོང་དུ་ཐང་བཏང་ག་བུར་བདུན་དགུ་བཏང༌། །ཞེས་པའི་ཐང་ནི་དོམ་མཁྲིས་ཧོང་ལེན་ནོ། །ག་བུར་དགུ་པ་ནི། ག་བུར་བསིལ་གསུམ་ཙན་དན་ལི་ག་དུར། །དོམ་མཁྲིས་ཏིག་ཏ་ཧོང་ལེན་ཀ་ར་སྦྱར་བཏང༌། །ཞེས་པ་དེའོ། །མཚན་དཀར་ནི་བྲག་སོགས་ལ་སྐྱེ་བ་ལོ་མ་འཐུག་ཅིང་བཙིར་ན་ཆུར་འགྲོ་བ་མེ་ཏོག་དཀར་པོ་འཆར་བ་དེའོ། །གཉིས་པ་ནི་ཁྱད་པར་ཞེས་རྐང་པ་སུམ་ཅུ་སོ་ལྔས་བསྟན་ཏེ། རྐང་པའི་མཐིལ་འཕྲོག ལག་པའི་མྱུར་བ་སྟེ་རྣམ་པ་གཉིས་ཀྱིས། མར་ཚིལ་སྐྲ་བཤད་སྟེང་དུ་ཆུ་རྡོ་བདུག་ཅེས་པ་ནི། མར་ནི་ལུག ཚིལ་ནི་ཕག་ཚིལ་གཉིས་དྲོན་མོ་བྱུག་གོ །དེ་སྟེང་སྐྲ་བཤད་སླན་དེའི་སྟེང་དུ་ཆུ་རྡོས་བདུག་གོ །དྲེག་ཁ་འཁོར་བ་ནི། རྐང་ལག་གི་མཐེ་བོང་རྩའི་དྲེག་བཞིའི་ཁ་འཁོར་བར་མཐིལ་དུ་ཕྱིང་པ་སྣུམ་ལྡན་བཏང༌། རྟ་སྦང་ནི་སེར་ཁ་མ་དགོས་སོ། །རྒྱབ་ཀྱི་འཇིབས་སུ་བཏང་བ་ན་རྐང་ལག་གི་རྒྱབ་སྟེ་བོལ་གོང་མཁྲིག་མ་མན་ཆོད་དོ། །ཚ་གཞའ་ནི་ཁྲག་མཁྲིས་ཀྱི་རྨ་ཤི་བའམ་གཞོམས་པའོ། །སྙིང་རྩ་ཀུན་ལ་རྩ་རྒྱུད་གོང་འོག་བསྲུང་བ་དང༌། ཁོང་དུ་ཚ་བའི་འགྲོས་འདེད་ཤེས་པ་གཅེས། །ཞེས་གསུངས་པ་ནི། ཚད་པའི་དུས་བསིལ་བསྟེན་པ་ཚ་བ་འདེད་པ། རླུང་གི་དུས་དྲོད་བཅུད་བསྟེན་པ་ནི་འབྲོས་པ་སྟེ་དེ་གཉིས་སྤེལ་ཤེས་པ་གཅེས་སོ། གསུམ་པ་ཁྲག་རྩ་ལ་གཉིས། སྤྱི་དང་ཁྱད་པར་རོ། །དང་པོ་ནི། ཁྲག་རྩ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། ག་བུར་དགུ་བ་དོན་སྣོད་ཁ་འཛིན་སྦྱར། །ཞེས་པའི་ག་བུར་དགུ་པ་ནི་གོང་དུ་བཤད་པ་ལྟར་རོ། །དོན་སྣོད་ཁ་འཛིན་སྦྱར་ཚུལ་ནི། གློ་ལ་ཤིང་མངར། མཆིན་པར་བྲག་ཞུན། མཁྲིས་པར་གསེར་གྱི་མེ་ཏོག མཁལ་མར་གླ་རྩི། མཆེར་པར་པི་པི་ལིང༌། ཕོ་བར་སེ་འབྲུ། རྒྱུ་མར་བཙོད་རྣམས་སྡེབ་ཅེས་ཕྱག་དྲེག་མ་ཟུར་མཁར་བའི་སྒམ་ནང་མ་བླ་རྟ་སོགས་མཐུན་པར་གསུངས། གཉིས་པ་ནི། ཁྱད་པར་ཞེས་རྐང་པ་བཞི་བཅུ་ཞེ་བདུན་གྱིས་བསྟན་ཏེ།

        སྔོ་ཁུའི་སྔོ་ནི། ཡུ་གུ་ཤིང་ཧོང་ལེན་ཤོ་མང་ཀྱི་ལྕེ་ཚན་རྣམས་ཀྱི་ཁུ་བའོ། །སྣོད་ཀ་རུ་ཐུང་དང་སོགས་ཁོངས་ནས་ཁྲག་རྩ་ཐམས་ཅད་ཁྲག་རྩ་བཅོས་པ་སྤྱིར་ལྟར་བཅོས་སོ། །བཞི་པ་ནི། ཚིགས་ལ་ཞེས་རྐང་པ་སུམ་ཅུ་སོ་ལྔས་བསྟན་ཏེ། ལྷ་བ་ཅན་གྱི་རུས་རྨའི་རུས་འཇིབས་ནི་ལུག་གི་རྐང་མགོ་ཞོ་དང་སྦྱར་བའོ། །ནད་མ་ཞེས་པ་ནི། སྤྱིར་ནད་མ་ལ་རིགས་གསུམ་སྟེ། ནད་མ་སྒྱིད་མ་ནི་རྐང་གྲུབ་བཞི་བོངས་རིང༌། ནད་མ་འབྱར་མ་ནི་འབྲས་ངན་མདོག་དཀར། མིང་ལ་བྱི་བ་ཀླད། འབྱར་རེ་མའང་ཟེར། ནད་མ་སྣུན་མ་ནི་ལོ་སྡོང་དང་བཅས་མེ་ཏོག་སྔོ་བ་དེ་ལ་མིང༌། པི་ལྡིང་ང༌། གཡུ་ལོ་མ། འཇམ་བུ་ལོ་མའང་ཟེར་ལ། འདིར་ནད་མ་སྒྱིད་མ་ཞེས་པ་དེའོ། །ཞེས་བླ་རྟ་གསུང་ཀྱང་ཕྱག་དྲེག་མར། གཡུ་ལྕམ་རྒྱ་མོ་ཞེས་རེ་རལ་འདྲ་བ་དེའོ་གསུང༌། ལྔ་པ་ནི་ཆུ་རྒྱུས་ཞེས་རྐང་པ་ཉེར་ལྔས་བསྟན་ཏེ། རྨ་ལ་རྒྱུས་གསུམ་ཞེས་པ། རྡོ་རྒྱུས། མཐིང་རྒྱུས། རྦ་རྒྱུས་གསུམ་སྟེ། རྡོ་རྒྱུས་ནི་རྡོ་སྣ་རིང་རྒྱུས་པ་འདྲ་བ་དཀར་ཞིང་འབོལ་བའོ། །མཐིང་རྒྱུས་ནི། དེ་དང་འདྲ་བ་ལ་ཅུང་འཁྲེགས་པའི་སྔོན་པོའོ། །རྦ་རྒྱུས་སམ་འབབ་རྒྱུས་པ་འདྲ་བ་ལ་ཀྲོན་ཞིང་སྨུག་ཁམ་མོ། །ཞེས་འགྲེལ་པ་འདོད་འཇོར་བཤད་ལ། ཕྱག་དྲེག་མར། གཞན་གཉིས་གོང་ལྟར་ལ་རྩ་རྒྱུས་ལ་བ་བླ་རྒྱུས་ཞེས་གསུངས་ཤིང༌། ལར་རྦ་རྒྱུས་ཚབ་ཏུ་བ་ནུ་བཏང་ཀྱང་ཆོག་གོ །རྒྱུས་པ་གཉིས་ནི་རྡོ་རྒྱུས་དང་མཐིང་རྒྱུས་གཉིས་སོ། །རྨ་ཁར་སྐམ་ཆས་བརླན་པ་ནི། སྐམ་ཆས་ནི་རས་བལ་སྣུམ་བཅོས་སོ། །བརླན་དང་ལྡན་པ་ནི། དེ་སྟེང་སྔོ་དང་སྦང་མ་དབྱར་དགུན་བསྟུན་ནོ། །ཆུ་བྲན་ཆོད་པ་ཟམ་སྟེང་གི་སྐྱོ་མ་ནི་བག་ཕྱེའི་སྐྱོ་མའོ། །སྐམ་ནན་ནི་སྐམ་དེབ་བྱས་ལ་དེ་སྟེང་རྨ་ཆས་བྱས་པའོ། །དྲུག་པ་མན་ངག་སྐབས་དང་སྦྱར་ཏེ་བཅོས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། མན་ངག་ཅེས་རྐང་པ་ལྔས་བསྟན་ཏེ། ཟུག་རྔུ་དབྱུང་བ་དང༌། ཁྲག་ཤོར་བཅད་པ་དང༌། ཚ་བ་བསད་པ་དང༌། ཆུ་འཐུང་བཤད་པ་དང༌། སྐྲངས་པ་གཞོམ་པ་དང༌། རྣག་བཅད་པ་དང༌། ཟུག་པ་དབྱུང་བ་དང༌། བྱུང་ཤོར་གཞུག་པ་དང༌། ཆག་པ་བཅིང་བ་རྣམས་བཤད་པའོ། །གཉིས་པ་རྒྱས་བཤད་ལའང་དགུ་ལས། དང་པོ་ཟུག་རྔུ་དབྱུང་བ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། མདེའུ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། མདེའུ་དབྱུང་བ་ལ་ཡོད་པའི་བརྟག་ཐབས་དང༌། བཙལ་ཐབས་དང༌། འདོན་ཐབས་རྣམས་བཤད་པའོ། །གཉིས་པ་རྒྱས་བཤད་ལ་གསུམ་ལས། དང་པོ་མདེའུ་ཡོད་མེད་བརྟག་པ་ནི། བརྟག་པ་ཞེས་རྐང་པ་བཅུ་དྲུག་གིས་བསྟན་ཏེ། མདེའུ་ཡོད་པའི་རྟགས་ནི་མདའ་དེའི་ཤུལ་བཅས་ལ་ལྕགས་གཡའ་ཡོད་ཅིང་ཁུགས་སྟོང་དུ་ཁྲག་མེད་པ་དང༌། ཆས་རྒྱུ་འཛོལ་བ་མེད་པར་མདའ་ཁ་འུག་པས་འཐེན་པ་ལྟར་འབྱུང་བའོ། །རྩ་ལ་ལྕམ་དྲལ་འོང་ཞེས་པ་ལ་བླ་རྟའི་འགྲེལ་པར། རྨ་ལ་ལྕམ་དྲལ་ནི་དབུས་བྱེ་ནས་འབྱོར་མི་བཏུབ་པའོ། །ཞེས་གསུངས་ཀྱང༌། ལར་ནི་རྩ་ལ་ལྕམ་དྲལ་ཡོད་པའི་དོན་ནོ།།

        གཉིས་པ་བཙལ་ཐབས་ནི། བཙལ་བའི་ཞེས་རྐང་པ་དགུས་བསྟན་ཏེ། ཕོག་ལུགས་བསྡད་ཅེས་པ་ནི། བཙལ་དུས་སུ་དང་པོ་མཚོན་འཕོག་དུས་ཀྱི་ལུས་སྟབས་སུ་བསྡད་པའོ། །ཐུར་མས་ལག་ཉམས་བླང་བའི་ཆུ་ཏྲེབ་ནི་ཆུ་རྒྱུས་ལ་ཐུག་ན་མཁྲང་ཉམས་ཕྲད་ཉམས་འོང༌། །རུས་ཏྲེབ་མཁྲང་ལ་སྲག་འཐས་བཟོད་པ་ཆེ། མདའ་ཏྲེབ་སིག་སིག་ཟེར་བ་མཐའ་གཉིས་ཟད་པའོ། །ཤིང་སྐད་འདབ་ལ་ཐུག་ཐུག་ཟེར། རུས་སྐད་ཀྲད་ཀྲད་ཟེར་རོ། །གསུམ་པ་ནི་འདོན་ཐབས་ཞེས་རྐང་པ་ཉེར་གཅིག་གིས་བསྟན་ཏེ། འདོན་ཐབས་ཐུབ་ན་ཕོག་པའི་ཉིན་པར་རང་དབྱུང༌། དེར་མ་ཐོན་ན་རྣག་དུས་དབྱུང༌། མདེའུ་སྨན་གྱིས་དབྱུང་བའི་བ་བླ་ཞེས་པ་ནི་ཧ་ལོའི་རྩ་བ་ཡིན་ཞེས་པ་ཕྱག་དྲེག་མར་བཤད། དཔྱད་ཀྱིས་དབྱུང་བ་ལ་ཐུར་བཙགས་ཀྱི་པགས་པ་དབྲལ་ལ། མིག་ལམ་དུ་མངོན་མི་མངོན་དང༌། ལག་འོག་ཏུ་དམ་ལྷོད་དང༌། མི་འགྱུར་བར་སྡོད་པ་དང༌། སུལ་འཕྱོས་ཞེས་པ་སུལ་དུ་འཕྱུགས་འགྲོ་བ་དང༌། མཚོན་ལམ་རིང་ཐུང་བར་མ་དང༌། སྤང་སྒལ་ཞེས་པ་རྐང་ནང་དུ་མེའུ་ལུས་པ་དང་མདེའུ་ཡི་སྙི་བའམ་ཆད་པ་དང༌། རུས་པ་ཆེན་པོའི་བསེབ་ཏུ་འཐམས་པ་རྣམས་རྟགས་ལ། སེངྒེ་ཁ་སོགས་ཆ་བྱད་གང་རིགས་ཀྱིས་དབྱུང་ངོ༌། །ཁྱད་པར་རྐང་ལ་ལུས་པ་དང༌། འཐེམ་པ་ལ་རུས་སོར་གྱིས་ཕུག་ལ་དབྱུང་ངོ༌། །གཉིས་པ་ཁྲག་ཤོར་བཅད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རྩ་ཡི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྩ་ཆོད་པ་དང༌། རུལ་བ་གཉིས། གཉིས་པ་རྒྱས་བཤད་ལའང་གཉིས། དང་པོ་རྩ་ཆོད་པ་ལ་གཉིས། དང་པོ་རྩ་ཆོད་པ་ལ་གཉིས། མདོར་རྒྱས་སོ། དང་པོ་ནི། རྦད་ཆོད་ཅེས་རྐང་པ་གསུམ་གྱིས་བསྟན་ཏེ། ཁྲག་རྩ་དེ་ལ་གྲི་མདུང་རྭ་སོགས་ཕོག་པའི་རྦད་ཀྱིས་ཆོད་ནས་ཁྲག་ཤོར་ན་རྩ་ལ་ཁད་སྤུ་གཞུག་དགོས་པ་དང༌། བྱང་ཐེམ་བྱ་བ་དང༌། ཨུར་ལ་མནན་པ་དང༌། འོལ་ཁ་བསྒྱུར་བ་དང༌། ཁོང་དུ་སྦས་པ་རྣམས་བཤད་པའོ། །གཉིས་པ་རྒྱས་བཤད་ལའང་ལྔ་ལས། དང་པོ་ཁད་སྤུ་གཞུག་པ་ནི། དང་པོ་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། མཁྲིས་པ་གསུམ་ཞེས་པ་ནི། མི་དང་ཉ་དང་དོམ་དང་གསུམ་གྱི་མཁྲིས་པའོ། །ཁྲ་རྐང་ནི་མྱང་རྩི་སྤྲས་སོ། །ཟོར་བ་ནི་མཁན་སྐྱ། དར་ཡ་ཀན་ནི་བེ་འུ་རྒྱབ་སྐྱ་མིང་ཁྲག་བཅོད་རལ་པ་ཅན་ཟེར་བ་དེའོ། །གཉིས་པ་བྱང་ཐེམ་བྱ་བ་ནི། གཉིས་པ་ཞེས་རྐང་པ་ལྔས་བསྟན་ཏེ། ཤིང་བྱང་བཏང་ཞེས་པ་ལ་རྫོང་འཕྲང་དུ། ཤིང་བྱང་ཞིག་སྒྲོམ་དུ་བཅུག་ལ་ཞེས་གསུངས། གསུམ་པ་ཨུར་ལ་མནན་པ་ནི། གསུམ་པ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཨུར་ལ་མནན་པ་ནི་རྩའི་ཡ་ཐོག་མེས་མནན་པའོ། །བཞི་པ་འོལ་ཁ་བསྒྱུར་བ་ནི། བཞི་པ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །ལྔ་པ་ཁོང་སྦས་ནི། ཁོང་དུ་ཞེས་རྐང་པ་ལྔས་བསྟན་ཏེ། ཁནྜ་ལ་ཞེས་པ་ནི་ཕྱག་དྲེག་མར། རྒྱ་སྐྱེགས་མཁན་པ་སྐྱེར་པ་མཚེ་རྣམས་ཀྱི་ཁནྜ་ཡིན་པར་བཤད། གཉིས་པ་རུལ་བ་དབྱུང་བ་ནི། རྩ་ཡི་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། ལྕགས་ཀྱི་ལྗང་པ་ནི་བྱང་བུའི་བརྡ་སྙིང་སྟེ། རྫོང་འཕྲང་དུ། ལྕགས་ཀྱི་བྱང་བུས་མནན་པར་བྱའོ། གསུངས་སོ། །ཁོང་ནས་ཚ་བའི་འགྲོས་འདེད་ནི། ཚ་བ་སྐྱེས་ན་བསིལ་བསྟེན། རླུང་སྐྱེས་ན་བཅུད་བསྟེན་པའོ། །གསུམ་པ་ཚ་བ་བསད་པ་ལ་གསུམ། མདོར་རྒྱས་མཇུག་གོ དང་པོ་ནི། ཡན་ལག་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཡན་ལག་གི་རྨ་ཚད་ཀྱི་རྒྱུ་རྐྱེན་ལྷན་ཅིག་ཏུ་བཤད་པ་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་རྣམས་བཤད་པའོ། །གཉིས་པ་རྒྱས་བཤད་ལའང་བཞི་ལས། དང་པོ་ནི། ཚ་བའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་དབྱེ་བ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཚ་བའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱིར་དབྱེ་བ་དང༌། བྱེ་བྲག་ཏུ་དབྱེ་བ་བཤད་པའོ། །གཉིས་པ་རྒྱས་བཤད་ལ་གཉིས་ལས། དང་པོ་སྤྱི་དབྱེ་ནི། སྤྱི་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཁྲག་ཚད་སྟོད་ལ་ཤོར་བ་དང༌། ཆུ་སེར་གྱི་ཚ་བ་རྩ་སྦུབས་སུ་འཁྱིལ་བ་དང༌། རྐྱང་པ་དང༌། ལྡན་པ་དང༌། འདུས་པ་དང༌། འཐབ་པ་དང་དྲུག་གོ།

        གཉིས་པ་བྱེ་བྲག་གི་དབྱེ་བ་ནི། བྱེ་བྲག་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། བྱེ་བྲག་གི་དབྱེ་ན་ཁྲག་དང༌། ཆུ་སེར་དང༌། རྣག་ཚད་དང༌། རྩ་ཚད་དང༌། རུས་ཚད་དང༌། ཟུག་རྔུའི་ཚ་བ་དང་དྲུག་གོ །དྲིལ་བས་བཅུ་གཉིས་སོ། །གསུམ་པ་རྟགས་བཤད་པ་ལ་གཉིས། སྤྱི་རྟགས་དང་བྱེ་བྲག་གི་རྟགས་བཤད་པ་གཉིས་ལས། དང་པོ་སྤྱི་རྟགས་བཤད་པ་ལ་སྟོང་ཤོར། འཁྱིལ་བ། རྐྱང་པ། ལྡན་པ། འདུས་པ། འཐབ་པ་རྣམས་ཀྱི་རྟགས་བཤད་པའོ། དང་པོ་སྟོང་ཤོར་གྱི་རྟགས་ནི། དེ་རྟགས་ཞེས་རྐང་པ་དྲུག་གིས་བསྟན་ནོ། །གཉིས་པ་འཁྱིལ་བའི་རྟགས་ནི། ཆུ་སེར་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། རྩ་འཁྱིལ་བ་ནི་རྒྱུ་དཀའ་བའི་དོན་ནོ། །གསུམ་པ་རྐྱང་རྟགས་ནི། སྐྲངས་དང་ཞེས་རྐང་པ་གཅིག་གིས་བསྟན་སྟེ་པ་ཞེས་པ་ནི་འོག་མའི་འདྲེན་ཚིག་གོ བཞི་པ་ལྡན་རྟགས་ནི། དེ་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ལ་ཞེས་པ་ནི་གོང་གི་རྐྱང་པའི་རྟགས་དེའི་ཁར་རྩ་དང་ཆུ་གཉིས་ཚ་བའི་རྟགས་དང་ལྡན་ན་ལྡན་ཚད་ཡིན་ནོ། །ལྔ་པ་འདུས་པའི་རྟགས་ནི། ཕྱི་ཡུལ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་བྱེ་བྲག་གི་རྟགས་བཤད་པ་དེ་ལ་དྲུག ཁྲག ཆུ་སེར། རྣག་ཚད། རྩ་ཚད། རུས་ཚད། ཟུག་རྔུ་སྟེ་དེ་རྣམས་ཀྱི་རྟགས་བཤད་པའོ། །དང་པོ་ཁྲག་རྟགས་ནི། ཁྲག་ཚད་ཅེས་འབྲུ་བདུན་དང་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། ཆུ་སེར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ནི། རྣག་ཚད་ཅེས་རྐང་པ་གསུམ་གྱིས་བསྟན་ནོ། བཞི་པ་ནི། རྩ་ཚད་ཅེས་རྐང་པ་གཅིག་གིས་བསྟན་ནོ། །ལྔ་པ་ནི། རུས་ཚད་ཅེས་རྐང་པ་གཅིག་གིས་བསྟན་ནོ། །དྲུག་པ་ནི། ཟུག་རྔུའི་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །བཞི་པ་བཅོས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བཅོས་པའི་ཞེས་རྐང་པ་གཅིག་གི་བསྟན་པ་ལ་སྤྱི་བཅོས་དང་བྱེ་བྲག་གི་བཅོས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་སྤྱི་བཅོས་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྤྱི་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། བཅོས་ཐབས་དང༌། བསད་ཐབས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་བཅོས་ཐབས་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བཅོས་ཚུལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། བཅོས་པའི་ཚུལ་དེ་ལ་རྒྱལ་པོ་ལྟ་བུའི་བཅོས་ཚུལ། བློན་པོ་ལྟ་བུའི་བཅོས་ཚུལ། དམངས་ཀྱི་བཅོས་སོ། །གཉིས་པ་རྒྱས་བཤད་ལ་གསུམ་ལས། དང་པོ་རྒྱལ་པོ་ལྟར་བཅོས་པ་ནི། རྩ་ཚིགས་ཞེས་རྐང་པ་ལྔས་བསྟན་ཏེ། རྩ་དང་ཚིགས་གནད་ལ་རྨ་ཆས་བསིལ་རྨའི་གོང་འོག་དྲོད་སྦྱོར་བྱང་ཁོག་སྨན་བསིལ་སྦྱོར་བཏང༌། ཚ་བ་རྨ་གོང་འོག་གི་དྲོད་སྦྱོར་བསྟན་པར་འདུལ་བ་ཡིན་ནོ། །ཉེན་མེད་ཅེས་པ་ནི་སྟོང་ཚད་གསོད་པས་སྨད་ལ་སྐྲངས་པ་མ་ཤོར་བའོ། །གཉིས་པ་བློན་པོའི་བཅོས་ཚུལ་ནི། ཉྭ་རྨེན་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ཉྭ་རྨེན་ལ་འབྲེལ་འཕྲང་མེས་བསྡམ། རྨ་ནས་དྲོད་ཀྱི་ཚ་བ་དབབ། ཁོང་ནས་བསིལ་གྱིས་བསད་པས་རྟག་ཏུ་ཤོར་ནས་སྦྱོངས་ཀྱང་སྲོག་མི་འདོར་རོ།།

        གསུམ་པ་ནི། རྨ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རྨ་གང་ལ་ཡང་རྨ་ནས་བསིལ་ཆས་ཀྱིས་ཚ་བ་དཀྲོག་ཅིང་ཁོང་ནས་བསིལ་གྱིས་བསད་པ་ནི་འཚོ་འཆི་གཉིས་ཀ་རྐྱེན་པའོ། །གོང་དུ་མན་ངག་སྐབས་སུ་གསུངས་པའི་ས་བཅད་གསུམ་པ་དང༌། འདིར་སྤྱི་བཅོས་ཀྱི་ས་བཅད་གཉིས་པ་བསད་ཐབས་བཤད་པ་ལ་གཉིས། སྤྱིར་བསད་ཐབས་དང༌། སོ་སོར་བསད་ཐབས་བཤད་པའོ། །དང་པོ་སྤྱིར་བསད་ཐབས་ནི། །ཚ་བ་ཞེས་རྐང་པ་ལྔས་བསྟན་ཏེ། བསིལ་གསུམ་ཞེས་པ་ལ་སྟོད་ལ་ཅུ་གང་གུར་གུམ་ལི་ཤི་གསུམ། །སྨད་ལ་ལི་ཤི་དང་སུག་སྨེལ་བསྒྱུར་རོ། །གཉིས་པ་སོ་སོར་བསད་ཐབས་བཤད་པ་ལ་དྲུག་སྟེ། སྟོད་ཤོར་གྱི་འཁྱིལ་བ་རྐྱང་པ་ལྡན་འདུས་འཐབ་པའི་བཅོས་སོ། །དང་པོ་སྟོད་ཤོར་བཅོས་པ་ནི། སྟོད་ཤོར་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་འཁྱིལ་བ་བཅོས་པ་ནི། ཚ་བ་ཞེས་རྐང་པ་བཞིས་བསྟན་ནོ། །གསུམ་པ་ནི། རྐྱང་པའི་ཞེས་རྐང་པ་བཞིས་བསྟན་ཏེ། ནམ་མ་བཅག་མལ་བཏང་ཞེས་པ་ནི་ཞག་གཅིག་བཞག་ཞག་གཅིག་བཏང་བའི་དོན་ནོ། །བཞི་པ་ནི། ལྡན་པའི་ཞེས་རྐང་པ་བཞིས་བསྟན་ནོ། །ལྔ་པ་ནི། འདུས་ཚད་ཅེས་རྐང་པ་གསུམ་གྱིས་བསྟན་ནོ། །དྲུག་པ་ནི། འཐབ་པའི་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་བྱེ་བྲག་གམ་ཁྱད་པར་གྱིས་བཅོས་བཤད་པ་ལ་གཉིས། སྨན་བཅོས་དང་ཟས་སྤྱོད་ཀྱི་སྒོ་ནས་བཅོས་པའོ། །དང་པོ་སྨན་བཅོས་བཤད་པ་ལ་དྲུག་སྟེ། ཁྲག་ཆུ་སེར་རྣག་ཚད་རྩ་ཚད་ཟུག་རྔུའི་ཚ་བའི་བཅོས་སོ། །དང་པོ་ནི། ཁྲག་ཚད་ཅེས་འབྲུ་བདུན་གྱིས་བསྟན་ནོ། །གཉིས་པ་ནི། ཆུ་སེར་ཞེས་རྐང་པ་གཅིག་གིས་བསྟན་ནོ། གསུམ་པ་ནི། རྣག་གི་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བཞི་པ་ནི། རྩ་ཚད་ཅེས་རྐང་པ་གཅིག་གིས་བསྟན་ནོ། །ལྔ་པ་ནི། རུས་ཚད་ཅེས་རྐང་པ་གཅིག་གིས་བསྟན་ནོ། །དྲུག་པ་ནི། ཟུག་རྔུའི་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ཟས་སྤྱོད་སོགས་ཀྱི་སྒོ་ནས་བཅོས་པ་ལའང་དྲུག་ལས། དང་པོ་ནི། ཁྲག་དུས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཡན་ལ་གཏད་པ་ནི། ཟས་སྐོམ་བསྡམ་ཞིང་ཅུང་ཟད་རེ་བསྟེན་པ་ཡང་བསིལ་ཕྱོགས་གཅིག་བསྟན་པའོ། །གཉིས་པ་ནི། ཆུ་སེར་ཞེས་རྐང་པ་གཅིག་གིས་བསྟན་པའི་བསིལ་བཅུད་བསྟན་པ་ནི། སྐོམ་ཤ་རི་དྭགས་ཤ་མར་གསར་སོགས་བསྟན་ནོ། །གསུམ་པ་ནི། རྣག་གི་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བཞི་པ་དང་ལྔ་པ་དང་དྲུག་པ་རྣམས་ལྷན་ཅིག་ཏུ་བསྟན་པ་ནི། རྨ་རྒན་ཞེས་རྐང་པ་ལྔས་བསྟན་ནོ། །བཞི་པ་ཆུ་འཐུང་བཤད་པ་ལ་གསུམ། མདོར་རྒྱས་མཇུག་གོ དང་པོ་ནི། ཆུ་འཐུང་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྐོམ་དུ་བཏུང་བ་དང༌། སྨན་ལྟ་བུར་བཏུང་བ་བཤད་པའོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ནི། སྐོམ་ལྟར་ཞེས་རྐང་པ་ལྔས་བསྟན་ཏེ། ཙན་དན་ཞེས་པ་ལ་མཆན་ལ་ལར་དཀར་པོ་ཟེར་བ་འདུག་ཀྱང༌། ཕྱག་དྲེག་མར་ཙན་དན་དམར་པོར་གསུངས། གཉིས་པ་སྨན་ལྟར་དུ་བཏུང་བ་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྨན་ལྟར་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཆུ་སྨན་ལྟར་དུ་བཏུང་བ་ལ། ཁྲག་དུས་སུ་བཏུང་བ་དང༌། ཆུ་སེར་གྱི་དུས་སུ་བཏུང་བ་དང༌། རྣག་གི་དུས་སུ་བཏུང་བ་དང་གསུམ་བཤད་པའོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་ནི། ཁྲག་དུས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ཨ་བོ་ནི་བྲག་སྐྱ་ཧ་བོའོ། ཨ་བྱག་ནི་གཟེར་འཇོམས་སོ། །ཚེར་སྔོན་ནི་ཨ་བྱག་ཚེར་སྔོན་ནོ།།   

        གཉིས་པ་ནི། ཆུ་སེར་ཞེས་རྐང་པ་བཅོ་བརྒྱད་ཀྱིས་བསྟན་ཏེ། རྩའི་ཆུ་སེར་སྐེམ་པའི་རིལ་བུའི་ཚད་ནི། ཕྱག་དྲེག་མར། འཐེབ་ཆུང་ཙམ་དེ་ཆུས་ཕུལ་ལ་བཏང་ངོ་གསུང༌། ཤའི་ཆུ་སེར་སྐེམ་ཆུ་སེར་སྐེམ་པའི་སྒོང་ཐོག་པ་ནི་འདྲེ་དཔལ་སྒང་ངོ༌། །གླང་སྣ་ཞེས་པ་ནི་ལུག་རུ་དམར་པོ་དང་འདྲ་བ་ལ། ནང་གི་ར་འཁྱིལ་མེད་པར་གླང་པོའི་སྣ་ལྟར་འཕྱང་བ་དེ་ཡིན་ཏེ། མེ་ཏོག་གླང་སྣ་ཞེས་བྱ་བ། སྤང་སྐྱེས་གླང་སྣ་དམར་སྨུག་དམར་ཞེས་སོགས་གསུངས་པ་དེའོ། །དེ་བ་ནི་སྟོན་ཀ་སྤང་རི་མཐོན་པོར་སྐྱེ་བའི་མེ་ཏོག་སྔོ་ལ་ཆུང་བ་ས་གཞི་ཁེབས་པ་འདྲ་ཟེ་འབྲུ་དམར་པོ་ཅན་རོ་ཁ་བ་དེའོ། །གསུམ་པ་ནི། རྣག་དུས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་འཇུག་བསྡུའམ་དོན་བསྡུ་བཤད་པ་ནི། མ་ནུ་ཞེས་རྐང་པ་བཅུས་བསྟན་ཏེ། མ་ནུ་མུ་ཟི་རྟ་པགས་རེ་སྐོན་པ། ཞེས་པའི་མ་ནུ་ལ་ཕྱག་དྲེག་མ་དང་ཟུར་མཁར་བའི་སྒམ་ནང་མ་གཉིས་མཐུན་པར་བ་ནུ་ཞེས་གསུང་འདུག་པས་ཕྱིས་བྲིས་སྐྱོན་ཡིན་ནམ་བསམ་ཞིང་དེའི་མཆན་ལའང་རྡོ་ཟེར་བ་གསུངས་འདུག་གོ །གསེར་ཤ་ནི་ཤ་མོའི་རིགས་སྤང་ལ་སྐྱེ་བ་མདོག་སེར་པོ་དེ་ཡིན་ཏེ། འཁྲུངས་དཔེར། གསེར་ཤ་མོ་ནི་སྤང་ལ་སྐྱེ། །ཕྱི་པགས་དཀར་སེར་མདངས་དང་ལྡན། །དབྱིབས་ནི་གདུགས་ཉིད་ཕུབ་པ་འདྲ། །ཡུ་བ་གདུགས་ཀྱི་ཡུ་བ་འདྲ། །རང་གི་ནུས་པས་ཤ་དུག་སེལ། །ཞེས་གསུངས་པ་དེའོ། །འདི་རྣམས་སྐོམ་དུ་བཏུང་བ་ནི་གྲུངས་ནས་བཏུང་བ་དང༌། སྨན་དུ་བཏུང་བ་ནི་ཕྱེ་མ་ཆུས་ཕུལ་ནས་བཏང་དགོས་པ་ཕྱག་དྲེག་མར་དམིགས་བསལ་དུ་བཤད། ལྔ་པ་སྐྲངས་པ་གཞོམ་པའི་མན་ངག་བཤད་པ་ལ་གསུམ། མདོར་རྒྱས་བསྡུས་སོ། དང་པོ་ནི། ལྔ་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། གདོན་གྱི་སྐྲངས་པ་དང༌། འདུ་བའི་སྐྲངས་པ་གཞོམ་པ་དང༌། གནས་ཀྱི་སྐྲངས་པ་གཞོམ་པ་རྣམས་བཤད་པའོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་གདོན་སྐབས་བཤད་པ་ནི། གདོན་སྐྲངས་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ནོ། །གཉིས་པ་འདུ་སྐྲངས་གཞོམ་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། འདུ་བས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རླུང༌། མཁྲིས། བད་ཀན་དང་གསུམ་མོ། གཉིས་པ་རྒྱས་བཤད་ལའང་རླུང་བད་ཀན་མཁྲིས་པ་གསུམ་ལས། དང་པོ་ནི། རླུང་སྐྲངས་ཞེས་རྐང་པ་བཅུ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། བད་ཀན་ཞེས་རྐང་པ་དགུས་བསྟན་ནོ། །གསུམ་པ་ནི། མཁྲིས་སྐྲངས་ཞེས་རྐང་པ་བཞིས་བསྟན་ཏེ། ཡུག་རྣམ་ཞེས་པ་ནི་གསེར་བཙག་སྟེ་དོན་དུ་བཙག་ཡུག་གོ་ །གསུམ་པ་གནས་ཀྱི་སྐྲངས་གཞོམ་བཤད་པ་ལ་གསུམ། མདོར་རྒྱས་སྤང་བྱའོ། །དང་པོ་ནི། གནས་ཀྱི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། གནས་ནི་ཉྭ་དང༌། རྨེན་བུ་དང༌། རྩ་དང་ཚིགས་རྣམས་ཀྱི་སྐྲངས་གཞོམ་བཤད་པའོ། །གཉིས་པ་རྒྱས་བཤད་ལ་གསུམ་སྟེ། རྩ་དང་ཉྭ་དང་ཚིགས་དང་གསུམ་ལས། དེ་ཡང་གོང་མ་མདོར་བསྟན་དུ་ས་བཅད་བཞི་གསུངས་པ་ལ་རྒྱས་བཤད་སྐབས་འདིར་གསུམ་ལས་མ་བྱུང་བས་ཅི་ཞེ་ན། འདིར་རྨེན་སྐྲངས་ཀྱི་བཅོས་མ་གསུངས་པས་དེའི་དོན་གྱི་ས་བཅད་གསུམ་དུ་བྱས་ནས། དང་པོ་རྩ་སྐྲངས་བཅོས་པ་ནི། རྩ་སྐྲངས་ཞེས་རྐང་པ་དགུས་བསྟན་ཏེ། དམར་སྦྱོར་རྒྱས་འབྲིང་གསུམ་ཞེས་པ་ནི་སྤྱི་ལྟར་རོ། །གཉིས་པ་ནི། ཉྭ་སྐྲངས་ཞེས་རྐང་པ་བཞིས་བསྟན་ནོ། །གསུམ་པ་ནི། ཚིགས་སྐྲངས་ཞེས་རྐང་པ་བཞིས་བསྟན་ནོ།།

        གསུམ་པ་སྤང་བྱ་ནི། རྩ་ལ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་བསྡུས་པ་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། མདོར་བསྡུས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཚ་སྐྲངས་དང༌། གྲང་སྐྲངས་གཞོམ་ཐབས་བཤད་པའོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ནི། ཚ་སྐྲངས་ཞེས་རྐང་པ་བཅུ་དགུས་བསྟན་ཏེ། ཆས་སྐམ་པ་ཞེས་པ་ནི་དྲོད་ཀྱིས་རྨ་ཆས་སྐམ་པའོ། །གཉིས་པ་གྲང་སྐྲངས་གཞོམ་པ་ནི། གྲང་སྐྲངས་ཞེས་རྐང་པ་བཅུ་དྲུག་གིས་བསྟན་ཏེ། སྐྱར་མོ་ནི་ཉ་ཁྲ་སྟེ་ཆུ་བྱ་དཀར་པོ་མཆུ་སྡེར་དམར་ཉ་ལེན་པ་དེའི་སྤུས་གཞོབས་སོ། །བདུད་རྩི་ནི་རབ་སྡེ་སྣོད་འཛིན་ཅིང་སྡོམ་པ་གསུམ་དང་ལྡན་པའི་དྲི་ཆེན་ནམ། ཡང་ན་ལྷའི་བསྙེན་པ་མཐར་ཕྱིན་པའི་དྲི་ཆེན་དགོས་ཏེ། ཇི་སྐད་དུ། ལྷ་བསྙེན་འཁྱོལ་ལམ་སྡོམ་གསུམ་ལྡན། །སྡེ་སྣོད་འཛིན་ནམ་རྒྱུད་སྡེ་འཆད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་མ་འབྱོར་ན་མཛེ་བཤན་དམ་ཉམས་སོགས་ཀྱི་མ་ཡིན་པའི་གཞན་མའི་དྲི་ཆེན་གྱིས་ཀྱང་ཚབ་རུང་བར་བཤད་དོ། །དྲུག་པ་རྣག་བཅད་ཐབས་བཤད་པ་ལ་མདོར་རྒྱས་སོ། །དང་པོ་ནི། དྲུག་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རྣག་བཅར་བའི་མན་ངག་གི་རྒྱུ་བཤད་པ་དང༌། དེ་བཞིན་དུ་སྐྱེ་ཡུལ་དང༌། གནས་དང༌། རིགས་དང༌། བཅད་ཐབས་རྣམས་བཤད་པའོ། །གཉིས་པ་རྒྱས་བཤད་ལའང་ལྔ་ལས། དང་པོ་ནི། ཚིགས་བར་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ལས་བྱེད་ཤ་ནི་འགུལ་བསྐྱོད་བྱེད་པའི་ཤའོ། །གཉིས་པ་སྐྱེ་ཡུལ་ནི། སྐྱེ་ཡུལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་གནས་ནི། གནས་ས་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བཞི་པ་རིགས་ནི། དེ་རིགས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རྣག་གི་རིགས་དེ་ལ་ཚ་འབྱམས་གྲང་འབྱམས་རྣམ་པ་གཉིས་ནི་རླུང་ལ་བརྟེན་པའི་རྣག་བཞི་མོ་དགོས་པར་འབབ་ལྦུ་བ་ཆེ་བ་བཞོས་ན་སྟོང་ཕྱལ་དུ་འགྲོ། རྣག་ལ་བརྟེན་པའི་རླུང་ཆེན་ལ་བཞོས་པར་མི་འོང་རྣག་ཤས་ཁེངས་ཏེ་བཞོ་དགོས་པའོ། །ལྔ་པ་བཅད་ཐབས་བཤད་པ་ལ་གཉིས། མདོར་རྒྱས་སོ། དང་པོ་ནི། བཅད་པའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། བཅད་པའི་ཐབས་དེ་ལའང་སྤྱི་དང་བྱེ་བྲག་གོ་ གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་སྤྱི་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྤྱི་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྨན་གྱི་སྒོ་ནས་བཅད་པ་དང༌། དེ་བཞིན་དུ། དཔྱད། ཟས། སྤྱོད་ལམ་མོ། །གཉིས་པ་རྒྱས་བཤད་ལ་བཞི་ལས། དང་པོ་སྨན་གྱིས་བཅད་ཐབས་བཤད་པ་ནི། སྨན་ནི་ཞེས་རྐང་པ་བཅུས་བསྟན་ཏེ། རྣམ་པར་ནི་ཡུ་གུ་ཤིང་ངོ༌། །ཨ་བྱག་ནི་ཚེར་སྔོན་ནོ། །གྭ་དོར་གསུམ་ནི་རྒྱ་དང་ཁ་ཤ་དང་དགོ་བ་གསུམ་གྱི་རྭའོ། །བསེ་རུ་ནི་དཀར་པོའོ། །འབྲས་བུ་གསུམ་གྱི་སྨན་མར་དང་རྩ་ལྔའི་སྨན་མར་ནི་ཕྱི་རྒྱུད་ལྟར་རོ། །གཉིས་པ་དཔྱད་ཀྱིས་བཅད་ཐབས་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དཔྱད་ཀྱི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དཔྱད་ཀྱི་སྒོ་ནས་བཅད་པ་དེ་ལའང་དེབ་དང་ཆིངས་དང་ཁྲུས་དང་གཏར་རྣམས་བཤད་པའོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དེ་ཡང་དེབ་ཆིངས་གཉིས་གོང་དུ་རྒྱས་པར་གསུངས་ཀྱང༌། འདིར་ས་བཅད་གོ་རིམ་ཙམ་དུ་གོང་གི་ལག་ལེན་འདིར་ཡང་བྱ་དགོས་པའི་བསྟན་དོན་ནོ།།

        དང་པོ་ནི། དེབ་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེབ་དེ་ལ་ཡང་གཅིག་བརྩེགས་བྱས་པ་ལ་ཕོ་དེབ། ཉིས་བརྩེགས་ལ་མོ་དེབ་སུམ་བརྩེགས་ལ་ཡང་དེབ་གསུམ་དུ་དགོས་པ་སྔར་གོང་དུ་བཤད་པ་ལྟར་རོ། །གཉིས་པ་ཆིངས་ནི་དེ་སྟེང་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་ནི། ཁྲུས་ནི་ཞེས་རྐང་པ་བཞིས་བསྟན་ཏེ། ཁྲུས་ཀྱིས་བཅད་པ་ལ་དང་པོ་རྣག་མང་དུས་སུ་བུལ་ཏོག་དང་ཆུས་བཀྲུས་པས་རུལ་འདོན། བར་དུ་རྣག་རོ་ཐོན་ཤུལ་དུ་ཅུ་གང་དོམ་མཁྲིས་ཀ་རས་བཀྲུས་པས་རྨ་ཚད་བཅོག་ཤ་རོ་འབྱིན་ཤའུ་སྐྱེ། ཐ་མ་རྣག་ཆོད་ཁར་གུར་གུམ་དོམ་མཁྲིས་ཆུས་བཀྲུས་པགས་པ་འབྱོར་ཤའུ་སྐྱེའོ། །ཁྱད་པར་རྣག་དམར་ན་འབྲི་མོག་དོམ་མཁྲིས་བྲག་སྤོས་ཆུ་ཡིས་བཀྲུ། སྔོ་ན་ཚ་བ་གསུམ་དང་ཆང་གིས་བཀྲུ། དུད་ཁུ་སྟག་ཤ་བ་གླ་རྩིའི་ཆུས་བཀྲུ། སྐྱ་ན་དོམ་མཁྲིས་ཀ་ར་ནུ་ཞོས་བཀྲུ་བའོ། །བཞི་པ་ནི། གཏར་ག་ཞེས་རྐང་པ་གཅིག་གིས་བསྟན་ཏེ། གཏར་གྱི་སྒོ་ནས་བཅད་ཐབས་ནི་ཚ་བ་ཆེ་ཆུང་དང་རྣག་མདོག་དང་སྦྱར་ཏེ་གཏར་བའམ་ཁྲག་དང་སྦྱར་ལ་གཏར་རོ། །གསུམ་པ་ཟས་ཀྱི་སྒོ་ནས་བཅད་ཐབས་ནི། ཁ་ཟས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཞི་པ་སྤྱོད་ལམ་གྱིས་བཅད་ཐབས་ནི། སྤྱོད་ལམ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་བྱེ་བྲག་གམ་ཁྱད་པར་གྱིས་བཅད་ཐབས་བཤད་པ་ནི། ཁྱད་པར་ཞེས་རྐང་པ་བཅུས་བསྟན་ཏེ། གཏར་ནི་རྩ་རྒྱུད་གོང་འོག་གང་ཉེ་ལ་གདབ་པའོ། །བར་མཆན་གྱི་ཟས་རྡེག་པ་ནི་ཁ་ཟས་གློད་པའི་དོན་ནོ། །རུས་པ་ཟས་སྐོམ་ཞེས་པ་ནི་རུས་པ་རྣག་གིས་ཟོས་པའི་རུས་པ་ཀྱོང་བུས་བྲུས་ཏེ། དེ་སྟེང་ཏེལ་བས་བསྲེག་ཅིང་དེ་རྗེས་སྨན་གྱིས་བཅད་པ་བར་མཆན་དུ་བཤད་པ་ལྟར་གྱིས་བཅོས་སོ། །བར་མཆན་གྱི་འབྲུམ་རྩི་ནི་ཤུག་པའམ་སྦ་མའི་འབྲས་བུའོ། བར་མཆན་གྱི་ཐུལ་བའི་ཞེས་པ་ནི་སྔོ་ཐུལ་བའི་མེ་ཏོག་གོ ཚིགས་རྣག་གི་དེབ་ཆིངས་རྒྱོགས་ནི་སྔར་གོང་བཤད་ལྟར་རོ། རླུང་ལ་བརྟེན་པའི་རྣག་རྣམས་ཁོང་ནས་བཅོས་པ་ནི། བསིལ་བཅུད་དང་སྨན་མར་གྱིས་ཁོང་ནས་བཅོས་པའོ། །རྣག་ལ་བརྟེན་པའི་རླུང་ལ་རྨ་ནས་བཅོས་པ་ནི། ཁྲུས་འབྱར་ནན་གྱི་རྨ་ནས་བཅོས་པའོ། །བདུན་པ་ཟུག་པ་དབྱུང་ཐབས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བདུན་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཕྱི་ནས་ཟུག་པ་དང༌། ནང་ནས་ཟུག་པ་དབྱུང་ཐབས་བཤད་པའོ། །གཉིས་པ་རྒྱས་བཤད་ལ་གཉིས་ལས།

        དང་པོ་ནི། ཕྱི་ནས་ཞེས་རྐང་པ་དགུས་བསྟན་ཏེ། འཇིབས་པས་ནང་ཚངས་ཁ་ཞུན་ནི་མགོ་བོའིརུས་པ་བྲུད་རྗེས་སུ། ལྷ་རོ་ཞོ་དང་སྦྱར་བས་ལྷ་མིག་གང༌། སྦངས་པ་ཕབས་དང་སྦྱར་བས་ཁ་ཤ་གཡོག་ཞེས་སོགས་དང་མཐུན་ནོ། །གཉིས་པ་ནང་ནས་དབྱུང་ཐབས་བཤད་པ་ནི། ནང་ནས་ཞེས་རྐང་པ་བཅུ་གསུམ་གྱིས་བསྟན་ཏེ། འབོག་ཀྱང་ཞེས་པ་ནི་ཚིགས་བྲལ་ཡང་སྲིད་པའི་དོན་ནོ། །ནད་ཟོ་ནི་ནད་པའི་ཟོ་སྟེ་འཆི་ལྟས་མེད་པའོ། །རྒྱས་པ་བྱུང་ཤོར་གཞུག་པའི་ཐབས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བརྒྱད་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཚིགས་རང་གནས་ནས་བྱུང་བ་དང༌། ཕྱིར་ཤོར་བ་གནས་སུ་གཞུག་པ་དེ་ལ་འཆོར་ས་དང་རྟགས་དང་ཤོར་གཞུག་ཐབས་བསྟན་པའོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་ནི། འཆོར་ས་ཞེས་རྐང་པ་ལྔས་བསྟན་ནོ། །གཉིས་པ་ནི། ཤོར་རྟགས་ཞེས་རྐང་པ་ལྔས་བསྟན་ནོ། །གསུམ་པ་ནི། གཞུག་ཐབས་ཞེས་རྐང་པ་བཅོ་ལྔས་བསྟན་ཏེ། འདི་རྣམས་ལ་ལག་ལེན་དམར་ཁྲིད་ཡིག་ཆུང་དུ། ཡན་ལག་གི་ཚིགས་བྱུང་ཤོར་གཞུག་པའི་དམར་ཁྲིད་ལ། དང་པོ་ཚིགས་ཀྱི་གནས་ལུགས་བསྟན་པ་དང༌། གཉིས་པ་ཚིགས་བྱུང་བའི་རྟགས་བསྟན་པ་དང༌། གསུམ་པ་ཚིགས་གཞུག་པའི་ཐབས་དང༌། བཞི་པ་ཆུད་པའི་ཚད་དང༌། ལྔ་པ་ཕྱིར་མི་ལྡོག་པར་བྱའོ། །དེ་ལ་དང་པོ་དཔུང་པའི་ཚིགས་འདི་ནི་སོག་པའི་ཨུ་ཟུར་གྱི་སྟེང་ནས་བཀབ་པས་སྟེང་དུ་མི་འཆོར་ཕྱི་ནང་འོག་དང་གསུམ་དུ་འཆོར་ཏེ། ཕྱིར་ཤོར་ན་ལག་པ་ནང་དུ་བཤལ་ནས་ཕྱིར་ཁྱེར་མི་ཤེས། དེ་ལ་སོག་པ་དང་གྲུ་མོ་ནས་འཐེན་ལ་ཤོར་བའི་རུས་མགོ་ནས་མཐེབ་མོས་མནན། དབུལ་ཞིང་འཐེན་ལ་ཚིགས་ཁ་བྲལ་བ་དང་ཕྱིར་བཀན་ནོ། །ཁྲོག་ཟེར་ཞིང་ཟུག་བྲི་བརྐྱང་བསྐུམ་གཏུབ་ན་ཚུད་པ་ཡིན་ནོ། །ནང་དུ་ཤོར་ན་ཕྱི་བཤལ་ནས་ནང་དུ་ཁྱེར་མི་ཤེས། དེ་ལ་གོང་ལྟར་འཐེན་ལ་ཚིགས་ཁ་བྲལ་བ་དང་ནང་དུ་བཀན་ནོ། །འོག་ཏུ་ཤོར་ན་ཡང་གོང་ལྟར་འཐེན་ལ་ཐད་ཀར་ཐང་བྱུང་བ་དང༌། དེ་ལ་འབེམ་དྲུ་བུ་ཁུ་ཚུར་ཙམ་ཞིག་བཅུག་ལ་དེ་འུར་མཐིལ་གྱིས་དཔུང་པར་འཐེན། གྲུ་མོ་རྩིབ་ལོགས་ཀྱི་ཆར་དགུག་གོ །གྲུ་མོ་ལ་གཞུ་མཆོག་གིས་ཡར་འཁྱུད་པས་ཕྱིར་དོན་པ་མེད་དོ། །ནང་དུ་དོན་པ་དང་ཐུར་མགོ་ཕྱིར་འཕགས་པ་འོང༌། དེ་གཉིས་ཀ་ལ་ལུག་གཞུག་དང་ལག་ངར་ནས་འཐེན་ལ་ཚིགས་ཁ་བྲལ་བ་དང༌། རུས་མགོ་མཐེབ་མོས་མནན་ལ་ལག་མགོ་དཔུང་པ་ལ་སྦྱོར་རོ། །མཁྲིག་མའི་ཚིགས་ཁར་རུས་ལྷག་གཅིག་ཡོད་པ་དེས་གཡས་གཡོན་གཉིས་སུ་འཆོར་བ་མེད་དོ། །སྟེང་འོག་ཏུ་འཆོར་ལ། འོག་ཏུ་ཤོར་ན་དགྱེ་བོར་འགྲོ། སྟེང་དུ་ཤོར་ན་སྒུར་པོར་འགྲོའོ། །གཞུག་པ་ནི་སྤང་ལེབ་ཀྱི་ཁར་བཞག་ནས་ཚིགས་ཁ་བྲལ་བར་འཐེན་ལ། གང་ཤོར་བ་དེ་སྟེང་དུ་སྟོན་ལ་རྟིང་པས་མནན་ལ་ནེམ་བྱའོ། །དཔྱི་ལ་ཕྱི་ཤོར་ནང་ཤོར་གཉིས། ཕྱི་ལ་ཤོར་ན་ཐུང་དུ་འགྲོའོ། ནང་དུ་ཤོར་ན་རིང་དུ་འགྲོ། ཕྱི་ཤོར་ཁ་བུབ་ནང་ཤོར་གན་རྐྱལ་ཉལ་ལ། གཉན་གོང་དུ་ཐག་པ་བཏགས་ལ། རྐེད་པ་གཉིས་ནས་འཐེན་ནས་ཐང་ཤ་ཆོད་པ་དང་དབྱུག་པ་དྲག་ཏུ་བརྡེག་གོ པུས་མོ་ལ་ལྷ་ངས་བཀབ་པས་སྟེང་དུ་ཤོར་བ་མེད། འོག་ཏུ་ཤོར་བ་དང་ཐུར་མགོ་འཕགས་པ་གཉིས། འོག་ཤོར་ཁ་བུབ་ཏུ་ཉལ་ལ། ཚིགས་ཁ་བྲལ་བར་འཐེན་ལ་སྤང་ལེབ་སྟེང་དུ་བཞག་ལ་རུས་མགོ་རྟིང་པས་མནན་ནོ། །ལོང་ཚིགས་སྲེ་ལོང་པས་བཀབ་པས་རྒྱབ་ཏུ་མི་འཆོར་རོ། །གཡས་གཡོན་གང་དུ་འཆོར་ཀྱང་རྐང་མཐིལ་ངོས་སུ་ཤིང་གཅིག་བཀྱིགས་ལ། དེ་ལ་ཐག་པ་བཏགས་ལ་དབྱུག་པ་བརྡེག་གོ རྒྱ་ཚིགས་སྟེང་འོག་ཏུ་ཤོར་ན་ས་ལ་གཏིང་ཤོར་བྱས་པའི་སྟེང་དུ་བཞག་ལ་ཕར་ཚུར་འཐེན་ལ། མི་གཅིག་གིས་གཅིག་ཁུར་བའི་རྡོག་པས་མནན་ནོ། །ཚུད་པའི་ཚད་ཀུན་འདྲའོ། །མི་ལྡོག་པའི་ཐབས་ལ་ཆིངས་དང་མེ་གཏབ་བོ། །མ་འགལ་དོན་ན་འགྲམ་པ་གཉིས་ནས་མནན་ལ་ཕུགས་སུ་དབུལ་ལོ། །ཞེས་གསུངས་ལ།

        གཞན་ཡང་ཡན་ལག་ཉ་བཞིའི་བཅོས་པ་ཚིག་དོན་བརྒྱད་པ་དང༌། བསེ་སྒྲོམ་སོགས་ནས་རྒྱས་པར་བཤད་ན་ལེགས་མོད་ཀྱང་མང་བས་དོགས། རེ་ཞིག་དེ་ཙམ་མོ། །དགུ་པ་རུས་པ་ཆག་གྲུགས་བཅིང་ཐབས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དགུ་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རུས་པ་ཆག་ལུགས་ལ་བརྟག་པ། ཆག་རྟགས། བཅིང་ཐབས། ལོག་གནོན་ནོ། གཉིས་པ་རྒྱས་བཤད་ལའང་བཞི་ལས། དང་པོ་ཆག་ལུགས་ནི། ཆག་ལུགས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ཆག་ལུགས་ལ་མ་ལ་བུ་ཐོགས་ཆག་པ་ནི་ཚིགས་རྐེ་ཆག་པ་དང༌། རྐང་ཁ་དབྲག་གི་གཅིག་ཆག་པའོ། །སྨྱུ་གུ་ཁ་ནི་བསེགས་སྦྱོར་དུ་ཆག་པའོ། །སྡུམ་ཆག་ནི་མཉམ་པར་ཆག་པའོ། །གྲུགས་པ་ནི་ཆག་སྣ་གྲུག་པ་སྟེ་ཆག་པའི་སྡེ་བཞི་དང༌། དེ་ཡང་རྨ་ཅན་ཚིལ་ནག་དང༌། གླན་ཤིང་ལྟར་ཆག་པ་དང༌། རྨ་མེད་ཕུ་དུང་ནང་ལག་ངར་ཆག་པ་སྟེ་སྔར་བཤད་བཞི་པོ་འདི་གཉིས་སུ་འདུ་བ་ཡིན་ནོ། །གཉིས་པ་ནི། ཆག་རྟགས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་བཅིང་ཐབས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བཅོས་ཐབས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། བཅིང་བ་དང༌། ཁོང་སྨན་དང༌། རྒྱོགས་ཀྱི་སྒོ་ནས་བཅོས་པའོ། །གཉིས་པ་རྒྱས་བཤད་ལའང་བཅིང་བ་རྒྱོགས་སྨན་དང་གསུམ་ལས། དང་པོ་བཅིང་ཐབས་ནི། དང་པོ་ཞེས་རྐང་པ་བཅུ་དགུས་བསྟན་ཏེ། ནམ་ཟླ་དང་སྦྱར་བའི་རྨ་ཆས་ནི། དབྱར་ཞོ། དགུན་གར་པོ་སྟེ་སྤང་གྲུམ་མོ། །གཉིས་པ་རྒྱོགས་ནི། ཚབས་ཆེ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་སྨན་ནི། སྨན་དུ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ།

        མངར་གསུམ་ནི། ཀ་ར་དང་སྦྲང་རྩི་དང་བུ་རམ་དང་གསུམ་མོ། །ཤེལ་རྟ་ནི་ནགས་མའི་ཐང་ཆུའོ། །ནན་གསུམ་ལྔ་བདུན་ལ་དཀྲོལ་ཞེས་པ་ནི། ནན་དབྱར་ཞག་གསུམ། སྟོན་དཔྱིད་གཉིས་ཞག་ལྔ། དགུན་ཞག་བདུན་ནས་དཀྲོལ་ལོ། །བཞི་པ་ནི། ལོག་གནོན་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། རུས་སྐྱོན་བྲུད་པ་དང༌། བསྲེག་པ་དང༌། སྨན་གྱིས་གསོ་བ་སོགས་མགོ་ལྟར་བྱའོ། །རྩ་བའི་བཞི་པ་ལོག་གནོན་བསྟན་པ་ལ་གསུམ། མདོར་རྒྱས་མཇུག་གོ། དང་པོ་ནི། ཐ་མ་ཞེས་རྐང་པ་ལྔས་བསྟན་ཏེ། ཤ་གནད་ཀྱི་ལོག་གནོན་ལ་གཞའ་བ་དང༌། ཁྲོས་པ་དང༌། བམ་པ་དང༌། རུལ་བ་དང་རྣམ་པ་བཞི་རྩ་ཡི་གནད་ལ་བྱེར་བ་དང༌། ཁྲིད་པ་དང༌། རྒྱས་པ་དང༌། ཤོར་བ་དང་རྣམ་པ་བཞི། ཚིགས་ཀྱི་གནད་ལ་བམ་པ་དང༌། འཁོར་བ་དང་རྣམ་པ་གཉིས། ཆུ་རྒྱུས་ཀྱི་གནད་ལ་རེངས་པ་དང༌། འཁུམས་པ་དང་རྣམ་པ་གཉིས། ལོག་གནོན་རྩ་བ་བཞི་ལས་གྱེས་པ་བཅུ་གཉིས་ལས། གཉིས་པ་རྒྱས་བཤད་ལའང་ཤ་དང༌། རྩ་དང༌། ཚིགས་དང༌། ཆུ་རྒྱུས་བཤད་པ་སྟེ་བཞི་ལས། དང་པོ་ཤ་གནད་ཀྱི་ལོག་གནོན་བཤད་པ་ལ་གཞའ་ཁྲོས་བམ་རུལ་བཞི་ལས། དང་པོ་ཤ་གཞའི་ལོག་གནོན་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དང་པོ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཚ་གཞའ་དང་གྲང་གཞའི་ལོག་གནོན་བསྟན་པའོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ཚ་གཞའ་ནི། ཚ་གཞའ་ཞེས་རྐང་པ་དྲུག་གིས་བསྟན་ཏེ། རེ་གཅིན་འདྲ་བ་ནི། རེའུའི་གཅིན་ལྟར། གཏིང་རྣག་མེད་པར་ཉུང་ཤས་ཕྲུམ་ཕྲུམ་འཛག་པའོ། །གཉིས་པ་ནི། གྲང་གཞའ་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། ཟུག་མ་ངེས་པ་ནི། རེས་ཡོང་རེས་མི་ཡོང་བའོ། །སློང་ན་ཞེས་པ་ནི་ཚ་གཞའ་གྲང་གཞའ་གང་ཡང་རྣག་མང་དྲོད་ཆེ་ན་བསློང་བ་ཡིན་པ་ནས་སྤྱི་ལྟར་གང་ལ་གང་འཚམས་པས་བཅོས་སོ། །གཉིས་པ་ཁྲོས་པ་ལ་གཉིས། མདོར་རྒྱས་སོ། དང་པོ་ནི། ཁྲོས་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཁྲོས་པ་ལ་རྡོ་ལྟར་སྲ་བ་དང༌། ལྷོག་ཐབས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་རྡོ་ལྟར་སྲ་བ་ལ་གཉིས། མདོར་རྒྱས་སོ། དང་པོ་ནི། རྡོ་ལྟར་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་ཚ་ཁྲོས་དང་གྲང་ཁྲོས་སོ། །གཉིས་པ་རྒྱས་བཤད་ལ་གཉིས་ལས། དང་པོ་ནི། ཚ་ཁྲོས་ཞེས་རྐང་པ་བཅུས་བསྟན་ཏེ། བསིལ་བའི་ཆས་སུ་གཞུག་པ་ནི། ཧོང་ལེན་ཀྱི་ལྕེ་ཞོ་དང་སྦྱར་བའི་ཆས་སུ་གཞུག་པའོ། །ཁྲ་བོ་ནི་སྔར་བཤད་ལྟར་རོ། །གཉིས་པ་ནི། གྲང་ཁྲོས་ཞེས་རྐང་པ་དྲུག་གིས་བསྟན་ནོ། །གཉིས་པ་ནི། ལྷོག་ཐབས་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། བར་མཆན་ཀྱི་དྲེས་རུལ་ཞེས་པ་ནི། དྲེས་ཐག་རུལ་བའོ། །མ་ཐུབ་དམར་སེར་ནག་པོའི་ཞུན་ནན་དཔྱད། །ཅེས་པ་ནི། དམར་པོ་བདུན་སྦྱོར་ཀྱི་ཞུན་ནན་ནི། བར་མཆན་དུ་རིམ་བཞིན་དུ་ལི་ཁྲི་ནས་འབྲུ་མར་དང་སྦྱར་བའི་བར་རོ། །སེར་པོའི་ཞུན་ནན་ནི། མུ་ཟི་ནས་ཕྱེ་དང་སྦྱར་བའི་བར་རོ། །ནག་པོའི་ཞུན་ནན་ནི། ལྕགས་ཕྱེ་ཞེས་པ་ནས་མར་ནག་སྦྱར་བའི་བར་རོ། །དཔྱད་ཅེས་པ་ནི་ཞུན་གསུམ་པོ་དེ་རྣམས་གང་ལ་གང་དགོས་རིག་པས་དཔྱད་དགོས་པའི་དོན་ནོ། །གསུམ་པ་ཚ་བམ་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཤ་གནད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། ཚ་བམ་དང་གྲང་བམ་མོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ནི། ཚ་བམ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ནོ། །གཉིས་པ་ནི། གྲང་བམ་ཞེས་རྐང་པ་བཞིས་བསྟན་ནོ། །བཞི་པ་རུལ་བ་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རུལ་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། མྱགས་པ་དང༌། ཟ་རྨ་དང༌། ཟགས་པའོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས།

        དང་པོ་ནི། མྱགས་ལ་ཞེས་རྐང་པ་བཅུ་གཉིས་ཀྱིས་བསྟན་ཏེ། སྐམ་རྩི་ནི་མུ་ཟི་དཀར་པོ་དང་མཁྲིས་སྣ་སོགས་སོ། །གཉིས་པ་ནི། ཟ་རྨ་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། རམ་ལོ་ནི། དུ་རྦའམ་རྩྭ་རམ་པའི་ལོ་མའོ། གསུམ་པ་ནི། ཟགས་པ་ཞེས་རྐང་པ་ལྔས་བསྟན་ཏེ། སྐྲད་རུལ་ཞེས་པ་ནི། ལྷམ་གྱི་སྐྲད་པ་རུལ་བའོ། །བྱེ་རུག་ཅེས་པ་ནི། ཡན་ལག་བརྒྱད་པའི་རང་འགྲེལ་དུ། སུ་ར་བ་བྱེ་རུག་པ་སྟེ་སེར་ནག་གཉིས་སོ། །ཞེས་དང༌། འཁྲུངས་དཔེར། བྱེ་རུག་པ་ཡི་མཚན་ཉིད་ནི། །ལོ་མ་མཐིང་ཤུན་རྔ་ཡབ་འདྲ། །འབྲས་བུ་མུ་མེན་མཆོད་སྡོང་འདྲ། །རོ་ནི་བསྐ་ལ་ཚ་བ་ཡིན། །བོད་ཀྱི་ཞིང་གི་མུ་ལ་སྐྱེ། །ཞེས་པ་སྟེ་ནུ་མ་ཐོག་པ་ཟེར་བ་དེ་ཡིན་ནོ། །རྒྱ་སྤོས་ཞེས་པ་ནི། འཁྲུངས་དཔེར། རྒྱ་སྤོས་པགས་པའི་ཚད་པ་སེལ། །ལོ་མ་མེ་ལོང་ཁ་ལྟར་སྐྱེ། །སྡོང་པོ་དཀར་ཞིང་ཕྲ་བར་འདུག །དྲི་ཞིམ་རོ་ནི་མདའ་རྒྱས་འདྲ། །ཞེས་སོ། །འདི་ལ་སེར་ནག་གཉིས་ཡོད་པར་རྗེ་གཡུ་ཐོག་པ་གསུངས་སོ། །ཕྱེ་མ་བཏབ་ཅེས་པ་ནི་བྱེ་རུག་དང་རྒྱ་སྤོས་ཀྱི་ཕྱེ་མ་གདབ་པའམ། གཞན་ཡང་ཞིམ་ཐིག་ལེ་དང་གླ་རྩི་དང་སྒོག་སྐྱའི་ཕྱེ་མས་ཀྱང་རྨའི་འབུ་བསྲུང་བར་བཤད་དོ། །གཉིས་པ་རྩ་གནད་ཀྱི་ལོག་གནོན་བཤད་པ་ལ། བྱེར་བ། ཁྲིད་པ། རྒྱས་པ། ཤོར་བ་དང་དོན་བསྡུ་བཤད་པ་དང་ལྔ་ལས། དང་པོ་བྱེར་བ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རྩ་གནད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་ཉེ་བྱེར་དང༌། རིང་བྱེར་རོ། །གཉིས་པ་རྒྱས་བཤད་ལ་གཉིས་ལས། དང་པོ་ནི། ཉེ་བྱེར་ཞེས་རྐང་པ་བཞིས་བསྟན་ཏེ། རྩ་སྦྱོང་ནི་ཕྱི་རྒྱུད་ལྟར་རོ། །གཉིས་པ་ནི། རིང་བྱེར་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། རླུང་རྩ་སྙིང་རྩའི་སྐྱོན་གྱིས། གཡས་གཡོན་སྟོད་སྨད་སྣེ་བསྣོལ་སྐྲངས་པར་བྱེད། །ཅེས་པའི་དོན་ནི། གཡས་ན་ན་གཡོན་སྐྲངས། གཡོན་ན་ན་གཡས་སྐྲངས། སྟོད་ན་ན་སྨད་སྐྲངས། སྨད་ན་ན་སྟོད་སྐྲངས་པ་དང༌། སྣ་མོའམ་སྣེ་མོ་གཉིས་བསྣོལ་ནས་སྐྲངས་པར་བྱེད་དོ། །རི་བོའི་རྩེ་ལ་གསེར་གྱི་མེ་བཙའ་གདབ་པ་ནི། སྤྱི་གཙུག་མཐིལ་བཞི་སྲིན་ལག་སྔོན་བུ་དྲུག་པོ་རྣམས་ལ་གསེར་གྱི་མེས་བསྲེག ཅེས་སོ། །དར་ཡ་ཀན་ཞེས་པ་ནི། ཇི་སྐད་དུ། དར་ཡ་ཀན་ནི་བྲག་གསེབ་སྐྱེ། །སྐྱེས་པ་དོང་རལ་བཏག་པ་འདྲ། །ཞེས་གསུངས་པ་དེའོ། །རྩ་ལྟོ་སྦྲག་མའི་སྦྱོངས་ནི་ཕྱི་རྒྱུད་ལྟར་རོ། །ཚ་བྱེར་གྱི་འཇིབས་ནི་བསིལ་འཇིབས་སོ། །ལུམས་ནི་བདུད་རྩི་ལྔའི་ལུམས་སོ། །གཏར་བ་ནི་གང་ཉེའི་རྩ་ལ་གཏར་བའོ། །གྲང་བྱེར་གྱི་བྱུག་ལུམས་ནི། མཚེ་མཁན་པ། སྦྲུ་མ་གསུམ་ཆང་དུ་བཙོས་པའི་བྱུག་པའོ། །ཟས་ནི་གསར་བཅུད་དོ།།

        གཉིས་པ་རྩ་ཁྲིད་ཀྱི་ལོག་གནོན་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རྩ་ནད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། ཕྱི་རྩར་ཁྲིད་པ་དང༌། ནང་རྩར་ཁྲིད་པའོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ནི། ཕྱི་ཁྲིད་ཅེས་རྐང་པ་བཅུ་གཉིས་ཀྱིས་བསྟན་ཏེ། རྩ་ནད་ཕྱི་ཁྲིད་ནི་རྩའི་སྐར་མདའ་ལྟར་འཕྲོ་བ་སྟེ། གར་འོང་ངེས་པ་མེད་པར་བྱི་བ་རྩིག་སྦུག་ཏུ་ཁྲིད་པ་ལྟར་དུ་བྱེད་པའོ། །གར་འདུག་ཏུ་ལུམས་བྱ་བ་ནི། མེ་ཏོག་སྣ་ཚོགས་ཀྱི་ལུམས་སོ། གཉིས་པ་ནི། ནང་ཁྲིད་ཅེས་རྐང་པ་བདུན་གྱིས་བསྟན་ཏེ། གང་ཁྲིད་སོར་མོ་བསྲེག་པ་ནི། སྙིང་ལ་མཐེ་བོང༌། གློ་བར་མཛུབ་མོ། །མཆིན་པར་གུང་མོ། །མཆེར་པར་སྲིན་ལག །མཁལ་མར་མཐེ་ཆུང་བསྲེག་གོ །གསུམ་པ་རྩ་ནད་རྒྱས་པར་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རྩ་ནད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། ཚ་རྒྱས་དང་གྲང་རྒྱས་བཤད་པའོ། །གཉིས་པ་རྒྱས་བཤད་ལ་གཉིས་ལས། དང་པོ་ནི། ཚ་རྒྱས་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་ནི། གྲང་རྒྱས་ཞེས་རྐང་པ་དགུས་བསྟན་ཏེ། དེ་ལ་སུལ་སྒོ་རྩ་འཕྲང་སྐྲ་མཚམས་བསྲེག་ཅེས་པ་ནི། ཉྭ་འི་སུལ་སྒོ་རྩ་འཕྲང་ནི། དེའི་རྩ་རྒྱུད་ཀྱི་གནད་སྐྲངས་པ་དང་མ་སྐྲངས་པའི་མཚམས་བསྲེག་གོ བཞི་པ་རྩ་ནད་ཤོར་བ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རྩ་ནད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། རླུང་ཤོར་དང༌། ཁྲག་ཤོར་རོ། །གཉིས་པ་རྒྱས་བཤད་ལ་གཉིས་ལས། དང་པོ་རླུང་ཤོར་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དེ་ཡང་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྟོད་ཤོར་དང༌། སྨད་ཤོར་རོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་སྟོད་ཤོར་ལ་གཉིས། རླུང་ཤོར་དང༌། ཚ་བ་ཤོར་བ་གཉིས་སོ། །དང་པོ་རླུང་ཤོར་ནི། སྟོད་དུ་ཞེས་རྐང་པ་ལྔས་བསྟན་ཏེ། སྟོད་དུ་རླུང་ཤོར་ན་རླུང་གསང་མེས་མནན་ནོ། །གཉིས་པ་ཚ་ཤོར་ནི། སྟོད་དུ་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། ག་བུར་ཙན་དན་གི་ཝཾ་ཚད་སྟོབས་སྦྱར་ཞེས་པ་ནི། ཚ་བ་སྟོབས་ཆེན་ལ་ག་བུར། འབྲིང་ལ་ཙན་དན། ཆུང་ན་གི་ཝཾ་ངོ་། ཚ་འཇིབས་ནི་སྤྱི་ལྟར་རོ། །གཉིས་པ་རྨ་ལ་ཤོར་བ་ལ་གཉིས། སྤྱི་དང་བྱེ་བྲག་གཉིས་སོ། །དང་པོ་ནི། རྨ་ཁར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་བྱེ་བྲག་ལ་གཉིས་ལས། དང་པོ་རླུང་ཤོར་ནི། རླུང་ཤོར་ཞེས་རྐང་པ་ལྔས་བསྟན་ནོ། །གཉིས་པ་ནི། ཁྲག་ཤོར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །ལྔ་པ་དོན་བསྡུ་བཤད་པ་ནི། རྩ་ནད་ཅེས་རྐང་པ་ལྔས་བསྟན་ཏེ། རྩ་ནད་ཀུན་ལ་ཚ་བ་དཀྲོག་པ་དང་དབབ་པའི་བཅོས་ཚུལ་གཉིས་ཏེ། རྨ་ཁོང་གཉིས་ཀར་བསིལ་བསྟེན། བསིལ་ཆས་བྱེད་པ་ནི་ཚ་བ་དཀྲོག་པའམ། བསིལ་གྱིས་འདེད་པའོ། །ཁོང་ནས་བསིལ་གྱིས་བསད། རྨ་ཆས་དྲོ་བར་བྱེད་པ་ནི་རྨ་ལ་དྲོ་བའམ་དྲོད་དབབ་པའམ་དྲོ་འབེབ་པའོ། །འགྲོ་དམིགས་ནི་གཞུང་དུ་གསལ་ལོ། །གསུམ་པ་ཚིགས་གནད་ཀྱི་ལོག་གནོན་ལ་གསུམ། ཚིགས་བམ་པ་དང༌། འཁོར་བ་དང༌། མཇུག་བསྡུ་བཤད་པའོ། །དང་པོ་བམ་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཚིགས་གནད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། ཚ་བམ་དང༌། གྲང་བམ་མོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ནི། ཚ་བམ་ཞེས་རྐང་པ་བདུན་གྱིས་བསྟན་ནོ། །གཉིས་པ་ནི། གྲང་བམ་ཞེས་རྐང་པ་ལྔས་བསྟན་ནོ། །གཉིས་པ་ཚིགས་འཁོར་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཚིགས་འཁོར་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྐེམ་འཁོར་དང༌། གཤེར་འཁོར་རོ།།

        གཉིས་པ་རྒྱས་བཤད་ལ་གཉིས་ལས། དང་པོ་ནི། སྐེམ་འཁོར་ཞེས་རྐང་པ་དགུས་བསྟན་ནོ། གཉིས་པ་ནི། གཤེར་འཁོར་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། གཤེར་འཁོར་ཟུངས་ནི་བད་ཀན་འབྱོར་བྱེད་ཡིན་ནོ། །རླུང་གིས་དཀྲུགས་པ་ཡིས་མ་བསྡོམས་པར་རུས་པའི་ཚ་བ་སྐྱེས་ཏེ་ཟུངས་ཆུ་ནང་དུ་སོང་ནས་ནད་ལྡོག་ཅིང་ལྡང་བས་ལྡང་ཆུ་བསྲུང་ངོ༌། །དེ་ཡིས་ཚིགས་ཆུ་རུལ་ནས་རྣག་ཏུ་འགྱུར། ཞེས་པའི་ཚིགས་ཆུ་ནི། དཔུང་པ་དང༌། གྲུ་མོའི་ཚིགས་ཆུ་སྐྱ། མཁྲིག་མ་དང་ལོང་བུའི་ཚིགས་ཆུ་ལྗང༌། དཔྱིའི་ཚིགས་ཆུ་དམར། པུས་མོའི་ཚིགས་ཆུ་དཀར། རྒྱ་ཚིགས་ཀྱི་ཚིགས་ཆུ་དཀར་ལ་སྣ་རིང་སྟེ། དང་པོ་ནས་སྡོམ་པ་གཅེས་སོ། །དེ་ལྟར་མ་བསྡམས་ན་རྣག་གིས་ཚིགས་པར་ཁེངས་ནས་ཚིགས་མདུད་འཇིག་ཅིང་ཚིགས་འདྲུལ་བར་བྱེད་དོ། །གསུམ་པ་མཇུག་བསྡུ་བཤད་པ་ལ་གཉིས། རྒྱུ་དུས་ཀྱི་རྟགས་བཅོས་བཤད་པ་དང་འབྲས་དུས་ཀྱི་རྟགས་བཅོས་བཤད་པའོ། །དང་པོ་རྒྱུ་དུས་ཀྱི་རྟགས་བཅོས་ལ་གསུམ། མདོར་རྒྱས་སོ། །དང་པོ་ནི། མདོ་རུ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཚིགས་ཀྱི་ཆུ་དེ་ལ་ཡང་ཚ་ཆུ་དང༌། གྲང་ཆུའོ། །གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ལས། དང་པོ་ནི། དམར་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དུག་བཅས་ནི་དྲི་ཆེ་བའོ། །གཉིས་པ་ནི། སྔོ་ལྗང་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་བཅོས་ཐབས་བཤད་པ་ནི། གཉེན་པོ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། གྲང་བ་ལ་དྲོད་བསྟེན་པ་གཉིས་ཀྱིས་ཚིགས་གྲང་བ་གཅེས་སོ། །གཉིས་པ་འབྲས་དུས་ཀྱི་བཅོས་ཐབས་བཤད་པ་ལ་གཉིས། མདོར་བསྟན་དང༌། རྒྱས་བཤད་དོ། །དང་པོ་ནི། དེ་ཡིས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། གོང་བཅོས་དེ་ཡིས་མ་ཐུབ་པར་འཁོར་ན། ཟུངས་ཆུ་མ་བོར་བར་རྣག་ཆུས་ཚིགས་ཁ་འཁོར་བ་ཕྱི། ཚིགས་འཁོར་བ་དང་ཚིགས་སར་རྣག་ཆུས་ཁེངས་ནས། ཚིགས་ཆུ་བོ་བ་མ་ཤི་ཡང་ཞ་བོར་གྱུར་བ་ནང་ཚིགས་འཁོར་བ་གཉིས་སོ།།

        གཉིས་པ་རྒྱས་པར་བཤད་པ་ལའང་ཕྱི་དང་ནང་གཉིས་ལས། དང་པོ་ནི། ཕྱི་ཚིགས་ཞེས་རྐང་པ་དགུས་བསྟན་ནོ། །གཉིས་པ་ནི། ནང་ཚིགས་ཞེས་རྐང་པ་ཉི་ཤུ་རྩ་བཞིས་བསྟན་ཏེ། རྣ་གླུ་ལེན་པ་ནི་རྣ་ནས་སིང་སྒྲ་གྲུ་ལྟར་ལེན་པའོ། །སྨྲེ་གཅོང་འདོན་པ་ནི། འོ་དོད་འབོད་པའོ། སྨན་མར་ནི། ལག་པ་ལ་འབྲས་བུ་གསུམ། རྐང་པ་ལ་རྩ་ལྔའི་སྨན་མར་ཕྱི་རྒྱུད་ནས་གསུངས་པ་ལྟར་བསྟན་ནོ། །བཞི་པ་ཆུ་རྒྱུས་གྱི་ལོག་གནོན་བཤད་པ་ནི། ཆུ་རྒྱུས་ཞེས་རྐང་པ་བཅུ་བཞིས་བསྟན་ཏེ། བལ་ཚིའི་སྦྱོར་བས་དྲིལ་བ་ནི། ལུག་གི་བལ་ཚི་ཅན་ཞུན་མཁན་དང་ཆང་ལ་བཙོས་པས་དྲིལ་བའོ། །སོ་རུ་ཆུད་ནས་བསྐུ་བྱུག་བསྲོས་ཤིང་མཉེ་བ་ནི། དང་པོ་ལྟར་སོར་ཆུད་ནས་ཆང་ངམ་དྲི་ཆུས་བཀྲུ། ལོ་མར་བྱུག མེ་ཉིས་བསྲོས་བལ་ཚི་ཅན་གྱིས་མཉེའོ། །འཐེན་དྲགས་འགྲམས་ན་ལུམས་སུ་གཞུག་པ་ནི། སློ་དྲོན་མོ་མཁན་པ་སྦང་མ་སྤོད་སྦྱར་བྱའོ། །གསུམ་པ་མཇུག་བསྡུ་བཤད་པ་ནི། སྤྱིར་ན་ཞེས་རྐང་པ་བཞིས་བསྟན་ཏེ། སྤྱིར་ན་ཚད་ནད་བསིལ་གྱིས་མ་ཐུབ་ན་ལོག་གནོན་དྲོད་སྦྱོར་དང༌། གྲང་ནད་དྲོད་ཀྱིས་མ་ཐུབ་ན་དེ་ཡིས་འོག་གནོན་བསིལ་གྱི་སྦྱོར་བ་བསྟེན་ཞིང༌། ལོག་གནོན་དུས་ཚོད་གང་ལ་གང་དགོས་སྦྱོར་ཤེས་ན་མན་ངག་གནད་དང་ལྡན་པ་ཡིན་ཞིང༌། དུས་མིན་དུ་ལོག་གནོན་འཁྲུལ་བར་སྦྱོར་བ་ནི། སྨན་པ་རྨོངས་པ་གང་ཡང་མི་ཤེས་པ་ཡིན་ནོ། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཞེས་པ་ནས་བརྒྱད་ཅུ་རྩ་དྲུག་པའོ་ཞེས་པའི་བར་རོ། །གསུམ་པ་སྐབས་ཀྱི་རྫོགས་ཚིག་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས། དུམ་བུ་གསུམ་པ་མན་ངག་ཡོན་ཏན་རྒྱུད་ཀྱི་སྐབས་བཅུ་གཉིས་པ་རྨ་གསོ་བ་ཡན་ལག་ལྔ་པ་ལེའུ་ལྔའི་དཀའ་བའི་གནད་ལྷག་མ་ལུས་པ་བསྟན་ཟིན་ཏོ།།

        འདིར་སྨྲས་པ། ཆོས་ནོར་བདེ་ལེགས་ཀུན་གྱི་སྣོད་གྱུར་པ། །ལེགས་དཔྱད་དུ་མས་བསྒྲུབ་པའི་མཆོད་སྡོང་མཆོག །ན་རྒས་འཆི་བའི་གདོན་དང་འགྲོགས་པ་ཁྱོད། །ནད་མཚོན་མུ་གེའི་དུས་ཀྱིས་འཕོ་འགྱུར་འཛིན། །མི་བཟད་ཟུག་རྔུའི་མཚོན་གྱིས་འཇིག་རྟེན་ཁྱབ། །ཐུབ་ཆོད་སྨྱོན་པ་གཅེས་བུས་སྲིད་གསུམ་གང༌། །མི་དགེའི་སྡུག་བསྔལ་རྨ་ལྡན་སྐྱེ་འགྲོ་ལ། །ཕན་བདེའི་འཚོ་ཐབས་སྩོལ་ཞིག་སྨན་གྱི་བླ། །བདེ་དང་སྡུག་བསྔལ་ཕན་དང་མི་ཕན་ཞེས། །གནས་ཚུལ་མཁས་མིན་ལྟར་སྣང་རབ་རིབ་ཙམ། །གཞི་མཐུན་རྟེན་འབྲེལ་དབང་གིས་བསྒྱུར་བའི་ལུས། །སེམས་མིན་སེམས་ལས་གཞན་ན་སྒྱུ་མར་ངེས། །དཔལ་ལྡན་རྒྱུད་ཀྱི་ངེས་པའི་གསང༌། །རང་གཞན་འདོད་དགུ་སྩོལ་པའི་དཔལ། །དཔལ་ལྡན་བླ་མའི་(རྒྱ་བོད་ཀྱི་སློབ་དཔོན་བཅུ་ཕྲག་གསུམ་ལྷག་ཙམ་གྱིས) བྱིན་རླབས་དང༌། ཕལ་ཆེར་ལུང་དོན་ (ཕྱག་དྲེག་མ་དང་གཞུང་རྙིང་ཁུངས་ཐུབ་ཀྱི་) རྟོགས་ལས་བྱུང༌། །ཞེས་བྱ་བ་འདི་བར་སྐབས་ཀྱི་ཚིག་སུ་བཅད་པའོ། །ཡན་ལག་དྲུག་པ་སྐབས་བཅུ་གསུམ་པ་དུག་ནད་གསོ་བའི་སྐབས་ལ་གཉིས། བསླབ་པར་ཞུས་པ་དང་དེའི་ལན་གསུངས་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་ལྔ་དང་འབྲུ་བཞིས་བསྟན་ནོ། །གཉིས་པ་ལ་གསུམ། ཉན་པར་གདམས་པ་དང༌། ལེའུའི་འགྲེལ་པ་འགོད་པ་དང༌། སོ་སོའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། སྟོན་པས་ཞེས་འབྲུ་བཞི་དང་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ནི། དུག་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་ལེའུ་གསུམ་གྱིས་བསྟན་ཏེ། ལེའུ་གྱ་བདུན་པས་སྦྱར་དུག་གསོ་བ་བསྟན། གྱ་བརྒྱད་པས་གྱུར་དུག་གསོ་བ་བསྟན། གྱ་དགུ་པས་དངོས་མ་རང་བཞིན་དུག་གསོ་བ་བསྟན་ནོ། །དེ་ལྟར་ལེའུ་སོ་སོའི་དོན་རྒྱས་པར་བཤད་པ་གསུམ་ལས།

 

མཐའ་མའི་འདོན་ཐེངས་།: 23.08.2011 ཉིན། 3:15 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།