སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གྱ་དྲུག་པ། ཡན་ལག་གི་རྨ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་གྱ་དྲུག་པ། ཡན་ལག་གི་རྨ་གསོ་བ།



ལེའུ་གྱ་དྲུག་པ།  ཡན་ལག་གི་རྨ་གསོ་བ། 

བྱང་ཁོག་སྟོད་སྨད་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་བྱ་བ་གཞན་གྱིས་བར་མ་ཆོད་པ་དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཞེས་སླར་ཡང་བོས་ནས་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། ལུས་ཀྱི་ཡན་ལག་བཞི་པོ་ལ་མཚོན་ཕོག་པར་གྱུར་ན་དེ་ལ་འདི་ཞེས་ངོས་འཛིན་གྱི་རྟགས་དང་སྐྱོན་མེད་དུ་བཅོས་ཐབས་སོགས་ཅི་འདྲ་ལྟར་དུ་བགྱི་དགོས་ཞེས་འདྲི་ཞིང་ལུས་ཅན་གྱི་ཚེ་སྲོག་འཚོ་བར་མཛད་པ་སྨན་པའི་རྒྱལ་པོ་ཁྱེད་ཀྱིས་བཤད་དུ་གསོལ་ཞེས་ཞུསཔ་དང༌། སྟོན་པ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་པར་གདམས་ནས། ཡན་ལག་གི་རྨ་འདི་ལ་གནད་དང་སྤྱིའི་རྟགས་དང༌། བཅོས་པའི་ཐབས་དང་དེས་མ་ཐུབ་ན་ལོག་གནོན་བཅས་རྣམ་པ་བཞིས་བསྟན་ནོ། །

དེ་ཡང་གནད་ནི་ཉྭ་དང༌། རྨེན་བུ་དང༌། རྩ་དང༌། རུས་པ་དང༌། ཆུ་རྒྱུས་བཅས་ལྔ་ཡོད་དེ། དེ་ལ་དང་པོ་ཡན་ལག་གི་ཉྭའི་གནད་བསྟན་པ་ལ་ནི། ཕྲག་པའི་སྟེང་དང་གཉའ་མཚམས་ཀྱི་ཉྭ་ནི་གཉའ་ཤ་ནག་པོའི་གནད་ཅེས་བྱ་སྟེ་གཉིས། སོག་པའི་མེ་ལོང་གི་སྟེང་ན་འབྲོས་ཤ་ཁྲ་བོའི་གནད་དེ་ཕར་འབྲོས་ཚུར་འབྲོས་བྱེད་པ་གཉིས། སོག་པའི་ཁ་འཁོར་ན་བྱ་བ་བྱེད་དུས་འདར་བས་འདར་ཤ་ཁུག་པའི་གནད་གཉིས། དཔུང་པའི་ཉྭ་ལ་སྤྱིར་སུལ་སྒོ་བདུན་ཡོད་དེ། གཉན་པ་ནི་དཔུང་པའི་ཚིགས་མཚམས་ནས་རང་སོར་བཞི་བཅལ་བ་ན་ལུག་གཞུག་ཅེས་བྱ་སྟེ་ལུག་གཞུག་ལྟ་བུའི་ཉྭ་གནད་གཉིས། ལག་ངར་རམ་རྗེ་ངར་གྱི་ཉྭ་ནི་ཉྭ་མོ་གདངས་ལ་བརྒྱུས་པ་འདྲ་བར་གཤིབས་པ་ལ་ཉྭ་སུལ་དགུ་དང་ལྷག་པར་ཆེ་བའི་ཉྭ་ཆེན་རྣམ་པ་གཉིས་བཅས་བཅུ་གཅིག་ཡོད་དེ། རབ་ཏུ་གཉན་པ་ནི་མཁྲིག་མའི་ཚིགས་ཀྱི་ཟུར་མཚམས་དང༌། གྲུ་མོའི་གཞུ་མཆོག་བར་ཏེ་མཁྲིག་མའི་ཚིགས་གོང་བཤད་དེ་ནས་མཁྱིད་གང་ཡར་བཅལ་བ་དང༌། གཞུ་མཆོག་སྣ་ནས་སོར་དྲུག་ལག་མགོ་ཕྱོགས་སུ་བཅལ་བ་དེའི་བར་སོར་བཞིའི་ཡུལ་དེ་ན་ཉ་སྙིང་གི་གནད་ཕྱིར་གཉིས་སོ། །ལག་མགོའི་མཐེབ་མཛུབ་ཀྱི་བར་ན་གར་ཤའི་གནད་གཉིས་ཡོད་དེ། ཉྭ་འདི་ཞུ་ན་མཛེ་འབྱུང་བར་ཡང་བྱེད་དོ། །སྨད་དུ་དཔྱིའི་ཤ་ནི་རྒྱ་གྲམ་དག་ཏུ་གནས་པ་ལས་མཁྲང་ཞིང་གྲིམ་པ་འཆང་གཟུང་ཞེས་པ་རྐེད་པའི་མིང་ཡིན་ལ། དེ་སྟེང་གི་ཤ་རྒོད་དེ་རྟ་ཤ་ཟེར་བ་དེ་གཉིས་གཉན་པའི་གནད་ཡིན་ནོ། །བརླ་ལ་སུལ་སྒོ་བཅུ་གསུམ་དར་སྦམས་པའི་སུལ་འདྲ་བར་ཡོད་དེ། རབ་ཏུ་གཉན་པ་ནི་དཔྱིའི་ཚིགས་མཚམས་ནས་བརླའི་སྒང་དྲང་པོར་སོར་གཉིས་གཞལ་བ་ན་སྒང་ཤ་དཀར་མོའི་གནད་གཉིས། པུས་མོ་ནས་ཡར་སོར་བཞིའི་མཚམས་དེ་ལ་གཉན་གོང་ཞེས་བྱ། དེ་ནས་སོར་བཞི་བཅལ་བ་ཉྭ་སྣའི་ར་གཉིས་ལ་སྦལ་པ་ནག་པོའི་གནད་གཉིས། བྱིན་ཉྭ་ནི་སུལ་མེད་པས་མདའི་སྨྱུག་མ་སྦམས་པ་འདྲ་སྟེ་རབ་ཏུ་གཉན་པ་ནི་བྱིན་པའི་དཀྱིལ་ན་ཉྭ་མང་རྣམ་པ་གསུམ་ཡོད་པ་ལས་ཤིན་ཏུ་གཉན་པ་ནི་སྲེ་ལོང་སྟེ་རྟིང་པའི་རུས་འབུར་དེའི་སྟེང་ནས་བྱིན་དཀྱིལ་དུ་མཁྱིད་གང་བཅལ་བ་ན་ཉྭ་མགོའི་གནད་གཉིས་དེ་ནས་སྒབ་ཁུང་ངོས་སོར་དྲུག་བཅལ་བ་ན་བྱིན་སྙིང་གནད་དེ་སྲན་མ་ཙམ་ཞིག་གནས་པ་ལ་ཟེར་ཡང་ཕྱག་དྲེག་མར་རིལ་མ་ཙམ་ཞིག་ཡོད་པར་བཤད་དོ། །དེ་ལྟར་ཡོངས་སུ་བསྒྲིལ་བས་ཉི་ཤུ་རྩ་གཉིས་པོ་འདི་རྣམས་སྐྲངས་པའི་གནད་དུ་བཤད་པའོ། །

རྨེན་བུའི་གནད་ནི་དཔུང་རྒྱབ་སྐྱོགས་ར་སྟེ་སོག་མགོའི་རུས་པ་དང་དཔུང་ཚིགས་ཀྱི་མཚམས་ནས་ཕྲག་གོང་དུ་སོར་བཞི་བཅལ་བ་ན་རྨེན་བུ་མགོ་སྔོན་གྱི་གནད་གཉིས་ཡོད་དོ། །ལག་པ་བརྐྱང་བསྐུམ་བྱས་ན་ཁྱི་ཁྲོས་པ་ལྟར་མཆན་ཁུང་དུ་ཉེར་ཉེར་བྱེད་པ་དེའི་སྣ་ནས་གྱེན་དུ་སོར་ལྔ་ན་དཔུང་པའི་རྨེན་བུ་སྨུག་པོ་ཞེས་བྱ་བ་གཉིས་གནས་པ་ཡིན་ཏེ། དེ་ཡང་ལུག་གཞུག་གི་སྣ་ནས་མར་ལ་སོར་བཞི་བཅལ་བ་དེ་ནའོ། །པུས་མོའི་ཕྱི་ཟུར་གྱི་ཚིགས་ཀྱི་མཚམས་ནས་ཡར་བརླའི་ཕྱི་ཟུར་དུ་མཐོ་གང་བཅལ་བ་དེ་ནའོ། །པུས་མོའི་ཕྱི་ཟུར་གྱི་ཚིགས་ཀྱི་མཚམས་ནས་ཡར་བརླའི་ཕྱི་ཟུར་དུ་མཐོ་གང་བཅལ་བ་ན་རྨེན་བུ་དཀར་པོའི་གནད་གཉིས། དེ་ནས་ཡར་ལ་སོར་གསུམ་ན་སྦྲུལ་མགོ་གདེངས་པའི་གནད་གཉིས་ཏེ། དེ་ལྟར་བཤད་པ་བརྒྱད་པོ་དེ་ནི། གློ་བུར་དུ་ལྷོག་ཐབས་སུ་སྐྲངས་པ་དང༌། སྲོག་འཕྲོག་པར་བྱེད་པའི་གནད་དོ། །

ཡན་ལག་གི་རྩ་གནད་བཤད་པ་དེ་ལའང་རླུང་རྩ་དང༌། ཁྲག་རྩ་དང༌། རླུང་ཁྲག་གཉིས་འདོམ་གྱི་རྩ་བཅས་རྣམ་པ་གསུམ་ཡོད་པ་ལས། དེ་ལ་ཞེས་པ་སྔ་ཕྱིའི་མཚམས་སྦྱོར་བའམ། ངེས་པ་བཟུང་བའི་དོན་ཏེ། དེ་ཡང་ཀླད་སྙིང་ལས་རྩ་བ་ལྟ་བུར་ཐུར་དུ་ཟུག་ཅིང་རླུང་རྒྱུ་བས་ལུས་འགུལ་བསྐྱོད་ཀྱི་བྱ་བ་བྱེད་པའི་རྩ་དཀར་ཆུ་རྩ་དྲུག་ལས་གྱེས་ནས་ཡན་ལག་ཏུ་འབྲེལ་པ་ནི། ལྟག་ཟུར་སྤུ་འཁྱིལ་འཇའ་བྱེད་ཀྱི་རྩ་དཔུང་པའི་ལུག་གཞུག་དང་ཕྱི་མཆན་བར་ན་ཆུ་རྩའི་གནད་གཉིས་དེ་ཁྲག་མི་རྒྱུ་བས་དཀར་པོ་ཆུ་རྒྱུས་ལྟར་ཡོད་པས་རྩ་དཀར་དང་ཆུ་རྩར་བཏགས་སོ། །གྲུ་མོའི་མར་ཟུར་ངོས་ཀྱི་ཚིགས་མཚམས་ནས་གཞུ་མཆོག་གི་བར་ན། རྩེ་མགོའི་རླུང་རྩ་རཏྣའི་རྩ་གཟི་བེ་རེ་སྟེ་རཏྣའི་གནད་གཉིས། པུས་མོའི་ཚིགས་མཚམས་ནས་ཡར་སོར་བཞི་གཞལ་བའི་གཉན་གོང་ན་སྡུད་ཁུངས་སྦུ་གུ་ཅན་གྱི་རྩ་བ་བཅུ་བཞི་པ་ནས་མདུན་ངོས་ཀྱི་དཔྱི་སྟེང་དོན་པའི་རུས་རྩ་སྒྱིད་བུའི་གནད་གཉིས། སྲེ་ལོང་སྟེ་རྟིང་པ་དང་ཕྱི་ལོང་རུས་འབུར་གྱི་བར་ན། སྦུ་གུ་ཅན་གྱི་རྩ་བཅུ་བཞི་པ་ནས་རྒྱབ་ངོས་གཞུག་ཐུང་དཔྱི་ལེབ་མཚམས་བརྒྱུད་པའི་རྒྱུངས་རྩའི་གནད་གཉིས། རྐང་པའི་མཐེ་བོང་གི་ཚིགས་བར་སྤུ་སྐྱེས་པ་ནི། སྦུ་གུ་ཅན་མདུན་དུ་རྒྱུ་བའི་རྒྱུས་པ་པིར་ཁ་ལྟར་ཡོད་པས་པིར་མགོའི་གནད་གཉིས། དེ་ལྟར་བཅུ་ནི་རླུང་ཁ་ཡན་དུ་འཕྱོ་བ་དང་ལུས་ཀྱི་བྱ་བ་ཉམས་པའི་གནད་དོ། །ཁྲག་རྩ་ནི་སོག་པ་མེ་ལོང་གི་འོག་ཏུ་གནས་པའི་སྔོན་བུ་གཉིས་དང་དཔུང་པའི་ཚིགས་མཚམས་ནས་ཆག་གང་ས་ན་ཨུ་ཟུར་ཁ་ལ་བསྐལ་པའི་ཁུག་པ་གཉིས། དཔུང་པའི་ནང་ངོས་ཆག་གང་ས་ན་གནས་པའི་དུང་འབུད་གཉིས་ཏེ། དྲུག་པོ་འདི་ནི་གློ་བའི་རྩ་ཡིན་པས་ནང་དུ་ཐིགས་གསོག་པས་གནད་དུ་བཞག་གོ། དཔུང་སོག་བར་གྱི་མཁྲིས་རྩ་དེ་ལས་བརྒྱུད་པའི་སྐྱོགས་རའི་ཚིགས་ཀྱི་མཚམས་ན་གསེར་གྱི་ཀ་བའི་གནད་གཉིས་ཏེ་འདིའི་རྩ་གཞུག་ནི་ལུག་གཞུག་ཕྱིའི་ལྡེབས་ལ་གནས་སོ། །དཔྱིའི་རྣག་པོ་ཆེའི་ལྡེབས་སུ་ལངས་ན་གཉེར་མ་རིང་པོ་འོང་བ་དེ་ན་མཁྲིས་རྩ་གཤའ་རིངས་གནད་གཉིས་ཡོད་དེ། དེའི་རྩ་གཞུག་བྱིན་པའི་ནང་ངོས་ཉྭ་མཚམས་ལ་གནས་ཤིང༌། མཁྲིས་རྩ་དེ་བཞི་ནི་མཁྲིས་ཚད་སྐྱེ་བའི་གནད་དོ། །ལག་པའི་གྲུ་མོའི་ཁུག་མར་ཟུར་གྱི་སྣོད་ཀ་གཉིས། གཞུ་མཆོག་ནང་ངོས་ནས་འགྲིམས་པའི་རུ་ཐུང་གཉིས། བརླའི་ནང་ལྡེབས་ཀྱི་རྩ་བོ་ཆེ་གཉིས། མཆིན་རྩ་སྨད་གསུམ་ཞེས་ཡི་གེ་ཉམས་པ་སྟེ། དེས་ན་ཁྲག་འཆོར་གྱི་རྩ་དགུ་ཡོད་པ་སོགས་སྐྱོན་དུ་མ་འཇུག་པས་གཉིས་ཁོ་ན་འཐད་ཅིང་དེ་ངོས་བཟུང་ཟུར་ཁར་བས་ཞལ་ལུང་དུ། སྨད་གསུམ་ཞེས་བྱ་བྱིན་གཞུག་གཉིས། །ཞེས་པ་ལྟར་དང་བཅས་དེ་བརྒྱད་ཆོད་ན་ཁྲག་འཆོར་བ་མི་ཆོད་པས་ཁྲག་འཆོར་གྱི་གནད་དོ། །དཔྱིའི་བརླ་སྒང་ཕྱོགས་ཀྱི་ཁ་གཟར་སྲབ་མོ་ན་མཁལ་རྩ་ན་གུ་གཉིས་དང༌། བརླའི་སྒང་མཐོ་སའི་སྟེང་གི་མཁལ་རྩ་རུས་ཞེན་གཉིས་དང༌། བརླའི་ཕྱི་སུལ་དུ་མཁལ་རྩ་རྐང་པ་འདེགས་པའི་བྱ་བ་བྱེད་པ་གཉིས་ཏེ་དྲུགབརླའི་ཕྱི་ཟུར་མཆེར་པའི་རྩ་ནག་གཉིས་ཏེ་འདི་གཉིས་ནི་དཔྱིའི་ཁ་གཟར་ནས་བརླ་སུལ་བརྒྱུད་དེ་གནས་ཤིང༌། མཁལ་རྩ་དྲུག་དང་མཆེར་རྩ་གཉིས་ཏེ་དེ་བརྒྱད་པོ་ནི་བད་ཀན་གྲང་བ་སྐྱེད་པའི་གནད་ཡིན་ཞིང༌། དེ་ལྟར་གློ་རྩ་དྲུགམཁྲིས་རྩ་བཞི། ཁྲག་འཆོར་གྱི་གནད་བརྒྱད། མཁལ་རྩ་དྲུགམཆེར་རྩ་གཉིས་ཏེ་བརྒྱད་རྣམས་བསྡོམས་པས་ཉི་ཤུ་རྩ་དྲུག་ནི་ཁྲག་རྩའི་གནད་དོ། །སྐྱེད་བྱེད་ཀྱི་རླུང་དང་བསྐྱེད་བྱའི་ཁྲག་གཉིས་ཀ་རྩ་ནང་དུ་འདོམས་པ་ལ་གཅིག་རྐྱེན་གཅིག་གིས་བྱས་ནས་ལྷན་དུ་འཕར་བའི་སྙིང་རྩ་ནི་རྐང་པའི་མཐིལ་གུང་མོའི་ཐད་ཀ་ན་བཞག་འཁྱིལ་བ་འདྲ་བ་ལ་མིང་མཐིལ་འཕྲོག་ཅེས་པའི་གནད་གཉིས་ཡོད་དེ། ཡན་ལག་བརྒྱད་པར། རྐང་པའི་མཐིལ་ན་གུང་མོ་ཡི། །ཐད་ཀ་ན་ནི་མཐིལ་འཕྲོག་པ། །གནད་ཡོད་ཅེས་ནི་རྣམ་བཤད་པ། །དེ་དབུག་གནད་ཀྱིས་འཆི་བར་འགྱུར། །ཞེས་སོ། །བོལ་གོང་གི་སྟེང་ན་མགུལ་རྩ་ནག་པོ་ཞེས་པའི་གནད་གཉིས་ཡོད་དེ། ཕྱི་རྒྱུད་དུའང༌། མཐའ་ནས་སྡུད་ཕྱིར་འཆི་རྩ་བོལ་ལ་བརྟག། ཅེས་པ་དེའོ། །ནང་ལོང་གི་རུས་འབུར་འོག་གི་ནང་ཁུང་དུ་ལྕགས་ཀྱི་སྲན་མའི་གནད་གཉིས། ལོང་ཚིགས་མཚམས་ནས་གྱེན་དུ་སོར་བཞི་བཅལ་བའི་ངར་གདོང་ཐུར་བར་གྱི་འཕར་རྩ་སྟེ་གསེར་རྩ་ཀ་གདུང་གི་གནད་གཉིས། སྒབ་ཁུང་སྟེ་སྒྱིད་ཁུང་གི་ནང་ན་སྒབ་རྩ་ནག་པོའི་གནད་གཉིས། བརླ་འདོགས་མཚམས་ཀྱི་ནང་ཁུགས་སྣེ་རྩའི་ཁུང་ན་སྙིང་རྩ་མིག་དམར་གྱི་གནད་གཉིས། ལག་མཐིལ་གྱི་སྲིན་ལག་བཀུག་པའི་འོག་ན་མྱུར་བའི་གནད་གཉིས། ལག་མཐིལ་དབུས་དང་གར་ཤའི་མཚམས་མཛོད་བུ་ཆུང་ཞེས་མཛུབ་མོ་ཆུང་གི་འོག་ན་འགུལ་རྩའི་གནད་གཉིས། རུས་པ་འབུར་པོའི་སྟེང་ན་སྨན་པས་བལྟ་བའི་བལྟ་རྩའི་གནད་གཉིས། བལྟ་རྩ་དེའི་མར་ཟུར་ཆུ་བའི་བར་ན་བླ་རྩའི་གནད་གཉིས། གྲུ་མོའི་ནང་ཁུད་དུ་ཨ་སོ་ལི་ཀའི་གནད་གཉིས། མཆན་ཁུང་གི་ནང་ན་སྙིང་རྩ་རྔུལ་འདུའི་གནད་གཉིས་ཏེ་ཉི་ཤུ་རྩ་བཞིའོ། །དེ་ལྟར་དུ་བསྟན་པའི་གནད་འདི་དག་ནི་སྲོག་རྩའི་ཡན་ལག་མགོ་མཇུག་གཉིས། གཡས་གཡོན་དུ་གཉིས་ཏེ་རྩ་བཞི་ཁུག་པར་རྒྱུས་པ་ལ་ཁུག་མཚམས་རྐང་མཐིལ་དུ་མཐིལ་འཕྲོགལག་མཐིལ་དུ་མྱུར་བ་དང་མཛུབ་ཆུང་འགུལ་རྩ། གཞན་ཕྱི་རུ་འབུར་འབུར་དུ་བྱུང་བ་རྣམས་འཕར་རྩའི་གནད་དུ་བསྟན་པ་ཡིན་ཏེ། དེ་རྣམས་ནི་སྟོད་དུ་ཚ་བ་རྒྱས་པའམ། འཆོར་ཞིང་འཆི་བའི་གནད་དོ། །

རུས་པའི་གནད་ལ་ཡང་ཚིགས་ཆེན་དང་རུས་ཕྲན་གཉིས་གཉིས་སུ་ཕྱེ་བ་ལས་ཚིགས་ཆེན་བཅུ་གཉིས་ནི་དཔྱི་གཉིས་དང༌། དཔུང་པ་གཉིས་དང༌། པུས་མོ་གཉིས། གྲུ་མོ་གཉིས། མཁྲིག་མ་གཉིས། ལོང་ཚིགས་གཉིས་ཏེ་བཅུ་གཉིས་པོ་རྣམས་ཀྱི་ཡར་མར་སོར་བཞི་བཞི་རུས་མིག་གི་ལྷ་བ་དང་བཅས་པ་རྣམས་ནི། ཚིགས་ཀྱི་ཁོང་དུ་འདུས་ཏེ་ཡོད་པས་གཉན་པ་ཡིན་ནོ། །རུས་འབུར་ལ་ལྷག་པ་དཔྱི་མིག་གཉིས་དང༌། སོག་པ་ལ་ཟླ་བ་ཚེས་པའི་དབྱིབས་མས་ཚིགས་ཁ་བཀབ། ཡས་ཀྱི་ཚིགས་པ་བརྟེན་པ་གྲི་ལྟག་གང་ཡོད་པ་རེ་རེ་སྟེ་གཉིས། པུས་ཚིགས་སྟེང་གི་ལྷ་ང་གཉིས། ལོང་བུ་གཉིས་དང༌། རྟིང་རུས་སྲེ་ལོང་གཉིས། རྐང་ལག་གི་སོར་ཚིགས་ཡན་མཁྲིག་མ་མན་གྱི་བར་སྲན་རྩེ་ཞེས་སྤྱི་ཁྱབ་དང༌། སོར་མོ་སོ་སོའི་རྐང་ལ་སྤུན་མངས་ཞེས་པ་སོར་མོའི་རྐང་སྟེ། ཁྱོན་གཅིག་ཏུ་བགྲངས་པས་རྐང་ལག་རེར་རེ་བརྩིས་པའི་བཞི་ལ་སོགས་པའི་ཁོངས་ནས་རྗེ་ངར་དང༌། ངར་གདོང་ལྷུའི་རྐང་རྣམས་ཀྱང་བསྡུས་མོད་དེ་ལྟར་བསྡོམས་པས་ཉི་ཤུ་རྩ་དྲུག་ནི་ཡུན་དུ་ན་ཞིང་སྦྱོང་བའི་གནད་དུ་བསྟན་པ་རྒྱུན་དང་འབྲེལ་ལ་སྤུན་མངས་ཆད་པ་སོགས་འདྲེན་ཚུལ་ནི་མཐའ་ཀླས་སོ། །

ཆུ་རྒྱུས་ཀྱི་གནད་ནི་སྒྱིད་ཁུང་གཉིས། གྲུ་མོ་གཉིས་དང༌། མཁྲིག་མ་གཉིས། རྟིང་པའི་ཆུ་བ་གཉིས། ཆུ་བ་སྦལ་མགོ་གཉིས་ནི། བསེ་སྒྲོམ་སྨུག་པོར། ལོང་ཚིགས་བར་མ་ཆུ་བའི་བར། །གདོང་རྩའི་གཞུག་མའི་བར་དག་ན། །གནས་པ་ཆུ་བ་སྦལ་མགོའི་མིང༌། །ཞེས་པ་དེས་བཅུའོ། །དེ་ཡང་ཆུ་བ་ནི་ལུས་དང་ཡན་ལག་སོགས་དང་ལྷན་དུ་གནས་ཚེའང་རྒྱབ་ལ་གནས་པ་དང༌། རྒྱུས་པ་ནི་མདུན་ན་གནས་ཤིང༌། འདི་བཅུ་ནི་ཞ་བ་སྟེ་འཁུམས་པ་དང༌། རེངས་པ་ནི་བསྐུམ་མི་ཤེས་པར་ཤིང་ལྟར་རེངས་པར་བྱེད་པས་ན་གནད་ཅེས་བྱ་ལ། དེའི་རྒྱུ་མཚན་ནི་གཉན་པ་དེ་དང་མ་མཐུན་མྱུར་དུ་གནོད་པའི་མཐུ་ཅན་འཁུ་ལྡོག་སྐྱེན་པ་སྟེ། ཕྱི་རོལ་དུ་ཡང་ས་གཉན་ཞེས་སོགས་དང༌། ལུས་ལ་མཚོན་ན་བཤད་རྒྱུད་དུ། གཉན་པའི་གནད་ནི་རྒྱལ་པོས་མངའ་བསྐུར་འདྲ། །ཞེས་གསུངས་པ་བཞིན་གཉན་པ་ཙམ་ལས་ལྷག་པར་གནོད་པ་མྱུར་བ་དང༌། གནད་སོ་སོའི་བྱེད་པ་ནི། དེ་ཉིད་ལས། ཤ་གནད་སྐྲངས་ཤིང་རུས་གནད་ན་ཟུག་ཆེ། །ཆུ་རྒྱུས་གནད་ནི་འཇའ་བར་བྱེད་པ་སྟེ། །རྩ་ཚིལ་དོན་སྣོད་གནད་ཀྱིས་སྲོག་འདོར་བྱེད། །འཆི་སྦྱོང་གསོ་བ་དཀའ་ཕྱིར་གནད་ཅེས་བྱ། །ཞེས་དང༌། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པར་ཡང༌། རྩ་རུས་རུས་པ་རྩ་ཆེན་དང༌། །རྩ་དང་ཚིགས་ནི་འདུས་ས་རུ། །གནད་ཅེས་བྱ་སྟེ་དེ་ནི་དཔེར། །སྲོག་ནི་ལྷག་པར་གནས་པ་ཡིན། །མང་དུ་རྣམ་པར་བསྟན་མོད་ཀྱིས། །གནད་ནི་རྣམ་པ་དྲུག་ཏུ་བརྟགསྲོག་གི་གནས་སུ་ཐུན་མོང་པས། །གནད་ནི་གཅིག་ཏུའང་གནས་པ་ཡིན། །ཞེས་པ་ལྟར་ཤེས་པར་བྱའོ། །

དེ་ཡང་གོང་བཤད་ཀྱི་གནད་ལྔ་སྤྱིའི་རབ་འབྲིང་ཐ་དབྱེ་འདི་ལྟ་སྟེ། རྩ་དང་རྨེན་བུ་ནི་རབ་ཏུ་གཉན་ཏེ་སྲོག་འཕྲོག་པའི་ཕྱིར་དང༌། ཉྭ་དང་ཚིགས་ནི་འབྲིང་དུ་གཉན་པ་ཡིན་པས་ཡུན་དུ་སྦྱོང་པའི་ཕྱིར་དང༌། དེ་དག་ལས་གཞན་པ་རྣམས་དང་ཆུ་རྒྱུས་ནི་ཐ་མར་བཤད་དེ། ཞ་རེངས་ཙམ་བྱེད་ཀྱང་འཆི་བ་ལ་ལྟོས་ན་མི་གཉན་པའི་ཕྱིར་རོ། །རྩ་ལས་ཀྱང་སྙིང་རྩ་རབ་ཏུ་གཉན་པ་སྟེ་གྲེ་མོའི་ཁུག་མཚམས་ཨ་སོ་གཉིས། རྐང་མཐིལ་དུ་མཐིལ་འཕྲོག་གཉིས་དང༌། ལག་མཐིལ་དུ་མྱུར་བ་དང༌། མཛོད་བུ་ཆུང་གི་མགུལ་རྩ་རྣམས་འཆི་བའི་གནད་དང༌། གཞན་མཁྲིས་རྩ་དང་རླུང་རྩ་འཚོ་ཡང་སྲིད་ལ་འཆི་མི་ནུས་པས་འབྲིང་ཡིན་ཞིང༌། གཞན་རྣམས་ཐ་མ་སྟེ་མི་གཉན་པ་དང༌། ཉྭ་ལས་དབྱེ་ན་བྱིན་སྙིང་སྦལ་ནག་རབ་ཏུ་གཉན་པ་ཡིན་ཏེ་འཆི་བ་དང༌། བརླ་ཤ་འབྲིང་ཡིན་ཏེ་སྦྱོང་པའི་གནད། ཉྭ་ཤ་ཐ་མར་བཤད་པ་དང༌། ཚིགས་ལ་པུས་མོ་དང་དཔུང་པ་ཕལ་ཆེར་འཆི་བ་མང་བས་རབ་ཏུ་གཉན་ཞིང༌། དཔྱི་དང་གྲུ་མོ་གཉིས་འབྲིང་ཡིན་ཏེ་སྦྱོང་བ་དང་ཚིགས་གཞན་ཐ་མ་སྟེ་འཆི་མི་ནུས་སོ། །རུས་ལྷག་ནི་ལོང་བུ་དང་སྲེ་ལོང་གཉིས་རབ་ཏུ་གཉན་ཞིང༌། དཔྱི་དང་སོག་པ་འབྲིང་ཡིན་ལ། གཞན་དག་གསོ་སླ་བས་ཐ་མའོ། །ཆུ་རྒྱུས་ནི་སྒྱིད་ཆུ་བཅོས་དཀའ་བའི་རབ་ཏུ་གཉན་པ་ཡིན་ཏེ་བཅོས་དཀའ་བ་དང༌། གྲུ་མོ་འབྲིང་ཡིན་ཞིང༌། ཆུ་བ་གཞན་མཐའ་དག་ཐ་མར་བཤད་པའོ། །དེ་ཡང་སྤྱིར་རྟེན་ལུས་འདི་ངོ་བོ་ཡེ་ཤེས་ཀྱི་རང་རྩལ་རྣམ་པ་འབྱུང་བ་ལྔ་ལས་གྲུབ་ཅིང༌། དེ་ལ་བརྟེན་པའི་ནད་ཀྱང་འབྱུང་བ་ལྔའི་མཚན་ཉིད་འཛིན་པས་གང་དུ་འབྱུང་བ་གཅིག་ཡོད་པ་དེར་ལྔ་ག་འཚོག་དགོས་ནའང་ཤས་ཆེ་ཆུང་གི་དབང་གིས་རླུང་གི་ངོ་བོ་གྲང་ཡང་བྱེད་ལས་ཐམས་ཅད་ལ་ཁྱབ་པ་ཟུང་འཇུག་མེ་ལས་ཁྲག་མཁྲིས་པ་ཆུ་ལས་བད་ཀན་ནམ་མཁའ་སྤྱིའི་སྒོ་འབྱེད་ཡིན་པའི་ངེས་པས་བཅོས་ཀྱང་མཚན་ཉིད་འཛིན་པས་ན་ཚིགས་དང༌། ཆུ་རྒྱུས་དང༌། ཆུ་རྩ་རྣམས་ནི་རླུང་ཤས་ཆེ་བའི་རླུང་གི་གནད་དེ་འཆི་སྦྱོང་རླུང་གིས་བྱེད་པ་ཤས་ཆེ་བས་རྟགས་བཅོས་ཀྱང་དེ་མཐུན་དགོས་སོ། །དེ་བཞིན་དུ་གློ་རྩ། སྙིང་རྩ། མཁྲིས་རྩ་རྣམས་ནི་མཁྲིས་པའི་གནད་དུ་བཤད་པའོ། །རྩ་བོ་ཆེ་དང་མཆིན་རྩ་རྣམས་ནི་ཁྲག་གི་གནད་དོ། །མཆེར་རྩ་དང༌། མཁལ་རྩ་དང༌། ཉྭ་རྨེན་རྣམས་ནི་བད་ཀན་གྱི་གནད་དོ། །རླུང་གནད་ལ་རླུང་འཕྱོ། མཁྲིས་གནད་ལ་དོན་སྣོད་རང་རང་ལ་སྟོད་དུ་ཚ་བ་སྐྱེ། ཁྲག་གནད་ལ་ཁྲག་འཆོར་ཁྲག་ཚད་སྐྱེ། བད་ཀན་གྱི་གནད་ལ་འཚོ་བུལ་གྲང་འབྱམས་སུ་འགྱུར་ཏེ། དེ་ལྟར་དུ་གནད་ཀྱི་གནས་ལུགས་རབ་འབྲིང་མཐའི་ཁྱད་པར་ནད་གཞི་ཤས་ཆེ་ཆུང་མ་འདྲེས་པར་ཤེས་པས། དེ་ཡང་ཚུལ་ཇི་ལྟར་ཤེས་དགོས་ན་རབ་ཏུ་གཉན་པ་རྣམས་ཀྱིས་འཆི་བ་དང༌། འབྲིང་གིས་ཡུན་དུ་སྦྱོང་བ་དང༌། ཐ་མས་གསོ་སླ་བ་དང་ཞ་རེངས་སོགས་འདི་དང་འདི་འོང་གི་ཁ་དམར་ཐོགས་སོ་ཞེས་གསུངས་པ་ལྟར་དུ་འདོགས་དགོས་ཤིང༌། གོང་དུ་བཤད་པ་ལས་གཞན་པའི་གནད་ཀྱང༌། ཡན་ལག་བརྒྱད་པར། གོང་དུ་མནན་ན་ཤིན་ཏུ་འགུལ། །རབ་ན་དེ་གནད་ཡིན་ཞེས་བྱ། །ཞེས་གསུངས་པ་ཡང་ཤུགས་ལས་ངེས་པར་བཟུང་ངོ༌། །

གཉིས་པ་གནད་ཀྱི་རིགས་ཀྱི་སྤྱི་ལ་ཁྱབ་པའི་རྟགས་བསྟན་པ་ནི། སྤྱི་རུ་མོད་ལ་ཞེས་ཕོག་མ་ཐག་གཉན་ཕོག་པ་ལྟར་ལྷོག་ཐབས་སུ་སྐྲངས་པ་མྱུར་བའམ། ཟུག་གཟེར་ཆེའམ་རྡོས་བུ་བཅུག་པ་ནི་ཉ་དང་རི་དྭགས་རྒྱར་ཚུད་པ་ལྟར་འགུལ་མི་ཤེས་པ་དང་འདྲ་བ་དང༌། མེ་ལྟར་ལྷབ་ཀྱིས་འབར་རམ། ཆུ་ལྟར་དུ་བསིལ་བ་སྟེ་ཞེས་པ་ལྷག་མ་ཅན་ཏེ། མདོར་ན་དེར་མ་ཟད་ལུས་ནི་གནད་ལ་ཕེབས་པར་བྱེད་ཅེས་པ་ཉམ་ཐག་ཅིང་བྱ་ཐབས་ཟད་པ་དེ་དག་གསོ་བར་དཀའ་ལ་འཆི་ཡང་སྲིད་པ་ཡིན་ནོ། །

ཁྱད་པར་དུ་ཉྭ་གནད་རྣམས་ལ་མཚོན་ཕོག་ན་མོད་ལ་ཞེས་ཕོག་འཕྲལ་དུ་སྐྲངས་ཤིང༌། རྨ་ཆས་ཚན་མོ་སྟེ་དྲོད་ཅན་ཕན་ཞིང་ཁ་དོག་སྨུག་ནག་དང༌། སྔོ་ཁྲ་དང༌། དམར་ཁྲ་དང༌། མེ་ལྕེ་རིས་སོགས་དང༌། ཟུག་ཆེ་ཞིང་རྡོ་ལྟར་སྲ་ལ་རེག་ན་མི་བཟོད་པ་སྙམ་བྱེད་པ་དང༌། རྣག་མདོག་དམར་ལ་ཚིགས་མ་ཅན་འབྱུང་ཞིང༌། སྐད་ཀྱི་གདངས་ཞན་ཞིང་།

རྨེན་བུ་རྣམ་བརྒྱད་བཞར་ན་བཅོས་སུ་མེད་དོ། །བཙན་བརྡུངས་ཏེ་གློ་བུར་དུ་བཅར་བའམ། ཐེམས་པས་མོད་དུ་ལྷོག་ཐབས་སུ་སྐྲངས་པ་དང༌། ཟུག་ཆེ་ཞིང་ཚ་བ་སྐྱེ་ལ་སྨྲ་བའི་དབུགས་ངག་ཐུང་ཞིང༌། ཉྭ་སྒང་ནས་ཆུ་སེར་འཛག་ཅིང་དྲི་མི་ཞིམ་པའོ། །

རླུང་གི་རྩ་རྣམས་ལ་མཚོན་ཕོག་ན་སེམས་འཕྱོ་འདར་བྱེད་ཅིང༌། མིག་རྩ་རིག་རིག་པོར་རྒོད་ཅིང་གཡལ་དང་སྐྱིགས་བུ་འབྱུང་བ་དང༌། གཉིད་ཆུང་ཞིང་ཁ་མིག་ཡོ་ལ་བྱ་བ་ལོག་པ་སྟེ། གཡས་ལ་ཕོག་ན་གཡོན་སྐྲངས། སྟོད་དུ་ཕོག་ན་སྨད་སྐྲངས་སོགས་གོ་ལོག་གི་སྐྲངས་པ་དང༌། ཁྱད་པར་ཅན་དུ་ལུག་གཞུག་ཆུ་རྩ་ཆོད་པར་གྱུར་ན་ནི། ལག་པ་བཤལ་སྦྲིད་བྱེད་ཅིང་བྱ་བ་ཉམས་པས་བརྐྱང་བསྐུམ་སོགས་མི་ཐུབ་པར་འགྱུར་རོ། །རླུང་རྩ་རཏྣ་ལ་ནི་དགོང་དང༌། ཐོ་རངས་ཀྱི་དུས་སུ་ན་བ་དང༌། དངངས་ཤིང་གཡལ་བ་དང་སྐྱིགས་བུ་བཏུད་ནས་འོང་ངོ༌། །རུས་རྩ་སྒྱེད་བུ་ལ་ནི་དངངས་ཤིང༌། གོང་བཤད་ལྟར་ལྷོག་ཐབས་སུ་བྱུར་བུར་སྐྲངས་པ་དང༌། རྐྱལ་པ་རླུང་གིས་བུས་པ་འདྲ་བ་ནི་བརླ་སྒང་དུ་སྐྲངས་པ་དང༌། མགོ་ན་ལ་བླ་འཆོལ་སྨྲ་བ་འོང༌། རྒྱུངས་རྩ་ལ་ནི་ལྟག་པ་དགྱེ་ཞིང་སོ་འཐམ་པ་སྟེ། ཁ་འགྲིག་ཅིང་དྲི་ཆུ་སྡོམ་པ་དང༌། པིར་མགོ་ནི་དངངས་ཤིང་འདར་ལ་ཟུག་ཆེ་ཞིང༌། ནང་དུ་རླུང་སེམས་རྩ་རྣམས་སུ་རྒྱུ་བ་ལས་པིར་མགོ་བསྣད་པར་རླུང་སེམས་འདུས་པའི་རྟེན་འབྲེལ་ལས། ཕྱི་རོལ་དུ་གཡང་ལ་ལྷུང་བ་དང་ཆུས་ཁྱེར་བ་རྨིའོ། །

གློ་རྩ་སྔོན་བུ་ལ་ནི་ངམ་ནག་ཅིང་སྐྱིགས་བུས་འདེབས་པ་དང༌། འདར་ཞིང་དངངས་ལ་གློ་མང་དུ་ལུ་བ་དང་ཚ་བ་སྐྱེའོ། །གློ་རྩ་ཁུག་པ་ལ་ནི་སོག་པ་དང༌། ཕྲག་པ་ཟུག་གིས་གཟེར་བ་དང༌། མགོ་ན་ཞིང་དཔུང་པ་བཤལ་ལ་མཇིང་པ་ལྷག་པར་རེངས་པ་འབྱུང་ངོ༌། །དུང་འབུད་ལ་ནི་ལུད་པ་གསོག་ཅིང་གཟེར་བར་བྱེད་ལ་དབྱུག་པ་བུས་པ་ལྟར་སྐྲངས་འོང་ངོ༌། །རྐང་པ་དང་ལག་པའི་མཁྲིས་རྩ་བཞི་པོ་གང་ལ་ཉེན་བྱུང་ཡང་མགོ་ན་ཞིང་མིག་ཆུ་མང་ལ་རྨའི་ཁ་དང་བཞིན་ཏེ། གདོང་པ་རྣམས་སེར་བ་དང༌། ཁ་ཁ་ཞིང་དང་ག་མི་བདེ་ལ་སྐོམ་དད་ཆེ་བ་དང༌། ལུས་པོ་ལྕི་ཞིང་རྨ་ཆས་ཚན་མོ་ཉེ་ཐབས་མེད་པ་སྟེ་མི་འཕྲོད་དོ། །བརླ་ནང་གི་རྩ་ཆེན་ཆོད་ན་ནི། ཁྲག་མི་ཐུབ་ཅིང་ཆུ་ལ་རྩི་བ་དང་འཐུང་འདོད་པའི་དད་པ་ཆེ་ལ། སྨད་འཕྱེས་ཞེས་སྦྲིད་ཅིང་ཞ་བ་ལྟར་རྐང་པ་འདྲུད་ལ་ཁོང་པ་འཁྲོག་གོ། མཆིན་རྩ་ལ་ནི་མོད་ལ་ཁྲག་མི་ཐུབ་པར་བྱེད་ལ་སྨད་ལྕི་ཞིང༌། སྒྲེག་པ་དང༌། སྐྱུགས་པ་དང༌། ཁྲག་རུལ་དྲི་མ་ཅན་འཛག་པའོ། །སྣོད་ཀ་དང་རུ་ཐུང་ལ་ནི་ཁྲག་ཆོད་པ་དཀའ་བར་འགྱུར་རོ། །མཁལ་རྩ་ལ་ནི་རྨ་ཆས་གྲང་མོ་མི་འཕྲོད་པས་ཉེ་ཐབས་མེད་ཅིང༌། སྨད་འཕྱེས་ཞ་བ་དང༌། རྐང་པ་གཉིས་བཤལ་སྦྲིད་བྱེད་ལ་དཔྱི་མིག་ཟུག་པ་དང༌། ཆུ་སྲི་ཞིང་རྣ་བ་འོན་ལ་ཕྲུམ་སེར་ཁྱེར་བ་ཞེས་གྲང་ཤུམ་བྱེད་དོ། །མཆེར་རྩ་ལ་ནི་ཁོང་སྦོ་ཞིང༌། སྒྲེག་པ་ཡོད་ལ་རླན་ཅན་ཉེ་ཐབས་མེད་པ་དང༌། ཁྲག་རུལ་དྲི་ཆེན་ནག་པོ་འཛག་ཅིང་གོང་བཤད་ལྟར་སྨད་འཕྱེས་ཤིང་རྒྱུ་ལོང་འཁྲོག་པ་དང༌། མགོ་བོ་ན་ལ་ལུས་ལྕི་ཞིང༌། གདོང་པ་ངམ་ནག་ལ་ཚ་བ་སྐྱེའོ། །

སྙིང་གི་འཕར་རྩ་གང་ཆོད་པར་གྱུར་ཀྱང་ཁྲག་མི་ཐུབ་ཅིང༌། གདོང་པའི་མདངས་སེར་ལ་གཡལ་མང་ཞིང༌། དྲན་མེད་དུ་བརྒྱལ་བལྟར་འབོག་ཚུལ་སྟོན། བཙན་བརྡུངས་ཏེ་བཅར་བའམ། ཐེམས་པས་གློ་བུར་དུ་སྐྲངས་པ་དམར་ལ་རྩ་རྒྱུད་ཁྲིད་ཅིང་ན་བ་དང༌། ཁྲག་མི་འབབ་པར་རྨ་འཁྱིམས་ཏེ་རྩ་ཁ་ནས་ཁྲག་མི་འབུད་ཅིང་རྩ་རྒྱུད་གཞན་དུ་འབྱེར་འགྲོ་སྟེ་ཞག་གསུམ་ལོན་པ་ནས་ཚ་བ་སྟོད་དུ་འཆོར་ཞིང་མགོ་ན་བ་དང༌། ཕྲུམ་སེར་ཁྱེར་བ་སྟེ་གྲང་ཤུམ་བྱེད་ལ་མིག་རྩ་གྲུང་བས་རིག་རིག་པོ་དང༌། སྣ་སྐམ་པ་དང༌། ལྕེ་རྩ་སྔོ་ལ་སོ་དྲེག་ཆགས་པ་དང༌། དབུགས་སྣ་ཐུང་ལ་གློ་སྙིང་མི་བདེ་སྙམ་བྱེད་ཅིང་སྐོམ་དད་ཆེའོ། །ཁྱད་པར་མཐིལ་འཕྲོག་དང་མྱུར་བ་གཉིས་ལ་ནི་སྟོང་སྐྱུགས་བྱེད་པ་དང༌། མགོ་བོ་ན་ཞིང་དངངས་ལ་འདར་བ་དང་ཟུག་ཆེ་ལ་སྙིང་ག་གཟེར་རོ། །བལྟ་རྩ་དང་བླ་རྩ་ལ་ནི་གོང་མ་དེ་བཞིན་གྱི་སྟེང་དུ་ནུབ་མོ་གཉིད་མེད་ཅིང་ཉིན་མོ་བྱིང་ངོ༌། །ཨ་སོ་དང་རྔུལ་འདུ་གཉིས་པོ་ལ་ནི་མགོ་བོ་ན་ལ་གློ་སྙིང་འདར་བ་དང༌། ཕོ་བ་མི་བདེ་ལ་སྐྱུག་ཅིང་བླ་འཆོལ་དུ་སྨྲ་བའོ། །སྙིང་རྩ་མིག་དམར་ལ་ཕོག་ན་སྙིང་སྤྲུག་ཅིང་རྐང་པ་འདར་བ་དང༌། སྒབ་ཁུང་གི་སྙིང་རྩ་ནག་པོ་ལ་ཞག་གསུམ་ནས་ཁྲག་འཆོར་ཞིང་བདུན་ནས་སྐྲངས་པར་བྱེད་དོ། །ཀ་གདུང་ལ་ནི་ཞག་དགུ་ནས་ཁྲག་འཆོར་ལ་སྐྱིགས་བུ་འབྱུང་བ་དང༌། མགུལ་རྩ་ལ་ནི་བྱིན་པ་རེངས་ལ་སྐྱུག་ཅིང་སོར་མོ་འཁུམས་འགྲོའོ། །

ཚིགས་ཀྱི་གནད་ལ་ནི་མདེའུ་མི་དམ་པས་ཕྱིར་གདོན་པ་སླ་ཞིང་ཞག་གསུམ་གྱི་ནང་དུ་རྨ་ནས་ཚིགས་ཆུ་ལྡུགས་ཤིང་བརྐྱང་བ་དང་བསྐུམ་པ་མི་ཤེས་ཤིང༌། ཟུག་ཆེ་ལ་ཁ་དང་ལྕེ་སྐམ་པ་དང༌། མགོ་བོ་ན་ལ་སྒྱིད་པ་སྐྱུར་བ་སྟེ་སྙོམ་ལས་ཆེ་ལ་སྟོང་སྐྱུགས་བྱེད་དོ། །ལོང་བུའི་ཚིགས་ལ་ཕོག་ན་ཞག་བཅོ་ལྔ་དང་བཅུ་དགུའི་ཚོད་ལ་མདོག་སྣུམ་ཞིང་ལུས་འདར་བ་དང༌། རྔུལ་འབྱུང་ཞིང་ཤེས་པ་མི་འདྲ་བར་འགྱུར་བ་དང༌། ཟུག་གཟེར་ཆེ་ན་བཅོས་སུ་མཁས་ཀྱང་ཐུབ་པར་མི་འགྱུར་རོ། །སྲེ་ལོང་ལ་ནི་ཞག་གསུམ་ན་སྒལ་པའི་བཤུལ་ཤ་རེངས་ཏེ་ལྟག་པ་དགྱེ་ཞིང་ལུས་རེངས་ལ་སོ་འཐམ་ཞིང་གླང་ཐབས་དག་ཏུ་ན་བ་འབྱུང་བས་དེ་ནི་ཞག་པོ་བདུན་དང་དགུ་ལས་ཚེའི་ཚད་མེད་དེ་འཆིའོ། །དཔྱི་དང་སོག་པ་དང་ལྷ་ང་དང་གོང་བཤད་ཀྱི་སྲན་རྩེ་རྣམས་ནི་ཟུག་ཆེ་ལ་སྐྲངས་ཤིང་རྣག་ཐག་རིང་བའམ་ཆོད་དཀའ་བར་འགྱུར་ཞིང་ཁྱད་པར་སྐྱོགས་ལ་ཕོག་ན་ལག་པའི་དྲོད་འཆོར་ཞིང་མཚོ་ལ་ཕོག་ན་སྐྱིགས་བུ་འོང་ངོ༌། །རྐང་ནང་བརྡོལ་ནས་རྐང་མར་དུ་སླེབ་ན་ཟུག་རྔུ་སྟེ་མདེའུ་བྱ་འདས་པས་ཕྱི་རུས་ཀྱིས་བསྡམས་ནས་གདོན་པ་དཀའ་སྟེ་དེ་ཡང་སྤྱིར་མདའ་ནི་བར་སྣང་ལ་འཁོར་ཞིང་འགྲོ་བས་འདོན་དུས་ཀྱང་ལུས་ལ་ཕོག་དུས་ཀྱི་འདུག་ལུགས་གང་ཡོད་ལྟར་ལ་གདོན་པ་དང༌། རྐང་མགོའི་ཁྲག་བཅས་ཀྱི་ལྷ་བ་ནག་པོའི་རུས་པ་རྣམས་ཕུག་ན་རུས་པ་ཚ་བམ་བྱེད་པར་འགྱུར་རོ། །

ཆུ་རྒྱུས་པ་བཅད་ན་ནི་རེངས་པར་འགྱུར་ཞིང་རྨ་ཁ་གཏིང་དུ་ནུབ་འགྲོ་བ་དང༌། ཕུག་གམ་གཤགས་ན་རྣག་ཆུ་རྩིགས་མ་ཅན་འབྱུང་ཞིང་རྨའི་ཁ་བྱེའུའི་འཕོངས་ལྟར་འོང་ངོ༌། །

གསུམ་པ་དེ་དག་རྣམས་བཅོས་པའི་ཐབས་ལ་མི་འདྲ་བ་རྣམ་པ་དྲུག་ལས་ཉེས་བྱེད་ཀྱི་དུས་དང་སྦྱར་ཏེ་བཅོས་པ་དང༌། ཕོག་སའི་གནས་གང་ཡིན་འདི་དང་སྦྱར་ཏེ་བཅོས་པ་དང༌། རིམ་པ་ཤུགས་ཆེ་ཆུང་དང་སྦྱར་ཏེ་བཅོས་པ་དང༌། དུས་གསུམ་གྱི་དཔེ་དང་སྦྱར་ཏེ་བཅོས་པ་དང༌། གཉན་པའི་གནད་དང་སྦྱར་ཏེ་བཅོས་པ་དང༌། མན་ངག་སྐབས་དང་སྦྱར་ཏེ་གང་འཚམ་དུ་བཅོས་པའོ། །

དང་པོ་ཉེས་པར་བྱེད་པའི་ཁྲག་ཆུ་སེར་རྣག་གི་དུས་དང་སྦྱར་བ་ནི། དང་པོར་མཚོན་ཕོག་འཕྲལ་ཞག་བདུན་ནི་ནད་ཞུགས་པ་ཁྲག་གི་དུས་ཡིན་པས་ལྟོ་དགུག་དགོས་ཏེ། དེ་ཡང་དར་མ་མཁྲིས་ཤས་ཆེ་བ་ལ་ཞག་ལྔ་དགུག་པ་དང༌། བྱིས་པ་བད་ཀན་ཆེ་བ་ལ་ཞག་གསུམ་དང༌། སྟེ་ཞེས་པ་འདྲེན་ཚིག་དང་རྒས་སམ་རླུང་ཁམས་ཅན་ལ་ནི་ཞག་གཅིག་གོ་ཞེས་པ་དེ་ལྟར་གྱི་ཞག་གྲངས་སྨྱུང་བར་གནས་དགོས་ཤིང༌། ཁ་ཅིག་འདི་ལ་ཕག་ཁ་ཞེས་ཀྱང་གྲགས་པ་སྟེ་ཕག་ལ་རྨ་བྱུང་ན་རང་གཤིས་ཀྱིས་ཟས་མི་ཟ་བ་ལ་དཔེ་བྱས་པའི་གཏམ་དུ་སྣང་བ་ལྟར། དེས་སྐྲངས་པ་མི་རྒྱས་ལ་ཁྲག་མི་སྐྱེ་ཞིང་ནད་ཟུག་ཆུང་བ་དང་གནད་ལ་མི་ཉེ་ན་ཁྲག་འབྱོར་བྱེད་དོ། །རྨའི་ཆས་སུ་སྦང་མ་བཟང་པོ་ཆུས་མ་བསིངས་པ་ལེགས་པར་བསྲོས་ལ་དེ་ལ་ཞོས་ཁ་ཕྲུ་བཏབ་པར་བྱས་ལ་དཀྲི་ཞིང་རྩའམ་ཡང་ན་ཚིགས་པ་ལ་ཕོག་ན་དེ་སྟེང་རྒྱ་སྐྱེགས་བསྣན་དགོས་སོ། །ཡང་ན་སྦང་གླུམ་ཞིམ་པོ་དང་མཁན་པ་སྦྱར་བ་བསྲེས་ལ་ལྕམ་འབྲུམ་དང་ཕབས་དང་གཡེར་མ་བཅས་པའི་ཐལ་གྱིས་ཞེས་ཕྱེ་མས་བྲན་པར་ཞོའི་ཁ་ཕྲུ་བཏབ་པར་བྱས་ལ་ནོན་པར་དཀྲི་ཞིང༌། དེ་ལྟར་བྱས་པས་རྨ་ལ་འཕྲོད་པར་གྱུར་ན་མ་སོས་ཀྱི་བར་དུ་དེ་དག་ཤིས་པ་ཞེས་ཕན་པ་ཡིན་ཏེ་དཀྲི་བར་བྱའོ། །དེས་མ་ཐུབ་པར་སྐྲངས་སྲིད་ན་དམར་པོའི་སྦྱོར་བ་བྱ་བ་ནི། བཙོད་དང་ཞུ་མཁན་དང་རམས་དང་ཚོས་དང་རྡོ་དྲེག་དམར་པོས་མནན་ནོ། །བར་དུ་ཞག་བདུན་རྒྱས་པ་ནི་ཆུ་སེར་གྱི་དུས་ཡིན་པས་ཤ་ལ་སྐྲངས་ཤོར་བར་གྱུར་ན་སྦང་མ་ཆུས་མ་བསིངས་པའི་གར་པོ་དང༌། བག་ཕྱེ་དང་འབྲུ་མར་གསུམ་ལ་སྒ་གཡེར་སོགས་སྤོད་བཏབ་པའི་ཨ་ས་ཟན་དྲོན་གྱིས་བདུག་གོ། དེས་ཀྱང་མ་ཐུབ་ན་སེར་པོའི་སྦྱོར་བས་གདུལ་བ་ནི་འདི་ལྟར་དུ་བྱ་དགོས་ཏེ། ཡུང་སྐྱེར་དང༌། ཆུ་རྩ་ཞུ་མཁན། ནས་མ་བརྔོས་པའི་རྗེན་ཕྱེ་ཞོ་སོགས་དང་སྦྱར་བའི་སྨན་གྱི་ཞུན་དང༌། ནན་ནི་སྦྱོར་ལུགས་འོག་ཏུ། གང་ཡང་ནན་དུ་ཞེས་པ་ནས། དཀྲིས་མས་དཀྲི་བར་བྱ་ཞེས་པའི་བར་རྟོགས་པར་བྱ་ལ་གང་འཕྲོད་སྐྲངས་ལ་དྲིས་ནས་སྐྲངས་ན་ཞུན་དང༌། བྱེར་སྦོས་ལ་ནན་བྱའོ། །ཡང་ན་ཡུང་བ་དང་སྐྱེར་པ་ཆུ་རྩ་དང༌། ཞུ་མཁན་དང༌། བ་བླ། ལྡོང་རོས་སོགས་ཀྱི་ཞུན་ནམ་ནན་བྱ་ཞིང༌། དེས་ཀྱང་མ་ཐུབ་ན་ཁྲ་བོའི་རྨ་ཆས་ཀྱིས་གདུལ་དགོས་པ་ནི་ཡུང་སྐྱེར་དང༌། ཆུ་རྩ་བཙོད་ཞུན་ཕོ་ཚོས་ཏེ་རྒྱ་སྐྱེགས་དང་རམས་དང་སོ་ཐོག་ཅེས་མགར་བས་སོལ་མེར་ལྕགས་ཀྱི་ལས་བྱས་པ་ལས་བྱུང་བའི་ལྕགས་སྐྱག་དང་ཝ་སྤྱང་གོང་མོ་དང་སྦྲེའི་བྲུན་དང༌། རི་བོང་རིལ་མ་བཅས་པའི་ཞུན་དུ་སྦྱོར་བ་དང་ནན་དུ་སྦྱོར་ལུགས་འོག་ཏུ་གསལ་བ་ལྟར་བྱ་ལ་གང་འཕྲོད་སྦྱར་རོ། །ཡང་ན་ཝ་དང་སྤྱང་ཀི་རི་བོང་གོང་མོ་བཅས་པའི་བྲུན་དང༌། བྲག་དང་ཁང་རྙིང་སོགས་ཀྱི་ལྡེབས་སུ་ཆགས་པའི་སྤང་རྩ་འདྲ་བའི་གྲོག་ཞིང་དེའི་ཐལ་བ་དང༌། སོ་ཐོག་གམ་ལྕགས་སྐྱག་དང་གྲོག་མའི་ཚང་གི་ས་དང༌། ས་ཞག་ཅེས་ཆུ་འཁྱིལ་ཤུལ་གྱི་ས་དང༌། བཙོད། རམས། ཞུ་མཁན། རྒྱ་སྐྱེགས་དང༌། ཡུང་བ་དང༌། སྐྱེར་པ་དང༌། ཆུ་རྩ་དང༌། སྦང་གླུམ་གར་པོ་དང༌། རྗེན་ཕྱེ་སྟེ་ནས་མ་བརྔོས་པའི་ཕྱེ་སྦྱར་བ་འཚོས་པར་བཅོས་ལ་སྐྲངས་པའི་ཁ་ནོན་པར་བཏང་ངོ༌། །དེ་རྣམས་ཅི་བྱས་ཀྱང་མ་ཐུབ་ན་ནག་པོའི་ལུམས་ཀྱིས་གདུལ་བར་བྱ་སྟེ། དེ་ལ་ཁྱི་ལུད་དང༌། རེ་ལྕགསྤྱང་ཚེར་གྱི་རྩ་བ་དང༌། དུག་གསུམ་ནི་བཙན་དུག་སེར་པོ། བོང་དུག་དཀར་པོ། ར་དུག་སྔོན་པོ་སྟེ་མེ་ཏོག་གིས་དབྱེ་བ་དང༌། ཝ་སྤྱང་རི་བོང་གོང་མོ་བཅས་པའི་བྲུན་བཞི་དང༌། རྒྱ་སྐྱེགས། གུ་གུལ་རྣམས་དང༌། ནས་མ་བརྔོས་པའི་རྗེན་ཕྱེ་དང་མར་ནག་སོགས་སྦྱར་བ་བཙོས་པའི་ཞུན་དུ་གཞུག་ཅིང་གང་རྒྱས་ཀྱི་རྩ་ལ་གཏར་ཞིང༌། ཁོང་པ་ནས་ཕྱི་རྒྱུད་ལྟར་དེད་དཔོན་བཅུའམ་བཞི་ལ་སྤོས་དཀར་ཐལ་ཀ་རྡོ་རྗེ་སོ་མ་ར་བཅས་བསྡེབས་པས་སྦྱང་ལ་ཐུལ་རྟགས་སུ་སྐྲངས་པའི་མདོག་ཤོར་བའི་ཅུང་ཟད་སྐྱ་ཉམས་དང༌། ཟུག་བྲི་ཞིང་གཉེར་ཆུང་འབྱུང་ངམ་རྣག་ཏུ་ཁུགས་པ་འབྱུང་ངོ༌། །ཡང་ན་རྣག་མེད་ཅིང་སྐྲངས་པའི་མདོག་སྔོ་སྐྱར་གྱུར་ལ་ན་ཚ་ཆེ་ན། ཀླད་རུལ་ཚ་དང་སྦྱར་ལ་སྐྲངས་པོ་ཀུན་ཁྱབ་པར་བྱུག་ཅིང༌། དེ་སྟེང་མཁན་པ་དང༌། སྦང་མ་དང༌། ལྕམ་འབྲུ། གཡེར་མ། ཕབས་རྣམས་ཀྱིས་འཇིབས་སུ་གཞུགཡང་ན་ཚོས་དང༌། བཙོད། ཞུ་མཁན། སྒ་པི་ཕོ་སྟེ་ཚ་བ་གསུམ་སྦང་གླུམ་གར་པོ་དང་སྦྱར་ལ་རྩེ་འཇམ་སྟེ་དྲོད་ཅུང་ཟད་ཡོད་པ་ཁྱབ་པར་བྱུག་ཅིང་ཚ་ལ་དྲོད་ཆེ་བར་སྐྲངས་པ་ལ་བསིལ་བའི་སྔོ་ཐམས་ཅད་བསྡུས་པའི་ཞུན་གྱི་སྦྱོར་བ་ཤིས་སོ། །ཐ་མ་ཞག་བདུན་ནི་སྨིན་པ་རྣག་གི་དུས་ཡིན་པས་ན་འདི་ལ་ཡང་རྣག་ཏུ་འགྲོ་རྟགས། གཡོས་རྟགས། སྨིན་རྟགས། བྱེར་རྟགས། བཅོས་དབུག་ཐབས་སོགས་ལས་རྣག་ཏུ་འགྲོ་བའི་རྟགས་སུ་སྐྲངས་པའི་མདོག་གཞན་དུ་མི་འགྱུར་བ་དང༌། འཕར་ཞིབ་སྟེ་འཕེལ་འགྲིབ་མི་བྱེད་པ་དང་བརྟན་ཞིང་སྲ་ལ་ཀྲེབ་བོ། །དེ་རྗེས་རྣག་གཡོས་པའི་རྟགས་སུ་སྐྲངས་མདོག་དམར་ལ་དངས་ཞེས་གསལ་བ་དང༌། རྐྱལ་པ་དབུགས་ཀྱིས་བུས་པ་ལྟར་མཐའ་དབུས་མེད་པར་བརྒྱངས་ཤིང༌། ཉི་མ་སོགས་ཀྱིས་དྲོས་ཚེ་གས་པ་ལྟར་ཚ་འཁྱུག་བྱེད་ཅིང༌། རེག་པར་མི་བཟོད་པའི་སྐད་ངན་འཆོར་བ་དང༌། ལས་སྙོམ་པ་སྟེ་གང་ཡང་བྱེད་མི་འདོད་ལ་ཉམ་ཆུང་ཞིང༌། གཉིད་མེད་ཅིང་ཁ་སླ་ལ་དང་ག་འགག་པར་འགྱུར་རོ། །དེ་ནས་རྣག་ཏུ་སྨིན་ནས་ནི་རྟགས་སུ་མིག་སྤྲིན་སེར་བ་དང༌། ཆུ་ལྡོག་འགྲོ་ཞིང་སྐ་བ་དང༌། དྲི་དུགས་ཆེ་ལ་རྩ་རྒྱུད་འདར་ལ་སྤུན་པ་དང༌། སྐྲངས་པ་མཐའ་ནས་བཅུམ་ཞིང་དབུས་སུ་འདུས་པ་དང༌། སྐབས་སུ་ཟུག་ལྡང་དུབ་དང་ཚ་འཁྱུག་བྱེད་ཅིང་བ་སྤུ་འགྱེལ་བ་དང༌། མཐོ་བས་སྐྲངས་པ་ཀུན་ཁོད་སྙོམས་ལ་རྫིས་པའི་ཚེ་འབྲི་མིག་སྲུབས་འདྲ་ནི་གསེར་མཆན་དུ། ཤ་སུལ་རྣག་ལ་མཐེ་བོང་ཙམ། །རུས་ཐོག་རྣག་ལ་སྲན་མ་ཙམ། །ཞེས་པ་དེ་ལྟར་ཙམ་གྱི་བུ་ག་སྟོངས་ཀྱིས་འབྱུང་ཞིང༌། སྐྲངས་ཀྱི་གོང་འོག་གཉིས་སོགས་ནས་མཐེ་བོས་མནན་ན་རྐྱལ་པའི་ནང་གི་ཆུ་ལྟ་བུར་རླུང་ཉིད་ཕན་ཚུན་དུ་རྒྱུའོ། །རྣག་བྱེར་བ་ནི་རུས་པའི་ཐོག་ཏུ་གྲམ་པ་དང༌། ཚིགས་སུལ་དང་ཉྭ་སུལ་རྣམས་སུ་ཁ་ཡན་ཕྱོགས་མེད་དུ་འགྲོ་སྟེ། སྐྲངས་ཆུང་ལ་ཟུག་ཆེ་ཞིང༌། ལུས་ལྕི་ལ་དང་ག་འགག་པ་དང༌། སྨིན་པའི་རྟགས་མི་གསལ་བ་བྱུང་ན་དེ་ལ་བྱེར་བ་སྡུད་པ་གལ་ཆེ་བའམ་གཅེས་ཏེ། སྒ་དང་མར་རྙིང་དང་ཚིལ་ཆེན་ཏེ་མི་ཚིལ་རྣག་འདིར་ཡོད་སྙམ་པའི་དོགས་སར་བྱུག་ཅིང༌། ཨ་ས་སྟེ་ཟན་དྲོན་གྱི་དུགས་ཀྱིས་བདུག་ཅིང་མཐའ་ནས་ཆུ་ལྕག་བཟོད་ཚད་བརྡེགཡང་ན་ཚྭ་དང་ཕབས་དང་ཀླད་པ་བཅས་བྱུགས་བྱས་ལ། སྟེང་དུ་བྱི་བའི་བྲུན་དང་སྦང་སྐམ་གྱི་ལུམས་ཀྱིས་བདུག་ཅིང༌། ཡང་ན་བྱི་བའི་བྲུན་དང་མིའི་ནུ་ཞོ་སྦྱར་བས་བྱུག་གོ། དེས་བྱེར་བ་འདུས་ཤིང་སྨིན་པའི་རྟགས་གོང་དུ་བཤད་པ་ལྟར་ཚང་ན། རྣག་དམིགས་སུ་དབུག་པའི་ཐབས་ནི་སྔོན་དུ་རླུང་གནོན་ཞིང་བཟོད་ཆེ་བའི་ཕྱིར། ཆང་ཕུལ་ཕྱེད་བཏང་སྟེ་མཐའ་ནས་བཅིངས་ཏེ་གར་བབས་ཀྱི་ལྷོག་གམ། འབྲི་མིག་བྱུང་སར་ལེགས་པར་མྱངས་ལ་རྣག་ཡོད་ས་དེའི་ཤ་འགྲོས་དང་སྦྱར་ཏེ་གནད་ལ་བྱོལ་བ་དང༌། ཐེམ་ཁ་རན་པར་དབུག་པ་ལག་པས་མྱུལ་ནས་ཉམས་བླང་ཞིང་རྣག་དང་མ་ཕྲད་པར་དབུག་ཅིང༌། རྨ་ཁ་ཆེ་ཆུང་བུལ་ཞེས་ཀྱང་སུལ་ཚིགས་ལ་རྣག་མང་ན་རྨ་ཁ་ཆེར་བྱ་ཆུང་ན་རྣག་རོ་མི་ཐོན་ཞིང་ཉྭ་སུལ་ལ་རྨ་ཁ་ཆུང་བར་བྱ་དགོས་ཏེ། ཆེས་ན་ཉྭ་ལུག་གོ་ཞེས་གསེར་མཆན་ལས་བཤད་པ་དང་རྣག་ལས་ཀྱང་སྦྱར་བར་བྱ་ཞིང༌། རྒྱུས་རྩེ་ལྡད་པ་དང་ཐུར་མས་རྣག་གིས་འགགས་པ་བསལ་ཞིང་སྦྱང་བ་དང་རྩ་ཆོད་ཅིང་ཁྲག་ཤོར་ལ། སྤྲུ་དཀར་གྱི་རྩ་བའི་བྲལ་བྲུལ་དེ་དང༌། ཟོར་བ་སྟེ་རམ་པའི་ཁ་ལོ་བརྫང་བ་དང༌། རྗེས་ལ་ལེ་བརྒན་ཏེ་དར་དམར་གྱི་ཐེམ་བུ་གཞུག་གོ། རྣག་པྲ་བརྟག་པ་ལ་རྣག་མདོག་དུད་ཀ་དང་ཀོ་རུལ་གྱི་དྲི་མ་མནམ་ཞིང༌། སླ་ལ་ལྦུ་ཕྲན་སིར་སིར་བྱུང་བ་ངན་པ་ཡིན་ཞིང༌། དྲི་མ་ཆུང་ཞིང་ཁ་དོག་དཀར་ལ་འཇམ་པའི་གར་པོ་བྱུང་བ་བཟང་བ་ཡིན། ཞག་གསུམ་གྱི་བར་དུ་སྦང་མའི་རྣག་འཇིབས་བཏང་ཞིང༌། དེབ་ཆས་ལ་ར་མོ་ཤ་དང་མཚེའི་ཁུ་བ་དང༌། སྦང་གླུམ་གར་པོ་སྒོང་བ་ཞོ་བག་ཕྱེ་དང༌། འབྲུ་མར་སོགས་སྦྱར་བ་ར་རི་མེད་པ་སྟེ་དྲི་མ་དང་སྲབ་མཐུག་མེད་པར་བྱུགཡང་ན་ར་མོ་ཤའི་ཐལ་བ་དང༌། ལྕུམ་རྩ་དང༌། ཡུང་བ་དང༌། ཆུ་རྩ་དང༌། ལྡོང་རོས་དང༌། བག་ཕྱེ་དང༌། སྦང་གླུམ་གར་པོ་རྣམས་བྱུགས་ཏེ་ཕྱིང་དེབ་བཏང་བ་དང༌། ཉྭ་སོགས་ཀྱི་སུལ་སྒོ་དང་ཚིགས་མིག་རྣམས་སུ་ཕྱིང་པ་བརྩེག་དགོས་ཀྱང་རྣག་ལམ་དུ་མང་ན་འགགས་འོང་བས་རྨ་དབྱིབས་དང་སྦྱར་བ་དང༌། དེ་སྟེང་མཐའ་དམ་ཞིང་དཀྱིལ་ལྷོད་པར་བྱས་ནས་འཇག་གི་དེབ་ཆིངས་འོག་ནས་བཤད་པ་ལྟར་བྱ་བ་དང༌། ཧྲེམ་པ་སྟེ་གྱོང་ན་སྐབས་སུ་ཆས་རྣམས་བཀྲོལ་ལ་ར་མཉེ། ལྕ་བ། ཉེ་ཤིང༌། བ་སྤྲུ། གཟེ་མ་སྟེ་རྩ་བ་ལྔ་ལྟ་བུའི་ལུམས་སུ་གཞུག་པར་བྱ་ཞིང༌། འབྱར་གྱིས་ཟུག་གཟེར་སྐྱེས་ན་དེབ་མེད་པའི་འབོལ་ཆས་འོག་ནས་འབྱུང་བ་ལྟར་བྱའོ། །

མཚོན་གང་དུ་ཕོག་སའི་གནས་དང་སྦྱར་ཏེ་བཅོས་པར་བྱ་བ་ནི་བཅོས་ཐབས་བཅོས་ཡུལ་དང་སྦྱར་དགོས་ཏེ་ཤའི་གནད་ལ་འཇིབ་དང་ཞུན་དང་ནན་སོགས་ཀྱིས་བཅོས་ཏེ་ཁྲོས་པ་འདུལ་བ་དང༌། རྩའི་གནད་ལ་མེ་བཙའ་དང་གཏར་ག་དང༌། སྨན་གསུམ་གྱིས་བཅོས་པ་སྟེ་དངོས་ཀྱི་རྒྱུ་གཞོམ་པ་དང༌། ཚིགས་ཀྱི་གནད་ལ་དེབ་དང་ཆིངས་དང་སྒྱོགས་དང་གསུམ་གྱིས་བཅོས་ལ་རང་སོར་གཞུག་དགོས་ཏེ། དེ་ལྟར་གཉེན་པོའི་བཅོས་དགུ་པོ་འདི་ནི་སྤྱི་རུ་གང་དགོས་པར་འཕྲུལ་པ་གཅེས་ཏེ། དེའི་རྒྱུ་མཚན་ནི་གང་ཞེ་ན། གཉེན་པོའི་བཅོས་དགུ་གཅེས། གང་དུ་གཅེས་ན་ཕོག་པའི་གནས་སོ་སོར་གཅེས། ཇི་ལྟར་གཅེས་ན་རང་སྐབས་ཀྱི་ཆོ་ག་ཚུལ་མཐུན་གཅེས་ཅི་ཕྱིར་གཅེས་ན་འཆི་སྦྱོང་གསོ་དཀའ་བ་ལས་གྲོལ་བའི་ཕྱིར་གཅེས་སོ། །དེ་ཡང་འཇིབས་ཀྱིས་རྨའི་ཆུ་སེར་ཕྱིར་ལ་དྲངས་བ་དང༌། ཞུན་གྱིས་རྨའི་སྐྲངས་པ་ཆུ་སེར་བཞུ་བ་དང༌། སྟེ་ཞེས་པ་འདྲེན་ཚིག་དང་ནན་གྱིས་རྨ་བྱེར་བ་དང་སྦོས་པ་དང་སྐྲངས་སུ་གཡོས་པ་རང་སར་མནན་པ་དང༌། མེས་རྩའི་ཟུག་བཅག་པ་དང༌། གཞན་དུ་འབྲོས་པའི་འཕྲང་བསྡམ་པ་དང༌། གཏར་གྱིས་ཁྲག་ངན་དང་ཆུ་སེར་ཕྱིར་ལ་དབྱུང་བ་དང༌། སྨན་གྱིས་རྨ་དང་ཁོང་པ་གཉིས་ཀྱི་ཉེས་པ་བསལ་བ་དང༌། དེབ་ཀྱིས་ཞུན་ནན་གྱི་སྟེང་དུ་བཏང་བས་རྣག་ཆུ་བྱེར་བ་ཕྱི་རུ་བཅར་ལ་གདབ་པ་སྟེ་རྣག་བཅར་བའམ་འཛིར་བར་བྱེད་པ་དང༌། ཆིངས་ཀྱིས་ནན་དང་དེ་སྟེང་གི་དེབ་གཉིས་རང་སར་བཞག་སྟེ་མི་བྲུལ་བར་བྱ་བ་དང༌། སྒྱོགས་ཀྱིས་ཚིགས་ཀྱི་འཕྲུལ་ཞིག་པ་དང་ཆུ་སེར་འཁོར་བ་བསྡམ་པ་གཅེས་པ་བཅས་དགུ་ལས།

དང་པོ་འཇིབས་ལའང་གསུམ་སྟེ་ཚ་བར་བྱེད་ན་ཆང་འགག་སྦང་མ། མཁན་པ། ཕབས། གཡེར་མ། ལྕམ་འབྲུ་སོགས་བསྲོས་པ་དང༌། བསིལ་བ་ལ་ཚན་དང༌། སྲོ་ལོ་སྨུག་པོའམ་ཀྱི་ལྕེ་དཀར་པོ། པར་པ་ཏ། ལུག་ངལ། ར་ཞོ་སྦྱར་བ་དང༌། བསིལ་དྲོད་སྙོམས་པ་ལ་སིངས་པོའི་སྦང་མ་ཀྱི་ལྕེ་དཀར་པོ་གཏོང་བ་བཅས་གསུམ་མོ། །ཞུན་ལ་ཕོག་ས་ཡུལ་དང་སྦྱར་བའི་ཞུན་དང༌། འདུ་བ་ནད་དང་སྦྱར་བའི་ཞུན་དང༌། དུས་གནད་དང་བསྟུན་པ་སོགས་ལས་ཕོག་ས་ཡུལ་དང་སྦྱར་ན་ནི་ཤ་འདུལ་ལ་ཨ་ས་བ་སྟེ་ཟན་དྲོན་དང༌། ཉྭ་འདུལ་ལ་སེམས་ཅན་མང་པོའི་རྐང་ལག་གི་ཉྭ་བཞི་སྣ་ཚོགས་བཙོས་པ་དང༌། རྨེན་བུ་འདུལ་བ་ལ་རྨེན་བུ་སྣ་ཚོགས་བཙོས་པ་དང༌། རྩ་འདུལ་ལ་སྲོག་ཆགས་མང་པོའི་ཁྲག་སྣ་ཚོགས་བཙོས་པདང༌། རུས་པ་ལ་མི་རྟ་ཁྱིའི་རུས་པ་བཙོས་པ་དང༌། ཆུ་རྒྱུས་འདུལ་བ་ལ་སྣུམ་བཞི་ནི་འབྲུ་མར་རྩི་མར་ཚིལ་ཞག་དང་རྐང་གི་ཨ་ས་བ་སྟེ་ཟན་དྲོན་དང་དྲེག་བཞི་ལ་ཞོ་བཙོས་འབྲུ་མར་སྦྱར་བས་འདུལ་བའོ། །གནོད་བྱེད་འདུལ་བར་སྦྱར་ན་ནི་རླུང་ལ་སྣུམ་བཞི་ནི་འབྲུ་མར་རྩི་མར་ཚིལ་ཞག་དང་རྐང་དང་ཚྭ་གོ་སྙོད་འུ་སུ་སོགས་སྤོད་བཙོས་པ་དང༌། མཁྲིས་པ་ལ་ཏིག་ཏ་རྒྱ་སྐྱེགས། ཀྱི་ལྕེ་དཀར་པོ། ཧོང་ལེན་ཞོ་བཙོས་སོགས་དང༌། ཁྲག་ལ་བཙོད་ཚོས་འབྲི་མོག་སྟེ་དམར་པོ་གསུམ་དང༌། བད་ཀན་ལ་གཡེར་མ་སྒ་པི་ཕོ་སྟེ་ཚ་བ་གསུམ། དབྱི་མོང༌། ནས་རྗེན་ཕྱེ་དར་བར་བཙོས་པ་སོགས་དང༌། འདུས་པ་ལ་བྲ་བོའི་ཞུན་གྱིས་སྦངས་པ་འདུལ་བའོ། །ཉེས་བྱེད་དུས་དང་སྦྱར་ན་ནི་ཁྲག་དུས་སུ་ཞུན་གོང་གི་དམར་པོའི་སྦྱོར་བ་དང༌། ཆུ་སེར་དུས་སུ་ཞུན་གོང་གི་སེར་པོའི་སྦྱོར་བ་དང༌། རྣག་དུས་སུ་ཞུན་ཕུར་མོ། ཡོག་མོ་དང༌། ཤ་རུའི་ཐལ་བ་དང་ནས་རྗེན་ཕྱེ་ཞོ་བཙོས་སམ་ནག་སྦྱོར་གསུམ་མོ། །ཐོར་བུའི་ནད་དང་སྦྱར་བའི་ཞུན་ལྔ་སྟེ། རྣག་སྣ་གཤམ་དུ་རིགས་ཀྱི་སྐབས་བཤད་པ་ལྟར་ཚ་འབྱམས་ཀྱི་རྣག་སྣ་གཅིག་གྲང་འབྱམས་རྣག་ལ་རླུང་བརྟེན་པ་ལྦུ་བ་ཆེ་བ་དང་གཉིས། རླུང་ལ་རྣག་བརྟེན་རྣག་ཤས་ཁེངས་པ་འབབ་དཀའ་བ་བཅས་གསུམ་ཞུགས་པ་དང་ཁྲོས་པ་རང་སར་འདུལ་བ་ལ་ཚྭ་བབས་ཀླད་པ་བྱུགས་ཏེ་བྱི་བྲུན་སྦང་སྐམ་བཙོས་པ་སོགས་དང༌། རྩ་ནད་བྱེར་སྡུད་ལ་མཁན་པ། མཚེ། སྤང་སྤོས་སྤྲུ་མ་བཙོས་པ་སོགས་དང༌། གཉན་ནད་སྐྲངས་པ་འདུལ་བ་ལ་མུ་ཟི། འཛིམ་པ། སྟག་ཤཤུ་དགམི་ཁྱི་སྤྱང་གསུམ་གྱི་བྲུན། སྦང་མ་གར་མོ་རྣམས་དང༌། རྨ་རྒན་འབྲས་འདུལ་བ་ལ་རེ་ལྕགསྤྲུ་མ། ཉ་ཤམིའི་རྐང་མགོའི་རུས་པ་སོགས་དང༌། ལྕགས་དང་ཤིང་བཅས་ཀྱི་ཟུག་རྔུ་འབྱིན་པ་ལ་ར་རིལ། སྦྲུལ་ཚིལ་དྲི་ཆུར་བཙོས་པས་བདུག་གོ། ནན་ལ་འགྲོ་དམིགས་སོ་སོའི་ནད་དང་དོན་བསྡུ་གནད་ཀྱི་མན་ངག་ལས་ཚིགས་ཆེན་རྣམས་བམ་པོ་སྟེ་སྙི་བར་གྱུར་པ་བསྒྲང་བའམ་སྲ་བར་གཏོང་བའི་ནན་ལ་ཀྱི་ལྕེ་དཀར་པོ། ཧོང་ལེན། བྲག་ཞུན། ཞོ་སོགས་སྦྱར་བ་བྱུག་པ་དང༌། ཚིགས་པར་འཕྲུལ་སྡོམ་བྱ་བ་ལ་ར་ཁྲག་ཚིལ། མཚེ། བག་ཕྱེ། ཞོ་སོགས་དང༌། ཆག་པ་གནས་སུ་སྦྱོར་བ་ལ་རྒོད་ཁྲགམཚེ། སྤྱིན། བག་ཕྱེ་སྦང་མ་དང༌། ཤ་བྱེར་སྐྲངས་འདུལ་པ་ལ་བྲག་ཞུན། ཀླད་པ། དྲི་ཆུ། རྗེན་ཕྱེ་སོགས་སྦྱར་བ་དང༌། སུལ་རྣག་བཅར་ལ་འདེབས་པ་ལ་སྒོ་ང། ཉེ་ཤིང༌། སྦང་མ་གར་པོ་ནས་ཀྱི་རྗེན་ཕྱེ་རྣམས་སྦྱར་བ་དང༌། རུལ་མྱགས་འཐས་པར་བྱེད་པ་ལ་ཤ་རུ། ཕུར་མོ། ཡོག་མོ། དྲེས་མ། སུག་པ། རེ་སྐོན། ར་འོ། རྗེན་ཕྱེ། མར་ནག་རྣམས་དང༌། སྐྱི་བྱེར་སྲུན་པ་སྟེ་ཞི་བའམ་འཇམ་པོའི་ནན་ལ་དུད་པ། སླ་ངའི་དྲེག་པ། མར་དཀར་སོགས་དང༌། རྨེན་པ་སྟེ་རྗེས་ངན་སྐྲངས་འདུལ་བ་ལ་བྲག་ཞུན། ཀླད་རུལ། ཚྭ། ཕབས་སོགས་སྦྱར་བ་དང༌། གཉན་དང་ལྷོག་པ་འཇོམས་པ་ལ་མུ་ཟི། འཛིམ་པ། སྟག་ཤཀྱི་ལྕེ་དཀར་པོ། ཤུ་དགརྭ་གཞོབ། སྤྱང་བྲུན། དྲི་ཆུ་སོགས་སྦྱར་བའོ། །དེ་ཡང་ཞེས་གོང་དུ་བསྟན་པའི་ནན་དེ་རྣམས་ཀྱང་ན་སོ་རྒན་གཞོན། ནད་ཁམས་རླུང་མཁྲིས་བད་ཀན་ཤས་ཆེ་ཆུང་དང༌། ནམ་ཟླ་ཚ་གྲང་སོགས་དང་བསྟུན་པའི་སྨན་གྱི་རྟ་དང་གྲང་དྲོ་མཐུག་སྲབ་ཤེས་པར་བྱོས་ཤིག་གསུངས་པ་ནི་དཔེར་ན་མི་དར་མ་ཁྲག་ཤས་ཅན་ནམ་སྟོན་སོས་ཡིན་ན་རྟ་བ་རའི་ཞོ་བཙགས་རེག་བྱ་གྲང་མོ་རྔམ་སྲབ་པར་བྱུགདེ་བཞིན་དུ་མི་རྒན་པོ་བད་རླུང་ཅན་ནམ་ཟླ་དགུན་ཡིན་ན་རྟ་སྤང་མའི་ཉེའུ་ཞེས་སྦང་མའི་རོ་མེད་པའི་ཀླད་པ་རེག་བྱ་ཚན་མོ་རྔམ་མཐུག་པ། མི་བྱིས་པ་ནད་བད་ཀན་ནམ་ཟླ་དཔྱིད་ཡིན་ན་རྟ་དྲི་ཆུ་རེག་བྱ་ཚ་གྲང་རན་པ་རྔམ་སྲབ་མཐུག་སྙོམས་པ་དང༌། དེ་རྣམས་འདྲེས་མ་ལ་བཅོས་ཚུལ་ཡང་འཕྲུལ་ལྡན་དུ་ཤེས་དགོས་སོ། །མེ་དགོས་པ་ནི་རྩ་ཆད་ལ་ཁད་སྤུ་ཞེས་རྩ་ཆད་པའི་ཕན་ཚུན་དུ། སྤུའི་རྣམ་པ་ཟིང་ཟིང་འོང་བ་རང་གནས་སུ་འཛུད་པའི་མེ་ལ་མཐེ་བོས་མནན་ན་ཁྲག་འཁྱིམས་པའི་མཁྲང་སྤྲ་བ་གཅིག་ཤུལ་དུ་གཅིག་སྦར་བ་ཐེངས་ལྔས་བསྲེག་པ་དང༌། འབྲོས་པའི་ལམ་འགེགས་པ་ལ་ནི་རྐང་པར་མིག་དམར། ལག་པར་ཨ་སོ་སྟེ་སྒོ་བཞི་སྡོམ། ཁྲག་ཚད་གཞན་དུ་མི་འཆོར་བ་རྟར་བརྟོད་པ་རྒྱབ་པ་ལྟར་ལ་གནོན་པ་ནི་མོད་དུ་རྨ་བྱུང་མ་ཁད་རྨ་གོང་སོར་བཞིར་བསྲེག་པ་དང༌། སྐྲངས་ཀྱི་སྣ་འདོན་པ་ལ་སྐྲངས་སྣ་དང་སུལ་སྣར་བསྲེགརྩ་བྱེར་དབུས་སུ་སྡུད་པ་ལ་རི་བོའི་རྩེར་མེ་རྒྱ་གདབ་པ་ནི་སྤྱི་གཙུག་དང་མཐིལ་བཞི་སོགས་གང་འབྲེལ་གྱི་རྩ་དང༌། ཨ་ནའི་ཟུག་གཅོག་ན་གཟེར་དམིགས་གང་ཡོད་སྟེང་བསྲེགརྣག་ཆུས་རུས་པ་ཟ་བའི་རུས་ཟན་རྨེན་པ་འདྲུབ་པར་བྱེད་པ་ལ་རྨ་སྟེང་དུ་ཆུ་སེར་སྐམས་སྐམས་ལན་མང་དུ་གདབ་པར་བྱའོ། །གཏར་གྱིས་ཁྲག་ངན་ཆུ་སེར་དབྱུང་བ་སོགས་ཀྱི་དང་པོར་གཏར་གས་སྐྲངས་ཀྱི་མགོ་གནོན་ན་རྩ་གང་ཉེ་ལ་མང་དུ་གཏར་བ་དང༌། ཚ་རླངས་གསོད་ན་གང་རྒྱས་ལ་གཏར་བྱའོ། །གཟེར་བའི་ཟུག་གཅོག་ན་རྩ་གང་ཁྲིད་དང༌། ཁྲག་ཤོར་བའི་འོལ་ཁ་བསྒྱུར་ན་རྩ་རྒྱུད་གོང་འོག་ལ་གཏར་བ་དང༌། རུས་པ་བམ་པའི་ཉེས་པ་སེལ་ན་རུས་པ་དེ་དང་གང་ཉེ་དང་ཁྲག་རྨྱོས་ཀྱི་རྨ་མདོག་འབྱིན་པར་བྱེད་ན་རྨ་བྲུད་ལ་ཁྲག་དབྱུང་ངོ༌། །རྨ་ཁོང་གཉིས་ཀྱི་ཉེས་པ་སྨན་གྱིས་བསལ་བ་ནི། རྩ་ཆད་ཁད་སྤུ་གོང་བཤད་འཛུད་པའི་སྨན་ལ་དབྱར་ཡིན་ན་སྤྲུ་ལོ་དང་དགུན་རྩ་བའི་རེང་བུ་ལ་གུར་གུམ་དོམ་མཁྲིས་སྤྲུ་འབྲུ་སོགས་བྱུགས་ལ་བརྫང་བ་དང༌། ཁྲག་ཤོར་ཁོང་དུ་སྦེད་ན་མཁན་སྐྱར་གུར་ཀུམ་དོམ་མཁྲིས་ཤིང་ཚ་རེ་སྐོན་སོགས་དང༌། རྩ་བྱེར་དབུས་སུ་སྡུད་ན་གོང་དུ་རིམ་པར་བཤད་པའི་ད་ལིས། ཀྱི་ལྕེ་དཀར་པོ། ཤིང་མངར་ཁཎྜ། བཟང་དྲུགམཁྲིས་སྣ། ད་ཏྲིགཚོས་ཞེས་རྒྱ་སྐྱེགས་སོགས་དང༌། ཆུ་སེར་རྣག་བཅས་སྐེམ་པ་ལ་མུ་ཟི། བསེ་རུ། དོམ་མཁྲིས། ཨ་བ། ཨ་བྱག་ཚེར་སྔོན་རྣམ་པར་ཞེས་ཡུ་གུ་ཤིང༌། ཅུ་གང༌། ཀ་ར་སོགས་དང༌། རྨ་ཆེན་ཁོང་ནས་གསོ་བ་ལ་སྒོག་སྐྱ། འབྲས་ཡོས། ཨ་བྱག་ཚེར་སྔོནབྲག་སྤོས། ཀ་ར། སྦྲང་སོགས་དང༌། ཤ་རོ་རྨེན་གཅོད་ལ་དུར་བྱིད་རྒྱ་ཚ། ཡུང་བ། རུ་རྟའི་ཕྱེ་མ་སོགས་དང༌། ཤའུ་བུ་ལྟར་གསོ་བ་ལ་དོམ་མཁྲིས། གུར་ཀུམ། རྒུ་དྲུས། བྲག་སྤོས། ཚ་ལ། མཚལ་དཀར་སོགས་སྦྱར་རོ། །དེབ་ཅེས་བྱ་བ་ལ་རྒྱུ་མཚན་ཡོད་དེ་ཞུན་ནན་གྱི་སྟེང་དུ་ཚོ་འཛིན་བཏང་བ་ལ་དེབ་ཅེས་བྱ་སྟེ། དེ་ལའང་ཡུལ་གྱི་དབྱེ་བས་དྲུག་སྟེ་ཆག་ན་ཧེལ་གེ་སོགས་པགས་དེབ་དང༌། རུལ་མྱགས་ཚ་བ་ཆེ་ལ་འཇག་མ་སོགས་རྩྭ་དེབ་དང༌། སྐྲངས་ལ་བོང་སྤུ་རེ་བལ་ཕྲུག་སྐྱུགས་སོགས་སྤུ་དེབ་དང༌། བྱེ་བ་ལ་ཤོག་དེབ་དང༌། རྩ་ཆད་པ་ལ་ཤིང་བྱང་གི་དེབ་དང༌། རྣག་དང་ཆག་གྲུམས་ལ་ཕྱིང་དེབ་བཅས་རྣམ་པ་དྲུག་གོ། བཤད་མ་ཐག་པའི་དེབ་དྲུག་པོ་དེ་ལ་ཡང་ནན་གྱི་འོག་ཏུ་བཏང་བ་མོ་དེབ། ནན་གྱི་སྟེང་དུ་བཏང་བ་ཕོ་དེབ། ཚིགས་མིག་འཁོར་བར་ནན་དང་སྤེལ་མར་བཏང་བ་ཡང་དེབ་ཕོ་གསུངས་ཤིང༌། འདི་ལ་ལག་ལེན་དམར་ཁྲིད་དུ་རྐྱང་པ་རེ་རེ་བཏང་བ་ལ་མོ་དེབ། ཉིས་བརྩེགས་སུ་བཏང་བ་ལ་ཕོ་དེབ། སུམ་བརྩེགས་སུ་བཏང་བ་ལ་ཡང་དེབ་ཡིན་གསུངས་ལ། ལར་ན་ལག་ལེན་གང་དགོས་མཐོང་བ་བརྒྱུད་པ་ལས་ཤེས་དགོས་ཏེ། འོན་ཀྱང་ཕྱོགས་མཚོན་ཙམ་ཞིག་འདིར་བཤད་ན། དེ་ཉིད་ལས། དེབ་བཏང་བ་ལ་མགོ་བོའི་ཕྱིང་དེབ་ནི་གཙུག་ཏུ་ཕྱིང་པ་སྒོར་མོ་ཞིག་ཕྱོགས་བཞིར་རྨོག་གི་རྣམ་པ་འདྲ་བ། དྲ་མིག་གསུམ་གསུམ་བཏོད་ལ་རྣ་བའི་མདུན་རྒྱབ་ནོན་པར་བཏང༌། བྱང་ཁོག་ལ་རྒྱབ་གཞུང་དུ་ཕྱིང་པ་མང་བར་བརྩེགས་ལ་ཤུལ་བ་གཉིས་ལས་མཐོ་བར་བྱ། བྲང་གཞུང་ལ་གཉིས་གཉིས་བརྩེགས། སྒྲོག་རུས་གཤོངས་སུ་ཕྱིང་པ་བརྩེགས་ལ་ནང་ཁེངས་པར་བྱ། ལྟོ་བ་ལ་ཕྱིང་དེབ་བམ་སྤུ་དེབ་བཏང༌། ཡན་ལག་གི་ཚིགས་སུ་དེ་དང་མཐུན་པ་ཉིས་བརྩེགས་བཏང༌། རུས་མགོ་ལ་རུས་མགོ་དང་མཐུན་པའི་རེ་རེ་བཏང༌། རྐང་རྣམས་ལ་རྐང་དང་རིང་ཐུང་མཉམ་པའི་ཕྲ་སྦོམ་ལུས་སྤྱིའི་དབྱིབས་དང་བསྟུན་པ་སོགས་སུལ་སྟེང་དུ་ཉིས་བརྩེགས་བཏང༌། རྣག་འཁྱིམ་ཆེ་བར་སུམ་བརྩེགས་བཏང༌། ཤུགས་ལས་རེ་རེ་བཏང་བ་སོགས་ཕོ་དེབ་མོ་དེབ་གོང་དུ་བསྟན་པ་ལྟར་རྟོགས་དགོས་ཤིང༌། ཕྱིང་པ་ཐམས་ཅད་ཀྱི་བར་དུ་ནས་རེ་ཤོང་བའི་གསང་བྱས་ལ་ཕྲུག་སྐྱུགས་སམ་རེ་བལ་བཏང༌། ཕྱི་ནང་ཐམས་ཅད་ལ་འདི་བཏང༌། རྐང་རྣམས་ལ་སྣམ་ཐེར་གྱིས་དཀྲིས་པ་ལ་སྦ་སྲབ་ཀྱི་དེབ་ཕྱིང་པ་དང་དྲས་མཉམ་པར་བཏང་ཞེས་གསུངས་ལ། དེའི་རིགས་པས་དེབ་གཞན་རྣམས་ལའང་ཐོག་མར་ཡུལ་དེ་སྐྱོན་མེད་ལྟར་བཞག་ལ། དེ་ནས་ཁུང་སར་བརྩེགས། འབུར་སར་ཕྱི་ཁྱོགས་པར་བསྲང༌། རྣག་ཁར་ཧར་སྟོང་དུ་བཞག་པ་སོགས་གང་ལ་གང་དགོས་དཔྱད་པར་བྱ་དགོས་སོ། །ཆིངས་ལ། ཆིངས་རིགས་སྤྱིར་བརྟག་པ། སྡོམ་ཆིངས་སོ་སོའི་བཅིངས་ཚུལ་ཤུགས་ལ་ཆིངས་རྒྱུ་བཅིངས་ལུགས་སོགས་ལས་སྐྲངས་པ་ལ་ཆག་ཆིངས་བྱ་བ་ནི། དམར་ཁྲིད་དུ་སྐྲངས་ཤོར་བའམ་རྨ་ཆས་བྱས་པའི་ཆིངས་ལ་གནས་དེ་གང་ཆག་བཅིངས་བདེ་བ་ལྟར་རིག་པས་དཔྱད་པར་བྱ་བ་དང༌། ཆག་པ་ལ་གསོན་ཆིངས་བྱ་བ་ཐོག་མར་ཆག་སྣ་ནན་གྱིས་མནན་ཐེར་སྲབ་དཀྲིས། དེ་སྟེང་དེབ་ཤིང་བྱང་བུ་མིག་ཕུག་ཅིང་བསྒྲིགས་པ་བཏང༌། དེ་སྟེང་ཐགས་ཀྱི་གསོན་མ་ལྟར་ཡས་ལེན་མས་ལེན་དཀྲིས་པའི་བསྣོལ་མ་འོང་བ་ལ་གསོན་ཆིངས་ཞེས་བྱ་སྟེ། དམར་ཁྲིད་དུ་ཡང༌། ཆག་པ་ལ་གསོན་ཆིངས་བྱ་བ་ནི་བཤད་ཀྱིས་བཅིངས་ནས་བར་སྙོམས་པ་གསུམ་གསུམ་བཞག་ནས་ཡར་དཀྲི། དེ་ནས་མར་དཀྲིས་ཏེ་ཕྱོགས་བཞིར་བསྣོལ་མ་མ་འཕྱུགས་པར་བྱ། དེ་ནས་བར་གྱི་དཀྱིལ་གཤགས། དེ་ནས་ཐེར་བོར་མནན་ནོ་ཞེས་ཀྱང་འབྱུང་ངོ༌། །རྣག་ལ་རྣག་འདེད་པའི་ཆིངས་གནའ་ལ་ཡས་བཞོས་མདའ་ཆས་ཆིངས་སུ་རྨ་ལ་ཐུག་པར་བཅིངས། དེ་ནས་ཡས་མར་ལ་བཅིངས་རྨའི་གཡས་གཡོན་དུ་ཤིང་བྱང་གཉིས་ལ་བླང་ཞིང་བཅིངས། དེ་ཡང་མཐའ་དམ་ལ་རྨ་ཁ་བག་ལྷོད་དུ་བཅིངས་པས་རྣག་ཕྱིར་ལུག་འོང་ངོ༌། །ཉྭ་བཞི་ལ། མདའ་ཆས་ཆིངས་ཞེས་ཉྭ་བཞི་ལ་ནན་གྱི་སྟེང་དུ་མདའི་མདེའུ་བཞག་པ་ལ་མདའ་ཆས་ཞེས་དེའི་ཆས་རྒྱུའི་ཚུལ་སྦོམ་པར་ཆུང་བའི་དེབ་བཏང་དེ་སྟེང་ཆས་སྐུད་བཅིངས་པ་ལྟར་བྱ་སྟེ། དམར་ཁྲིད་དུའང༌། ཉྭ་བཞི་ལ་གསུམ་གསུམ་ཆ་ནོན་པར་བྱས་ལ་དཀྲིས་ཤིང་བཅིངས་ཞེས་སོ་དང༌། ཚིགས་ལ་སྡོམ་ཆིངས་དང་ཞེས་པའི་ཤུགས་ལས་སྤྱིར་ལེའུ་གོང་མའི་དོན་བཀྲོལ་བ་ལ། བྱང་ཁོག་གི་བསེ་ཁྲབ་ཆིངས་བྱ་བ་ནི། རྐེད་པ་ནས་ཐི་གུ་དཀྲིས་དེ་ལ་བཤུལ་ཤའི་ཕྱི་ཟུར་གཉིས། ལྟེ་བའི་ཕྱི་ཟུར་གཉིས་ལ་ཐི་གུ་བཞི་དཀྱིལ་བསྐོན་ལ་དེ་མི་བཞིས་ཐི་གུའི་སྣ་བརྒྱད་ལ་བཀད་བླངས་ལ་བཀད་དཀྱིལ་སྤུན་དུ་འཇག་སྒོ་རེ་དཀྲིས་ལ་འཇུག་ཐི་གུ་བཞི་པོ་ཕྲག་གོང་དུ་མདུད་པ་བྱའོ། །ཡང་ལུགས་གཅིག་ལ་རྐེད་པ་ལ་ཐི་གུ་དཀྲིས། དཔུང་པ་གཉིས་ལ་ཐི་གུ་རེ་བསྐོན་ནས་དེ་རྣམས་ལ་འཇག་གི་དྲ་མིག་བླངས་ལ་བཅིང་བ་དང༌། དེ་ལ་ཞེས་ངེས་པར་བཟུང་བའི་དོན་ཏེ། ཡན་ལག་གི་ཆིངས་ལ་རྣམ་པ་བདུན་ལས། དེ་ཡང་སོག་པར་འཁོར་ལོ་ལྟར་འཆིང་བ་དང་གཤོག་པ་བརྒྱངས་པ་ལྟ་བུའི་ཆིངས་སུ་བཅིངས་པ་གཉིས་ལ་དཔུང་པ་ནས་མཆན་འོག་ཏུ་བླངས་ལ་བཅིངས་ཏེ། གྱེན་ཤིང་ཡོད་མེད་གཉིས་ཞེས་པར། དམར་ཁྲིད་དུ། སོག་པའི་འཁོར་ལོ་ཆིངས་ནི་གྲེ་མོའི་གོང་ནས་བཅིངས་ནས་གཅིག་ངོས་ཀྱི་མཆན་འོག་ཏུ་གྱེན་ལ་ཤིང་བཅུག་སྟེ་དེ་ལ་བླངས་ཀྱིན་བཅིང་བ་གྱེན་ཤིང་ཡོད་པ་དང༌། གཤོག་རྒྱངས་ཆིངས་ནི་གྱེན་ཤིང་མེད་པར་མཆན་འོག་ནས་བླངས་ནས་བཅིང་ངོ༌། །དཔུང་པ་ལ་ནི་སུམ་སྒྲོག་ཆིངས་དང་སྟག་མོ་འཛུམ་ཆིངས་ཏེ་མཆན་འོག་ནས་ལེན་པ་དང་གྱེན་ཐག་ནས་ལེན་པ་གཉིས་ལས་སུམ་སྒྲོག་ཆིངས་ནི་གཅིག་ངོས་ཀྱི་དཔུང་པ་ལ་ཐི་གུ་འདོར་པོ་བསྐོན་ནས་ལག་པའི་ཕུད་བུ་སྟེ་ལུག་གཞུག་དང་གྲུ་མོའི་བར་དེ་ནས་བཅིངས་ཏེ་ཐི་གུ་དེ་ནས་བླངས་ཀྱིན་སུམ་སྒྲོག་ཏུ་བཅིང་བ་དང༌། སྟག་མོ་འཛུམ་ཆིངས་ནི་ལག་པའི་ཕུད་བུ་ནས་བཅིངས་ནས་ཕྲག་པར་བསྣོལ་ཏེ་གཅིག་ངོས་ཀྱི་མཆན་འོག་ནས་བླངས། དེ་ནས་དཔུང་སྙིང་ནས་བླངས་ནས་ལྷས་མ་འཛུམ་ཤིག་གེ་བྱས་པ་དེ་ལ་མིང་འདྲ་བ་རྒྱུ་མཚན་དུ་བྱས་པའི་བཏགས་མིང་ཡང་ངོ་གྲུ་མོར་སུམ་སྒྲོག་ཆིངས་དང་བསྣོལ་ཆིངས་པཏྲ་མ་གཉིས་ནི་སྟེང་འོག་གཉིས་ནས་ཞེས་པ་འདི་ལ་ལྷས་ཆིངས་དང་བསྣོལ་ཆིངས་གཉིས་ལས། ལྷས་ཆིངས་ནི་འཇག་གི་སྣ་ནས་ཁྲུ་གང་གི་བར་གྲུ་མོའི་ཁ་ལ་འུར་རྡོའི་མཐིལ་ལྟ་བུ་ཀྱོང་མོ་ཞིག་བྱས་ལ། དེ་གྲུ་མོ་ལ་བསྐོན་ནས་མཁྲིག་མ་ནས་ཡར་ལ་མོན་བུ་ལྷས་ཆིངས་བྱའོ། བསྣོལ་ཆིངས་པ་ཏྲ་མ་ནི་དེའི་སྟེང་དུ་ནང་སྡོམ་གཉིས་ཕྱི་སྡོམ་བཞི་བྱེད་དོ། །མཁྲིག་མར་རེ་ལྡེ་ཆིངས་ནི་ཡས་ལེན་མས་ལེན་བྱ་ཞེས་དེའི་དོན་ནི་མཐེ་བོང་ནས་མཐེའུ་ཆུང་གི་རྩ་བ་ནས་མཁྲིག་མ་ལ་ཐུག་པར་འཕྲེད་ལ་བཅིངས་ནས་མཁྲིག་མ་ནས་རྒྱབ་ཏུ་ཁྱེར་ལ་གུང་མོ་ལ་རེ་རེ་ལྷས་སུ་བསྐོན་ནས་ཡང་མཁྲིག་མ་ལ་རེ་བསྐོན་ནོ། །དེ་ནས་མཛུབ་མོ་སྲིན་ལག་གཉིས་ལ་བསྐོར་ཞིང་འཆིང༌། དཔྱི་ལ་རྭ་རྒྱངས་ཆིངས་དང་དྲ་བ་ཆིངས་སུ་བཅིངས་པ་གཉིས་ལས་རྭ་རྒྱངས་ཆིངས་ནི་པུས་མོའི་གོང་ནས་ཕྱིར་དཀྲིས་ལ་གཞུག་ཆུང་སྟེང་ནས་ཡར་འཐེན་ཏེ་རྐེད་པ་ལ་འཁོར་རེ་བསྐོར། དཔྱི་སྟེང་ཙོག་ཙོག་པུ་ནས་མར་ལ་ཁྱེར་བརླ་སྟེང་དུ་འཁོར་རེ་དཀྲི། དེ་བཞིན་སྔར་གྱི་དེ་ག་རྩ་ནས་ཡར་མར་བཅིངས་ཏེ་དེབ་ནོན་པར་བཅིངས། ཡང་དྲ་བ་ཆིངས་སམ་པ་ཏྲལྷས་ཆིངས་ནི། རྐེད་པར་ཐི་གུ་འདོར་པོ་གཅིག་བསྐོན་ལ་འཇག་བུ་ནས་གོང་དུ་བཅིངས་ཏེ་གཉེར་རིང་སྟེང་ནས་བརླའི་ནང་ཟུར་ཁྱེར་ལ་ཐི་གུ་ལ་ཡར་མར་བསྐོན་ནས་བསྣོལ་ཏེ་སྣེ་ས་ལ་མར་ཁྱེར་ནས་བརླ་ལ་འཁོར་རེ་དཀྲི། དེ་ག་སྔར་མཚན་མའི་རྩ་ནས་བཅིངས་ནས་གཞུག་ཆུང་ལ་ཐུག་པར་དཀྲིའོ། །པུས་མོར་དྲུག་ཆིངས་ནི་བསྣོལ་ཆིངས་སྐྱོར་ཆིངས་གཉིས་ཞེས་པ་འདི་ལ་སེང་གེ་དྲུག་ཆིངས་དང༌། སྐྱོར་ཆིངས། རྡོ་རྗེ་བརྩེགས་ཆིངས་དང་གསུམ་ལས། སེང་གེ་དྲུག་ཆིངས་ནི། དང་པོ་བྱིན་པ་ནས་ལྷམ་སྒྲོག་འཆིང་སར་དཀྲི། དེ་ནས་སྒྱིད་ཁུང་དུ་མར་ཁྱེར་ལ་བརླའི་དཀྱིལ་ནས་སྦལ་ནག་ལ་ཐུག་པར་དཀྲི། དེ་ནས་གཉན་གོང་དུ་བསྣོལ་བའི་ལྟབ་མ་གཉིས་བྱས་ལ་སྒྱིད་ཁུང་ནས་ཡར་ཁྱེར་ལ་མར་གྱི་ལྟབ་སྣ་གཉིས་ཁྲིད། གཅིག་གིས་མནན་ཏེ་དེ་ནས་སྒབ་ཁུང་ནས་ལྷ་ངའི་སྟེང་ཁྲིད་བརྩེགས་མ་གསུམ་བརྩེག་གོ། སྐྱོར་ཆིངས་ནི་སྣལ་མ་ལྷ་ངའི་སྟེང་དུ་ཁྲིད་ཅིང་དཀྲིས་ལ་སྟོད་མིག་གཉིས་བྱ། དེ་ལ་སྒབ་ཁུང་ནས་སྐོར་ཀྱིན་སྟོད་མིག་ལ་གཡས་སྐོར་གཡོན་སྐོར་གཉིས་བྱ། །དེ་ནས་སྟོད་མིག་གཉིས་ཀྱི་བར་དུ་རྒྱ་གྲམ་དུ་གཤགས། དེ་ནས་བརླ་དང་བྱིན་པའི་དཀྲིས་པ་རེ་དང་ལྷ་ངའི་གཡས་གཡོན་བསྐོར་སྒྱིད་ཁུང་དུ་ཐུག་པར་བཅིང་བ་དང༌། གཞུག་ཏུ་སྟོད་མིག་གཉིས་ཀྱི་བར་རྒྱ་གྲམ་ཐེབ་གཅིག་འོང་བར་བཅིང་ངོ༌། །རྡོ་རྗེ་བརྩེགས་ཆིངས་ནི། མཛོད་མིག་ལྷ་ང་གཉན་གོང་གསུམ་དུ་ལྷས་མ་འོང་པའི་གསོན་ཆིངས་སུ་བཅིང༌། ལོང་ཚིགས་མོན་བུ་ལྷས་ནི་ཡས་ལེན་མས་ལེན་གཉིས་དང་འདིའི་ཞར་ལ་རྒྱ་ཚིགས་ཀྱི་མོན་བུ་ལྷས་ཆིངས་ཀྱང་བསྟན་ཏེ། དེ་ཡང་ཡས་ལེན་མས་ལེན་གྱི་དགོངས་པ་ནི། བྱིན་གཞུག་ནས་ཚིགས་ཁའི་བར་ཁྱབ་པར་དཀྲི། དེ་ནས་རྟིང་པ་བསྐོར་རྐང་མཐིལ་དུ་འཐེན། དེ་ནས་གོང་དུ་ཁྱེར། དེ་ནས་བྱིན་གཞུག་དང་ཐུར་བར་བསྐོར་བ་བསྣོན་ཞིང་རེས་དཀྲིས་རེས་བསྐོར་བའོ། །རྒྱ་ཚིགས་མོན་ལྷས་ནི། རྟིང་ཁབ་འུར་མཐིལ་འདྲ་བ་གཅིག་བྱས་ལ་དེ་རྟིང་པར་བསྐོན་ལ་སོར་མོའི་རྩ་བར་བཅིངས་པ་དེ་ནས་བོལ་གོང་ལ་ལྷས་མ་འོང་བ་བཅིང་ཞིང༌། དེ་ལྟར་བཤད་པ་དེ་དག་ཀྱང་གང་ལ་གང་འཚམ་གང་བདེ་སོགས་རིག་པའི་འཕྲུལ་འཁོར་བསྐོར་བ་གལ་ཆེ་སྟེ་ཐེར་སྤུངས་མེད་པར་བྱས་ལ་དམ་ལྷོད་རན་པ་དང༌། སྐུད་པས་སྒྲོག་ལ་མི་ཞིག་པར་བྱ་དགོས་སོ། །རྒྱུ་ནི་དར་ཆེན་ནམ་མེན་ཏྲིའམ་ལིང་འཇམ་པོ་ཕྲ་རས་ལ་སོགས་གསུངས་ཤིང༌། དམར་ཁྲིད་དུ། རབ་ར། འབྲིང་མེན་ཏྲ་ཕྲ་རས། ཐ་མ་བོད་རས་དང་སྣམ་སྲབ་གསུངས་པ་ལྟར་བྱ་ཞིང༌། ཞེང་ཚད་དཔྱི་སོག་དང་རྨ་མེད་དང་བྱང་ཁོག་ལ་སོར་གསུམ། མགོ་དང་ཡན་ལག་ཕལ་ཆེར་ལ་སོར་གཉིས། སྲན་རྩེ་དང་རྨ་མང་ན་སོར་གཅིག་ཙམ་སོགས་གནས་ཀྱི་དབྱེ་བའི་དབང་གིས་སྦྱར་བ་དང༌། དེ་ཡང་ཆིངས་ཀྱི་ཕྱོགས་གཅིག་ལེབ་མོར་བྱས་པ་ལ་འཇག་ཕྱོགས་གཅིག་སུམ་སྒྲིལ་དུ་བསྒྲིལ་བར་ཐི་གུ་ཞེས་བྱའོ། །བཅིང་ལུགས་ནི་དམ་ན་ཟུག་སྐྱེ་ཞིང་ལྷོད་ན་ནང་དེབ་སོགས་ཆས་མི་ཆགས་པར་བུད་འགྲོ་བ་དང༌། ཁྱད་པར་བཅིང་ཉེས་ཏེ་ལ་ལར་ཐེ་རེ་ལུས་ལ། ལ་ལར་སྤུངས་པ་ཤོར་ན་དེབ་མི་ནོན་པས་ཐོག་མར་དམ་དུ་དྲིལ་ལ་ཕྱི་ནས་དམ་ལྷོད་རང་འགྲོས་སུ་བཅིང་ངོ༌། །

སྒྱོགས་ཞེས་བྱ་བ་དེ་ལ་རྒྱུ་བཤད་པ་དང༌། དེའི་དབྱེ་བ་དང༌། བསྐུར་བའི་ཡུལ་དང༌། གཞུག་དུས་དང༌། དབྲལ་དུས་དང༌། དམ་པའི་སྐྱོན་དང༌། ལྷོད་པའི་སྐྱོན་དང༌། ནང་ཚངས་དང༌། བསྡམ་ཚད་དང༌། བསྡམ་ཐབས་དང༌། ཉེས་པའི་སྐྱོན་དང༌། ལེགས་པའི་ཡོན་ཏན་ལ་སོགས་རྣམ་གྲངས་སུ་ཕྱེ་ན་ནི་བཅུ་གཉིས་ཡོད་ཅེས་སོ། །དེ་ཡང་གང་ཞེ་ན་དང་པོ་སྒྱོགས་ཀྱི་རྒྱུ་བཤད་པ་ནི། བཅིང་སྒྱོགས་དེའི་རྒྱུ་ནི་གསོམ་དང༌། གླང་མ་དང༌། ལྕང་མ་སོགས་ཁོངས་ནས་དེ་དག་དང་རིགས་འདྲ་བ་རྣམས། དབྱིབས་དྲང་བ་བཤོན་པ་གཅུབ་དང་འཛེར་པ་མེད་པ་ཡང་ཞིང་སྐམ་པ་དེ་ལ་དྲང་ཐིག་བཏབ་སྟེ་ཐིག་ཁོངས་ནས་བཞོགས་བཏོན་ལ་འཆུས་པ་དང་ཕྲ་སྦོམ་མེད་པ་ཁོང་ལྡེམ་པ་སྟོད་སྨད་གཡས་གཡོན་ཤེད་སྙོམས་པ་སོ་སོའི་ཚད་དང་ལྡན་པར་བཅའོ། །ད་ནི་དབྱེ་བ་ཕྱེ་ན་རྣམ་པ་གཉིས་ཏེ། ཤིང་བཟོ་རིགས་ཀྱི་དབྱེ་བ་དང༌། བསྐུར་བའི་དུས་ཀྱིས་དབྱེ་བ་རྣམ་པ་གཉིས་ལས། དང་པོ་ཚིགས་ལ་བསྐུར་བ་སྒྱོགས་དང༌། རྐང་ལ་བསྐུར་བ་ཁྲ་དང༌། གནས་མ་ངེས་པ་ལ་བསྐུར་བ་བྱི་ཟེའོ། །སྒྱོགས་ལ་ཡང་སྤྱིར་ནི་སྒྲོམ་སྒྱོགས་ཚེམས་ཡོད་མེད་དང༌། སྦ་སྒྱོགས་དྲ་བ་ཅན་ཕྱི་དྲ་ནང་དྲ། བསིལ་སྒྱོགས་བསིལ་མ་འཕྲུལ་མ་བཅས་གསུམ་དུ་གསུངས་ཀྱང་དེ་དག་གི་དགོངས་དོན་དཀྲོལ་སྐབས་འདི་ལྟར་དུ་ངེས་དགོས་ཏེ། ཐོག་མར་སྒྲོམ་སྒྱོགས། དེ་ནས་སྦ་སྒྱོགས་དྲ་བ་ཅན་དེ་ནས་འཕྲུལ་སྒྱོགས་བསིལ་མ་ཅན་འཆད་དེ། དེ་ནང་ནས་སྦ་སྒྱོགས་ལ་ཡང་དཔུང་པའི་བྱ་གཤོག་མ། གྲུ་མོའི་གྲུ་ཆོད་མ་མཁྲིག་མའི་སྒྲོམ་ཐབས། པུས་མོའི་སྟག་མགོ་གཟེར་འགྱེད། རྒྱ་ཚིགས་ཀྱི་འགྲམས་ལྷན་ཚེམས་འགྱེད་མ་དང་ལྔའོ། །དེ་ལ་དཔུང་པ་ལ་བྱ་གཤོག་མ་བྱ་བ་ནི་བྲང་དང་སོག་སྟེང་གི་གཞུང་ཤིང་གཉིས་མཐོ་རེ། དཔུང་ལྷུ་ཕྱི་ནང་གི་གཞུང་ཤིང་མཐོ་རེ་ཆགས་པར་བྱ། ཕྱི་ནང་གཞུང་ཤིང་བཞི་བཞི་བསྣོལ་ལ་བཙེམས། ཁ་བསྡམ་བྱེད་ཀྱི་དབང་བུ་ལ་སྟོད་ཀྱི་གཉིས་མཐོ་རེ། སྨད་ཀྱི་གཉིས་མཁྱིད་རེ། ཁ་གནོན་ནི་ཕྲག་སྟེང་དུ་གཉིས། དཔུང་ལྷུ་ལ་གཉིས་སྒབ་འདེགས་གསུམ་འོང༌། བུག་པ་ཐམས་ཅད་ལྕགས་བསྲེགས་ཀྱིས་བཞི་མིག་ཏུ་ཕུགཚེམས་ཀྱི་རྒྱ་གྲམ་ནང་དུ་གྲུ་བཞིར་བཙེམ་མོ། །ཁ་གནོན་སྒབ་འདེགས་ལ་གླ་འབྲེང་གདགས། དབང་བུའི་བར་གྱི་གྲྭ་མིག་སྤ་ཐུང་ཕོ་རིས་སུ་བཙེམ་མོ། །དེ་བཞིན་དུ་ཀུན་ལ་ཤེས་པར་བྱའོ། །གྲུ་མོའི་གྲུ་ཆོད་བཅའ་བ་ལ་ཕྱི་ནང་སྟོད་སྨད་ཀྱི་གཞུང་ཤིང་མཐོ་གང་སོར་བཞི་བྱ། གྲེ་ཁུགས་ལ་གྲུ་བཞིར་བསྣོལ། སྟོད་ཀྱི་ཁ་སྡོམ་གྱི་དབང་བུ་གཉིས་མཁྱིད་གང༌། སྨད་ཀྱི་ཆག་གང་ཁ་གནོན་བཞི། སྒབ་འདེགས་བཞི་མ་དང་མཉམ་མོ། །མཁྲིག་མའི་སྒྲོམ་ཐག་བཅའ་བ་ལ་གཞུང་ཤིང་མཐོ་རེ་མཁྱིད་རེ། རྗེ་ངར་ཕྱི་ནང་གི་གཞུང་ཤིང་བཞི་མཐོ་གསུམ་དང་སོར་བཞི། སྟོད་ཀྱི་ཁ་བསྡམས་ཀྱི་དབང་བུ་གཉིས་མཛུབ་རེ། སྨད་ཀྱི་ཁ་བསྡམས་ཀྱི་དབང་བུ་གཉིས་མཁྱིད་རེ། བརླ་ལ་དབང་བུ་གཉིས་མ་དང་མཉམ། ཁ་གནོན་ཞི་བྱིའུ་དང་ལྔ། སྒབ་འདེགས་བཞི་དབང་བུ་དང་མཉམ་པ། མཐིལ་ཤིང་ལ་སྟག་མགོ་སྦྲགས་ཏེ་ཁ་བསྡམས་ཀྱི་དབང་བུར་བཅུག་ལ་གཟེར་ཀྱིས་བསྡམ་མོ། །རྒྱ་ཚིགས་ཀྱི་འགྲམ་ལྷན་ཚེམས་འགྱེད་མ་བཅའ་བ་ནི་ཕྱི་ནང་གི་གཞུང་ཤིང་མཐོ་དོ་དོ་འགྲམ་ལྷན་ལ་སྦྲགས། འགྲམ་ལྷན་གཉིས་ཞེང་སོར་བཞི་སྲིད་སོར་བཅུ་བཞི་མཐིལ་ཤིང་ཞོ་དོང་གཤགས་པ་མཐིལ་དང་མཉམ་པར་བྱ། འགྲམ་ལྷན་དང་མཐིལ་ཤིང་འཕེལ་ཀ་བྱས་འབྲེང་བུས་བཙེམས། བོལ་གྱི་ཁུགས་ལ་ནམ་མཁའ་གཉིས་བཏང༌། གཞུང་གི་ལོགས་ལ་དབང་བུ་གསུམ་བཏང༌། སྟོད་ཀྱི་ཁ་བསྡམས་ཀྱི་དབང་བུ་མཛུབ་རེ། སྨད་ཀྱི་དབང་བུ་ཆག་རེ་སར་བྱ། ཁ་གནོན་གསུམ། སྒབ་འདེགས་གསུམ། རྟིང་ཁབ་དང་ནམ་མཁའ་སྒྲོག་ཏུ་ལྡན་པར་བྱའོ། །ཚད་དུ་བཤད་པ་དེ་རྣམས་ལ་ཡང་རྐང་རིང་ཐུང་ཤས་ཆེ་ཆུང་སོགས་སྦོམ་ཕྲ་ཆོལ་བར་ཡང་ཡོད་པས་ཆིངས་བྱས་པའི་སྟེང་ན་འཕྲལ་ཉམས་ཀྱིས་བྱས་ན་འཛོལ་མི་འོང་ཞིང་བཅོས་ནས་འཇོག་ན་རབ་འབྲིང་མཐའ་གསུམ་བཅོས་ནས་བཞག་པས་མི་གང་ལ་ཡང་གཞུག་ཏུ་བཏུབ་བོ། །སྒྲོམ་སྒྱོགས་ཀྱི་བཅའ་གཞི་ལ་སྲིད་ཚད་ཐམས་ཅད་གཞུང་ཤིང་དང་མཐུན། ཞེང་ཚད་ཐམས་ཅད་དབང་བུ་དང་མཐུན། ཁ་གནོན་བཞི་སྒབ་འདེགས་ལ་ཁྱད་མེད། ཤིང་ཐམས་ཅད་ལེབ་མོ་ལ་ཚིགས་ཀྱི་ཁུགས་རྒྱུན་གྱིས་བཙེམས། ཤིང་ལ་བེར་ག་རིས་ཁ་སྤྲོད། ཟླ་ཚེས་ལྟག་སྤྲོད། གྲུ་གསུམ་རྩེ་སྤྲོད་པ་ཁོལ་འདོན་བྱའོ། །ཁྱད་པར་དཔྱིའི་སྒྲོམ་སྒྱོགས་བཅའ་བ་ནི། འཕོངས་ཙོག་ཙོག་པོ་ནས་བརླའི་ཕྱེད་སླེབ་པའི་འོག་ཤིང་ལེབ་མོ་གཅིག་ལ་དཔྱི་ཤིང་གཅིག་ཚང་རའི་ཤིང་བུ། བརླའི་ཕྱི་སྐྱོར་གྱི་བརླའི་སུལ་པ་གཅིག བརླའི་ནང་ཤིང་གཅིག་དང་བཞི་པོ་འབྲེང་པ་སྦྲག་གོ། དཔྱི་དང་ཚང་རའི་ཤིང་གཉིས་རྒྱུན་གྱིས་བཙེམས། ཚང་རའི་ཤིང་ལ་སྐྱེར་པའི་ཤིང་གཅིག་བཙེམས། དཔྱིའི་ཤིང་དང་བརླའི་ཤིང་གཉིས་བཙེམས་ནམ་མཁའ་བཏང༌། བརླའི་སྟེང་དུ་ཁ་གནོན་གསུམ་འོག་ཏུ་སྒབ་འདེགས་གཅིག་བཏང༌། ནམ་མཁའ་དང་རྐེད་ཤིང་འབྲེང་པས་མདུད་པ་བྱའོ། །དཔུང་པའི་འཕྲུལ་སྒྱོགས། གྲེ་མོའི་འཕྲུལ་སྒྱོགས། མཁྲིག་མའི་འཕྲུལ་སྒྱོགས། དཔྱིའི་འཕྲུལ་སྒྱོགས། པུས་མོའི་འཕྲུལ་སྒྱོགས་རྒྱ་ཚིགས་ཀྱི་འཕྲུལ་སྒྱོགས་བཅས་དྲུག་ནི་དཔུང་པའི་འཕྲུལ་སྒྱོགས་བསིལ་མ་བཅའ་བ་ལ། དཔུང་ཁབ་ཀྱི་ཤིང་ལག་མཐིལ་ཙམ་པ་ནང་ཀྱོང་ངེ་བ་གཅིག་བཏང༌། སོག་ཁབ་སོག་པ་དང་མཉམ་པ་གཅིག་བཏང༌། གཉའ་གནོན་དང་སྒྲོག་གནོན་སོག་ཁབ་རེ་བཏང༌། སོག་ཁ་ནུ་ཁབ་གཉིས་ལ། སྒབ་འདེགས་གཅིག་བཏང༌། སོག་ཁབ་གཉའ་གནོན་གཉིས། བྲང་ཁབ་སྟོད་སྨད་གཉིས་སུ་འབྲེང་པ་བཏགས་ལ་མཚན་དོན་གཅིག་གཅིག་གི་གྱེན་ཤིང་དང་སྒྲོག་ཤིང་གི་བར་ཐམས་ཅད་འབྲེང་པས་བསྡམ་མོ། །འདི་དང་གོང་དུ་བཤད་པ་རྣམས་ཀྱི་ཆ་ཚད་ནི་ཤ་རྗེན་ལ་མཉམ་སྟེ། ཆིངས་བྱས་པའི་སྟེང་དུ་བསྐུར་བས་བྱེར་ཟུག་སྙོམས་ཏེ་འོང་བའོ། །གྲུ་མོའི་འཕྲུལ་སྒྱོགས་བཅའ་བ་ནི་གྲུ་མོའི་ཁུང་བུ་ཀྱོང་མོ་འུར་མཐིལ་ལྟར་གཅིག་ལ་སྟོད་དུ་ཤིང་བཞི། སྨད་ཤིང་བཞི་འབྲེང་པས་སྒྲོག་པར་བྱའོ། །མཁྲིག་མའི་འཕྲུལ་སྒྱོགས་ནི་མཐིལ་ཤིང་དང་པྲན་རྩེ་ཁབ་གཉིས་རྒྱ་དང་དབྱིབས་ལག་པ་དང་བསྟུན། མཐེ་བོང་གི་གཉའ་གནོན་དང་མཐེའུ་ཆུང་གི་སྒབ་འདེགས་གཉིས། མཁྲིག་མའི་གཞུང་ཤིང་གཉིས་དེ་རྣམས་འབྲེང་པས་སྒྲོག་གོ། དཔྱིའི་འཕྲུལ་སྒྱོགས་ལ་འོག་ཤིང་ཙོག་ཙོག་པུའི་ཁུང་བུ་གསང་བུག་ཅན་གཅིག་ཚང་ར་དང་དཔྱི་གཉིས་ལ་ཤིང་ལེབ་རེ། བརླའི་ཕྱི་ཤིང་ནང་ཤིང་སྒང་ཤིང་གསུམ། ནང་ཟུར་གྱི་གཅིག་དང་བཞི་དེ་རྣམས་འབྲེང་པས་སྦྲགས་ལ་བསྡམ་མོ། །པུས་མོའི་འཕྲུལ་སྒྱོགས་ལ་བརླ་ཁབ་ནང་ཀྱོང་མོ་འུར་མཐིལ་ཙམ་གཅིག་ལ་བརླའི་སྒང་ཤིང་གཉིས། སུལ་གནོན་སྒབ་ཤིང་གཉིས་ཏེ་ལྔ། ངར་གདོང་གི་ཕྱི་ཤིང་ནང་ཤིང་གཉིས། བྱིན་པའི་ཕྱི་སུལ་གནོན། བྱིན་པ་ཁབ་བཞི་བཙེམས་པ་ལ་གཅིག་སྟེ་དེ་རྣམས་འབྲེང་པས་བསྡམ་མོ། །རྒྱ་ཚིགས་ཀྱི་འཕྲུལ་སྒྱོགས་ལ་མཐིལ་ཤིང་མཐིལ་དང་མཉམ་པ་གཅིགའགྲམ་ལྷན་གཉིས། བོལ་ཁབ་སྟེང་ཁབ་གཉིས། དེ་རྣམས་ཟོར་བའི་མགོ་ལྟར་དུ་བྱས་ལ་དེ་ངར་གདོང་གི་ནང་ཤིང་གཅིག བྱིན་པའི་ཕྱི་ཤིང་བྱིན་ཁབ་བཙེམས་པ་གཅིག དེ་རྣམས་སྦྲགས་ལ་འབྲེང་པས་བསྡམ་མོ། །འཕྲུལ་སྒྱོགས་ཀྱི་ཡང་ཤིང་ཆེ་ཆེ་ལ་ཁོང་སེང་རེ་བཏོད། རྐང་གི་ཤིང་རྣམས་སོར་བཞི་དང་གསུམ་གྱི་ཞེང་དུ་བྱ། བར་དུ་སོར་གཉིས་གཉིས་འོང་བར་བྱ་ཞིང༌། ཤིང་གི་གྲངས་བཤད་པས་མ་འཐུས་ན་ཤིང་གང་དགོས་གཞུག་དགོས་ཏེ་ཤིང་ཉུང་ན་ཆོལ་པོར་སོང་ནས་མི་སྡོམ། མང་ན་བར་ཆུང་ནས་ཡང་མི་སྡོམ་པའི་རྒྱུར་འགྲོ་བས་རིག་པས་ལེགས་པར་དཔྱད་པར་བྱ་བ་དང༌། སྒྱོགས་ལ་རིགས་མང་ཡང་དཔྱི་སོག་མཁྲིག་མ་གསུམ་ལ་འཕྲུལ་སྒྱོགས་འཇིབ་པ་དང༌། གྲུ་མོ་དང་པུས་མོ་རྒྱ་ཚིགས་གསུམ་ལ་སྦ་སྒྱོགས་འཇིབ་བོ། །ཁྲ་ལ་རུས་ཆག་སྦྱོར་བའི་ཁྲ་དང༌། ཤ་སྟེང་རང་སར་སྡོམ་པའི་ཁྲ་དང༌། ཉྭ་སུལ་རྣམས་སུ་རྣག་འཁྱིམས་བཅར་འདེད་ཀྱི་ཁྲ་གསུམ་ལས་རུས་པ་ཆག་པ་གནས་སུ་སྦྱོར་བའི་ཁྲ་ལ་ལག་ལེན་དམར་ཁྲིད་དུ་རིགས་བཞི་ཡོད་པ་ལས། ཁྲ་འཁོར་ལོ་སྤྱིར་སྡོམ་ཅན་དང༌། ཁྲ་ཁྲང་བུ་འཁོར་ལོ་ཅན་དང༌། ཁྲ་དབང་བུ་སྡོམ་ཅན་དང༌། ཁྲ་སྟག་མགོ་གཟེར་སྡོམ་ཅན་ནོ། །དེ་ཡང་འཁོར་ལོ་སྤྱི་སྡོམ་ཅན་བྱ་བ་ནི། བརླ་ལ་ཤིང་བརྒྱད། བྱིན་པ་ལ་བདུན། དཔུང་པ་ལ་དྲུགལག་ངར་ལ་ལྔ། རིང་ཐུང་རྐང་དང་མཉམ། སྣ་གཉིས་རྐེད་པ་དང་གསུམ་དུ་འཁོར་ལོ་བཙེམས་པ་ལ་འཁོར་ལོ་ལ་ཉག་ཁ་བཞི་བཞི་བཏོད། དེའི་ཐོག་ནས་བར་ལ་འབྲེང་པས་བཅིངས་ལ་སྲད་བུས་འཁོར་ལོ་རིས་ཕྱི་ནས་བར་ལ་བསྐོར་ནས་བསྡམ་མོ། །འབྲེང་བུ་འཁོར་ལོ་སྡོམ་ཅན་ནི་ཤིང་གི་གྲངས་འདྲ་འཁོར་ལོ་རིས་ཐད་ཀར་བུག་པ་གཉིས་ཕུག་པ་ལ་འབྲེང་པས་བསྡམ་མོ། །དབང་བུ་བྱི་སྡོམ་ཅན་ནི་ཕྱོགས་བཞིར་གཞུང་ཤིང་གཉིས་ལ་དབང་བུ་བཞི་བཞི་བྱས་ལ་དེ་ལ་མཚམས་བཞིར་བྱིའུ་གསུམ་གསུམ་གྱིས་བསྡམ་མོ། །སྟག་མགོ་གཟེར་སྡོམ་ཅན་ནི་གཡས་གཡོན་ནས་མར་ཤིང་ལེབ་ལ་སྟོད་སྨད་བར་གསུམ་འབབ་ལེན་བཏང༌། དེའི་སྣ་ལ་བུག་པ་བྱས་ལ། དེའི་མིག་དྲུག་ལ་སྟག་མགོ་དྲུག་བཅུག་སྟེ་གཟེར་གྱིས་བསྡམ་མོ། །ཤའི་སྟེང་དུ་འཕྱང་བ་རང་སར་སྡོམ་པའི་ཁྲ་ལ་སྔར་བཤད་མ་ཐག་པ་དེ་དང་འདྲའོ། །ཡང་ན་སྣ་གཉིས་སུ་སྟག་མགོ་རེ་བྱས་ཀྱང་ཆོག་ཅེས་དམར་ཁྲིད་དུ་གསུངས་སོ། །ཉྭ་སུལ་རྣམས་སུ་རྣག་འཁྱིམས་པ་བཅར་འདེབས་ཀྱི་ཁྲ་ལ་རྨའི་གཡས་གཡོན་རེར་ཤིང་རིང་བ་རེ་བཏང༌། རྨའི་སྟེང་ན་མར་རྨ་ཁར་མ་སླེབ་པ་ཡས་གཅིག་མས་གཅིག་བཏང༌། དེ་ལ་དབང་བུ་བཞི་བཏང་ལ་དེའི་སྟེང་དུ་བཏང༌། རྒྱབ་ཏུ་ཤིང་ལེབ་བཏང་བ་དེ་བྱིའུས་བསྡམ་མོ་ཞེས་གསུངས་པ་དང་གསུམ་མོ། །བྱི་ཟེ་ཞེས་པའི་ངེས་ཚིག་གོང་དུ་བཤད་ཟིན་པ་ལྟར་རྟོགས་དགོས་ཤིང༌། འདི་ལ་གྲངས་སུ་ཕྱེ་ན། རྦད་ཆོད་ཁ་འཛིན་གྱི་བྱི་ཟེ་དང༌། རྒྱ་འཁྱིམས་བཅའ་བའི་བྱི་ཟེ། མདེའུ་དབྱུང་བའི་བྱི་ཟེ། ཞར་བྱུང་ཚིགས་ལམ་བཅའ་བའི་བྱི་ཟེ་སོགས་ལས། རྦད་ཆོད་ཁ་འཛིན་བྱི་ཟེ་ལ་འདི་ལྟར་བྱ་དགོས་ཏེ། ཤིང་མཁྱིད་རེ་བ་ལྔའམ་དྲུག་བཏང་ལ་དེའི་སྟེང་དུ་འབྲེང་པས་བསྣོལ་མར་བཅིངས་ལ་བསྣོལ་མཚམས་སུ་ཕུར་ཆུང་བསྣོལ་མར་བཏབ་པར་བྱ་བ་དང༌། ཁྲག་ཤོར་གྱི་རྒྱ་འཁྱིམས་བཅའ་བའི་བྱི་ཟེ་ལ་རྩའི་ཡར་མར་སོར་བཞིའམ་གསུམ་ཙམ་དུ་རྡེའུས་མནན། དེའི་ཁར་ཕྱིང་པ་བག་ལྡག་གིས་སྦྱར་ལ་བཏང་བ་དང༌། དེའི་ཁར་འཕྲེད་ལ་ཤིང་གཅིག་བཏང༌། དེའི་སྟེང་གཡས་གཡོན་དུ་ཤིང་གཅིག་བཏང༌། རྒྱབ་ཏུ་ཤིང་ལེབ་ཆེ་བ་ཞིག་བཏང་ལ་སྟག་མགོ་བསྡམ་པ་དང༌། འབྱིན་ཐབས་མདེའུ་སོགས་ཟུག་རྔུ་དབྱུང་བའི་བྱི་ཟེ་ནི་ཤིང་མཐུག་པོ་ཞིག་ལ་སྐམ་པ་ཤོང་བའི་བུག་པ་བྱས་ལ་རྨ་ཁ་དང་རྒྱབ་ཏུ་ཡང་ཤིང་ལེབ་གཅིག་བཏང༌། དབང་བུ་བཞི་སྟོད་སྨད་དུ་བཏང་ལ་ལྟག་ལ་ལྟག་མགོ་གཞུག དེ་ཀ་བར་གཅུད་ལ་མདེའུ་དབྱུང་བ་བཅས་གསུམ་དང༌། ཞར་ལ་དམར་ཁྲིད་གསུངས་པའི་པུས་མོའི་ཚིགས་མལ་བཅའ་བའི་བྱི་ཟེ་ནི། མགོ་བོའི་ཤིང་ལ་ཚིགས་ཀྱི་ཁུག་བྱས་ལ་གཡས་གཡོན་གཉིས་ལ་ཤིང་རེ་སྐྱོར་མཐིལ་ཤིང་བཅུག་སྟེ་དེའི་ནང་རྐང་པ་བཅུག་ལ་བཞག་གོ། བསྐུར་དུས་ཀྱི་དབྱེ་བ་ནི་ནམ་ཟླ་དྲོ་དུས་བསིལ་སྒྱོགས་དྲ་བ་ཅན་དང་ཁོང་གསེང་ཅན་གཉིས་དང༌། ནམ་ཟླ་གྲང་དུས་དྲོད་སྒྱོགས་སྒྲོམ་སྒྱོགས་པགས་པ་བཀབ་པ་དང༌། རྨ་མེད་པ་ལ་སྐམ་སྒྱོགས་དང༌། རྣག་ཁྲག་འཛག་པ་ལ་གཤེར་སྒྱོགས་དྲ་བ་ཁོང་གསེང་ཅན་ཕྱི་སྒྱོགས་ནང་སྒྱོགས་དང༌། སྡོམ་སྒྱོགས་དམ་པ། གློད་སྒྱོགས་ལྷོད་པ་སོགས་རྣམ་པ་བརྒྱད་དུ་བཤད་ཅིང༌། འདི་ལ་དམར་ཁྲིད་ལྟར་ན་རིམ་པ་བཞིན་དུ། བསིལ་སྒྱོགས་ནི་ནམ་ཟླ་དྲོ་དུས་སུ་སྦ་སྒྱོགས་བཅའ་བའོ། །དྲོད་སྒྱོགས་ནི་གྲང་དུས་སུ་སྒྲོམ་སྒྱོགས་བཅའ་བ་དང་ལྕོག་བུའི་ནང་གཡོགས་བཏང་བའོ། །སྐམ་སྒྱོགས་ནི་རྨ་མེད་པ་ལ་བསྐུར་བའོ། །གཤེར་སྒྱོགས་ནི་རྣག་ཆུ་འཛག་པ་ལ་གསེང་བུག་བཏོད་པའོ། །མཆན་དུ་ཁོང་གསེང་ཅན་ཕྱི་སྒྱོགས། དྲ་བ་ཅན་ནང་སྒྱོགས། སྡོམ་སྒྱོགས་ནི་སྤོམ་རྩ་ན་ཁ་གནོན། སྒབ་འདེགས་གཞུང་ཤིང་གི་སྟེང་དུ་འདོན་པའོ། །གློད་སྒྱོགས་ནི་ནང་དུ་འཇུག་པའོ། །དེ་དག་རྣམས་བསྐུར་བའི་ཡུལ་ནི་ཚིགས་དོན་པ་དང༌། རྐང་ཆག་པ་དང༌། ཆུ་བ་དང་རྒྱུས་པ་རེངས་སམ་ཆད་དེ་དགྱེ་བ་དང༌། ཁྲག་ཤོར་བ་དང༌། ཉྭ་ཡུལ་སྟོང་པ་དང༌། ཚིགས་ལ་ཆུ་སེར་འཁོར་བ་དང༌། རྣག་འཁོར་བ་སྟེ་རྣམ་གྲངས་དྲུག་ཏུ་བཤད་པ་དེ་རྣམས་ལ་གཞུག་གོ། གཞུག་དུས་ནི་རྨའི་སྐྲངས་དང་ཚ་བ་ཆོགས་པ་དང༌། རྣག་གི་རྣག་ཤ་ཐོན་ལ་རུལ་ཆོད་ཅིང་དགོས་དུས་ཚིགས་དོན་པ་སོགས་དྲུག་ཏུ་གཞུག་པ་དང༌། དེ་ཡང་རྐང་ཆག་པ་དང་ཁྲག་ཤོར་གྱི་རིགས་མ་གཏོགས་པའི་བམ་རུལ་རྣམས་ལ་སྐབས་སྐབས་སུ་གསེང་བ་གཅེས་སོ། །དབྲལ་བའི་དུས་ནི་ཚིགས་ཤོར་མལ་དུ་ཚུད་པ་དང༌། རུས་པ་ཆག་པ་གནས་སུ་འབྱོར་ཞིང་ཚིགས་ཀྱི་འཁོར་བ་སྡོམས་པ་དང༌། ཆུ་མདུད་ཆག་པ་དང༌། རྩ་ལ་ཁད་སྤུ་དེ་ཆད་ཁའི་སྤུ་རྣམས་རང་གནས་སུ་ཚུད་པ་དང༌། ཤའི་སྟེང་དུ་འབྱོར་ཞིང་རྣག་གཞུག་ཆོད་པ་དང༌། རྐང་ལག་ཟུངས་ཐུབ་པ་སྟེ་འགྲོ་ནུས་པར་གྱུར་ན་དབྲལ་ལོ། །དམ་སྐྱོན་ཟུག་ལྷང་ཞིང་ཀྱོག་ཆེ་ལ་གོང་འོག་གཉིས་ཀ་སྐྲངས་པ་དང༌། སྐོམ་དད་ཆེ་ལ་གཉིད་མེད་ཅིང་སྟོང་སྐྱུགས་བྱེད་པ་དང༌། དང་ག་མི་བདེ་ཞིང་མགོ་བོ་ན་ལ་རྣ་བ་འུར་བ་སོགས་འབྱུང་སྟེ་དེ་རྟགས་དང་ལྡན་ན་ཤིང་ཆས་རྣམས་ཅུང་ཟད་གློད་པ་དང༌། ལྷོད་སྐྱོན་ཆག་པོ་དང༌། ཚིགས་འཕྲུལ་བ་རང་སོར་མི་སྡོད་ཅིང༌། རྣག་གཞུག་དང་ཁྲག་མི་ཆོད་པར་ཤོར་བ་དང༌། ནད་ཀྱི་ཟག་མི་ཆོགས་པ་དང༌། ཆུ་བའི་ཤ་སྣ་གཏིང་དུ་འབྲོས་ཤིང་ཆག་པོ་བསྣོལ་ནས་རིང་ཐུང་བྱུང་བ་ན། དེ་ལ་ཤིང་ཆས་རྣམས་ཅུང་ཟད་བསྡམ་པར་བྱའོ། །ནང་ཚངས་རྔ་མའམ་རས་ཀྱི་སྣེ་ཚར་གྱི་སྦོད་ཐམས་ཅད་དུ་ཁྱབ་ཅིང་སྙོམས་པར་ཐེམས་པ་དང་ལྡན་པ་གཅེས་ཤིང་ཡ་ཡོ་སྙོམས་པ་དང་བསྡམ་པ་ཆེ་ཆུང་སོགས་ཐམས་ཅད་ནང་ཚངས་ཐེམས་པ་འདིར་རག་ལུས་སོ། །བསྡམ་ཚད་ནི་དམ་པ་དང་ལྷོད་པའི་སྐྱོན་གཉིས་དང་བྲལ་བ་སྟེ་སྙོམས་པར་བྱ་བ་གཅེས་སོ། །བསྡམ་ཐབས་ཕར་ལ་སྡོམ་པའི་དུས་མཐའ་ནས་བསྡམ་ཞིང་ཚུར་དགྲོལ་བའི་དུས་དབུས་ནས་དགྲོལ་ལོ། །ཉེས་སྐྱོན་ནི་ལུས་པ་དང་ཤིང་ཆས་སུ་མ་འཚམ་ན་ཆག་བསྣོལ་དུ་འགྱུར་ཞིང༌། ཤིང་གི་བྱེར་ཟུག་མ་སྙོམས་ན་ནད་ཀྱི་ཟུག་མི་ཆོགས་པ་དང༌། གཞུག་པ་ཉེས་ན་ཡན་ལག་ཡ་ཡོ་མི་ཤེས་པའི་རེངས་པ་དང་འཁུམས་པར་འགྱུར་ཞིང༌། ཤིང་ལ་ཁོང་གསེང་མེད་ན་ཚ་ལ་བམ་དང་རུལ་སྐྱེའོ། །གོང་བཤད་དེ་ལས་གོ་ལོག་པ་ལེགས་པའི་ཡོན་ཏན་ཡིན་ཏེ། བཅའ་རྫི་བྱ་བ་སླ་ཞིང་རྨ་སོས་པ་མྱུར་བར་འགྱུར་རོ། །འདི་དག་གི་ལག་ལེན་གྱི་རིམ་པ་ནི་གོང་དུ། གཉེན་པོའི་བཅོས་དགུ་སྤྱི་རུ་འཕྲུལ་བ་གཅེས། །གསུངས་པས་དེ་དག་གང་ལ་གང་འོས་འཕྲུལ་བྱེད་པ་དང༌། དེ་ཡང་དང་པོ་འཇིབས་ཀྱིས་འདུལ། དེ་ནས་ཞུན་ནན་གང་རིགས་བྱེད། དེ་ནས་ཐེར་སྲབ་དཀྲི་བའམ། མེ་གཏར་སྨན་རྣམས་སྐབས་དང་བསྟུན་ཏེ་དེ་སྟེང་དེབ་གང་རིགས་བཏང༌། དེ་སྟེང་ཆིངས་གང་འོས་བཅིངས། དེ་སྟེང་སྒྱོགས་ཁྲ་བྱི་ཟེ་གང་འོས་བཅའ་བ་སྟེ་མདོར་ན་ནད་རིགས་དང་གནས་སྐབས་དུས་ཚོད་སྦྱར་ལ་བཅོས་པར་བྱ་སྟེ། ལག་ལེན་གོང་བཤད་ལྟར་མཐོང་བ་བརྒྱུད་པ་གཅེས་ཀྱང་འདིར་བསྟན་པ་རྣམས་ལའང་ཞིབ་ཏུ་དཔྱད་པས་ངེས་པ་རྙེད་པར་འགྱུར་རོ། །

རིམ་པ་ཤུགས་དང་སྦྱར་ནས་བཅོས་པར་བྱ་བ་ནི། དང་པོ་ཞག་གསུམ་ཁྲག་གི་ཤུགས་འབྱུང་བས་ཁྲག་ཚད་ཤོར་བ་དང༌། རྨ་གསར་འཇིབས་ཀྱིས་གདུལ་བ་དང༌། གཉིས་པ་དེ་ནས་ཞག་གསུམ་མཁྲིས་པའི་ཤུགས་འབྱུང་བས་ཚ་བ་བཅག་པ་དང༌། གསུམ་པ་དེ་འོག་ཞག་གསུམ་ཆུ་སེར་ཤུགས་ལས་སྐྲངས་པ་གཞོམ་པ་དང༌། བཞི་པ་དེ་ནས་ཞག་གསུམ་རྣག་གི་ཤུགས་བྱུང་བ་ལ་དབུག་ཅིང་རྣག་གཞུག་བཅད། ལྔ་པ་མ་ངེས་པའི་ཤུགས་བྱུང་བ་ལ་གང་བྱུང་བསལ་བ་དང༌། དྲུག་པ་རླུང་གི་ཤུགས་ཀྱིས་རྨ་ཁོང་བཅུད་ཀྱིས་གསོ་བ་དང༌། བདུན་པ་བད་ཀན་གྱི་ཤུགས་ལས་རེད་པ་གང་བྱུང་སྦྱང་བ་དང༌། དེ་དག་འོག་ཏུ་གསལ་བའི་མན་ངག་སྐབས་བཞིན་དུ་འཕྲུལ་ཤེས་པར་བྱ་དགོས་ཞེས་པ་ནི་ལུགས་སུ་བྱུང་བ་ལ་དུས་རིམ་བཞིན་ངེས་པས་ཁྲག་ནས་བད་ཀན་གྱི་ཤུགས་ཀྱི་བར་ལ་ཞག་གྲངས་དང་བརྟག་པས་རིམ་པར་བཅོས་པ་ཞིབ་པ་མན་ངག་སྐབས་སུ་སྟོན་ནོ། །

དུས་གསུམ་དཔེ་ལྕགས་བཟོ་དང་སྦྱར་ཏེ་བཅོས་པ་ནི། དང་པོ་རྨ་རྒོད་སྐྲངས་པ་ལྕགས་རྒོད་ཞུན་གྱིས་འདུལ་བ་ལྟ་བུ་དང༌། བར་དུ་རྣག་ཤོར་ཕུག་ལ་ལྕགས་ལ་གྲི་མཚོན་བརྡུངས་པ་འཐར་གྱིས་སྦྱང་བ་ལྟ་བུ་དང༌། ཐ་མ་ཤ་གསོ་བ་ལ་རྨེན་པ་བརྟས་པ་དེ་རྒྱས་པ་མཚོན་ངར་གྱིས་གདགས་པ་ལྟར་འདིར་ཡང་རྨ་རྒོད་སྐྲངས་དུས་ཞུན་གྱིས་འདུལ། བར་དུ་རྣག་དུས་དབུགཐ་མ་ཤ་གསོ་རྨེན་པ་རྟས་པར་བྱེད་པ་སྟེ་དུས་གསུམ་དཔེ་དང་སྦྱར་བའི་བཅོས་ཚུལ་ཡིན་ཏེ།

དེ་ལའང་ཞུན་དུ་གཞུག་པ་ལ་རྨ་གསར་གྱི་དུས་དང་སྐྲངས་པའི་དུས་གཉིས་ལས། རྨ་གསར་དང་པོ་ནི་འཇིབས་ཀྱིས་གདུལ་བར་བྱ་དགོས་ཏེ། སྦང་མ་ཞིམ་པོ་ལེགས་པར་བཙིར་བ་དང༌། ཝ་སྤྱང་ཁྱྀའི་བྲུན་རྣམས་སྦྱར་བ་བསྲོས་པའི་འཇིབས་ཀྱིས་རླུང་འདུལ་ཞིང་ཆུ་སེར་འཇིབ་པ་དང༌། དེ་འོག་སྐྲངས་མ་ཐུབ་ན་ནན་དང་ཞུན་ལུམས་གསུམ་གྱིས་གདུལ་དགོས་ཏེ། དམར་པོའི་སྦྱོར་བ་དང༌། སེར་པོའི་སྦྱོར་བ་དང༌། སྐྱ་སྦྱོར་དང༌། ནག་པོའི་སྦྱོར་བ་དང༌། ཁྲ་བོའི་སྦྱོར་བ་ལྔ་གོང་དུ་བསྟན་པ་ལྟར་ཀུན་ལ་དབྱེ་བས་བསིལ་བ་སྟེ་ཞིབ་བཏགས་གྲང་མོ་དང་དྲོད་དེ་བཅོས་པའི་རྣམ་པ་གཉིས་སུ་སྦྱར་དགོས་ཏེ། གང་ཡང་ནན་དུ་སྦྱོར་ན་ཞིབ་པར་བཏགས་ལ་རྩེ་འཇམ་བསྲོས་ལ་ཚ་བ་ཆེ་ན་གྲང་མོ་ཤིས་ཤིང༌། གར་སླ་ལུག་ཞོ་ཙམ་གྱིས་བྱུགས་པ་ལ་ཤོག་དེབ་དང་སྤུའི་དེབ་བཏང་ལ་འཇག་གོང་བཤད་ཀྱིས་ལེགས་པར་དཀྲི་བ་དང༌། ཞུན་དུ་སྦྱོར་ན་ཞིབ་པར་བཏགས་ལ་ཚོས་པར་བཙོ་ཞིང་འོ་ཟན་ཙམ་གྱི་འདག་པ་ཞོའམ་སྦང་ཉེ་གླ྄ུམ་ཉེ་དྲི་ཆུ་གང་འཕྲོད་རྟ་དང་སྦྱར་ལ་བྱུགས་པའི་སྟེང་ཧེལ་སྲབ་གཡོགས་སུ་བཏང་ལ་དཀྲིས་མས་དཀྲི་བར་བྱ་བ་དང༌། ལུམས་སུ་སྦྱོར་ན་ཁྲམ་ཁྲུམ་སྟེ་ཆོམ་བརྡུངས་ཆང་ངམ་ཆུ་ལ་བཙོ་ཞིང༌། ཆུ་ཆོད་ནས་ཧེལ་གེ་སྟེ་མཉེན་གྱི་ཁུད་དུ་གཏུམས་ལ་བདུགཡང་ན་གོང་དུ་བཤད་གྲུབ་ཀྱང་ཚ་བ་ལ་ཞིབ་བཏགས་གྲང་མོ་ཁོ་ནའི་བསིལ་ལུམས་བྱའོ། །དེ་ལྟར་ཞུན་དུ་བཅུག་པ་ལ་སོགས་པའི་ཡོན་ཏན་གྱིས་ནི་རླུང་འདུལ་ཞིང་ཆུ་སེར་འཇིབ་ཅིང་སྐྲངས་པ་འཇོམས་པ་དང༌། ཁྲག་ཚད་དང་མཁྲིས་ཚད་དང་རྩའི་ཚད་པ་མ་ལུས་པ་འདོན་པར་བྱེད་ཅིང༌། སྐྱོན་ནི་བྲུན་གྱིས་རྩའི་ཁད་སྤུ་ཞེས་གོང་བཤད་ལྟར་ཆད་པའི་ཁའི་སྤུ་ལྟ་བུ་དེ་རང་གནས་སུ་མ་ཆུད་པའི་འཚོར་བ་དང༌། གཡེར་མ་མ་གཏོགས་སྤོད་ཀྱིས་ཁྲག་ཚད་དང༌། མཁྲིས་ཚད་དང༌། རྩ་ཚད་དང༌། རུས་ཀྱི་ཚད་པ་སྐྱེད་པ་དང༌། སྣུམ་གྱིས་ཉྭའི་ཆས་འདྲེད་ཅིང་བད་མཁྲིས་སློང་བས་སྤང༌། དེའི་ཕྱིར་སྐྱོན་ཡོན་ཤེས་པས་གང་ལ་གང་འཚམ་པའི་དུས་དང་སྦྱོར་དགོས་སོ། །བར་དུ་རྣག་བཏོན་ལ་འཐར་གྱིས་སྦྱང་བ་ནི། འཇིབས་དང་ཁྲུས་གོང་དུ་བཤད་པ་ལྟར་གྱིས་རྣག་ཤ་ཐོན་པ་དང༌། སྐྱ་སྦྱོར་དང༌། སེར་སྦྱོར་དང༌། དམར་པོ་དང༌། ནག་པོའི་ནན་སྔར་བཤད་པ་ལྟར་བད་མཁྲིས་ཁྲག་དང་རླུང་གི་བྱེ་བྲག་སོགས་རིམ་པས་སྦྱར་བ་དང༌། ཡང་ན་རྣག་མདོག་དམར་པོ་ལ་ར་དུག་ནས་ཕྱེ་གོང་བཤད་ཀྱི་ས་མྱག་བག་ཕྱེ་སོགས་དང་སྔོན་པོ་ལ་དུད་པ་སོ་ཐོག་སྦང་གར་ཞོ་སོགས་དང་སྦྱར་བ་དང༌། དུད་ཁ་ལ་གླ་རྩི་སྦང་གར་དང་དམར་རྩ་ལ་ཧོང་ལེན་སྦྲང་གར་བཅས་དང༌། སྐྱ་བོ་ལ་གོང་བཤད་ཀྱི་ས་མྱག་བག་ཕྱེ་ཞོ་སོགས་སོ་སོའི་རིགས་དང་སྦྱར། ཡང་ན་སྐྲངས་པ་ཡོད་མེད་ལ་དམར་སེར་སྔར་ལྟར་གྱི་ཆས་སམ་ཡང་ན་ལྕུམ་རྩ་ཡུང་བ་ཆུ་རྩ་ལྡོང་རོས་ར་མཉེའི་ཐལ་བ་བག་ཕྱེ་སྦང་མའི་གར་པོ་ལ་སོགས་པའི་ནན་སྦྱར་བའི་ནན་གྱིས་སྐྱོ་མ་སྙོམས་པར་བྱུགས་ཏེ་ཕྱིང་པའི་དེབ་བཏང་བ་དང༌། ཉྭ་སུལ་དང་ཕྱིང་པའི་གྲངས་སུ་སྦྱར་ལ་རྩ་གཞུག་སོགས་ལུས་དབྱིབས་དང་བསྟུན་པ་དང༌། ཚིགས་ལ་རུས་མགོ་ཁོལ་དུ་བཏོན་ལ་ཚིགས་མིག་དང་རུས་པའི་དབྱིབས་སོགས་དང་སྦྱར་བའི་ཕྱིང་པ་བཏང་བ་ནི་རུས་མགོ་རེ་ལ་ཕྱིང་པ་རེ་རེ་བཏང་ཞིང༌། དེ་ཡང་ཚིགས་མིག་དང་སུལ་སྟེང་དུ་ཕོ་དེབ་ཅེས་ཉིས་རིམ་བཏང་བ་དང༌། རྣག་འཁྱིམས་ལ་ཡང་དེབ་སུམ་བརྩེགས་བཏང་ལ་ཆིངས་ཀྱིས་བཅིངས་པ་དང༌། འབྱར་གྱི་ཡོན་ཏན་ནི་རྣག་འཁྱིམས་ཡོད་པ་དང༌། སུལ་མིག་ཆེ་སར་བཅར་ལ་འདེབས་པ་དང༌། སྐྲངས་ཀྱི་བྱེར་པ་སྡུད་ཅིང་བྱེ་སྦོས་རང་སར་གནོན་པ་དང༌། རྩའི་ཁ་འཛིན་ཅིང་ཆག་པ་གནས་སུ་སྦྱོར་བ་དང༌། ཚིགས་བར་གྱི་འཁྲུལ་སྡོམ་ཞིང་ཆུ་རྒྱུས་འཐེམ་ལ་འདེབས་སོ། །ཉེས་སྐྱོན་ནི་སྐྲངས་སམ་རྣག་ཤ་མ་ཐོན་པ་ལ་སྔས་ན་སྐྲངས་འབྱེར་ལ་རྣག་ཤ་ལྡས་པ་ཞེས་བརྡ་རྙིང་ལུས་པ་ཡིན་ཞིང༌། རྣག་ལམ་འགགས་ན་ཟུག་སྐྱེ་ལ་རུལ་ཞིང་མྱགས་པ་སྟེ་སླ་མོའམ་སྙི་བར་འགྱུར་བ་དང༌། སྦོས་པ་ཧགས་ཞེས་ནང་ཆིངས་ལ་གསེང་དྲ་མིག་མ་བྱས་ན་སུལ་དུ་འབྱེར་འགྲོ་བ་དང༌། ཤ་དང་པགས་པ་བྱེ་བ་ལ་ཁྲག་འབྱོར་གྱི་གཟེར་མ་བཏབ་ན་འབྱར་བྱས་ཀྱང་འབྱོར་པ་དཀའ་བས་ན་རྒྱུ་མཚན་དེའི་ཕྱིར་དུས་ཚོད་སོགས་ཐབས་ལ་མ་རྨོངས་པའི་མཁས་པས་རིགས་པར་སྦྱར་རོ། །ཐ་མ་རྨེན་བུ་བརྟས་པ་དེ་ཚེ་ངར་དུ་གདགས་པར་བྱ་བ་ལ་ནི་འོ་མ་དང་ནས་མ་བརྔོས་པའི་རྗེན་ཕྱེ་མར་དཀར་སོགས་ཀྱི་ཨ་ས་ཟན་དྲོན་གྱིས་མནན། སྤོད་སྣ་སྒ་འུ་སུ་གོ་སྙོད་སོགས་མར་དང་སྦྱར་བར་ཕྱིང་པ་རེ་བལ་བཅས་བཙོས་པ་རྨེན་བུའི་སྟེང་དུ་སྙོམས་པར་བཀབ་ལ་དཀྲིས་མས་བཅིང་བ་དང༌། སྤོད་སྣ་ལ་གཡེར་མ་བཏང་ན་གཡེར་མས་ཆུ་སེར་འདྲེན་ཞིང་བད་ཀན་སེལ་བ་དང་རྨ་ཚད་གཅོག་པར་བྱེད་དེ་ཁྲག་དང་རྨ་གསར་དུས་སུ་ཤིས་ཀྱང༌། རྨ་རྙིང་གི་སྐབས་འདི་དུས་གཡེར་མ་མི་བཏང་སྟེ་བཏང་ན་རླུང་འབྱེར་ཞིང་རྨ་འཚོ་དཀའ་བ་སོགས་གང་ལ་ཡང་སྔོན་དུ་སྤྱི་བཅོས་བྱ་བ་དང་མ་ཐུབ་ན་སྒོས་བཅོས་བྱའོ། །

གཉན་པ་གནད་སོ་སོ་དང་སྦྱར་ལ་བཅོས་པ་ནི་དེ་ལ་ཉྭ་གནད་རྣམས་ལ་མཚོན་ཕོག་པའི་ཚེ་སྤྱི་བཅོས་སུ་ཟན་དྲོན་ཨ་སས་བདུག་པ་དང༌། ཡང་ན་ཚ་བའི་འཇིབས་སུ་གོང་དུ་བཤད་པ་ལྟར་གཞུག་པར་བྱ་ཞིང༌། མ་ཐུབ་ན་སྦང་གླུམ་གར་པོ་དང༌། མཁན་ཆུང་དང༌། ལུག་ཤོ་རྐྱང་སེལ་དུ་བཤད་པ་ལྟར་དང༌། སྒ་འུ་སུ་སོགས་སྤོད་དང༌། མར་ནག་ནས་ཀྱི་རྗེན་ཕྱེ་བཅས་པའི་ཞུན་དུ་གཞུག་པ་དང༌། དེས་ཀྱང་མ་ཐུབ་ན་ཉྭ་སྣ་སྣ་ཚོགས་ཀྱི་ལུམས་ནི་ཉྭ་རྨད་མའི་ཤ་རྒོད་གཡུང་རྟ་བོང་ར་ལུག་བ་གླང་མཛོ་དྲེལ་གཅན་གཟན་བྱ་ཁྱི་མིའི་འབྲུ་མར་དྲི་ཆུར་བཙོས་པའི་ལུམས་ཀྱིས་གདུས་དེས་ཀྱང་མ་ཐུབ་པར་སྐྲངས་ན་ཚ་གྲང་རྣམ་པ་གཉིས་ཀྱི་ཚ་འཁྲོས་ལ་ཡུང་སྐྱེར་དང༌། ལྕུམ་རྩ་དང༌། ལྡོང་རོས་དང༌། བག་ཕྱེ་སོགས་ཞོ་དང་སྦྱར་བའི་ནན་གྱིས་མནན་པ་དང༌། ཡང་ན་ཀྱི་ལྕེ་དཀར་པོ་དང༌། པར་པ་ཏ་དང༌། ལུག་ངལ་རྣམས་བ་དང་རའི་ཞོ་ལ་སྦྱར་བས་མནན། གྲང་འཁྲོས་ལ་སྤྱང་ཀི་ལ་སོགས་པའི་གཅན་གཟན་གྱི་ཤ་དང༌། འུག་པ་དང༌། བྱ་རྒོད་སོགས་དྲོད་ཆེན་གྱི་ཤ་རྣམས་ཆང་དུ་བཙོས་པར་བག་ཕྱེ་དང་མར་ཁུ་ཕབས་སྒ་པི་གོ་སྙོད་སོགས་སྤོད་ཞུན་གྱིས་གདུལ།

ཁྱད་པར་དུ་དཔུང་པའི་ལུག་གཞུག་རྣམ་པ་གཉིས་བཅོས་པ་ལ་མཁན་པ་དང༌། སྦང་མ་དང༌། སྒ་དང༌། འུ་སུ་གོ་སྙོད་སོགས་སྤོད་ཞོ་མར་ནག་བཤད་མ་ཐག་པའི་རྗེན་ཕྱེ་ལ་སོགས་པའི་ཞུན་བྱས་ལ་སྦང་མའི་གར་པོ་དང་ཀླད་པ་ཉ་ལྕིབས་ཏེ་ཆུ་བལ་ལྗང་གུ་དང་ཚྭ་བཅས་བཙོས་པ་གླན་པ་དང༌། ལག་ངར་གྱི་ཉྭ་ལ་སྦང་གླུམ་གར་པོ་དང༌། མཁན་པ་དང༌། ལྕ་འབྲུམ་དང༌། ར་ཞོ་དང་མཚེའི་ཁུ་བའི་ཞུན་དུ་གཞུག་ཅིང་བརླ་ལ་སྦང་གླུམ་གར་པོ་དང༌། མཁན་པ་དང༌། ཀླད་པ་དང༌། བག་ཕྱེ་དང༌། ཆུ་རྩ་སོགས་སྦྱར་བའི་ཞུན་དུ་གཞུགསྦལ་པ་ནག་པོ་ལ་སྦང་མ་ཆང་འགག་ཅེས་ཆང་མ་བསིངས་པའི་སྦང་མ་དང་སྤྲུ་མ་དང་དུད་པ་ཚྭ་ཕབས་སོགས་སྦྱར་བས་གདུལ་བྱིན་པའི་ཉྭ་ལ་རྨས་བྱུང་ན་མཛོ་ལྕི་དང༌། སྦང་གར་དང༌། གོང་མོའི་བྲུན་སོགས་སྦྱར་བ་བསྲོས་པའི་ནན་དུ་བཏང་ངོ༌། །གློ་སྙིང་མི་བདེ་ན་ཚིགས་པ་དྲུག་པ་བསྲེག་པ་དང༌། མགོ་བོ་ན་ན་ཨ་སོ་དང་རུ་ཐུང་གཏར་རོ། །འབྲོས་ཤ་དང་འདར་ཤ་གཉིས་ལ་བྱེར་ན་སྒོ་ང་དང་ར་ཕག་ཁྲག་དང༌། གཅིན་དང་ར་ཞོ་བོང་སྤུས་ཞེས་རི་བོང་གི་སྤུས་མནན་པ་དང༌། གཉའ་ཤ་ལ་འཇིབས་དང་ཞུན་སྤྱི་བཅོས་སུ་བཤད་པ་ལྟར་བཅོས་པར་བྱ་བ་ལས་ལོགས་སུ་མི་དགོས་སོ། །

རྨེན་བུའི་གནད་བརྒྱད་པོ་ལ་ཨ་གར་དང་ཀྱི་ལྕེ་ནག་པོ་དང་ལྕགས་ཕྱེ། གོང་དུ་རིམ་པར་བཤད་པ་ལྟར་གྱི་སོ་ཐོག་ཧོང་ལེན་བ་ཤ་ཀ་དང༌། ཏིག་ཏ་ར་ཞོ་སོགས་ཀྱིས་བྱུགས་ཏེ་ཕྱིང་དེབ་རྨ་ཁ་ཡན་པར་བཞག་ལ་བཏང༌། ཡང་ན་ཨ་གར་དང་ཀྱི་ལྕེ་ནག་པོ་སོ་ཐོག་ཅེས་མགར་ཐབ་ཀྱི་ལྕགས་རྐྱག་དང༌། ལྕགས་ཕྱེ་དང༌། རམས་དང༌། ཞུ་མཁན་དང༌། བག་ཕྱེ་དང༌། འབྲུ་མར་སོགས་བཙོས་པ་སྦྱར་བས་མནན། ཡང་ན་དུད་པ་དང༌། ཤུ་དགཀྱི་ལྕེ་དཀར་པོ་དང༌། སྤང་སྤོས་པ་དང༌། སྦང་གར་སོགས་སྦྱར་བས་བྱུག་པར་བྱ་བ་དང༌། མ་ཐུབ་ན་རྨེན་བུ་སྣ་ཚོགས་པའི་ལུམས་ཀྱིས་གདུལ་ཞིང་ཁོང་དུ་ཡང་ག་བུར་དང༌། གླ་རྩི་དང༌། ཨ་གར་དང༌། ཀ་ར་སོགས་སྦྱར་བ་བཏང༌།

རླུང་རྩ་རྣམས་ལ་སྤྱིའི་བཅོས་སུ་གོང་འོག་རྩ་རྒྱུད་རླུང་གསང་བསྲུང་བ་ཚིགས་པ་དང་པོ། དྲུག་པ། བདུན་པ། དཀར་ནག་མཚམས་རྣམས་བསྲེག་ཅིང༌། རྨ་ལ་འབའ་ཆ་དང༌། ཨ་ས་ཟན་དྲོན་དང༌། ཕབས་དང༌། སྒ་པི་གོ་སྙོད་སོགས་སྤོད་དང༌། མཁན་པ། སྦང་གླུམ་རྣམས་བསྲོས་པས་ཡང་ཡང་དུ་བདུག་ཅིང༌། དེས་མ་ཐུབ་ན་ཛཱ་ཏི་དང༌། ཤིང་ཀུན། པིཔི་ལིང་དང༌། བཅའ་སྒ་དང༌། རྒྱམ་ཚྭ། གོ་སྙོད། མཁན་པ། ཕབས་དང༌། བུ་རམ་དང༌། གླུམ་ཉེ་ཞེས་ཕྱི་སྐོགས་རོ་མ་མེད་པ་དྲོ་བར་བསྲོས་པས་རྨ་ལ་བདུག་ཅིང་ཁོང་ནང་དུ་གསར་བཅུད་ཤ་མར་ཆང་གསར་པ་གསུམ་དང་མངར་ཀར་བུར་སྦྲང་གསུམ་གྱི་ཏིང་ཁྲོལ་འདྲེས་པར་བསྐོལ་བ་དང༌། ཤིང་ཀུན་ཅུར་ནིས་ཕྱི་རྒྱུད་ལྟར་སྦྱར་བ་རྣམས་བཏང་བར་བྱ་ཞིང༌། ཁ་དང་མིག་གཡས་སུ་ཡོ་ན་ལྟག་པའི་སྤུ་འཁྱིལ་གཡོན་ངོས་བསྲེག་པ་དང༌། གཡོན་དུ་ཡོ་ན་གཡས་ངོས་དང་ཚུ་རོལ་ཞེས་ཁ་མིག་གང་ཡོ་ངོས་ཀྱི་ཟུར་དེ་ཡང་བསྲེག་ཅིང༌། རླུང་ཁྲག་བསྡོངས་ན་བསིལ་སྨན་གཏོང་ངམ་གཏར་ག་བྱ་བ་རིག་པས་དཔྱད་ལ་དེ་རྗེས་བསྲེག

ཁྱད་པར་དུ་རླུང་གི་རྩ་རཏྣ་བཅོས་པ་ནི་ཆང་འགག་སྦང་མ་གོང་བཤད་ལྟར་དང༌། མཁན་པ་དང༌། ཚ་བ་སྒ་པི་ཕོ་གསུམ་དང༌། ལྕ་འབྲུམ་རྣམས་མར་ནག་གམ་ཚིལ་ཕྲན་དྲོན་མོས་དྲིལ་བ་དང༌། ཡང་ན་ཨ་ཟ་ཟན་དྲོན་དང་འོལ་སྐོམ་སྟེ་ཕྱེ་མར་དང་འབའ་ཆ་སོགས་ཀྱིས་བདུག་ཅིང་སྐྲངས་པ་མ་ཐུལ་ན་བདུད་རྩི་ལྔ་གང་བཤད་ཀྱིས་བདུགས་པ་དང༌། རྨ་ནས་ཚོན་གང་དུ་བཅལ་བའི་གོང་འོག་བསྲེག་ཅིང༌། སྨྱོ་ལབ་བྱེད་ན་ཨན་སྟོང་དང་འདར་ན་ཚིགས་པ་དྲུག་པ་བསྲེགདཔུང་པའི་ཆུ་རྩ་ལ་ཨ་སའམ་མ་ཐུབ་ན་སྔར་བཤད་པའི་དམར་པོའི་ལུམས་བྱ་ཞིང༌། རྨ་གང་བྱུང་གི་རྩ་རྒྱུད་གོང་འོག་གཉིས། ནང་ངོས་ཀྱི་མཚན་ཕུགས་གཉིས། སྒྲོག་རུས་ཀྱི་གཤོངས་གཉིས། དཔུང་པའི་ཚིགས་གཉིས་རྣམས་དང༌། ལག་པའི་མཐིལ་དུ་སྤྲ་བ་ལན་ལྔས་བསྲུང་ཞེས་བསྲེག་དགོས་སོ། །རུས་རྩ་སྒྱིད་བུ་ལ་ཕྱིང་པ་སྣུམ་དང་ལྡན་པས་བདུག་ཅིང་དེས་མ་ཐུབ་ན་སྦལ་ནག་ལྟ་བུར་ཞུན་དུ་གཞུག་པ་དང༌། བླ་འཆོལ་སྨྲ་ན་སྣེ་ཁུགས་རྩ་དང༌། སྤྱི་གཙུག་མེས་བསྲེག་ཅིང༌། གློ་སྙིང་མི་བདེ་བར་གྱུར་ན་ཚིགས་པ་བདུན་པ་བསྲེགབཤུལ་པ་རེངས་པར་གྱུར་ན་རྒྱབ་ཀྱི་སྒང་རྩ་ནག་པོ་སྟེ་འདི་སྐབས་ཀུན་དུ་རྒྱུ་བའི་མཁལ་མའི་རྩ་ནག་གཉིས་བསྲེག་པ་དང༌། པིར་མགོ་དང་གཞུང་རྩ་ཞེས་ཀུན་དུ་རྒྱུ་བ་གཉིས་ལ་སྦང་མ་དང༌། མཁན་པ་དང༌། ཕབས་དང༌། ནས་ཚིགས་པ་ཞོ་དང་སྦྱར་ལ་འཇིབས་སུ་བཏང་བ་དང༌། སྒལ་གཞུང་པ་རེངས་ནས་ལྟག་པ་དགྱེ་ན་མཁལ་མའི་རྩ་ནག་དང་ཆུ་རྩ་སྦུ་གུ་ཅན་གྱི་མགོ་བསྲེག་པ་དང༌། མགོ་བོ་ན་ན་མཛུབ་ཆུང་འོག་གི་འགུལ་རྩ་ནག་པོ་གཉིས་བསྲེགསོ་འཕྲིག་ཅིང་འཐམས་ན་ནང་ལོང་ནང་ཁུད་སྲན་མའི་རྩ་གཉིས་དང་ངར་གདོང་སེར་རྩ་གཉིས་བསྲེག་པ་དང༌། ལུས་པོ་འདར་ན་སྒབ་ཁུང་སྙིང་རྩ་ཞེས་གོང་དུ་བསྟན་པའི་སྙིང་རྩ་གཉིས་བསྲེག་གོ།

རླུང་ཁྲག་གཉིས་འདོམ་གྱི་སྙིང་རྩའི་རྨ་རྣམས་ལ་སྤྱི་བཅོས་སུ་གསེར་གྱི་ཏེལ་པས་རྩ་ཆད་ཁད་སྤུ་ཞེས་ཆད་ཁའི་སྤུ་རང་གནས་སུ་གཞུག་པའི་མེ་ནི་རྩ་རྒྱུད་གོང་འོག་མཁྲེགས་པ་མྱུར་དུ་བསྲེག་ཅིང༌། རྐང་པའི་སྙིང་རྩ་ཆོད་ན་མིག་དམར་དང༌། ལག་པའི་སྙིང་རྩ་ཆོད་ན་རྔུལ་འདུའམ་སྣོད་ཀའི་འགྲམ་གྱི་འཕར་རྩ་ཨ་སོ་ལི་ག་མྱུར་དུ་གསེར་གྱི་ཏེལ་པའི་མེས་བསྲུང་ཞེས་བསྲེག དེ་རྗེས་རྐང་ལག་གི་མཐིལ་བཞི་དང་སྤྱི་བོའི་གཙུག་ཏུ་བསྲེག་ཅིང་ཁོང་དུ་དོམ་མཁྲིས་དང་ཧོང་ལེན་གྱི་ཐང་དང་ག་བུར་བདུན་པ་ཕྱི་རྒྱུད་ལྟར་དང༌། དགུ་པ་ནི་ག་བུར། བསིལ་ཅུ་གུར་ལི་གསུམ། ཙན་དན། ལི་ག་དུར། དོམ་མཁྲིས། ཏིག་ཏ། ཧོང་ལེན། ཀ་ར་སོགས་སྦྱར་བ་བཏང་ཞིང༌། རྒྱ་སྐྱེགས་དང༌། ཏིག་ཏ། ཚན་ཏེ་མེ་ཏོག་གིས་དབྱེ་བའི་དཀར་པོ་དང༌། པར་པ་ཏ། ར་ཞོ་རྣམས་སྦྱར་ལ་ཚན་མོར་བསྲོས་པའི་འཇིབས་སུ་གཞུག་པས་རྩ་ཁ་བསྡམ་ཞིང་ཚ་རླངས་འདོར་བ་དང་ཁྲག་རོ་འཇུ་བ་སོགས་གང་རྒྱས་ཀྱི་རྩ་ལ་གཏར་ཞིང་མ་ཐུབ་ན་རྨ་གང་བྱུང་གི་རྩ་རྒྱུད་གོང་འོག་གཉིས་གཏར་ཏེ་བསྲེག་པར་བྱ་ཞིང༌།

ཁྱད་པར་དུ་རྐང་མཐིལ་གྱི་མཐིལ་འཕྲོག་དང་ལག་མཐིལ་གྱི་མྱུར་བ་རྣམ་གཉིས་བཅོས་པ་ལ་ར་ལུག་གི་མར་དང་ཕག་པའི་ཚིལ་གཉིས་དྲོན་མོར་བྱུག་ཅིང༌། དེ་སྟེང་སྐྲ་སོ་མང་སོགས་ཀྱིས་བཤད་པའི་རོ་མའམ། སྐྲ་སྙིགས་སུ་གྲགས་པ་དེ་བལྡད་པའི་བལ་འདབ་ལྟ་བུ་དེ་གླན། དེའི་སྟེང་དུ་ཆུ་རྡོ་བསྲོས་པས་བདུགས་པ་དང་དྲེག་ཁ་སྟེ་དྲེག་པ་འཁོར་བའི་ཕྱིང་པ་སྣུམ་ལྡན་བཏང་ཞིང༌། རྟ་སྦངས་སེར་ཁ་མ་དང་ཞོ་སྦྱར་བ་རྨ་ལ་འཇིབས་སུ་སྦྱར་བ་དང༌། མཁན་པ་དང༌། སྦང་མ་དང༌། ཀླད་པ་དང༌། གོ་སྙོད་ཚ་བ་སྒ་པི་ཕོ་གསུམ་སོགས་ཞོ་དང་སྦྱར་བ་རྐང་ལག་གི་མཐིལ་གྱི་རྒྱབ་བོལ་གོང་དང་མཁྲིག་མ་མན་ཆོད་ཀྱི་འཇིབས་སུ་བཏང༌། ཁྱད་པར་མཐིལ་འཕྲོག་ལ་ཕྲོག་ན་ནང་ལོང་སྲན་མ་གཉིས་དང་བོལ་རྩ་གཉིས་བསྲེག་པ་དང༌། རྒྱུ་མ་ན་ན་རྐང་པའི་ལོང་ཚིགས་ཀྱི་ཡན་ཙམ་གྱི་ཉྭ་གཞུག་གཉིས་དང་རྒྱུ་རྩ་བསྲེག་ཅིང༌། རྐེད་པ་འཁོར་ན་སྒབ་རྩ་ནག་པོ་བསྲེག་པ་དང༌། མགོ་བོ་ན་ན་མཐེ་བོང་པིར་མགོ་བསྲེག་པར་བྱ་ཞིང༌། དེ་ལྟར་བྱས་ཀྱང་གློ་སྙིང་མི་བདེ་ཞིང་བླ་འཆོལ་སྨྲ་ན་འཆི་བར་འགྱུར་རོ། །མྱུར་བ་ལ་བཅོས་བལྟ་རྩ་གཉིས་བླ་རྩ་གཉིས་བསྲེག་པར་བྱ་ཞིང༌། སྐྲངས་ན་བཙོད་ཞུན་རམས་ཚོས་ཞེས་རྒྱ་སྐྱེགས་སྤོད་སྣ་ཚོགས་ཚད་དང༌། གཡེར་མ་དང༌། ལྕ་འབྲུམ། སྦང་མའི་གར་པོ་དང༌། བག་ཕྱེ་དང༌། ཞོ་དང༌། འབྲུ་མར་སྦྱར་བ་རྣམས་ཚོས་པར་བཙོས་པས་བདུག་གོ། བོལ་གོང་འགུལ་རྩ་ལ་ཕོག་པའི་སྐྱུགས་ན་ཨན་སྟོང་བསྲེག་ཅིང༌། བྱིན་པ་རེངས་ན་མཐེ་བོང་པིར་མགོ་གཉིས་དང་ངར་གདོང་ཆུ་བ་བསྲེག སོར་མོ་འཁུམས་ན་སྦང་གར་དང་ཨ་ས་སྟེ་ཟན་དྲོན་གྱིས་བདུག ངར་གདོང་གསེར་རྩ་ཀ་གདུང་གཉིས་ལ་ཕོག་ན་སྣེ་རྩ་གཉིས་དང་སྒབ་ཁུང་གི་རྩ་གཉིས་བསྲེག མཛུབ་ཆུང་འོག་གི་སྙིང་གི་འགུལ་རྩ་གཉིས་ལ་ཕོག་ན་བལྟ་རྩ་གཉིས་དང་བླ་རྩ་གཉིས་བསྲེག་ཅིང༌། ཚ་བ་ཤོར་ན་ཕྱི་རྒྱུད་ལྟར་གྱི་ག་བུར་བདུན་པ་དང་ཛཱ་ཏི་མཁྲིས་སྣ་བཅས་བཏང་བ་དང༌། ཁྲག་མཁྲིས་ཀྱི་ཚ་བས་རྨ་ཤི་བའམ་གཞའ་བ་སྟེ་གཞོམ་ན་གོང་བཤད་ཀྱི་བསིལ་བའི་ནན་སྟེང་སྤུ་དེབ་བཏང་ངོ༌། །བལྟ་རྩ་བླ་རྩ་གཉིས་ལ་དང་པོ་རྩ་སྟེང་སྦུགས་ངོས་བསྲུང་ཞེས་པ་དཔུང་པ་ངོས་མེས་བསྲེག་པ་དང༌། སྦང་མ་གར་པོ་དང༌། བག་ཕྱེ་དང༌། ཞོ་དང་ན་ལེ་ཤམ་སྒ། འུ་སུ་སོགས་སྤོད་སྣ་མར་བཅས་སྦྱར་བ་གླན་ནོ། །ཨ་སོ་ལ་བ་ཤ་ཀ་དང༌། ཨ་ག་རུ་དང༌། ཧོང་ལེན་དང༌། ཏིག་ཏ། ཀྱི་ལྕེ་དཀར་པོ་དང་པར་པ་ཏ་དང༌། སྤང་རྩི་དང༌། བག་ཕྱེ། རི་ཤོ། ཤིང་མངར་རྣམས་ཀྱིས་མནན་པ་དང༌། འདར་ན་མཆན་ཁུང་ནང་གི་རྔུལ་འདུ་གཉིས་དང་སྐྱུགས་ན་ཚིགས་པ་བཅུ་གསུམ་པ་བསྲེག་གོ། རྔུལ་འདུ་བཅད་ན་གང་བཅད་ཕྱོགས་ཀྱི་སྒྲོག་རུས་འཕར་རྩ་དང༌། གཉིས་ཀ་བཅད་ན་དེ་བཞིན་བསྲེག་པ་དང༌། མགོ་ན་ཞིང་སྙིང་བརྡུང་བ་སྟེ་འཕར་དྲགས་ན་རྩེ་ཆུང་དང་དཔུང་རྩ་གཏར་ཞིང༌། མིག་དམར་པོར་གྱུར་ན་མཁྲིས་པ་ཚོགས་ཚད་ཁོང་དུ་བཏང་བ་དང༌། ལབ་མང་ལ་མིག་རྩ་གྲུང་བ་སྟེ་རིག་རིག་བྱེད་ན་རླུང་ཤོར་བས་སྙིང་ག་དང་དཀར་ནག་མཚམས་བསྲེག་ཅིང༌། དེ་ཡང་སྙིང་རྩའི་རིགས་ཀུན་ལ་གང་དུ་རྨ་བྱུང་ཡང་དེ་གའི་རྩ་རྒྱུད་གོང་འོག་མེས་བསྲུང་ཞིང༌། ཁོང་ནས་ཚ་བའི་འབྲོས་འདོད་ཅེས་རླུང་གི་དུས་དྲོད་བཅུད་བསྟེན་པ་འབྲོས་པ་དང་ཚ་བའི་དུས་བསིལ་བསྟེན་པ་ཚ་བ་འདེད་ཤེས་པར་བྱ་ཞིང༌། རྨ་དང་ཁོང་པ་གཉིས་ཀ་ནས་ཁྲག་འཆོར་བས་ན་རྩ་ཁ་བསྡམ་པ་གཅེས་ཞེས་སྙིང་རྩ་ཆད་ན་སྨན་དཔྱད་ཀྱི་གསོ་ཚུལ་འདི་རྣམས་གསུངས་ནས་སྨན་པར་ཁས་འཆེ་བའི་བླུན་པོ་བསྟེན་པ་ལ་ལས་སྣོད་ཀ་ཆོད་ན་དཔུང་པ་ནས་འདྲེག་ཟེར་བ་ཐོས་པ་ཤིན་ཏུ་ནོངས་སོ། །

ཁྲག་རྩ་རྣམས་ཀྱི་བཅོས་ཐབས་ལ་ཁྲག་ཤོར་ན་ཆུས་བསྒྲང་ཞིང༌། སྤྲུ་མའི་རྩ་བ་དང༌། ཟོར་བ་སྟེ་རྒྱུད་འདི་གར་ཡང་མགོ་བཅོས་སོགས་ལ། སྤྲུ་རྩ་རམ་པའི་སེའུ་དུ་བ་གཉིས། །ཞེས་བཤད་ཅིང༌། དེར་མ་ཟད་སྟོན་པའི་མཛད་པའི་སྐབས། ཉེར་བླངས་ཟོར་བའི་ཆུན་པོ་བཏིང་བའི་སྟེང༌། །ཞེས་རམ་པ་ཡིན་པས། དེའི་ཁ་ལོ་ལྟ་བུ་དེ་རྨར་བརྫང་ཞིང་རྩ་རྒྱུད་གོང་འོག་མེས་བསྲུང་ཞེས་བསྲེག་པ་དང༌། རྒྱ་སྐྱེགས་དང་ཧོང་ལེན་གླ་སྒང་ཨ་རུ་ར་དང༌། སྤང་སྤོས་སྦང་གར་སོགས་སྦྱར་བས་རྨ་ཀུན་ལ་བདུད་རྩིར་འགྱུར་བ་ཡིན་ཞིང༌། སྦང་མ་ལ་རྒྱ་སྐྱེགས་ཐལ་གྱིས་ཞེས་ཕྱེ་མས་བྲན་པ་རྨ་ལ་གཡོགས་པའམ། ཡང་ན་ཞོ་བཙགས་ཞེས་ཡུན་སོང་བའི་སྐྱུར་པོ་བཙག་པའི་གར་པོའམ། བསིལ་བའི་འཇིབས་གཉིས་གོང་དུ་རིམ་བཤད་ལྟར་བྱ་བ་དང༌། ཁྲག་རྒྱས་ན་རྩའི་གཞུག་མ་གཏར་བ་གཅེས་ཤིང༌། ག་བུར་དགུ་པ་གོང་དུ་བཤད་པ་ལྟར་དང༌། དེ་སྟེང་དོན་སྣོད་ཁ་འཛིན་སྦྱར་ཚུལ་ནི་གློ་བར་ཤིང་མངར། མཆིན་པར་བྲག་ཞུན། མཁྲིས་པར་གསེར་གྱི་མེ་ཏོགམཁལ་མར་གླ་རྩི། མཆེར་པར་པི་པི་ལིང༌། ཕོ་བར་སེ་འབྲུ། རྒྱུ་མར་བཙོད་སོགས་གང་དགོས་སྡེབ་པ་ནི་ཕྱག་དྲེག་མ་དང་ཟུར་མཁར་བའི་སྒམ་ནང་མ་བླ་རྟ་སོགས་མཐུན་པ་ལྟར་སྦྱར་རོ། །

ཁྱད་པར་གློ་རྩ་རྣམས་ལ་གང་བྱུང་གི་གོང་འོག་བསྲེག་ཅིང༌། དབྱར་གྱི་དུས་སུ་སྔོ་ཁུ་ནི་ཡུ་གུ་ཤིང༌། ཧོང་ལེན། ཤོ་མང་ཀྱི་ལྕེ། ཚན་རྣམས་ཞོ་སྦྱར་བཏང་ཞིང༌། དགུན་གྱི་དུས་སུ་གཡེར་མ་དང༌། ལྕ་འབྲུམ་དང༌། གོ་སྙོད་འུ་སུ་སོགས་སྤོད་སྣ་དང༌། བག་ཕྱེ་དང༌། འབྲུ་མར་རྣམས་བྱུགས་ལ་དཀྲི་བ་དང༌། དེས་མ་ཐུབ་ན་ཨ་གར། གོང་བཤད་ཀྱི་སོ་ཐོག་ཚོས་ཞེས་རྒྱ་སྐྱེགས། བཙོད། རམས་དང༌། ཏིག་ཏ་དང༌། བ་ལེ། བ་ཤར་ཞོ་རྣམས་བྱུག་ཅིང༌། ཧྲེམ་ན་ཨ་ས་ཟན་དྲོན་གྱིས་བདུག་ཅིང་འཇིབས་སུ་གཞུག་པ་དང༌། ཁོང་སྨན་ལ་ག་བུར་གྱིས་གཙོ་བྱས་པའི་གློ་སྨན་ཐམས་ཅད་སྦྱར་ཞིང༌། མཁྲིས་རྩ་རྣམས་ལ་ཏིག་ཏ་དང༌། ར་ཞོ་དང༌། སྦང་མ་དང༌། ཧོང་ལེན་སོགས་སྦྱར་བ་རྨ་ལ་གླན། ཡང་ན་ཏིག་ཏ་དང༌། ཧོང་ལེན་དང༌། ནད་མ་གཡུ་ལོ་དང༌། བཙོད་དང༌། དུག་མོ་ཉུང་དང༌། ཀ་ར་སོགས་ཞོ་དང་སྦྱར་བ་ནན་དུ་བཏང་ཞིང༌། མཁྲིས་པ་གཤའ་རིངས་དང༌། གསེར་མདུང༌། དངུལ་མདུང༌། རུ་ཐུང༌། བྱིན་གཞུགལོང་རྩ་རྣམས་གཏར། གསེར་གྱི་མེ་ཏོགཏིག་ཏ། དུག་ཉུང༌། གུར་ཀུམ། སྐྱེར་པ། དོམ་མཁྲིས། བ་ཤ་ཀཀ་ར་སྟེ་བདུན་ནམ་རྒྱ་གར་གྱི་ཏིག་ཏའི་ཐང་བཏང་བས་བཞིན་ལུད་ཅིང་རྨ་ཁ་སེར་བ་རྣམས་སེལ་བར་བྱེད་ཅིང་ཁྱད་པར་མཁྲིས་རྩ་གཤའ་རིངས་ལ་ཕོག་ནས་གླང་ཐབས་ན་བ་ལ་བྱིན་པའི་ནང་ངོས་ཀྱི་ཉྭ་མཚམས་ན་རྩ་གཞུག་ཡོད་པ་གཉིས་པོ་དེ་བསྲེག་པ་དང༌། གསེར་གྱི་ཀ་བ་གཉིས་ལ་ཕོག་ན་དཔུང་འཛུམ་དང་མགོ་སྔོན་གཉིས་སྲེག་ཅིང༌། མགོ་ན་ན་ལུག་གཞུག་གི་ཕྱི་ལྡེབས་ན་མཁྲིས་པའི་རྩ་གཞུག་ཡོད་པ་དེ་གཉིས་བསྲེག་གོ། མཁལ་རྩ་ལ་སྦང་སྐམ་དང་འབའ་ཆའི་ལུམས་སུ་གཞུག་ཅིང༌། དེས་མ་ཐུབ་ན་སྤོད་འུ་སུ་གོ་སྙོད་སོགས་ཀྱི་ནན་དང་དྲོད་ལུམས་བྱ་ཞིང༌། ཁོང་དུ་ཆང་གསར་འཇམ་དང་ལུག་ཤ་གསར་པ་བཏང་བ་དང༌། རྐང་པ་བཤལ་བ་ན་བརླའི་ཕྱི་སུལ་གྱི་མཁལ་རྩ་རྐང་འདེགས་བསྲེག་ཅིང་དཔྱི་མིག་གཉིས་གཟེར་བ་ན་ཚིགས་པ་བཅུ་བཞི་པ་བསྲེག་པ་དང༌། རྣ་བ་འོན་པར་གྱུར་ན་མཁལ་མའི་རྩ་ནག་གཉིས་བསྲེག་ཅིང༌། དྲི་ཆུ་འཚག་དཀའ་ཞིང་སྡོམ་ན་བརླ་སྒང་སྟེང་གི་མཁལ་རྩ་རུས་ཞེན་བསྲེག་པ་དང༌། ཁྲག་ཤོར་ཞིང་མཁལ་ཁུང་དུ་ཟུག་བྱུང་ན་དཔྱི་མིག་བསྲེག་ཅིང༌། ལུས་འགུལ་བ་དཀའ་ཞིང་ཟུག་ཆེ་ན་ཚིགས་པ་བཅུ་བཞི་པ་བསྲེག་པ་དང༌། རྣག་མ་ཆོད་པར་གྱུར་ན་ལྟག་པའི་ཆུ་རྩ་སྦུ་གུ་ཅན་བསྲེག མཆེར་རྩ་ལ་སྦང་གླུམ་དང་ཀླད་པ་དང་མཁན་པ་ལ་སོགས་པས་གདུལ་ཞིང་གོང་འོག་མེས་བསྲུང་བ་སྟེ་བསྲེག་ལ་མཆེར་རྩ་རྟ་མཐུར་དང་རུ་ཐུང་གཡོན་གཏར་བ་དང༌། མ་ཐུབ་ན་གོང་དུ་རིམ་པར་བཤད་པའི་ས་མྱག་དང་གྲོག་ཞིང་དང༌། ཆུ་རྩ་དང༌། སྤྲུ་རྩ་དང༌། སོ་ཐོག་ཅེས་མགར་ཐབས་ཀྱི་ལྕགས་སྐྱག་དང༌། བག་ཕྱེ་དང༌། སྦང་མའི་གར་པོ་ཞོ་དང་སྦྱར་བ་རྣམས་བྱུག ཕོ་བ་ལ་གཟེར་བྱུང་ན་ཚིགས་པ་བཅུ་གཉིས་པ་བསྲེག་ཅིང༌། གཉིད་མེད་འོ་དོད་སྟེ་སྐད་ངན་འབོད་ན་རུ་ཐུང་གཏར། ཕོ་བ་དང་ལོང་གཉིས་སྦོས་ན་མ་ནུ་བཞི་ཐང་བཏང་ཞིང་བརླ་ནང་རྩ་ཆེན་ཆོད་ན་རྩ་ཁ་ཡར་མར་གཉིས་བསྲེག་ཅིང༌། ཧོང་ལེན་དང༌། བྲག་སྤོས། དོམ་མཁྲིས། ཁྱིམ་བྱའི་སྒོ་ངའི་སེར་པོ་དང༌། བག་ཕྱེ་སོགས་སྦྱར་བ་བྱུགས་ཤིང་ཕྱིང་པ་དང་ཤིང་བྱང་བཏང་ཞིང་རྨ་ལ་བསིལ་འཇིབ་དང༌། ལོང་འཁྲོག་ན་སེ་འབྲུ་བཞི་པ་སོགས་དྲོད་སྨན་སྦྱར་བ་དང༌། མ་ཞུ་བ་གླང་ཐབས་ཀྱི་རིགས་བྱུང་ན་ངར་གདོང་གི་མཆེར་རྩ་རྟ་མཐུར་གཏང་ཞིང་ཚིགས་པ་དྲུག་པ་བསྲེག་པ་དང༌། མཇིང་པ་རེངས་ན་སྤྱི་གཙུག་བསྲེག་ཅིང༌། སྦོས་ན་ཕྱི་རྒྱུད་ལྟར་ནི་རུ་ཧས་དྲངས་ཤིང༌། ཆུ་འགགས་ལ་སྣེ་སའི་རྩ་རྒྱུད་མགོ་བསྲེག་པ་དང༌། དྲི་མ་སྟེ་བཤང་བ་གཏོང་མི་ཐུབ་པར་འགགས་པ་ན་དཔྱི་མིག་གཉིས་བསྲེག་པར་བྱ། མཆིན་རྩ་སྨད་གསུམ་ཞེས་པ་ཡི་གེ་ཉམས་པས་ན་བྱིན་གཞུག་ཏུ་ངོས་བཟུང་བ་གཉིས་ལ་རྨ་བྱུང་ན་སྐམ་ཆས་དང་བསིལ་སྦྱོར་བྱ་ཞིང༌། ཁྲག་ཤོར་ན་སྒྱིད་ཁུང་གི་སྒབ་རྩ་བསྲེག་ཅིང་མཁྲིས་ཐང་ཕྱི་རྒྱུད་ལྟར་བཏང་ངོ༌། །རུ་ཐུང་སྣོད་ཀ་གཉིས་ལ་སོགས་པའི་ཁོང་ནས་ཁྲག་རྩ་གཞན་ཆོད་ཀྱང་དབྱིབས་བལྟས་ནས་སྤྱི་བཅོས་བཞིན་བཅོས་དགོས་སོ། །

ཚིགས་ལ་མདེའུ་ལུས་པར་གྱུར་ན་འཕྲལ་དུ་མི་དབྱུང་བར་ཞག་འགའ་ལོན་ནས་དབྱུང་དགོས་ཤིང༌། རྙི་བའམ་མདེལ་རྐང་དེ་རིང་ན་སྐམ་པ་མེར་བསྲེགས་པའི་ཚན་མོས་བསྲོ་བར་བྱས་ནས་བཏོན་ན་སླ་ལ། དེ་ཡང་རྙི་བར་ཐག་པ་བཏགས་པའི་སྣེ་ཀ་བ་ལྟ་བུར་ཐང་བར་བཏགས་ལ་དབྱུག་པ་བསྣུན་པས་འདོན་ལ། དེ་རྗེས་ཚིགས་ཀྱི་ཆུ་སེར་ཁྲག་དང་འདྲེས་པ་བྱུང་ན་གསོ་བ་སླ་སྟེ། རྨའི་ནང་དུ་དོམ་མཁྲིས་དང༌། ཚེར་སྔོན་ཨ་བྱག་གཟེར་འཇོམས་དང༌། ཅུ་གང་དང༌། གུར་ཀུམ། ཤེལ་ཏ་སྟེ་ནགས་མའི་ཐང་ཆུ་དང་ཧོང་ལེན་རྣམས་སྦྱར་བའི་རེང་བུ་གཞུག་དགོས་ཏེ་དེས་ཆུ་སེར་རྣམས་འདྲེན་ཞིང་ཚིགས་ཆུ་སྡོམ། སྒོ་ང་དང་བག་ཕྱེ་སྦང་མའི་གར་པོ་ཞོ་དང་སྦྱར་བ་རྨ་ལ་བྱུག་ཅིང༌། དེས་མ་ཐུབ་ན་བཙོད་ཞུན་བག་ཕྱེ་ཚོས་ཞེས་རྒྱ་སྐྱེགས་སོགས་སྦྱར་བ་བྱུག་ཅིང་རི་བོང་གི་སྤུ་དེབ་ཀྱིས་མནན་པ་དང༌། ཚ་བ་ཆེ་ན་གོང་དུ་བཤད་པའི་ཞོ་ཙགས་ཁོ་ན་ཤིས་པ་སྟེ་ཕན། ཡང་ན་ཀྱི་ལྕེ་དཀར་པོ། ཧོང་ལེན། བྲག་ཞུན། ཞོ་སོགས་སྦྱར་བ་བྱུག་ཅིང་བཤད་མ་ཐག་པའི་བོང་སྤུས་མནན་པ་དང༌། ཁོང་ནང་དུ་བསིལ་བའི་སྨན་བཏང་ཞིང་གང་རྒྱས་རྩ་ལ་གཏར་བ་དང༌། ཞག་གསུམ་གྱིས་མཐའ་བརྟེན་པ་ཚུན་ཆད་ཆུ་མང་བསྒྲེང་བ་ཞེས་བྲན་པར་བྱ་བ་དང༌། དེས་ཀྱང་མ་ཐུབ་ན་སྦང་མ་གར་པོ་དང་མཚེ་ཁུ་བག་ཕྱེ་དང༌། ཞོ་དང༌། བྱ་ཕོ་མཚལ་ལུའི་ཟེ་ཁྲག་དང༌། ཕག་པའི་སྣ་ཁྲག་དང༌། ར་རོག་གི་གཉའ་ཁྲག་དང༌། བོང་བུའི་གཞུག་ཁྲག་རྣམས་བྱུགས་པའི་སྟེང་དུ་ཆིངས་ནན་ཕལ་ཆེར་ལ་སྐམ་སྦྱར་བྱེད་ཅིང༌། ལྷ་བ་ཅན་གྱི་རུས་པ་ལ་རྨ་བྱུང་ན་རྨ་སྨན་གོང་བཞིན་དང་རྨ་ཆས་རུས་འཇིབས་སུ་ལུག་གི་རྐང་མགོ་ཞོ་དང་སྦྱར་བ་བྱ་ཞིང༌། ལྷ་བ་བྱེར་ན་ནི་མགོ་བོ་ཇི་བཞིན་དུ་བཅོས་སོ། །པྲན་རྩེའི་རུས་པ་ལ་འཇིབས་དང་ཞུན་དང་འབྱར་ལ་སོགས་པའི་འདུལ་བྱེད་གསུམ་ལས་རྨ་ཁར་སྦང་རོ་ཞོ་དང་ནད་མ་སྒྱིད་མ་རྣམས་ཕྱི་ནས་རྨར་བྱུགས་ནས་འཇིབས་པ་དང༌། ཡང་ན་ཚིལ་བུ་དང༌། མར་དཀར་དང༌། གཡག་གི་རྩིད་པ་གསུམ་ནི་དྲེག་གི་གནས་པའི་འཇིབས་དང་བར་དུ་སྐྲངས་པར་གྱུར་ན་མགར་བའི་སོ་ཐོག་དང༌། ཆུ་དོང་འཁྱིལ་བའི་ཤུལ་གྱི་ས་མྱག་དང༌། གོ་སྙོད་དང༌། ད་ལིས་ཏེ་བ་ལུའི་མེ་ཏོགབག་ཕྱེ། ཞོ་ལ་སོགས་པའི་ཞུན་ཞེས་སྐྱོ་མ་བྱུག་པར་བྱ་ཞིང་ཟུག་ཆེ་གཟེར་ན་ནས་ཚིག རི་བོང་གི་རིལ་ཐལ་དང༌། ཏིག་ཏ་དང༌། འབྲུ་མར་སོགས་ཀྱི་ཞུན་གྱིས་ཕྱི་དང་རྒྱབ་གཉིས་གདུལ་བ་དང༌། རྟའི་སྦང་ཞོ་དང་སྦྱར་བ་དྲེག་གི་ཞུན་དུ་བཏང་བ་དང༌། ཡང་ན་ཐ་རམས་ཞེས་ཏི་ཀུ་ལམ་སྐྱེས་དང༌། ནད་མ་གཡུ་ལོ་ཞེས་འཇམ་བུ་ལོ་ལོས་བྱ་བ་དང༌། ཐ་མར་དེ་དག་རྣག་གི་དུས་སུ་འབྱར་འདུལ་བྱ་དགོས་ཏེ། ས་མྱག་གོང་བཤད་ལྟར་ཞོ་དང་བག་ཕྱེ་སོགས་སྦྱར་བའམ། ཡང་ན་ཆུ་རྩ་ཞོ་དང་བག་ཕྱེ་སོགས་སྦྱར་བ་བྱུག དྲེག་བཞི་གཤམ་དུ་འཆད་པ་ལྟར་ལ་རྟ་སྦངས་ཀྱི་ཁུ་བ་དང༌། བག་ཕྱེ་དང༌། འབྲུ་མར། འབྲི་མོག། སླང་དྲེག་སོགས་བྱུགས་སྟེང་ཕྱིང་པ་བཏང་བ་དང༌། དེ་ཡང་དྲེག་ལག་པའི་གྲུ་མོ་དང༌། རྐང་པའི་མཐེ་བོང་བཅས་བཞི་ནི་ཚིལ་གྱི་གནད་ཡིན་ཅིང་པྲན་རྩེ་རུས་པའི་གནད་ཡིན་པས་ན། ཚིལ་དང་རུས་པའི་གནད་གཉིས་སུ་འདྲེས་པར་བཅོས་བྱ་དགོས་སོ། །

ཆུ་རྒྱུས་ཀྱི་གནད་རྣམས་རླན་དང་དྲོད་དང་ཐེམས་ཀྱིས་བཅོས་དགོས་ཏེ། ཆུ་ཆེན་ཆོད་ན་རྟ་དང་རྐྱང་གི་རྒྱུས་པས་རྩིང་ཞིབ་རན་པར་བཙེམ་ཞིང༌། རྨ་ལ་རྒྱུས་པ་གསུམ་ནི་རྡོ་རྒྱུས། མཐིང་རྒྱུས། བ་རྒྱུས་ཞེས་བ་ནུ་དང༌། རྟ་བོང་གི་མཁྲིས་པ་སྦྱར་ལ་གདབ་ཅིང༌། རྡོ་རྒྱུས་དང༌། ཤུ་དགབྲག་སྤོས། ཨ་རུ་ར་དང༌། གླ་སྒང་སོགས་བསྐོལ་ཞོ་སྤྱིན་ཆུ་བག་ཕྱེ་རྣམས་དང་སྦྱར་བ་བྱུག་པ་དང༌། ཡང་ན་གླ་སྒང་ཐལ་བ་རྒྱུས་པ་གཉིས་ཏེ་རྡོ་རྒྱུས་མཐིང་རྒྱུས་དང༌། དོམ་མཁྲིས་དང༌། བག་ཕྱེ་དང༌། སྦང་གར་ཆང་སྐྱུར་སྦྱར་བར་མི་འམ་ཕྱུགས་ཀྱི་རྒྱུས་པའི་ཤ་བརྡུངས་པ་བསྲེས་ཏེ་བྱུག་པར་བྱ་ཞིང༌། རྨའི་གོང་འོག་ཆུ་བའི་སྟེང་དུ་ཕྱིང་པ་བརྩེགས་ལ་སྦྱར། དེའི་སྟེང་དུ་སྤ་སྲབ་བཏང་ལ་གསོན་ཆིངས་ཆུ་བའི་སྟེང་དང་གཞན་དུ་ཅོ་ལེ་དང༌། དེའི་སྟེང་དུ་རིང་ཐུང་ཅི་འདོད་པའི་ཤིང་ཆས་བསྐུར་བར་བྱ་ཞིང་ཁོང་དུ་རའི་ཀླད་པ་ཚོས་པར་བཙོས་ལ་བཏང༌། ཚ་བ་སྐྱེས་ན་ཕག་མཁྲིས་དང་གི་ཝཾ་ཀ་ར་སོགས་སྦྱར་བ་དང༌། རྨ་ཁར་སྐམ་ཆས་ནི་རེ་བལ་སྣུམ་བཅོས་དང༌། རླན་དང་ལྡན་པ་ནི་སྤོད་གོང་བཤད་དང༌། སྦང་མ་དབྱར་དགུན་དང་བསྟུན་ཏེ་བྱ་བ་དང༌། ཆུ་ཕྲན་ཆོད་པར་གྱུར་ན་ཧེལ་གེ་སྣུམ་མེད་པ་ནི། སྤྱིན་གྱིས་ཟམ་བུར་སྦྱར་ཏེ་བག་ཕྱེའི་སྐྱོ་མ་བྱུགས་ལ་ཕྱིང་པ་གསོན་ཆིངས་སུ་སྦྱར་ཞིང་གོང་འོག་ཟན་དྲོན་ཨ་སས་བདུག་པ་དང༌། རྨ་ལ་རྒྱུས་པ་རྡོ་མཐིང་བ་གསུམ་གོང་བཤད་དང་དོམ་མཁྲིས་གདབ། ཆུ་བ་ཁྲོས་ན་བུལ་ཏོག་དང༌། ལན་ཚྭའི་ཕྱེ་མ་བཞུ་བ་དང༌། འབྲུ་སྣ་དང་ཆུ་རྒྱུས་ཚོགས་ཚད་བཅས་པའི་ཞུན་གྱིས་གདུལ་བ་དང༌། ཆུ་རྒྱུས་རུལ་བར་གྱུར་ཏེ་རྒྱུས་པ་བལྡད་པ་འདྲ་བ་ལ་ག་བུར་དང༌། དོམ་མཁྲིས་བྲག་སྤོས། ཨ་རུ་ར་དང༌། རྡོ་རྒྱུས་དང༌། ཅུ་གང༌། ཀ་ར་སོགས་སྦྱར་ལ་གདབ། རྒྱུས་པ་ལྔ་ནི་རྟ་ཕག་ལུག་གསུམ་གྱི་ཆུ་རྒྱུས། མཐིང་རྒྱུས། རྡོ་རྒྱུས་སོགས་དང་ཞོ་སྦྱར་བར་བག་ཕྱེ་དང༌། ཅུ་གང་གི་ཐལ་གྱིས་བྲན་ལ་སྐམ་ནན་ཏེ་སྐམ་དེབ་བྱས་ལ་དེ་སྟེང་རྨ་ཆས་བྱའོ། །

མན་ངག་སྐབས་དང་སྦྱར་ལ་བཅོས་པར་བྱ་བ་ནི། རྨའི་ཟུག་རྔུ་དབྱུང་བ་དང༌། ཁྲག་ཤོར་བ་བཅད་པ་དང༌། ཚ་བ་བསད་པ་དང༌། ཆུ་ལྟར་འཐུང་བ་དང༌། སྐྲངས་པ་གཞོམ་པ་དང༌། རྣག་བཅད་པ་དང༌། ཟུག་པ་དབྱུང་བ་དང༌། བྱུང་ཤོར་གཞུག་པ་དང༌། ཆག་པ་བཅིང་བ་དང་བཅས་སྤྱི་དོན་རྣམ་པ་དགུས་བསྟན་ཏོ། །

དེ་ཡང་མདེའུ་དབྱུང་བ་ལ་ཡོད་མེད་བརྟག་ཐབས་དང༌། བཙལ་ཐབས་དང༌། འདོན་ཐབས་གསུམ་གྱི་དང་པོ་བརྟག་པ་མདའ་ཆས་ཞེས་ཀྱང་མདའ་དེའི་མདེལ་རྐང་གི་ཤུལ་རྒྱུས་པ་སེ་ནགས་སོགས་ལ་ལྕགས་གཡའ་ཡོད་ཅིང་ཁྲག་འཛོལ་བ་མེད་པར་མདའ་ཁ་འུག་འཐེན་པ་ལྟ་བུ་དང༌། རྨའི་དབྱིབས་ནི་ཟུར་བཞི་ཡོད་ཅིང་ཁ་མ་ཉམས་པ་ལ་ཁ་ལ་ཡོད་ན་མནན་ན་མི་བཟོད་པའི་སྐད་ངན་འཆོར་བའམ། བར་དུ་ཡོད་ན་ཚེར་མ་ཟུག་པ་མནན་པ་དང་འདྲ་བའི་ཟུག་ཀར་གྱིས་འོང༌། ཡང་ན་གཏིང་དུ་ཡོད་ན་ལྷང་གིས་སྦྲིད་པ་དང༌། རྨ་རྙིང་གི་དུས་སུ་ཆུ་མདོག་དམར་ལ་མི་ལྡོག་ཅིང༌། ལྕགས་ཀྱི་གཡའ་ཆགས་པ་དང་རྩ་ལ་ལྕམ་དྲལ་ནི་རླུང་ཁྲག་ཁ་བྲག་ཏུ་སོང་བའི་དབང་གིས་རྩ་ཡང་དབུས་ནས་བྱེ་བ་འབྱོར་མི་ཐུབ་ཅེས་བླ་རྟས་གསུངས་ཀྱང་དོན་དུ་གོང་བཤད་ལྟར་ལྕམ་དྲལ་འོང་བ་དང༌། སྐད་ཕྲ་ཞིང་བྱུག་པ་མྱུར་དུ་སྐམས་པ་སྐྱེན་ལ་བ་སྤུ་ལྡོག་པ་དང༌། ཤ་མདོག་དམར་རམ་སྔོ་བ་དང༌། ཡང་ན་ནག་པ་ཡིན་ཞིང༌། མུ་ཟི་དང༌། ལྡོང་རོས། ཡུང་བ་སོགས་མིའི་ནུ་ཞོར་སྦྱར་བ་རྨ་ལ་བྱུགས་པས་དངོས་སུ་མདོག་འགྱུར་ཞིང་བ་སྤུ་ལྡང་བ་དང༌། རྨ་ཁ་ཕྱིར་ལོག་ཅིང་ཟུག་ཆེ་ལ་སྐྲངས་པ་དང༌། རྣག་མདོག་སྔོ་དམར་ཁུ་བ་རྩིགས་མ་ཅན་དུ་འབྱུང་བ་དང༌། ཨ་རུ་ར་དང་ཆུ་རྩའི་རེང་བུ་རྨ་ནང་དུ་བསྐྱལ་ཏེ། ནང་པར་ཉ་སྐྱོགས་ཏེ་ཉ་ཕྱིས་སམ་འཁར་བའི་ནང་དུ་བཞོས་པ་དེ་དག་ལ་གཡའ་ཆགས་པ་དང༌། དངས་སྙིགས་སུ་བྱེ་ན་ཡོད་པ་ཡིན་ནོ། །བཙའ་བའི་ཐབས་ལ་རྨ་གསར་དང་པོ་མདའ་ཕོག་དུས་ཀྱི་སྡོད་ལུགས་གང་ཡོད་ལྟར་བསྡད་ལ་རྨའི་བཟོ་དབྱིབས་དང་ཆ་བྱད་བསྟུན་ཏེ་བཙལ་བ་དང༌། རྙིངས་ནས་རྨ་མེད་ཅིང་སྲ་འདྲིལ་ཀར་གྱིས་འོང་བའི་ས་དེར་ཐུར་མ་དལ་བུས་བཏང་ལ་ལག་པས་ཚོད་ཉམས་བླང་གིན་བཏང་བར་བྱ་ཞིང༌། ཆུ་ཏྲེབ་ནི་ཆུ་རྒྱུས་ལ་ཐུག་ན་ཏྲེབ་ཀྱང་མཁྲེད་ཉམས་ཕྲེད་ཉམས་འོང་བ་དང༌། རུས་ཏྲེབ་ནི་རུས་པར་ཐུག་ན་སྲ་འཐས་བཟོད་པ་ཆེ་བ་དང༌། མདེ་ཏྲེབ་སིག་སིག་ཟེར་མཐའ་གཉིས་ཟད་པ་དང་རྣམ་པ་གསུམ་འབྱུང་བ་དང༌། ཤིང་སྐད་འདབ་ལ་ཐུག་ཐུག་དང་རུས་སྐད་ཀྲད་ཀྲད་དང་མདེ་སྐད་སིག་སིག་གསུམ་སོགས་སོ་སོར་བརྟག་ཅིང༌། དེ་ལྟར་བྱས་ཀྱང་རྙེད་པར་དཀའ་ན་ཁབ་ལེན་མདེ་འབྱིན་རྐྱང་སེལ་དུ་བཤད་པ་ལྟར་དང༌། དུར་བྱིད་དང༌། རྒྱ་རུ་དང༌། དོམ་མཁྲིས་སྦྲང་སོགས་ཀྱི་རིལ་བུས་རྨར་བྱུགས་པས་གང་ན་མདེའུ་ཡོད་པར་ན་ཟུག་ལྡང་ཞིང༌། འདོན་ཐབས་ནི་ཐུབ་ན་ཕོག་པའི་ཉིན་པར་དེ་རང་ལ་འདོན་པར་བྱ་བ་དང༌། དེ་དུས་མ་ཐོན་ན་ཕྱི་དུས་ཏེ་རྗེས་ལ་ལུས་མི་དཀྲོག་ཅིང་དཀྲོགས་ན་སྐྲངས་པ་འཆོར་ཞིང༌། རྣག་ཏུ་ཁུགས་པའི་དུས་སུ་དབྱུང་བར་བྱ་དགོས་པས་ན་དེ་ཡང་གསར་རྙིང་གང་ལ་ཡང་སྨན་དང་དཔྱད་ཀྱིས་དབྱུང་བ་གཉིས་ཀྱི་སྨན་ནི་ཁབ་ལེན། བེ་སྣབས། མཉྫིར་དང༌། བ་བླ་དང༌། སྦྲང་སྨྱོན་དང༌། ཁ་ཤར་བལྟས་ཀྱི་བྱི་ཁུང་ས་དང༌། སྦྲུལ་ཚིལ་རྣམས་སྦྱར་བའི་ལྡེ་གུ་ཡོད་སར་ཕྱི་ནས་བྱུགས་པ་དང༌། ཁོང་དུ་བྱ་རོག་དང༌། བྱ་མ་བྱེའི་ཤ་དང༌། བྱ་རྒོད་ཀྱི་ཤརྡོ་ཁབ་ལེན་དང༌། ར་མཉེ་དང༌། བྱི་བའི་བྲུན་རྣམས་ཆང་དང་སྦྱར་ལ་བཏང་བས་རྨ་རུ་འབྱིན་པར་བྱེད། ཡང་ན་སྦྲུལ་ཤ་དང་ཁབ་ལེན་མདེ་འབྱིན་རྐྱང་སེལ་དུ་བཤད་པ་ལྟར་དང༌། ལྕེ་ཚ་དང༌། སྲུབ་ཀདུར་བྱིད། ཙན་དན་དམར་པོ་རྣམས་རྨའི་དམིགས་སུ་བྱུགས་ཏེ་རྔབས་རྭས་དྲངས་པས་ཕལ་ཆེར་འདྲོངས་ཤིང༌། དེ་དག་ཅིས་ཀྱང་མ་ཐོན་ན་སྨན་གྱིས་བཞུ་བར་བྱ་བ་ལ་མིའི་མཇུག་ཏོ་ཁབ་ལེན། སྦྲུལ་ཤཆུ་རྩ། ལྕུམ་རྩ། ཤོ་རྩ། གོ་བོའི་གྲེ་བ་རྐྱང་སེལ་དུ་བཤད་པའི་རྩི་སྟག་མོ། ལྕམ་པ། ཨ་རུ་རྣམས་སྦྱར་བ་རྨ་ལ་གདབ་ཅིང་ཁོང་དུའང་བཏང་བས་དངོས་མེད་དུ་འགྲོའོ། །དཔྱད་ཀྱིས་དབྱུང་བ་ནི་ཐུར་མས་རྟོགས་ལ་གཙགས་བུས་སྐྱོན་དང་ཕྲལ་བ་ནི་པགས་པ་དྲལ་ལ་མདེའུ་མིག་ལམ་དུ་མངོན་དང་མི་མངོན་དང་ལག་འོག་ཏུ་དམ་དང་ལྷོད་པ་དང༌། མི་འགྱུར་བར་སྡོད་པ་དང་སུལ་དུ་འཕྱོས་ཞེས་པ་འཕྱུགས་འགྲོ་བ་དང་མཚོན་ལམ་རིང་ཐུང་བར་མ་དང༌། སྦང་སྒལ་ཞེས་རྐང་ནང་དུ་མདེའུ་ལུས་པ་དང་མདེའུའི་རྙི་བ་ཆད་པ་དང་རུས་པ་ཆེན་པོའི་གསེབ་ཏུ་མདེའུ་འཐམས་པ་སོགས་བརྟགས་ལ་ཆ་བྱད་གྲུ་བཞི་ཐུང་བ་སེང་གེ་ཁ་དང་ཕྲ་ལ་མཆུ་རིང་སྐམ་ཆུང་དང་སྦོམ་ལ་མཆུ་རིང་ཀང་ཀ་མཆུ་དང༌། སྦུ་གུ་ནང་ན་སྡོམ་པ་འཕྲུལ་སྐམ་དང༌། རྩེ་མོ་སྲབ་ལ་གཅུས་པ་མདེ་ཞབས་དང༌། འཇབ་རྩེ་སྦུ་གུས་སྡོམ་པ་དང༌། སྦུ་གུ་སོ་ལེབ་མདེ་གསོར་སོགས་གང་ལ་གང་དགོས་དེའུ་ཟུག་པའི་ས་དང་རིག་པས་དཔྱད་དེ་དབྱུང་ཞིང༌། ཁྱད་པར་མདེའུ་རྐང་ལ་ལུས་པ་དང་འཐེམས་པ་ལ་རུས་པ་གསོར་གྱིས་བྲུས་ཏེ་དབྱུང་ངོ༌། །

རྩའི་ཁྲག་ཤོར་ཆོད་པ་དང་རུལ་ནས་ཤོར་བ་གཉིས་ལས་ཁྲག་རྩ་དེ་ལ་གྲི་མདུང་རྭ་སོགས་ཕོག་པའི་རྦད་ཀྱིས་ཆོད་ནས་ཁྲག་ཤོར་ན་རྩ་ལ་ཁད་སྤུ་གཞུག་དགོས་པ་དང༌། བྱང་ཐེམ་བྱ་བ་དང་ཨུར་ལ་མནན་པ་དང༌། འོལ་ཁ་བསྒྱུར་བ་དང་ཁོང་དུ་སྦ་བའོ། །དང་པོ་ཁད་སྤུ་གཞུག་པ་ནི་རྒྱ་སྐྱེགས་དང༌། མཁན་པ་དང༌། སྐྱེར་པ་དང༌། མཚེ་སོགས་བསྡུས་པའི་ཁཎྜ་དང༌། མི་དོམ་ཉའི་མཁྲིས་པ་གསུམ་དང༌། སྤྲུ་མའི་འབྲུ་དང༌། སྒོང་ཐོག་པ་དང་སྦྱར་བའི་འདག་པ་རྨ་ལ་བརྫང་བ་དང༌། ཡང་ན་སྤྲུ་རྩའི་རེང་བུ་ལ་ཉ་དོམ་མཁྲིས་པ་དང༌། གུར་ཀུམ་དང༌། སྤྲུ་འབུའི་ལྡེ་གུ་བྱུགས་ལ་བརྫང༌། ཡང་ན་ཁྲག་རྐང་ནི་སེར་པོ་ཁྲག་རྐང་སྟེ་མྱང་རྩི་སྤྲས་དང༌། ཟོར་བ་ནི་རམ་པའི་ཁ་ལོ་དང༌། མཁན་སྐྱ་དང༌། དར་ཡ་ཀན་དང༌། དོམ་མཁྲིས་རྣམས་སྦྱར་བ་རྨ་ནང་དུ་བརྫང་བར་བྱ། ཡང་ན་འགྲོན་ཐལ་དང༌། སྨྱུག་མའི་ཤུན་པའི་ཐལ་བ་དང༌། ད་ལིས་ཏེ་བ་ལུའི་མེ་ཏོག་དང༌། བུད་མེད་ཀྱི་མངལ་ཁྲགམི་དོམ་ཉའི་མཁྲིས་པ་གསུམ་དང༌། རྒྱ་ཚོས་དང༌། ཤིང་ཚ་དང༌། བུ་རམ་སོགས་སྦྱར་ལ་རྨ་ནང་དུ་བཏང་སྟེ་དར་བཀབ་ལ་དེའི་སྟེང་དུ་བསིལ་བའི་འཇིབས་སུ་གཞུག་པའོ། །གཉིས་པ་བྱང་ཐེམ་རྨ་ནས་སོར་དྲུག་བཅལ་བའི་གོང་འོག་ཏུ་རྡེའུས་ཞེས་ཆུ་རྡེ་འཇམ་པོས་མནན་ལ་རས་ཀྱིས་དམ་དུ་བཅིང༌། དེ་སྟེང་ཕྱིང་པ་དམ་སྦྱར་ཤིང་བྱང་བཏང༌། །ཞེས་པ་རྫོང་འཕྲང་དུ་བཞི་སྒྲོམ་དང༌། དེ་སྟེང་ཤིང་བྱང་གཉིས་རྩའི་གཡས་གཡོན་ནས་མར་བཏང༌། རས་ཀྱིས་བསྡམས་ལ་ཡ་ག་མ་ཀའི་ཤིང་བྱང་སྟེང་དུ་རྨ་ཁོལ་བཏོད་དེ་གསོ། །གསུམ་པ་ཨུར་ལ་མནན་པ་ནི་རྩའི་ཡ་ཐོག་མ་ཐོག་མེས་མནན་ནོ། །བཞི་པ་འོལ་ཁ་བསྒྱུར་བ་ནི་རྩ་རྒྱུད་གོང་འོག་གཏར་བར་བྱ་བ་དང༌། ལྔ་པ་ཁོང་དུ་སྦ་བ་ནི་གོང་གི་རྒྱ་སྐྱེགས། མཁན་པ། སྐྱེར་པ། མཚེ་རྣམས་ཀྱི་ཁཎྜ་ལ་གུར་ཀུམ་དང༌། ལི་ཤི། མི་དོམ་ཉའི་མཁྲིས་པ་གསུམ་རྣམས་སྦྱར་ལ་བཏང༌། ཡང་ན་འབྲི་མོག་དང༌། ཞུ་མཁན་དང༌། མཁན་པ། ཚོས་རྣམས་བསྡུས་ཁུར་གྲང་ན་དོམ་མཁྲིས་དང༌། གུར་ཀུམ་དང༌། ཤིང་ཚ་དང༌། ཚ་ན་ག་བུར་སྦྱར་བ་བཏང་བས་ཁོང་ནང་དུ་སྦེད་ཅིང༌།

རྩའི་རྨ་ཁ་རུལ་ནས་ཁྲག་ཤོར་བར་གྱུར་ན། དོམ་མཁྲིས་དང༌། ཅུ་གང༌། མིའི་ནུ་ཞོ་རྣམས་ཀྱིས་བཀྲུ་བར་བྱ་ཞིང༌། ག་བུར་དང༌། དོམ་མཁྲིས་དང༌། ཅུ་གང༌། ཀ་ར་རྣམས་གདབ་པ་དང༌། ལྕགས་ཀྱི་ལྗང་པ་སྟེ་ཤན་ལྟ་བུ་སྲབ་མོའམ་བྱང་བུས་རྨ་ཁ་དྲག་ཏུ་མནན་ཅིང༌། ཁོང་དུ་ཚ་བའི་འབྲོས་འདེད་རླུང་དུས་བཅུད་ཟས་བསྟེན་པའི་འབྲོས་ཚ་དུས་བསིལ་སྨན་བསྟེན་པས་འདེད་པའི་ཚུལ་གཅེས་པ་ཡིན་ཏེ། དེ་ཡང་རྩ་ནད་ཁོང་ནས་མ་བཅོས་པར་ཐེམ་དམ་པར་བྱས་ཀྱང་ཁྲག་གི་ལྦ་བ་བྱུང་ན་སླར་གསོ་དཀའ་སྟེ་ཐེམ་བྱས་པ་དོན་མེད་དུ་འགྱུར་རོ། །

ཡན་ལག་གི་རྨ་ཚད་ཀྱི་རྒྱུ་རྐྱེན་ལྷན་ཅིག་ཏུ་བཤད་པ་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་སོགས་རྣམ་པ་བཞིས་བསྟན་པ་ལས། དང་པོ་ཚ་བ་འབྱུང་བའི་རྒྱུ་ནི་ཁྲག་དང་མཁྲིས་པ་གཉིས་ཡིན་ཏེ། དེ་ཡང་རྩ་དང་རུས་པ་གཉིས་ལ་སྐྱེ་བ་ཡིན་ནོ། །ཚ་བའི་དབྱེ་བ་ཕྱེ་ན་སྤྱིར་དབྱེ་བ་དང་བྱེ་བྲག་ཏུ་དབྱེ་བ་བཤད་པ་གཉིས་ལས། སྤྱི་ལ་ཁྲག་གི་ཚ་བ་སྟོད་དུ་ཤོར་བ་དང༌། ཆུ་སེར་གྱི་ཚ་བ་རྩ་སྦུབས་སུ་འཁྱིལ་བ་གཉིས་དང༌། རྐྱང་པ་དང༌། ལྡན་པ་དང༌། འདུས་པ་དང༌། འཐབ་པར་སྐྱེ་བ་ལྔ་ཞེས་ཀྱང་དྲུག་ཡོད་པ་དམིགས་སུ་བསལ་པ་ལྟར་རོ། །བྱེ་བྲག་ཏུ་དབྱེ་ན་ཁྲག་དང༌། ཆུ་སེར་དང༌། རྣག་བཅས་པའི་ཚད་པ་གསུམ་དང༌། རྩ་ཚད་དང༌། རུས་ཚད་དང༌། ཟུག་རྔུའི་ཚ་བ་དང་དྲུག་གོ། དེ་རྣམས་སོ་སོར་ངོས་འཛིན་པའི་རྟགས་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ཚ་བ་སྟོད་དུ་ཤོར་བ་ལ་ནི་ལུས་པོ་གྲང་ཤུམ་བྱེད་ཅིང་མགོ་བོ་དང་ཚིགས་གཞི་ན་བ་དང༌། དང་ག་མི་བདེ་ཞིང་དབུགས་ཐེག་ལ་གློ་སྙིང་འདར་བ་དང༌། གཉིད་ཤིན་ཏུ་ཆེ་ཞིང་ལུས་པོ་ལྕི་ལ་ཁ་ཁ་བ་དང༌། མིག་སྤྲིན་སེར་བ་དང༌། ལྕེའི་རྩ་བ་སྔོ་ཞིང་སྐམ་ལ་སོ་དྲེག་ཆགས་པ་དང༌། རྩ་གྲིམས་ཤིང་ཆུ་མདོག་དམར་ལ་རྨའི་ཁ་དྲོད་ཆེ་ཞིང་སེར་བ་དང༌། ཆུ་སེར་གྱི་ཚ་བ་རྩ་སྦུབས་སུ་འཁྱིལ་བ་ནི་རྩ་འཕྲིག་པ་དང༌། ཆུ་མདོག་སེར་ཞིང་གཞོགས་གཡས་གཡོན་ལ་ཡང་ལྕི་འབྱུང་བ་དང༌། ཕྲག་པའི་གོང་མི་བདེ་ཞིང་བཤུལ་ཤ་ན་བ་ཡིན། སྐྲངས་པོ་དང་རྨ་ཚད་སྐྱེས་པ་རྐྱང་པ་ཡིན་ཞིང༌། སྟེ་ཞེས་འོག་མ་འདྲེན་ཚིག་ནས་དེ་ལ་ཞེས་རྐྱང་པའི་རྟགས་དེའི་ཁར་རྩ་དང་ཆུ་གཉིས་ཚ་བའི་རྟགས་དང་ལྡན་ན་ལྡན་ཚད་ཡིན་པ་དང༌། ཕྱི་ཡུལ་དུ་ན་ལུགས་ཚ་ན་འདུས་ཚད་དོ། །འཐབ་ཚད་ནི་རྩ་དང་ཆུ་གྲང་བ་ལ་རྨ་ཚད་སྐྱེ་བ་དང༌། ཡང་ན་རྨ་གྲང་བ་ལ་རྩ་ཆུ་ཚ་བའོ། །བྱེ་བྲག་ཁྲག་ཚད་ལ་ནི་མིག་དང་ཆུ་དང་སྐྲངས་པ་སོགས་དམར་བ་དང༌། ཟས་སོགས་བསིལ་ལ་མི་དགའ་བར་སྙིང་ལ་དྲོན་མོ་འདོད་པ་དང༌། ནུབ་མོ་གཉིད་ཆུང་ཞིང་ཟ་ཟི་མང་བ་ཡིན་ནོ། །ཆུ་སེར་གྱི་ཚ་བ་ལ་ནི་ལྡང་དུབ་འདྲེ་ལྟར་དུ་ན་བ་དང༌། མིག་སྤྲིན་དང༌། ཆུ་མདོག་དང༌། སྐྲངས་པ་རྣམས་སེར་ལ་ཚ་ཞིང་འཁྱུག་གོ། རྣག་ཚད་ཀྱི་རྩ་ནི་འདར་རམ་ཡང་ན་སྤུན་པ་འབྱུང་ལ། དང་ག་མི་བདེ་ཞིང་གཉིད་ཆུང་བ་དང་རེས་འགའ་ལྡང་ཞིང་རེས་དུག་པ་སྟེ་ངལ་གསོ་བ་ལྟར་ན་བ་དང༌། བླ་རྡོལ་ཞེས་པ་རིག་པ་ཚོ་མི་ཟིན་པ་ལྟ་བུའི་གཏམ་སྣ་ཚོགས་ཟ་ཟིར་སྨྲ་བར་བྱེད་ཅིང་སྐྲངས་པ་ཟུག་ཆེ་བས་མནན་ན་མི་བཟོད་དོ། རྩ་ཚད་ལ་ནི་ཞག་གསུམ་དང་ལྔ་ལ་དྲག་པོར་སྐྱེ་བ་དང༌། རུས་ཚད་ལ་བདུན་དང་དགུ་ལ་འཇབས་ཏེ་རྐུན་བུར་སྐྱེ་བ་དང༌། ཟུག་རྔུའི་ཚ་བ་ནི་དྲག་ཤུལ་གྱི་རྗེས་ལ་སྐྱེ་བ་དང༌། ཀར་ཞེས་གློ་བུར་ཀེར་གྱིས་ཟུག་ལྡང་ཞིང་རྨ་ལ་ཁྲག་བཙན་ཐབས་སུ་འབྱུང་བ་དང༌། དེ་ཡང་ཟས་དང་སྤྱོད་ལམ་གཉིས་དལ་ཞིང་སྙོམས་པའི་དུས་སུ་བདེ་བ་ཡིན་ནོ། །བཅོས་པའི་ཐབས་ལ་སྤྱི་བཅོས་དང་བྱེ་བྲག་གི་བཅོས་ཐབས་གཉིས་ཀྱི་དང་པོ། སྤྱི་རུ་བཅོས་པ་དེ་ལའང་བཅོས་པའི་ཐབས་དང་བསད་པའི་ཐབས་གཉིས་ཏེ། དེ་ཡང་བཅོས་ཚུལ་དེ་ལ་རྒྱལ་པོ་ལྟ་བུ་དང༌། བློན་པོ་ལྟ་བུ་དང༌། དམངས་ལྟ་བུ་དང་བཅས་པའི་བཅོས་ཚུལ་གསུམ་སྟེ། རྩ་དང་ཚིགས་ཀྱི་གནད་ལ་རྒྱལ་པོ་ལྟ་བུར་བཅོས་པ་ནི། རྨ་ཁ་རང་གི་ཆས་བསིལ་ལ་རྨའི་གོང་འོག་གི་ཆས་དྲོད་སྦྱོར་བསྟེན་པ་དང༌། ཁོང་ཚད་བསིལ་སྨན་གྱིས་བཅག་དགོས་ཏེ། དེ་གང་ཞེ་ན་དེས་ནད་ལ་རྣག་མི་འཇུག་པའི་ཕྱིར་དང༌། ཚ་བ་མེད་ན་ཁོང་ནས་གསོད་མི་དགོས་ཏེ་རྨའི་གོང་འོག་གི་ཆས་དྲོད་སྦྱོར་བསྟེན་པར་བྱ་བས་ཚ་བ་འདུ་བ་ཡིན་ཞིང༌། སྟོད་ཚད་གསོད་པས་རྨ་ལ་སྐྲངས་མི་འཆོར་བས་ན་ཉེན་མེད་པས་འཚོ་སྐྱེན་རྒྱལ་པོ་ལྟ་བུའི་བཅོས་ཚུལ་ཡིན་ཏེ། འོན་ཀྱང་རྩ་ཚིགས་ལ་ཚ་བ་བབས་པའི་རྣག་ཏུ་ཤོར་དྲགས་ན་སྟོད་དུ་འཆོར་ཏེ་འཆི་ཉེན་ཆེའོ། །ཉྭ་རྨེན་གྱི་གནད་ལ་བློན་པོ་ལྟ་བུར་བཅོས་པ་ནི། འབྲོས་འཕྲང་མེས་བསྡམ་ཞེས་ལག་པ་ལ་ཨ་སོ་རྐང་པ་ལ་མིག་དམར་བསྡམ་ཞིང་རྨ་ནས་དྲོད་ཀྱི་ཚ་བ་དབབ་ཅིང་ཁོང་ནས་བསིལ་གྱིས་རྨ་ཚད་བསལ་བས་ཚ་བ་རྨ་ལ་བབ་པ་རྣག་ཏུ་ཤོར་ནས་འཕྲལ་སྦྱོང་ཡང་སྲོག་མི་འདོར་བ་ཡིན། རྨ་གང་ལ་ཡང་རྨ་ནས་བསིལ་ཆས་ཀྱིས་ཚ་བ་དཀྲོག་ཅིང་ཁོང་ནས་བསིལ་གྱིས་བསད་པ་ནི་འཚོ་བ་ཡང་སྐྱེན་ལ་འཆི་བ་ཡང་སྐྱེན་པས་ན་དེ་དག་ནི་དམངས་ལྟར་གྱི་བཅོས་པའི་ཚུལ་ལོ། །ཚ་བ་བསད་ཐབས་ལ་ཡར་འདྲེན་ཐོག་བབས་སུ་བསད་པ་དང༌། མར་འདྲེན་འཇམ་པོས་བསད་པ་གཉིས་ལས། ཚད་སྟོབས་ཆུང་ན་མར་འདྲེན་འཇམ་པོས་བསད་པ་ལ་ཙན་དན་དཀར་པོ་དང༌། གི་ཝཾ་བསིལ་ཅུ་གུར་སྟེང་སྟོད་དུ་ལི་ཤི། སྨད་ལ་སུག་སྨེལ་གསུམ་དང༌། བ་ལེ་ཀ་དང༌། ཧོང་ལེན་དང༌། ཏིག་ཏ། ཨུཏྤལ། བ་ཤ་ཀ་དང༌། ཀ་ར་སོགས་སྦྱར་བ་བཏང་ཞིང་རྨ་དང་གང་ཉེའི་རྩ་ཕྲན་མས་འཛེག་གཏར་བ་དང༌། སྟོད་དུ་ཤོར་ཞིང་ཚ་བ་སྟོབས་ཆེ་ན་ཡར་འདྲེན་བཤད་མ་ཐག་པ་ལྟར་དང༌། ཐོག་བབས་སུ་བསད་པ་ནི་ག་བུར་རྒྱལ་བློན་བདུན་པ་དང་དགུ་པ་ཕྱི་རྒྱུད་ལྟར་སྦྱར་ཞིང༌། རྩ་ཆེན་གང་རྒྱས་ཡས་བབས་སུ་གཏར་ཚུལ་གོང་དུ་རིམ་པར་བཤད་པ་ལྟར་ཁྲག་ཤེད་སྨད་དོ། །ཚ་བ་འཁྱིལ་ན་བསིལ་གསུམ་ཅུ་གང་གུར་ཀུམ་སྟེང་སྟོད་ལ་ལི་ཤི། སྨད་ལ་སུག་སྨེལ་བསྣན་པ་དང༌། བ་ལེ་ཀ་དང༌། གི་ཝཾ་དང༌། དོམ་མཁྲིས། སེང་ལྡེང༌། བ་ཤ་ཀ་དང༌། སོ་མ་ར་ཛ། ཀ་ར་རྣམས་སྦྱར་ལ་བཏང་ཞིང༌། གཟེར་བའི་ཕྱོགས་ངོས་དང་རྩ་དམིགས་གང་རྒྱས་པ་དེ་གཏར་རོ། །རྐྱང་པའི་ཚ་བ་ནི་རྨ་ལ་བསིལ་ཞུན་གོང་ལྟར་བྱ་ཞིང༌། ཁོང་དུ་ཆུ་འཐུང་བ་དང་སྨན་ལའང་ཆུས་རྟ་བྱས་ལ་ཏིག་ཏ་དང༌། སྤང་རྩི། ཨུཏྤལ། བ་ལེ་ཀ་དང༌། ཀ་ར་སོགས་སྦྱར་བ་ནམ་བཅག་མལ་ཏེ་ཞག་གཅིག་བཞག་གཉིས་བསྟུད་པ་ནས་བཏང་བ་ལྟ་བུ་དང༌། ལྡན་པའི་ཚ་བ་བཅོས་པ་ནི་རྨ་ལ་བསིལ་ནན་གོང་ལྟར་བྱ་ཞིང༌། ཙན་དན་དཀར་པོ་དང༌། བསིལ་ཅུ་གང༌། གུར་ཀུམ་ཐོག་སྟོད་ལ་ལི་ཤི་དང༌། སྨད་དུ་སུག་སྨེལ་བསྐུར་བ་གསུམ་དང༌། གི་ཝཾ་དང༌། ལི་ག་དུར་དང༌། ཨུཏྤལ་དང༌། ཀ་ར་རྣམས་སྦྱར་བ་ཁོང་དུ་བཏང་ཞིང༌། རྐང་པ་ལ་ལོང་རྩ་དང༌། ལག་པ་ལ་ཨ་སོ་གཏར་བ་དང༌། འདུས་ཚད་ལ་ནི་ག་བུར་དང༌། ཤིང་མངར། བ་ཤ་ཀ་དང༌། བ་ལེ་ཀ་རྣམས་སྨན་གོང་མ་ལ་བསྣན་ལ་བཏངཞིང༌། རྩེ་ཆུང་དང༌། སྣོད་ཀ་དང༌། དྲུག་མགོ་ལ་སོགས་པ་གཏར། འཐབ་པའི་ཚ་བ་རྨ་ཁོང་བསྣོལ་ལ་གང་ཚ་བའི་སྟེང་དུ་བསིལ་གྱིས་བསད་ཅིང༌། གྲང་བའི་སྟེང་དུ་དྲོད་སྦྱར་ལ་བསད་དགོས་རིག་མདའ་བསྣུན་དགོས་སོ། །ཁྱད་པར་ཁྲག་ཚད་ལ་དམར་ཆས་གོང་བཤད་ལྟར་ཧོང་ལེན། ཀྱི་ལྕེ་དཀར་པོ། བ་ཤ་ཀབཙོད་སོགས་ཀྱི་ཐང་བཏང་ལ་རྩ་བོ་ཆེ་གཏར་བ་དང༌། ཆུ་སེར་ཚ་བ་ལ་སེར་ཆས་གོང་བཤད་ལྟར་བྱ་ཞིང༌། འབྲས་བུ་ཨ་བར་སྐྱུར་གསུམ། ཀྱི་ལྕེ་དཀར་པོ། ཧོང་ལེན། སྟབ་སེང༌། བྲག་ཞུན་སོགས་ཀྱི་ཐང་བཏང་ལ་ཐུར་མས་བསུ། རྣག་གི་ཚ་བ་ཐུར་གཙགས་རུས་མཛེར་ལྟ་བུས་ཕུག་ལ་རྨ་ལ་འབྱར་གྱི་རིགས་བྱ་བ་དང༌། ཁོང་དུ་རྣག་སྐེམ་བྱེད་དུང་སོགས་ཀྱི་སྨན་བཏང་བར་བྱ་ཞིང༌། རྩ་ཚད་ལ་སྐྱུ་རུ་ར། ཧོང་ལེན། བ་ཤ་ཀརེ་སྐོན། ཤིང་མངར། ཚོས་ཞེས་རྒྱ་སྐྱེགས་སོགས་ཀྱི་ཐང་གཏོང་ཞིང་གཏར་དང་མེ་བཙའ་དང་བསིལ་སོགས་གང་འཚམ་གྱིས་བཅགརུས་ཚད་ལ་ཚན་ཀྱི་ལྕེ་སྲོ་ལོ་སོགས་བསིལ་བའི་ཆས་དང་ཆུ་ལྕག་དང་སྨན་གྱིས་ཚ་བ་བཅགཟུག་རྔུའི་ཚ་བ་ལ་ཏིག་ཏ། བ་ཤ་ཀཧོང་ལེན་སོགས་ཀྱི་ཐང་སྨན་བཏང་ཞིང་གང་ཉེའི་རྩ་ལ་གཏར་བ་དང་བསིལ་ཟས་ཀྱིས་བཅག་གོ། དེ་ཡང་ཁྲག་གི་དུས་སུ་ཚ་བ་སྟོད་ལ་ཤོར་ན་ཡེན་ལ་གཏད་པ་ནི་ཟས་སྐོམ་སྡོམ་ཞིང་ཅུང་ཟད་རེ་བསྟེན་པའང་བསིལ་ཕྱོགས་གཅིག་ཏུ་བསྟེན་པ་དང༌། ཆུ་སེར་དུས་སུ་བསིལ་ལ་བཅུད་པ་སྐོམ་སྟེ་རྟོལ་ཤ་དང༌། རི་དྭགས་ཤ་དང༌། མར་སོགས་གསར་པ་བསྟེན་ཞིང༌། རྣག་གི་དུས་སུ་རྒྱལ་པོ་ལྟ་བུར་ལུགས་དང་བཤད་མ་ཐག་པའི་སྐོམ་ཤ་གསར་པ་དང་མར་སྦྲང་ཏིང་ཁྲོལ་ཏེ་ཆུ་ཚོད་ཅིང་འདྲེས་པར་བསྐོལ་བ་ཆང་གསར་འཇམ་སོགས་ཀྱིས་གསོ། རྨ་རྒན་གྱི་ཚ་བ་མི་ཆག་ཅིང་སྲ་ཞིང་ཧྲེམ་པ་ལ་རྩ་ལྟོ་ཕྱི་རྒྱུད་ལས་ལྔ་ལྟར་སྦྲགས་ཏེ་སྦྱངས་ལ་ག་བུར་ཉེར་ལྔ་ཕྱི་རྒྱུད་ལྟར་སྦྱར་བ་དང༌། གང་ཉེའི་རྩ་གཏར་ཞིང་རྨ་ལ་དྲོ་བ་བདུག ཡན་ལག་གི་ཚ་བ་ཀུན་གྱི་རྒྱུ་ནི་ཆུ་སེར་དང་ཁྲག་གཉིས་ཡིན་པས། དེའི་ཕྱིར་ན་གསོ་དཔྱད་ཀྱི་གཙོ་བོ་ལྟ་བུ་ནི་གཏར་བ་རང་མཆོག་ཏུ་བཤད་དོ། །

ཆུ་འཐུང་བའི་མན་ངག་ལ་ཆུ་སྐོམ་ལྟར་བཏུང་བ་དང༌། ཆུ་སྨན་ལྟར་བཏུང་བ་གཉིས་ཀྱི་དང་པོ་སྐོམ་ལྟར་བཏུང་བ་ནི་རྩ་སྒོ་བགག་པ་སྟེ། ཧོང་ལེན་དང༌། མྱང་རྩི་སྤྲས་དང༌། ཡུ་གུ་ཤིང་དང༌། ལྕམ་འབྲུ་སོགས་ཆུར་སྦངས་པ་སྐོམ་དུ་བཏུང་བར་བྱ་ལ། ཡང་ན་ཚོས་ཞེས་རྒྱ་སྐྱེགས་དང༌། བཙོད། ཡུང་སྐྱེར། སྤྱི་ཞུར་དང༌། སྤང་རྩི་དང༌། ཙན་དན་དམར་པོ་དང༌། ཐོད་ལེ་ཀོར་རྣམས་ཕྱེ་མ་སྦངས་པ་བཏུང་ངོ༌། །ཆུ་སྨན་ལྟར་བཏུང་བ་ལ་ཁྲག་དུས་དང༌། ཆུ་སེར་གྱི་དུས་དང༌། རྣག་གི་དུས་དང་གསུམ་གྱི་ཁྲག་དུས་བྲག་སྐྱ་ཧ་བོ་དང༌། ཧོང་ལེན། ཨ་བྱག་གཟེར་འཇོམས་དང༌། ཚེར་སྔོན་སོགས་ཆུར་སྦས་པའི་ཁུ་བ་བཏུང་བའམ། ཡང་ན་ཙན་དན་དཀར་པོ་དང༌། སེ་རྒོད་དང༌། སྟབ་སེང༌། རེ་རལ་རྣམས་ཆུར་སྦངས་ལ་བཏུང༌། ཆུ་སེར་གྱི་དུས་སུ་སྟབ་སེང་དང༌། ཡུ་གུ་ཤིང་དང༌། ཤེལ་ཏ་སྟེ་ནགས་མའི་ཐང་ཆུ་དང༌། ཨ་བྱག་གཟེར་འཇོམས། ཕོ་རོག་ནོར་བུ་ཞེས་པ་ཡག་པའི་རྩ་བ་དཀར་པོ་ཡར་འདྲེན་ལ་བཞེད་པའང་མཆིས་རུང་ངོ་བོ་རྐྱང་སེལ་ཁ་སྐོང་དུ་བཤད་པ་དེ་དང༌། བུ་རམ་སོགས་སྦྱར་བ་ཚོས་ཞེས་རྒྱ་སྐྱེགས་ཀྱི་ཁུ་བས་ཕུལ་ལ་བཏང་བས་ཆུ་སེར་ཀུན་སྐེམ་ཞིང༌། ཁྱད་པར་གི་ཝཾ་དང༌། བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག མཁྲིས་པ་སྣ་ཚོགས་སོགས་ཀྱི་རིལ་བུ་མཐེབ་ཆུང་ཙམ་པ་ཆུས་ཕུལ་ལ་བཏང་བས་རྩའི་ཆུ་སེར་སྐེམ་པར་བྱེད་ཅིང༌། སྒོང་ཐོག་ཅེས་འདྲེ་པད་ཁ་དང༌། མེ་ཏོག་གླང་སྣ་དང༌། ཐ་རམས་དང༌། མེ་ཏོག་བྱ་རྐང་དང༌། བུ་རམ་རྣམས་རིལ་བུ་རིལ་མ་ཙམ་ཆུས་ཕུལ་ལ་བཏང་བས་ཤའི་ཆུ་སེར་སྐེམ་པ་དང༌། སྟབ་སེང་དང༌། ཚེར་སྔོན་དང༌། ཁྲག་རྐང་ཞེས་མྱང་རྩི་སྤྲས་དང༌། ཨ་བྱག་གཟེར་འཇོམས་དང༌། རེ་རལ་སོགས་ཀྱི་རིལ་བུ་ཆུས་ཕུལ་ལ་བཏང་བས་རུས་པའི་ཆུ་སེར་སྐེམ་པ་དང༌། རོ་ཁ་བའི་དེ་བ་དང༌། སུམ་ཅུ་ཏིག་དང༌། ཁུར་རྩ་ལ་སོགས་པའི་ཐང་གིས་ཆུ་རྒྱུས་ཀྱི་ཆུ་སེར་རྣམས་སྐེམ་པར་བྱེད་ཅིང༌། ཤ་བ་དང༌། ཁ་ཤ་དང༌། བསེ་རུ་རྣམས་ཀྱི་རྭ་དང་བུ་རམ་སོགས་ཀྱི་རིལ་བུ་ཆུས་ཕུལ་བས་ཚིགས་དང་པགས་པའི་ཆུ་སེར་སྐེམ། ཁམ་བུའི་ཚི་གུའི་ལ་བ་དང༌། ཐ་རམས་བྲག་སྤོས་པ་དང༌། ཀ་ར་རྣམས་ཀྱི་རིལ་བུས་ཆུ་སེར་སྐེམ་པར་བྱེད་ལ། ཐོད་ལེ་ཀོར་རིགས་གཉིས་ཀྱི་དཀར་པོ་དང༌། ཕ་ཝང་ལོང་བུ་ནག་པོ་དང༌། དར་ཡ་ཀན་རྣམས་བུ་རམ་གྱི་རིལ་བུར་བསྒྲིལ་བས་ཆུ་སེར་དུས་ཀྱི་སྐྲངས་པའི་རིགས་རྣམས་འཇོམས་པར་བྱེད་ཅིང༌། རྣག་གི་དུས་སུ་བསེ་རུ་དང༌། བྲག་སྤོས། ཅོང་ཞི་དང༌། མུ་ཟི་ཞོ་དང་སྦྱར་བ་ཟངས་ཀྱི་སྣོད་སྤྱད་ལྟ་བུ་ལ་བསྒོས་པ། དེ་བཞུར་བའི་ཕྱེ་མས་རྣག་གི་རྒྱ་མཚོ་སྐེམ་མོ། །བ་ནུ་ཞེས་པ་འདི་ལ་མ་ནུ་རྒྱུད་འགར་ཡིག་ནོར་ལས་ཕྱག་དྲེག་མ་དང་ཟུར་མཁར་བའི་སྒམ་ནང་མ་མཐུན་པ་དང༌། མཆན་ལའང་རྡོ་ཞེས་པ་ལྟར་དང༌། མུ་ཟི། རྟ་ལྤགས། རེ་སྐོན་པ་རྣམས་ཁོང་དུ་བཏང་ཞིང་ལྡེ་གུ་བྱུགས་ན་སྐྲངས་པ་འཇོམས་པར་འགྱུར་ལ། ཕ་ཝང་ལོང་བུ་དང༌། ཤ་མོ་སྤང་སྐྱེས་སེར་ཤ་དང༌། ལྕགས་ཕྱེ་དང༌། སྒོ་ང་དང༌། རྒྱ་ཚོས་རྣམས་སྐྲངས་ལ་བྱུགས་ཤིང་རིལ་བུ་ཁོང་དུ་བཏང་ནའང་སྐྲངས་པ་འཇོམས་པ་དང༌། ཅུ་གུར་ལི་ཛཱ་སུག་ཀ་སྟེ་བཟང་དྲུག་དང༌། ཡུ་གུ་ཤིང་གི་ཆུ་འཐུངས་ན། སྟོད་ཚད་ཀྱི་རིགས་བསྲུང་སྟེ་མི་འཆོར་ཞིང༌། པི་པི་ལིང་དང༌། བྲག་སྐྱ་ཧ་བོ་དང༌། འོམ་བུའི་ཆུ་འཐུངས་པས་སྣོད་དུ་ཚད་པ་མི་འཆོར་ཞིང་འཁྲུ་མི་སྲིད་པ་སོགས་དེ་ལྟར་བཤད་པའི་ཆུའི་ཡོན་ཏན་གྱིས་ཚ་བ་གཅོག་པ་དང༌། ཁ་མི་སྐོམ་པར་ཟས་ཚུད་ལ་དང་ག་བདེ་ཞིང་ལུས་ཀྱི་ཤེད་མོ་སྐྱེ་བར་བྱེད་དོ། །འོན་ཀྱང་གདོན་གནོད་པ་དང༌། ལུས་ཀྱི་བཀྲག་སྟེ་མདངས་ཤོར་བ་དང༌། ཕོ་བ་འབྱང་བ་ཞེས་འཁྲུ་ན་སྤང་ངོ༌། །

ལྔ་པ་ནི་སྐྲངས་པ་གཞོམ་པར་བྱེད་པའི་མན་ངག་ལ་གདོན་གྱིས་སྐྲངས་པ་དང༌། འདུ་བས་སྐྲངས་པ་དང༌། གནས་ཀྱིས་སྐྲངས་པ་གསུམ་གྱི་དང་པོ་གདོན་གྱིས་སྐྲངས་པ་ཡིན་ན་རྨ་མདོག་ལོག་པ་དང༌། གྲང་ཤུམ་བྱེད་པ་དང༌། ཆུ་བུར་ཉྭ་སྒང་ལ་འོང་ཞིང་སྐྲངས་པ་དེ་མཆེད་སྐྱེན་པ་དང༌། ཁྲག་དང་རྣག་འཛག་ཅིང་ཤེ་རུལ་གྱི་དྲི་མ་མནམ་པ་འབྱུང་བས་དེ་ལ་འཛིན་པ་དང༌། སྟག་ཤ མུ་ཟི། ཀྱི་ལྕེ་བ་དང༌། ཤུ་དག་དང༌། སྤྱང་བྲུན། རྭ་གཞོབ་རྣམས་དྲི་ཆུར་སྦྱར་བ་བྱུག ཡང་ན་གྲོག་ཞིང་ཞེས་ཐོག་རྙིང་གྱང་རྙིང་བྲག་ལྡེབས་སོགས་ལ་ཆགས་པའི་སྤང་རྩ་འདྲ་བ་དང༌། ཝ་སྤྱང༌། རི་བོང་གི་བྲུན་དང༌། ཁྱི་སྤུ་དང༌། ར་སྤུ། རྭ་གཞོབ་ཁྱི་ལུད་དང༌། སྒོག་སྐྱ་རྣམས་དྲི་ཆུར་སྦྱར་ལ་བྱུག་པར་བྱ་ཞིང༌། ཡང་ན་སྦྲུལ་མགོ་དང༌། སྡིག་པ་དང༌། སྤྲུ་མ་དང༌། སྦྱིན་སྲེག་གི་ཐལ་བ་བཞི་དང༌། སྟག་ཤ་བ་དང༌། བ་ལྕི་དང༌། ཆུ་ངན་ཏེ་ཕོ་མོ་འཁྲིག་པ་སྤྱད་དུས་མཚན་མ་ནས་བབས་པའི་ཆུ་ཉག་ནལ་ལེ་བ་དེ་རྣམས་ཀྱི་ཞུན་བྱུགས་པའི་སྟེང་དུ་ཁྱི་སྤུས་མནན་པ་དང༌། ཡང་ན་ནག་པོ་དགུ་པ་དང་བཞི་པ་སྦྱར་བར་བྱ་དགོས་ཏེ། དེ་ལ་བྱ་རོག་ཁྱི་ནག་གི་མཇུག་སྤུ་ར་རོག་གི་ག་སྤུ་གླང་རོག་གི་རྨོངས་སྤུ་བོང་ནག་གི་སྦངས་ཡུགས་སའི་དོར་རྟ་ནས་ནག་བྱ་བྲ་སྲན་མ་སྦང་གར་ཞོ་ཕྲུམ་སོགས་དང་ཀྱི་ལྕེ་ནག་པོ་བོང་ང་ནག་པོ་རེ་ལྕག་ནག་པོའི་ཐལ་བ་བིག་པན་ཁུ་བ་ར་ཞོ་རྣམས་སོ། །འདུ་བས་སྐྲངས་པ་ལ་རླུང་དང༌། མཁྲིས་པ་དང༌། བད་ཀན་དང་གསུམ་གྱི་རླུང་སྐྲངས་ནི་མདོག་སྐྱ་ལ་སོབ་ཅིང་རྣག་མི་འབྱུང་བ་དང༌། འཕར་ཞིབ་བྱེད་ཅིང་ཚིགས་ཀྱི་ཁར་སྐྲངས་པ་ཡིན་པའི་རྟགས་དེ་བྱུང་བ་ལ་རྩ་འཕྲང་སྐྲངས་པར་གྱུར་ན་མེ་བཙས་བསྲུང་ལ་གོ་སྙོད་དང༌། ལྕ་འབྲུ་དང༌། སྐྱི་འབྲུམ་སྟེ་ཚེར་སྐྱའི་འབྲུ་དང༌། ཚ་བ་སྒ་པི་ཕོ་གསུམ་དང༌། སྣེའུ་དང༌། གཡར་ཞུ་ཞེས་དྭ་བའི་རྩ་བ་དང༌། ཟྭའི་ཕྱི་མོ་ནི་ཟྭ་འདྲ་སྟེ་བ་སྤུ་རྣོ་བ་དབྱིབས་ཟྭ་འདྲ་བ་ཡུལ་སྐད་ཟུ་དང་ཨ་ཡ་ཟྭ་ཚོད་ཟེར་བ་དེ་དང༌། ཆང་འགག་ཅེས་ཆང་མ་བསིངས་པའི་སྦང་མ་རྣམས་སྦྱར་ལ་འཇིབས་སུ་གཞུག ཡང་ན་ལྕ་འབྲུ་དང༌། མཁན་པ་དང༌། སླེ་ཏྲེས་དང༌། ཚན་དཀར་དང༌། ཤུ་མོ་ཟ་དང༌། ལྕམ་པ། ཚ་བ་སྒ་པི་ཕོ་གསུམ་དང༌། ཏང་ཀུན་དང༌། མར་ནག་སྦང་མ་རྣམས་སྦྱར་བས་མནན་ཅིང༌། དམར་པོ་དགུ་སྟེ་བྱ་མཚའ་ལུའི་ཟེ་ཁྲགར་སེར་སྐྱ་དང༌། ཁྱི་རྒྱ་བོའི་སྣ་ཁྲགབོང་བུ་གྭ་པའི་མཇུག་ཁྲག མཛོ་གཡག་སྲེ་བོའི་སྦུབས་ཁྲག རྟ་དྲུག་ཕྲོམ་ནི་སྤུ་ཁ་མོག་གྲོ་དྲུག་སྟེང་ཁྲ་ཐིག་སྣ་ཚོགས་ཡོད་པའི་མིང་སྟེ་དེའི་རྐན་ཁྲག ན་ཆུང་མའི་མངལ་ཁྲག རྒྱ་ཚོས། བཙོད། སྦང་མའི་གར་པོ། ཞོ། རྗེན་ཕྱེ། མར་ནག་སོགས་སྦྱར་བ་དང༌། སེར་པོ་ལ་སྒོ་ངའི་སེར་ཐིག་ཉ་ཚ་ཀུ་བ་གསུམ། གླུམ་ཉེ། མཛོ་ཞོ། མར་ཁུ་གང་འོས་ལ་སྦྱོར་བ་བསྔགས། ཤིན་ཏུ་སྟོང་སྦོས་བྱེད་ན་ཆུ་ཙག་པར་བྱ་ལ་དེས་མ་ཞི་ན་ཨ་ས་སྟེ་ཟན་དྲོན་གྱིས་བདུག་ཅིང༌། འབའ་ཆ་དང༌། མི་ཤ་དང༌། མཁན་པ། སྤྲུ་བ་སོགས་ཆང་དུ་བཙོས་པས་མནན་ནོ། །བད་ཀན་གྱིས་སྐྲངས་པ་ཆེ་ལ་ཞི་བ་དཀའ་ཞིང་དྲོད་མེད་དེ་མཁྲང་ལ་འཇམ་པ་ཉྭའི་སྟེང་དུ་སྐྲངས་པ་དེ་ལ་ཉེ་ཤིང༌། ལྕུམ་རྩ། ཚ་བ་སྒ་པི་ཕོ་གསུམ་དང༌། གོ་སྙོད་དང༌། ཚྭ་དང༌། ཕབས་དང༌། སྦང་གར་དང་གོང་དུ་རིམ་བཤད་ཀྱི་རྗེན་ཕྱེ་རྣམས་ཀྱི་ཞུན་དུ་བྱ། ཡང་ན་སྲུབ་ཀ་དང༌། དབྱི་མོང་དང༌། ཚ་བ་སྒ་པི་ཕོ་གསུམ། མ་ནུ་དང༌། ཉི་དགའ་ཞེས་ལྕམ་པ་དང༌། སྦང་མའི་གར་པོ་རྣམས་ཀྱིས་ཞུན་དུ་གཞུག ཡང་ན་ར་དུག་དང༌། རེ་ལྕགཏང་ཀུན་དང༌། ཤུག་པ་དང༌། མཁན་པ་དང༌། བྱ་བྲ་ཞེས་ཕུག་རོན་བྲུན་གྱིས་ལུམས་སུ་གཞུག ཡང་ན་འོག་ཏུ་འཆད་པའི་རྨ་ལྷོག་སྐབས་ཀྱི་སེར་པོ་བདུན་སྦྱོར་ཤིས་པ་ཡིན་ཏེ་འཕྲོད་དོ། །མཁྲིས་པས་སྐྲངས་པ་ལ་དམར་རྩ་དྲོད་ཆེ་ལ་རེག་པར་མི་བཟོད་པ་དེ་ལ་རྒྱ་སྐྱེགས་དང༌། བཙོད་དང༌། ལི་གྲི་དང༌། ཡུག་རྣམ་ཞེས་བཙག་ལྟ་བུ་ལ་ཁ་དོག་སྔོན་པོ་ཁང་པའི་རྩིར་གསོལ་བ་དེ་དང༌། མཚལ་དང༌། རྟ་བོང་གི་ཁྲག་དང༌། སྦང་གར་གོང་བཤད་ཀྱི་ཞོ་བཙགས་སོགས་ཀྱིས་མནན་ཞེས་ཞུན་ནན་གང་ཤིས་དང༌། སེར་པོ་དགུ་ལ་ཡུང་སྐྱེར། ལྕུམ་རྩ། ར་མཉེ། བ་བླ། ལྡོང་རོས། ཉ་ཕགམི་མཁྲིས་སྦང་མར་སྦྱར་བའི་ཞུན་ནན་དང༌། འོག་ཏུ་འཆད་པའི་རྨ་ལྷོག་སྐབས་ཀྱི་དམར་པོ་བདུན་སྦྱོར་བྱའོ། །

གནས་ཀྱིས་སྐྲངས་པ་ཉྭ་དང༌། རྨེན་བུ་དང༌། རྩ་དང༌། ཚིགས་པ་དང་བཞི་ཞེས་གསུངས་ཀྱང་རྒྱས་བཤད་སྐབས་རྨེན་བུའི་བཅོས་ཐབས་མ་གསུངས་པ་ནི་གོང་དུ། རྨེན་བུ་རྣམ་བརྒྱད་བཞར་ན་བཅོས་སུ་མེད། ཅེས་པས་མ་གསུངས་པ་ཡིན་རྩ་སྐྲངས་ནི་མདོག་དམར་ཞིང་མཁྲང་ལ་ཚ་འཁྱུག་ཆེ་བ་དང་རྩ་སྟེང་སྐྲངས་པ་དེ་ལ་དམར་པོའི་སྦྱོར་བ་རྒྱས་འབྲིང་གསུམ་གྱིས་རྩ་ཤེད་བཅག་དགོས་པ། དེ་ལ་སྦང་གླུམ་གར་པོ་དང༌། སྒོ་ང་དང༌། བག་ཕྱེ་ཞོ་སོགས་ཀྱིས་གཞི་བྱས་ཏེ་གར་སླ་ལུག་ཞོ་ཙམ་པ་དྲོད་རྩེ་འཇམ་བསྲོས་ལ་བྱུགདམར་པོའི་སྦྱོར་བ་བསྡུས་པ་རྒྱ་སྐྱེགས་དང༌། བཙོད་དང༌། རམས་དང༌། ཡུག་རྣམ་ཞེས་གོང་བཤད་ལྟར་རྡོ་སྨན་གྲས་ཀྱི་སྔོན་པོ་དེ་དང་འབྲུ་མར་སྦྱར་བ་དང༌། དེས་མ་ཐུབ་ཅིང་དམར་ཁྲར་སྐྲངས་ན་འབྲིང་པོ་རྒྱ་སྐྱེགས་དང༌། བཙོད་དང༌། ཞུན་བྲེ་གུ་སེར་ཐིག་དང་རྟ་བོང་གི་ཁྲག་དང་འབྲུ་མར་སོགས་སྦྱར་ལ་བཏང་ཞིང༌། དེས་ཀྱང་མ་ཆོམས་ན་སྦྱོར་བ་རྒྱས་པ་མངལ་ཁྲག་དང༌། ཚོས་ཞེས་རྒྱ་སྐྱེགས་དང༌། བཙོད། མཚལ་དང༌། སྤང་སྤོས་དང༌། ག་དུར། བྲེ་གུ་སེར་ཐིག་འབྲུ་མར་སོགས་སྦྱར་བར་བྱའོ། །ཉྭ་སྐྲངས་ནི་མདོག་སྐྱ་ལ་མཁྲང་ཞིང་དྲོད་མེད་ལ་སྦྱིག་པོར་སྐྲངས་པ་ལ། སྐྱ་སྦྱོར་རྒྱས་པ་དང་འབྲིང་པོ་དང་བསྡུས་པ་གསུམ་གྱིས་ཉྭ་ཁྲོས་འདུལ་བ་ནི། དང་པོ་མཁན་པ། སྤྲུ་མ། བ་སྤྲུའི་རྩ་བ། སྒོ་རོང་ཞེས་སྒོ་ང་དཀར་པོར་འདོད་འཇོ་ལས་བཤད་པ་གསུམ་དང་སྦྱར་བ་དང་དེས་མ་ཐུབ་སྐྱ་གསོབ་ཏུ་སྐྲངས་ན་གོ་སྙོད། དབྱི་མོང་ཐལ་བ་ལྕམ་འབྲུམ། རེ་ལྕག ཚ་བ་སྒ་པི་ཕོ་གསུམ་སྦྱར་བ་དང༌། དེས་ཀྱང་མ་ཐུབ་པར་སྔོན་པོ་རྡོ་ལྟར་སྐྲངས་ན་ཚ་བ་བཤད་མ་ཐག་པ་གསུམ། མཁན་པ། སྤྲུ་མ་ནག་པོ། ཀླད་པ། མིའི་རྐང་མགོ། བྱ་རྒོད་ཤ ལྕ་འབྲུམ་སྦྱར་ལ་བྱུག་དགོས་ཏེ། དེས་ཀྱང་མ་ཞི་ན་གླུམ་ཉེ་དང༌། ལུག་ཞོ་དང༌། སྒོ་ང༌། བག་ཕྱེ་སྦྱར་བ་རྩེ་འཇམ་པ་སྲོས་པ་རྒྱ་ཆེར་ནོན་པར་བཏང་ངོ༌། །ཚིགས་སྐྲངས་ནི་མདོག་ནག་ཅིང་དྲོད་དང་ལྷང་ཀྱོག་ཆེ་བར་ནག་པོའི་སྦྱོར་བ་རབ་དང༌། འབྲིང་པོ་གསུམ་གྱིས་རུས་ཚད་བཅག་པ་ལ་དང་པོ་རྩ་བ་རམ་ལྕ་ཉེ་བ་གཟེ་ལྔ་འབྲུ་མར་སོགས་སྦྱར་ལ་བྱུག་པ་དང༌། དེས་མ་ཕན་ལྷང་ཀྱོག་ཆེ་ན་ཐབ་འོག་ས་ཁང་པའི་སོ་ཐོག་སྟེ་རྫ་སོ་བཏང་བ་འབྲུ་མར་སོགས་སྦྱར་བ་དང༌། དེས་ཀྱང་མ་ཐུབ་པར་རྨ་ཁ་གཞའ་སེར་ནག་ཏུ་སྐྲངས་ན་སོ་ཐོག་ཅེས་མགར་ཐབ་ཀྱི་ལྕགས་སྐྱགལྕགས་ཕྱེ་རྒྱ་ཤོ། རི་བོང་རིལ་མའི་ཐལ་བ། སྤང་རྒྱན་སྔོན་པོ། ཨ་རུ་སྦྱར་ལ་བྱུག་དགོས་ཏེ་སྦང་མ་གར་པོ་དང༌། ར་ཞོ། སྒོ་ང༌། བག་ཕྱེ་དང༌། ནས་ཚིག་སོགས་ཀྱིས་གཞི་བྱས་པ་གར་སླ་ལུག་ཞོ་ཙམ་ཞིག་བྱུག་ཅིང༌། དེ་ཡང་སྤང་བྱ་ནི་རྩ་ལ་བྲུན་གྱིས་ཁད་སྤུ་འཆོར་བར་འགྱུར་བ་ཡིན་པ་དང༌། སྟེ་ཞེས་པ་འདྲེན་ཚིག་ནས་དེ་བཞིན་དུ་རུས་པ་ལ་སྤོད་རིགས་ཀྱིས་ཚད་པ་སྐྱེ་བར་བྱེད་ཅིང༌། ཉྭ་ལ་སྣུམ་གྱིས་ཞུན་ནན་བྱས་ན་འདྲེད་པས་སྤང་ཞིང༌། མདོར་བསྡུས་ན་སྐྲངས་ལ་ཚ་སྐྲངས་དང་གྲང་སྐྲངས་གཉིས་ཀྱི་ཚ་སྐྲངས་ལ་དྲོད་ཀྱིས་རྨ་ཆས་སྐམ་ཞིང་རླངས་པ་ཆེ་བ་དང་ཚ་ལ་དམར་བ་ལ་རྨ་གང་དང་ཉེ་བའི་རྩ་ལ་མང་དུ་གཏར་གྱིས་གཞོམ་པ་དང༌། ཐུར་མས་རུས་སྟེང་ལ་རུས་པར་ཐག་པ་ཉྭ་དང་གནད་ཀྱི་སྟེང་པགས་པ་རལ་ཙམ་བཙགས་ལ་ཆུ་བཅག་བཟོད་ཚད་དེ་སྡུག་རུས་ཀྱིས་མི་ཐུབ་ཐུབ་བརྡེག་པ་དང་ཡང་ན་བུལ་ཏོག་གི་ཆུས་བཀྲུ་ཞིང་རྔབས་རྭ་གཟུགས་པ་དང༌། རྨའི་ཁར་འབུར་བྱུང་ནས་གཤགས་ལ་ཆུ་སེར་ཡང་ཡང་དབྱུང་ཞིང༌། དེའི་རྗེས་སུ་ཅུ་གང་དང༌། ཧོང་ལེན། ཆུ་རྩ་དང༌། ཡུང་བ་དང༌། སྤང་རྒྱན་དཀར་པོ་སོགས་གངས་ཆུར་སྦྱར་བ་རྨ་ལ་བྱུགས་ལ། ཀྱི་ལྕེ་དཀར་པོ་དང་བ་ཞོ་སྦང་མ་རྣམས་སྦྱར་ལ་གཡོགས། དེས་མ་ཐུབ་ན་སྐྱི་བ་སྟེ་ཚེར་སྐྱ་ས་ནས་འབུར་ཙམ་དོན་པའི་ལོ་མ་དང༌། ཕུག་རོན་གྱི་སྒོ་ངའི་སེར་པོ་དང༌། གྲོ་མའི་ལོ་མ་དང༌། ཚེར་སྔོན། སྲད་མའི་མེ་ཏོག་དང༌། སྙི་བ་དང༌། སྤང་རྒྱན་དཀར་པོ། བྲག་སྤོས་སྐྱེས་པས་བླངས་པའི་སྐར་ཆུ་རྣམས་སྦྱར་ལ་བྱུག དེ་སྟེང་སྦང་མ་དྲོད་དུ་བསྲོས་པའི་འཇིབས་ཀྱིས་བ་སྤུར་དྲངས། དེས་མ་ཐུབ་ན་སྐྱུར་གྱིས་དག་པར་བཀྲུས་ལ་བྱང་པ་དང༌། མུ་ཟི། རྒྱ་ཚྭ། བུལ་ཏོག་དང༌། སེང་ལྡེང་དང༌། མར་རྙིང་པ། ཕག་ཚིལ་སོགས་སྦྱར་བ་བྱུག་ཅིང༌། ཆང་འགག་གི་སྦང་མ་བསྲོས་པའི་འཇིབས་ཀྱིས་བ་སྤུར་དྲངས་བ་དང༌། དེ་རྗེས་སུ་སྐྱི་བསྲུང་བཤད་མ་ཐག་པའི་སྐྱི་འབུར་སོགས་སྨན་སྣ་བདུན་པོ་བྱུག་ཅིང༌། ཧོང་ལེན། ཀྱི་ལྕེ་དཀར་པོ། པར་པ་ཏ། རྒྱ་ཚོས། བ་ཞོ། རྗེན་ཕྱེ་བཅས་པའི་བསིལ་ནན་བྱ། དེས་མ་ཐུབ་ན་རྩ་དང་ལྟོ་གཉིས་ཕྱི་རྒྱུད་ལྟར་སྦྲགས་པས་སྦྱང་ཞིང༌། དེས་ཀྱང་མ་ཐུབ་ན་སྔར་བཤད་པའི་ཁྲ་བོ་དང་ནག་པོས་དགུག་གོ། གྲང་སྐྲངས་ནི་མདོག་དང་བབས་སྐྱ་གསོབ་ཅིང་དྲོད་མེད་མནན་ན་ཤུལ་འོང་བ་ལ་ལྕ་རྒོད་དང༌། སྤྲུ་མ། གོ་སྙོད། བཅའ་སྒ་བཅས་དང༌། ཤུག་པ་དང༌། མར་ནགསྤོད་འུ་སུ། སྒ་གཡེར་རྣམས་སྦྱར་བ་བསྲོས་པ་བཏང༌། ཡང་ན་མཚེ་དང༌། མཁན་པ། སྦང་མ་རྣམས་བསྲོས་ལ་ཚ་བའི་འཇིབས་སུ་གཞུག དེས་མ་ཐུབ་ན་ལུག་མིག་དང༌། ལྕེ་ཚ། སྲུབས་ཀ་དང༌། སེར་ཤ་དང༌། ཉ་མཁྲིས། ལྕམ་པ། སྒོ་ངའི་སེར་པོ་དང༌། བ་ཆུ་རྣམས་མེ་ལོང་གི་གཡའ་དང་སྦྱར་བ་དང་སྦང་མའི་འཇིབ་བྱ། དེས་ཀྱང་མ་ཐུབ་ན་རྒྱ་ཚྭ་དང༌། བཅའ་སྒ་དང༌། ཚིལ་ཆེན་ཞེས་མི་ཚིལ་བྱུགས་ལ་དེའི་སྟེང་དུ་སྦང་སྐམ་དང༌། བྱི་བའི་བྲུན་ཆང་དུ་བཙོས་པའི་ལུམས་ཀྱིས་འདུལ། ཡང་ན་སྐྱར་མོ་ནི་ཉ་ཁྲའང་ཟེར་བའི་ཆུ་བྱ་དཀར་མོ་དེའི་སྤུ་གཞོབ་དང༌། ཕོ་རོག་དང༌། སྐྱ་ཀ་དང༌། ཁྲ་བཅས་པའི་བྲུན་དང་ཟར་མའི་མར་ཁུ་སྦྱར་བ་བྱུགས་ལ་དེ་སྟེང་ཁྲ་བོའི་ལུམས་སྔར་བཤད་པ་ལྟར་གྱིས་རྣག་ཏུ་དགུག ཡང་ན་བདུད་རྩིའི་ཐལ་བ་ནི་མིའི་དྲི་ཆེན་གྱི་ཕྱེ་མ་ཡིན་ལ། དེ་ཡང་ཇི་སྐད་དུ། ལྷ་བསྙེན་འཁྱོལ་ལམ་སྡོམ་གསུམ་ལྡན། །སྡེ་སྣོད་འཛིན་ནམ་རྒྱུད་སྡེ་འཆད། །ཅེས་ཚང་བའི་དྲི་ཆེན་བྱུང་ན་རབ་དང་མིན་ཡང་ཡི་དམ་ལྷའི་བསྙེན་པ་མཐར་ཕྱིན་པའི་ལྷ་སྔགས་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་སྔགས་འཆང་རིག་པ་འཛིན་པའི་རིགས་རྒྱུད་སྡེ་འཆད་པ་པོ་ངེས་པར་དགོས་ལ། དེ་ལྟར་མ་འབྱོར་ཚེ་མཛེ་བཤན་དམ་ཉམས་སོགས་མ་ཡིན་པའི་གཞན་པའི་དྲི་ཆེན་གྱིས་ཀྱང་ཚབ་རུང་བ་དང༌། ཀླད་རུལ་དང༌། ཚ་བ་སྒ་པི་ཕོ་གསུམ། ཚིག་ཕྱེ་ནི་ནས་ཚིག་ཕྱེ་དང༌། སྦང་གླུམ་གར་པོ་དང༌། འབྲུ་མར་དང༌། ཞུན་ཆེན་ཏེ་མི་ཚིལ་བཞུ་བ་དང༌། ཞོ་རྣམས་ཤིན་ཏུ་རྣག་མ་ཁུགས་པ་འགུགས་པ་ལ་བསྔགས་པ་ཡིན་ནོ། །

དྲུག་པ་རྣག་བཅད་པར་བྱ་བའི་མན་ངག་ལ་རྣག་གི་རྒྱུ་དང་སྐྱེ་ཡུལ་དང༌། གནས་དང༌། རིགས་དང༌། གཅོད་ཐབས་དང་ལྔའི་དང་པོ་ཚིགས་པར་འགུལ་བསྐྱོད་ཀྱི་ལས་བྱེད་པའི་ཤ་ལ་མཚོན་ལུས་པ་དང༌། ཉྭ་བརྡུངས་རྩར་རྒྱུ་བ་དང༌། རྨ་ཚད་རུས་ལ་ཞེན་པ་དང༌། ཚ་བའི་བཅོས་ཀྱིས་ལུམས་སྔས་ཤིང་གཏར་བ་ཕྱིས་པ་སོགས་རྣག་གི་རྒྱུའོ། །སྐྱེ་ཡུལ་རྩ་ཁ་ཤོར་བ་ཟུག་ཆེ་རྒྱུན་རིང་ཁྲག་འབྲུམ་འོང་བ་དང་ཤ་རུལ་བའམ་མྱགས་ཏེ་རྣག་དྲི་ཆེ་བས་རུལ་མྱགས་དང་རུས་པའི་ཟ་ཀོང་རྣག་མདོག་སྔོ་སྐྱ་འབྲི་ཆུང་རྒྱུན་རིང་བ་ཟ་ཀོང་གསུམ་ལ་སྐྱེའོ། །གནས་པའི་ས་ལ་ཕྱི་ཉྭའི་སུལ་དང༌། རུས་ན་གནས་པའི་རྣགདང༌། ཚིགས་བར་ན་གནས་པ་དང་གསུམ་མོ། དེའི་རིགས་ལ་ཚ་འབྱམས་དང་གྲང་འབྱམས་རྣམ་པ་གཉིས་ནི་རླུང་ལ་བརྟེན་པའི་རྣག་ཞོ་མི་དགོས་པར་འབབ་ལྦུ་བ་ཆེ་བཞོས་ན་སྟོང་ཕྱལ་དུ་འགྲོ་བ་དང་རྣག་ལ་བརྟེན་པའི་རླུང་ཅན་མ་བཞོས་པར་མི་འོང་རྣག་ཤས་ཁེངས་པས་བཞོ་དགོས་པའོ། །གཅོད་པའི་ཐབས་དེ་ལའང་སྤྱི་དང་བྱེ་བྲག་གཉིས་ཀྱི་སྤྱི་ལ་སྨན་གྱི་སྒོ་ནས་བཅད་པ་དང༌། དཔྱད་ཀྱི་སྒོ་ནས་བཅད་པ་དང༌། ཟས་དང་སྤྱོད་ལམ་གྱི་སྒོ་ནས་བཅད་པ་དང་བཞི་ལས། སྨན་ནི་མུ་ཟི་དང༌། བསེ་རུ་དང༌། དོམ་མཁྲིས་དང༌། ཅུ་གང་དང༌། རྣམ་པར་ཏེ་ཡུ་གུ་ཤིང་དང༌། ཨ་བྱག་དང༌། ཨ་རུ་ར་དང༌། ཀ་ར་རྣམས་སྦྱར་བའི་ཕྱེ་མས་རྣག་རྣམས་སྐེམ། ཡང་ན་ག་བུར་དང༌། ཅུ་གུར་ལི་ཛཱ་སུག་ཀ་སྟེ་བཟང་དྲུག་དང༌། རྒྱ་དང༌། ཁ་ཤ་ཤ་བའི་གྭ་དོར་གོང་བཤད་ལྟར་གསུམ་དང༌། ཨུཏྤལ། ཀ་ར་རྣམས་སྦྱར་བ་བ་ཆུས་དབུལ་ལ་བཏང༌། ཡང་ན་མུ་ཟི་དང༌། ཅུ་གང་དང༌། དོམ་མཁྲིས་དང༌། བསེ་རུ་ནི་དཀར་པོ་དང༌། སྟབ་སེང༌། འཇིབ་རྩི་རྐྱང་སེལ་དུ་བཤད་པ་ལྟར་དང་སྦྲང་མར་སོགས་སྦྱར་བ་དང༌། རྣག་གཞུག་ལས་པར་འབྲས་བུ་གསུམ་གྱི་སྨན་མར་ཕྱི་རྒྱུད་ལྟར་གྱིས་བཅད་ཅིང༌། རྐང་པའི་རྣག་གཞུག་རྩ་བ་ལྔའི་སྨན་མར་ཕྱི་རྒྱུད་ལྟར་གྱིས་བཅད་དགོས་པར་ཅུ་གུར་ལི་ཛཱ་སུག་ཀ་བཅས་བཟང་དྲུག་དང༌། རྭ་སྣ། མཁྲིས་སྣ་སོགས་ཀྱི་ཁ་ཚར་གདབ་བོ། །དཔྱད་ཀྱིས་བཅད་པ་ལའང་དེབ་དང་ཆིངས་དང་ཁྲུས་དང་གཏར་བཞི་ལས། དང་པོ་དེབ་ལ་གཅིག་རྐྱང་དུ་བཏིང་བ་ཕོ་དེབ་དང༌། ཉིས་བརྩེགས་མོ་དེབ་དང༌། སུམ་བརྩེགས་ཡང་དེབ་གསུམ་སྔར་བཤད་པ་ལྟར་སུལ་སྒོ་དང་ཚོགས་མིག་ལ་སོགས་པའི་རྣག་ཡུལ་དང་སྦྱར་ཞིང༌། དེའི་སྟེང་དུ་མཐའ་ནས་འདེད་ཆིངས་དག་ཏུ་བཅིང་ངོ༌། །ཁྲུས་ཀྱིས་བཅད་པ་ནི་དང་པོ་རྣག་དུས་བུལ་ཏོག་ཆུས་བཀྲུས་ལ་རུལ་འདོན། བར་དུ་རྣག་རོ་ཐོན་ཤུལ་ཅུ་གང་དང༌། དོམ་མཁྲིས་དང༌། ཀ་ར་བཅས་པས་བཀྲུ་དགོས་ཏེ་དེས་རྨ་ཚད་གཅོག་ཅིང་ཤ་རོ་འབྱིན་པ་དང་ཤའུ་སྐྱེ། ཐ་མ་རྣག་ཆོད་ནས་གུར་ཀུམ་དང༌། དོམ་མཁྲིས་བཅས་པའི་ཆུས་བཀྲུ་དགོས་ཏེ་པགས་པ་འབྱོར་ཞིང་ཤའུ་སྐྱེའོ། །ཁྱད་པར་རྣག་དམར་ན་འབྲི་མོགདོམ་མཁྲིས། བྲག་སྤོས་སོགས་ཀྱི་ཆུས་བཀྲུ་བ་དང༌། སྔོ་ན་ཚ་བ་སྒ་པི་ཕོ་གསུམ་དང་ཆང་གིས་བཀྲུ། དུད་ཁུ་ལ་སྟག་ཤ་གླ་རྩི་བཅས་པའི་ཆུས་བཀྲུ་བ་དང༌། སྐྱ་བོར་འགྱུར་བ་ལ་དོམ་མཁྲིས་ཀ་ར་མིའི་ནུ་ཞོ་སོགས་ཀྱིས་བཀྲུའོ། །གཏར་ག་ནི་ཚ་བ་ཆེ་ཆུང་དང་རྣག་མདོག་དང་ཁྲག་ཆེ་ཆུང་སོགས་སྦྱར་ལ་གཏར་བ་དང༌། ཁ་ཟས་ནི་དང་པོ་གསར་ལ་བཅུད་པ་སྐོམ་ཞེས་རྟོལ་ཤ་གསར་པ་སོགས་བསྟེན་ཅིང༌། རྣག་གཞུག་གཅོད་དུས་ཐ་མ་རྒྱལ་པོ་ལྟ་བུར་ཤ་གསར་ཡོག་ཚད་དང༌། སྦྲང་བུ་རམ་ཆང་སོགས་ཀྱིས་བཅོས་པ་དང༌། སྤྱོད་ལམ་ནི་དྲག་ཤུལ་གྱི་རིགས་དང་བུད་མེད་སྤང་བར་བྱ་ཞིང༌། ཁྱད་པར་བུད་མེད་ལ་སོགས་པའི་རྩ་ཁ་ཤོར་ན་རྨ་རྣག་གང་ཡོད་ལ་མེ་བཙའ་དང༌། རྩ་རྒྱུད་གོང་འོག་གང་ཉེ་ལ་གཏར་ག་གདབ་ཅིང༌། སྨན་ག་བུར། ཅུ་གང༌། ཉ་སྲམ་བྱི་མཁྲིས་ཤེལ་ཏ་ཞེས་ནགས་མའི་ཐང་ཆུ། ཙན་དན་མར་ཁུ། ཀཎྜ་ཀ་རི། སྐྱེར་ཤུན། འོམ་བུའི་བར་ཤུན་ཀ་ར་སྦྱར་ལ་བཏང༌། གུར་ཀུམ། དོམ་མཁྲིས། ཀ་ར་བཙོད་ཁུས་ཕུལ་བ་དང༌། རྟ་པགས། བྲག་སྤོས། སྒོ་ང༌། མཁྲིས་སྣ། བག་ཕྱེ་ལ་སོགས་པའི་སྐྱོ་མ་བྱུག་ཅིང་རྩ་སྟེང་ཕྱིང་དེབ་ཉིས་རིམ་བཏང་བའི་ཆས་ཀྱིས་བཅད་པར་བྱ་ཞིང༌། རུལ་མྱགས་ཀྱི་ཁྲུས་ལ་དུར་བྱིད། དན་རོག། ཤྲིའ་ཁཎྜ། སེར་མཚུར། སེ་འབྲུ། དོམ་མཁྲིས་སོགས་ཀྱི་རིལ་བུ་རྣག་ཕུགས་བསྐྱལ་དེས་མང་དུ་སོང་ན་ཟས་རྡེག་པ་ནི་གློད་པ་སྟེ་རྨའི་རྣག་བཤལ་དང་དྲེས་ཐལ་ནས་ཀྱི་སྙེ་མ་མ་ཐོན་པའི་ལྗང་པའི་ཐལ་བ་བ་བླ། མཁྲིས་སྣ་ཞོ་བག་ཕྱེ་མར་ནག་སོགས་སྦྱར་བའི་ནན་དང༌། མི་དང༌། ཉ་མཁྲིས། ད་ལིས་ཏེ་བ་ལུའི་མེ་ཏོགསྐྱེར་པ། འདམ་བུ་ཀ་ར། འོམ་བུའི་བར་ཤུན། ཀ་ར་སོགས་བཏབ་པའི་སྨན་གྱིས་བཅད་རུས་པ་ཟ་ཀོང་ཞེས་པ་ནི་རུས་པ་རྣག་གིས་ཟོས་པའི་རུས་པ་ཀྱོང་བུས་བྲུད་ལ་དེ་སྟེང་ཏེལ་པས་བསྲེག་ཅིང༌། སྨན་གྱིས་བཅད་པ་ནི་བསེ་རུ། མུ་ཟི། རྣམ་པར་ཞེས་ཡུ་གུ་ཤིང༌། དོམ་མཁྲིས། འབྲུག་རུས། སྦྲང་རྣམས་སྦྱར་བ་ཁོང་དུ་བཏང་ཞིང༌། རྒྱ་ཚྭ། བྱང་པ། འབྲུག་རུས། མཚལ་སོགས་སྦྱར་བ་རྨ་ལ་གདབ། ཉྭ་སུལ་རྣག་ལ་སྨན་མུ་ཟི། བསེ་རུ། བྲག་སྤོས། ར་མཉེ། ཉེ་ཤིང༌། ཤུག་པའམ་སྤྲུ་མའི་འབྲུ། སྔོ་ཐུལ་པའི་མེ་ཏོགཨ་རུ། སྦྲང་རྣམས་སྦྱར་བ་ཁོང་དུ་བཏང་ཞིང༌། མཚེ་ཁུ། ར་མཉེ། སྒོ་ང༌། བག་ཕྱེ། ཞོ་སོགས་བྱུགས་པའི་འབྱར་སྟེང་སུལ་དང་འཚམ་པའི་དེབ་བཏང་ལ་འདེད་པའི་ཆིངས་ཀྱིས་བཅད། བར་རྣག་སྨན་ལ་སྟབ་སེང་ཆ་གཅིག མུ་ཟི་ཆ་གཉིས། ཅུ་གང༌། དོམ་མཁྲིས། བསེ་རུ་ཆ་ཕྱེད། དངུལ་ཆུ་སྦྲང་མར་སོགས་ཀྱི་ལྡེ་གུ་བཏང་བ་དང༌། གོང་བཤད་ལྟར་གྱི་ཁྲུས་དང་ཆིངས་ཀྱིས་བཅད། ཚིགས་རྣག་གི་དེབ་ཆིངས་སྒྱོགས་སོགས་གོང་དུ་བཤད་པ་ལྟར་གྱིས་བཅད་པར་བྱའོ། །ཚྭ་འབྱམས་ལ་ཤ་བའི་གྭ་དོར། ཅོ་གའི་ཀླད་པ། སོ་བྱའི་ཁྲགསྦང་མ། མཐིང་ཤུན། ཕུར་མོ་དང༌། ཡོག་མོའི་ཐལ་བ་ཀ་ར་སོགས་སྦྱར་བ་རྨ་ཁོང་གཉིས་ཀར་བཏང་བ་དང༌། གྲང་འབྱམས་ལ་རྨ་ཁོང་དུ་བདུད་རྩི་ཆོས་སྨན་གོང་དུ་མཛེ་ནད་སྐབས་བཤད་པ་ལྟར་དང༌། རུ་རྟ། སྦྲང་རྒོད་ཅེས་སྦྲང་སྨྱོན་བསྣན་པ་དང༌། ལུག་ཤ་དང༌། ཆང་བཏང་བ་ནི་སྨན་དང་ཟས་ཀྱིས་བཅད་པའོ། །རླུང་ལ་བརྟེན་པའི་རྣག་རྣམས་བསིལ་བཅུད་དང་གོང་དུ་བྱང་ཁོག་དུས་བཤད་ཀྱི། རྒྱ་སྐྱེགས་ལ་ཆ་བཏོན་པའི་ཁུ་བ་དང༌། །ཞེས་སོགས་སྨན་མར་གྱི་སྦྱོར་སྡེས་ཁོང་ནས་བཅོས་པ་དང༌། རྣག་ལ་བརྟེན་པའི་རླུང་ལ་ཁྲུས་འབྱར་ནན་གྱིས་རྨ་ནས་བཅོས་སོ། །

བདུན་པ་རུས་ལ་ཟུག་པ་ཕྱིར་དབྱུང་བ་ལ་ནི་ཕྱི་ནས་ཟུག་པ་དང་ནང་ནས་ཟུག་པ་གཉིས་ཀྱི་ཕྱི་ནས་ཟུག་པ་ནི་རྣག་ཆུས་རུས་པ་ཟོས་ཏེ་མདོག་སྔོའམ་སྨུག་གམ་ནག་གམ་སྤ་བཅད་པ་དང་འདྲ་བ་དེ་ལ་རུས་པ་རྩི་ཉམས་པ་དང་ལྷ་བ་ཆུང་བ་འམ། རྣག་རུས་ལ་གཏིང་དུ་མ་ཞེན་པ་ལ་སྤྲ་བས་བསྲེགལྷ་ང་ཆེ་བ་དང་མ་གདན་སླེབ་པ་ལ་ལྕགས་དཀར་པོར་སོང་སོང་གིས་བར་འཚོས་པར་བསྲེགས་པས་རུལ་ཆོད་ན་གསོན་གཤིན་མཚམས་སུ་བྲེགས་ལ་དཔོག་ཅིང༌། རུས་པ་རྩ་དང་བཅས་ན་ཞུན་མར་ཁོལ་མ་དང་ཏེལ་པས་རྨ་ཁ་བསྐོལ་བ་དང༌། ཤ་ཆུང་ཞིང་ལྷ་བ་ཆེ་ན་སྐྱུང་བུས་བྲུད་ཅིང༌། འཇིབས་དང་ནང་ཚང་ཁ་ཞུན་ནི་མགོའི་རུས་པ་བྲུད་རྗེས་སུ་ལྷ་རོ་དང་སྦྱར་བས་ལྷ་མིག་དགང༌། སྦང་མ་ཕབས་དང་ལྡན་པས་ཁ་ཤ་གཡོགས། །ཞེས་པས་མགོ་དང་མཐུན་ནོ། །ནང་ནས་ཟུག་པ་ནི་རྐང་གས་ཏེ་ཆུ་སེར་ཞུགས་པ་ཡིན་པས་ན་ཟུག་ཆེ་ཞིང་ཤ་སྐམ་ལ་མདོག་སྔོ་ལྷང་ལྷང་གཏིང་ནས་ན་བ་དེ་ལ་རུས་པ་མཁས་པར་བརྟོལ་ལ་ཆུ་སེར་སྦུ་གུས་འཇིབས། སྟབ་སེང་ཁུ་བ་ལ་དོམ་མཁྲིས་དང་ཀ་ར་བཏབ་པ་རྨ་ནང་དུ་བླུག་ཅིང་རྨ་ལ་དར་དགབ་པ་དང༌། མར་ཚིལ་དང་སྲིན་བལ་ལམ་རེ་བལ་གྱི་གཟེབ་བཏང་བ་དང༌། རྟའམ་གཡག་རྒོད་ཀྱི་རྐང་དང༌། སྟབ་སེང་དོམ་གྱི་མཁྲིས་པ་རྣམས་རྨ་རྩིར་གདབ་ཅིང༌། སྦང་མ་དང་མར་གྱི་འཇིབས་ཀྱིས་ཆུ་སེར་ལྷག་མ་དྲངས་ཤིང་གལ་ཏེ་སྐྲངས་པར་གྱུར་ན་གོང་བཤད་ཀྱི་ཨ་ས་དང་འབའ་ཆས་བདུག་ཅིང༌། དེབ་དང་ཆིངས་ཀྱིས་སྔར་བཤད་པ་ལྟར་བསྡམ་ཞིང་ཁོང་པ་ནས་སྨན་གྱིས་གསོ་བ་ལ་འབྲས་བུ་ཨ་བར་སྐྱུར་གསུམ། སྟབ་སེང༌། འབམ་པོ་བཅས་པའི་སྨན་མར་སྤོས་དཀར། བྲག་སྤོས། པྲི་ཡང་ཀུ། སྐྱུ་རུ། སྐྱེར་པ། སྦྲང་སོགས་སྦྱར་བ་ཁོང་དུ་བཏང༌། སྐྲངས་རྒྱས་པའི་རྣག་ཆུས་ཤ་རུས་རྩ་རྣམས་རུལ་བ་དང༌། ལྷ་རུ་ཕྱོང་ཕྱོང་སོར་ཆད་དང་ཚིགས་ཆུ་འབོག་ཀྱང་ཞེས་པ་ཚིགས་བྲལ་ཡང་སྲིད་པའི་དོན་དང༌། ནད་ཟོ་ནི་འཆི་ལྟས་མེད་པ་དང་དང་ག་བདེ་ན་གསོ་རུ་རུང་སྟེ། དེ་ལ་སྟབ་སེང་གི་ཐང་དང༌། ཨ་བ་མར་སྦྱར་བཏང་བ་དང༌། ཡང་ན་ཨ་བྱགབྲག་སྤོས། སྒོག་སྐྱ་སོགས་སྦྲང་དང་སྦྱར་བའི་སྨན་དང༌། ཁ་ཟས་སུ་གོང་སྲེག་ཁྱིམ་བྱ་སྐོམ་ཞེས་རྟོལ་ཤ་སྦྲང་ཆང་ཡོས་ཆང་སོགས་བཏང་ལ་ཤ་རོ་ལྕགས་ཀྱིས་བསྲེག་པ་དང་བཅད་པས་བཅོས་དགོས་ཏེ། ལུགས་དེ་ཇི་ལྟ་བུ་ཞེ་ན། སྐྱོན་གང་ཡོད་ཀྱི་རུས་པ་སྐམ་པས་བསྡམས། གསོན་པོ་ཞེས་མིང་གིས་བཏགས་པ་མདེའུ་ལྟ་བུའི་སྐྱོན་གྱིས་མ་སླེབས་པ་དང༌། གཤིན་པོ་སྟེ་མཚོན་མདེའུ་ལྟ་བུས་སླེབས་པ་དེ་གཉིས་ཀྱི་མཚམས་སུ་སོག་ལེས་བཅད། ཆང་འགག་སྦང་མ་དྲོད་ཕབ་འཇིབས་སུ་བཏང༌། །ཞེས་སོགས་འཇིབས་ཀྱི་རིགས་དང༌། ཁ་ཞུན་རྨ་ཁ་འཇམ་པོར་བྱེད་པར་ལྕགས་ལ་ཞུན་བཏང་བ་ལྟ་བུའི་ཐབས། སྦང་མ་ཕབས་དང་ལྡན་པས་ཁ་ཤ་གཡོགས། །ཞེས་སོགས་དང་མཐུན་པར་བྱ་ཞིང༌། འོན་ཀྱང་སོས་པ་དཀའ་ན་རུས་པའི་རོ་མ་གསོན་གཤིན་གྱི་མཚམས་སུ་བོག་པ་དང༌། རྨ་རྩིའི་རིགས་བཏང་བའི་མཐར་གོང་བཞིན་ཁ་ཤ་གཡོགས་ཏེ་ཁ་ཞུན་ཆགས་པའི་ཐབས་བྱའོ། །

བརྒྱད་པ་ཚིགས་རང་གནས་ནས་བྱུང་བ་དང༌། ཕྱིར་ཤོར་བ་གནས་སུ་གཞུག་པའི་ཐབས་བསྟན་པ་ལས་འཆོར་ས་དང་ཤོར་རྟགས་དང་གཞུག་ཐབས་གསུམ་བསྟན་པར་བྱ་བ་ལས། འཆོར་ས་གཡས་ཤོར་གཡོན་ཤོར་སྟེང་ཤོར་འོག་ཤོར་བཅས་རྣམ་པ་བཞི་ཡོད་དེ། དེ་ཡང་དཔུང་པ་ཨུ་ཟུར་གྱིས་མནན་པ་དང༌། པུས་མོའི་སྟེང་དུ་སླ་ང་བཀབ་པས་སྟེང་དུ་འཆོར་མི་སྲིད་པ་དང༌། རྒྱ་ཚིགས་དང་མཁྲིག་མ་གཉིས་གཡས་གཡོན་འཆོར་མི་སྲིད་ཅིང༌། གྲུ་མོར་གཞུ་མཆོག་བཀབ་པ་དང༌། ལོང་ཚིགས་ལ་སྲེ་ལོང་བབ་པས་རྒྱབ་ཏུ་འཆོར་མི་སྲིད་པ་དང༌། དཔྱི་ལ་ཕྱི་ཤོར་རིང་དུ་འགྲོ། ནང་ཤོར་ཐུང་དུ་འགྲོ་བའི་རྣམ་པ་གཉིས་སོ། །དེ་དག་རྣམས་ཤོར་བ་ངོས་འཛིན་ཀྱི་རྟགས་ནི་ཟུག་གཟེར་ཅུང་ཟད་ཙམ་ལ་ལྡང་ཞིང༌། མོད་དེ་འཕྲལ་དུ་སྐྲངས་ཤིང་བརྐྱང་བསྐུམ་བྱ་བ་ཉམས་ཏེ་བྱེད་མི་ཐུབ་པ་དང༌། གང་དུ་ཤོར་བ་དེ་ལ་འབུར་ཀྱོང་དང་རིང་ཐུང་གི་རྟགས་འབྱུང་བ་ཡིན་ཞིང༌། དཔྱི་ཡི་སྟུག་རུས་པ་སྤོག་མགོའི་ཐག་པ་ཆོད་པ་དང༌། སོག་པའི་གཉེན་ཐག་ཆོད་པ་གཉིས་ནི་བཅུག་ཀྱང་མི་སྡོད་ལ་རྐང་པ་ཞ་འཐེང་དུ་འགྱུར་བ་ཡིན་ནོ། །གཞུག་ཐབས་ནི་མ་སྐྲངས་པར་གསར་པའི་དུས་ཀྱི་མོད་ལ་གཞུག་ཅིང༌། གལ་ཏེ་རྙིངས་ནས་གཞུག་ཚེ་ལུམས་ཀྱིས་ཤ་དང་ཆུ་བ་རྣམས་བཏུལ་ལ་མཉེན་པར་བྱས་ནས་གཞུག་ཅིང༌། ཚིགས་ཤོར་གང་ཡང་གཞུག་དུས་ཚིགས་ཁ་བྲལ་པར་བྱ་དགོས་ཏེ་ལུས་མི་གཞན་གྱིས་བཟུང་ནས་གང་ཤོར་བའི་ཡན་ལག་ཐག་པས་དྲག་ཏུ་འཐེན་ལ་ཤོར་བའི་ངོས་སུ་ཕྱིར་རུས་པའི་མགོ་འབུར་བ་དེ་ནས་མཐེ་བོང་ངམ་དྲུ་བུའི་ནང་དུ་འཕུལ་བ་དང༌། ཚིགས་ཁ་བྲལ་བ་དུས་གཅིག་བྱས་ནས། གང་ཤོར་ངོས་སུ་བཀན་དགོས་ཀྱང་ཁ་མ་བྲལ་བར་བཀན་ན་ཚིགས་ཀྱི་ཁ་འཆག་ཅིང་འགྲམས་འགྲོ་ཞིང༌། བྲལ་ན་ཇི་ལྟར་ཀན་པ་བཞིན་དུ་ཚུད་པར་འགྱུར་རོ། །ཡང་ན་ལུས་པོ་མི་གཞན་གྱིས་བཟུང་ནས་གང་ཤོར་བའི་ཡན་ལག་ཐག་པས་འཐེན་ལ་ཀ་བ་ལྟ་བུར་བཏགས་ཏེ་ཐག་པ་ལ་དབྱུག་པ་ལན་གཉིས་གསུམ་བརྡེག་པ་དང༌། ཚུད་རྟགས་ཀྲོག་ཟེར་སྒྲ་འབྱུང་ཞིང་སྔོན་མའི་འབུར་པོ་ནུབ་པ་དང་བརྐྱང་བསྐུམ་བཏུབ་ཅིང་ཟུག་དང་གཟར་བ་བྲི་ན་གནས་སུ་ཚུད་པ་ཡིན་པས། ཚུད་ནས་བརྟན་པར་བྱ་བའི་ཕྱིར་ཤོར་ངོས་སུ་ཕྱིང་པ་བརྩེགས་པའི་དེབ་བཏང་བར་ཆིངས་ཀྱིས་བསྡམས་ལ། ན་བ་དང་ཟུག་གཟེར་མ་བྲི་ན་སྐབས་སུ་བལྟ་ཞིང་ཚུད་པར་ཡིད་ཆེས་བརྟན་པར་གྱུར་ནས་ཟས་བཅུད་ཀྱིས་གསོ་བ་དང༌། ཡུན་ལོན་པ་དང་ཤོར་བའི་ལང་ཡོད་ན་ཚིགས་མཚམས་སུ་མེ་བཙའ་གདབ་ཅིང་དེའི་རྗེས་སུ་ཆིངས་དང་སྒྱོགས་སུ་གཞུག་པར་བྱ་བ་དང༌།

འདི་རྣམས་ལ་ལག་ལེན་དམར་ཁྲིད་དུ་ཡན་ལག་གི་ཚིགས་བྱུང་ཤོར་གཞུག་པའི་དམར་ཁྲིད་ལ། དང་པོ་ཚིགས་ཀྱི་གནས་ལུགས་བསྟན་པ་དང༌། གཉིས་པ་ཚིགས་བྱུང་བའི་རྟགས་བསྟན་པ་དང༌། གསུམ་པ་ཚིགས་གཞུག་པའི་ཐབས་དང༌། བཞི་པ་ཚུད་པའི་ཚད་དང༌། ལྔ་པ་ཕྱིར་མི་ལྡོག་པར་བྱའོ། །དེ་ལ་དང་པོ་དཔུང་པའི་ཚིགས་ནི་སོག་པའི་ཨུ་ཟུར་གྱིས་སྟེང་ནས་བཀབ་པས་སྟེང་དུ་མི་འཆོར་ཕྱི་ནང་འོག་དང་གསུམ་དུ་འཆོར་ཏེ། ཕྱིར་ཤོར་ན་ལག་པ་ནང་དུ་བཤལ་ནས་ཕྱིར་ཁྱེར་མི་ཤེས་དེ་ལ་སོགས་པ་དང་གྲུ་མོ་ནས་འཐེན་ལ་ཤོར་བའི་རུས་མགོ་ནས་མཐེབ་མོས་མནན། དབུལ་ཞིང་འཐེན་ལ་ཚིགས་ཁ་བྲལ་བ་དང་ཕྱིར་དགེན་ནོ། །ཁྲོག་ཟེར་ཞིང་ཟུག་བྲི་བརྐྱང་བསྐུམ་བཏུབ་ན་ཚུད་པ་ཡིན་ནོ། །ནང་དུ་ཤོར་ན་ཕྱིར་བཤལ་ནས་ནང་དུ་ཁྱེར་མི་ཤེས། དེ་ལ་གོང་ལྟར་འཐེན་ལ་ཚིགས་ཁ་བྲལ་བ་དང་ནང་དུ་དགེན་ནོ། །འོག་ཏུ་ཤོར་ན་ཡང་གོང་ལྟར་འཐེན་ལ་ཐད་ཀར་ཐེ་གུ་ལྷུག་ལྷུག་མིན་པའི་ཐང་ཐང་བྱུང་བ་དང་བསྟུན་དེ་ལ་འབེམ་དྲུ་བུ་ཁུ་ཚུར་ཙམ་ཞིག་བཅུག་ལ། དེ་འུར་མཐིལ་གྱིས་དཔུང་པར་འཐེན། གྲུ་མོ་རྩིབ་ལོགས་ལ་བཅར་གྱིས་དགུག་ཅིང་སྦྱར་རོ། །གྲུ་མོ་ལ་གཞུ་མཆོག་གིས་ཡར་འཁྱུད་པས་ཕྱིར་དོན་པ་མེད་དོ། །ནང་དུ་དོན་པ་དང་ཐུར་མགོ་ཕྱིར་འཕགས་པ་འོང༌། དེ་གཉིས་ཀ་ལ་ལུག་གཞུག་དང་ལག་ངར་ནས་འཐེན་ལ་ཚིགས་ཁ་བྲལ་བ་དང༌། རུས་མགོ་མཐེབ་མོས་མན་ལ་ལག་མགོ་དཔུང་པ་ལ་སྦྱོར་རོ། །མཁྲིག་མའི་ཚིགས་ཁར་རུས་ལྷག་གཅིག་ཡོད་པས་དེ་གཡས་གཡོན་གཉིས་སུ་འཆོར་བ་མེད་དོ། སྟེང་འོག་འཆོར་ལ་འོག་ཏུ་ཤོར་ན་དགྱེ་བོར་འགྲོ། སྟེང་དུ་ཤོར་ན་སྒུར་པོར་འགྲོ། གཞུག་པ་ནི་སྤང་ལེབ་ཀྱི་ཁར་བཞག་ནས་ཚིགས་ཁ་བྲལ་བར་འཐེན་ལ་གང་ཤོར་བ་དེ་སྟེང་དུ་བཏོན་ཏེ། རྟིང་པས་མནན་ན་ནེམ་བྱའོ། །དཔྱི་ལ་ཕྱི་ཤོར་ནང་ཤོར་གཉིས། ཕྱི་ལ་ཤོར་ན་རིང་དུ་འགྲོའོ། །ནང་དུ་ཤོར་ན་ཐུང་དུ་འགྲོའོ། །ཕྱི་ཤོར་ཁ་བུབ་ནང་ཤོར་གན་རྐྱལ་ཉལ་ལ་གཉན་གོང་དུ་ཐག་པ་བཏགས་ཏེ་རྐེད་པ་གཉིས་ནས་འཐེན་ནས་ཐང་ཤ་ཆོད་པ་དང་དབྱུག་པ་དྲག་ཏུ་བརྡེག་གོ། པུས་མོ་ལ་སླ་ང་བཀབ་པ་སྟེང་དུ་ཤོར་བ་མེད། འོག་ཏུ་ཤོར་བ་དང་ཐུར་མགོ་འཕགས་པ་གཉིས། འོག་ཤོར་ཁ་བུབ་ཏུ་ཉལ་ལ། ཚིགས་ཁ་བྲལ་བར་འཐེན་ཏེ་སྒྱིད་ཁུང་ནས་མཐེབ་མོས་མནན་ལ་རྟིང་པ་འཕོངས་ལ་འཕྱར་བཏང་ངོ༌། །ཐུར་མགོ་དོན་ན་བྲལ་བར་འཐེན་ལ་སྤང་ལེབ་སྟེང་དུ་བཞག་རུས་མགོ་རྟིང་པས་མནན་ནོ། །ལོང་ཚིགས་སྲེ་ལོང་པས་བཀབ་པས་རྒྱབ་ཏུ་མི་འཆོར་རོ། །གཡས་གཡོན་གང་དུ་འཆོར་ཡང་རྐང་མཐིལ་ངོས་སུ་ཤིང་གཅིག་བཀྱིགས། དེ་ལ་ཐག་པ་བཏགས་ལ་དབྱུག་པས་བརྡེག་གོ། རྒྱ་ཚིགས་སྟེང་འོག་ཏུ་ཤོར་ན་ས་ལ་གཏིང་ཤོར་བྱས་པའི་སྟེང་དུ་བཞག་ལ་ཕར་ཚུར་འཐེན་ཏེ་མི་གཅིག་གིས་གཅིག་ཁུར་བའི་རྡོག་པས་མནན་ནོ། །ཆུད་པའི་ཚོད་ཀུན་འདྲའོ། །མི་ལྡོག་པའི་ཐབས་ལ་ཆིངས་དང་མེ་གདབ་བོ། །མ་མགལ་དོན་ན་འགྲམ་པ་གཉིས་ནས་མནན་ལ་ཕུགས་སུ་དབུལ་ལོ་ཞེས་གསུངས་ཤིང༌། གཞན་ཡང་ཡན་ལག་ཉྭ་བཞི་བཅོས་པ་ཚིག་དོན་བརྒྱད་པ་དང༌། བསེ་སྒྲོམ་སོགས་ནས་རྒྱས་པར་བཤད་ན་ལེགས་མོད་ཀྱང་མཐའ་དག་ནི་ཡི་གེའི་ལས་སུ་ཆེ་བས་རེ་ཞིག་དེ་ཙམ་དུ་བརྗོད།

དགུ་པ་རུས་པ་ཆག་གྲུམ་བཅིངས་པ་ལ་ཡང་ནི་ཆག་ལུགས་ལ་བརྟག་པ་དང༌། ཆག་རྟགས་དང༌། བཅིང་ཐབས་དང༌། ལོག་གནོན་དང་བཞིར་ངེས་དགོས་པ་ཡིན་ནོ། །དེ་ཡང་ཆག་ལུགས་ཀྱང་མ་ལ་བུ་ཐོགས་ཆག་པ་ནི་ཚིགས་རྐེ་ཆག་པ་དང༌། རྐང་ཁ་དབྲག་གི་གཅིག་ཆག་པ་དང༌། སྨྱུ་གུ་ཁ་ནི་གསེགས་སྦྱོར་དུ་ཆག་པ་དང༌། སྡུམ་ཆག་ནི་མཉམ་པར་ཆག་པ་དང༌། གྲུམས་པ་ནི་ཆག་སྣ་འཁྲུགས་པ་སྟེ་ཆག་པའི་སྡེ་བཞི་དང༌། དེ་ཡང་རྨ་ཅན་ཤིང་ཆག་པ་ལྟར་དང༌། རྨ་མེད་ཕུ་ཐུང་ནང་ལག་ངར་ཆག་པ་འདྲ་བ་སྟེ་སྔར་བཤད་བཞི་པོ་དེ་གཉིས་སུ་འདུས་སོ། །ཆག་པའི་རྟགས་སུ་གྲང་ཞིང་འཁྲོག་ལ་འགུལ་བསྐྱོད་མི་ནུས་ཤིང༌། རང་བཞིན་རླུང་ཤས་ཅན་ལུས་སྦེག་པ་དང་སྡུམ་ཆག་དང་གྲུམས་པ་བཤད་མ་ཐག་པ་ལྟར་དང༌། རྨ་ཅན་ཟས་ཀྱིས་མ་ཐེག་པ་སོགས་ནི་གསོ་བ་དཀའོ། །བཅོས་ཐབས་བཅིངས་པ་དང་ཁོང་སྨན་དང་སྒྱོགས་ཀྱི་སྒོ་ནས་བཅོས་པ་གསུམ་ལས། དང་པོ་བཅོས་ཐབས་ལག་པས་མནན་ལ་ཕྱི་མ་ནང་དུ་འགྲོ་ནང་མ་ཕྱིར་འོང་བའི་བར་འཐེན་ལ་རུས་ཁོད་མཉམ་པ་དང༌། རིང་ཐུང་དུ་མ་ཆག་པ་ནི་ངོས་དང་བསྟུན་ལ་མཉམ་པ་གཅེས་ཤིང༌། རུས་པ་ཕྱིར་དོན་ན་རྟ་བོང་ངམ་ར་ལུག་གི་འོ་མས་བཀྲུས་ལ་ཚིལ་བུ་འོ་མའི་རླངས་པར་བསྲོས་པའི་དྲོད་ཕབ་སྟེ། ག་བུར་དང༌། ཙན་དན་དཀར་པོ། གུར་ཀུམ། ཁྱེའུ་འཐུང་བའི་འོ་མ་སོགས་བྱུག་ཅིང༌། ཞག་འདས་པ་སྟེ་ཞག་པོ་སོང་ནས་ཁོང་དུ་ཆང་བཏང་ཞིང་ཟན་དྲོན་ནམ་འབམ་པོས་བདུག་དགོས་ཏེ་དེས་དྲོད་ཕེབས་ཤིང་རུས་པ་གནས་སུ་འབྱོར་པ་སླའོ། །ཡར་མར་དྲག་ཏུ་ཕྱིར་འཐེན་པས་རུས་པ་ནང་དུ་འགྲོ་ཞིང༌། ཅིས་ཀྱང་ད་དུང་མ་ཚུད་ན་སོག་ལེས་རུས་པའི་སྣེ་བྲེགས་ནས་བསྟུང་བར་བྱ་ལ་གཞུག་ཅིང༌། ནམ་ཟླ་དང་སྦྱར་བ་ནི་དགུན་ཡིན་ན་འོག་གི་སྨན་མར་སར་ཅན་དང༌། དབྱར་ཡིན་ན་ག་བུར་ཅན་བསྟེན་ཏེ། དབྱར་ཞོ་འམ་དགུན་གར་པོ་སྟེ་སྦང་གླུམ་ལ་སྒོ་ངའི་སེར་པོ་དང༌། ར་ཁྲག་དང༌། ར་མཉེ་དང༌། མཚེའི་ཁུ་བ་སྤྱིན་དང་བག་ཕྱེ་རྣམས་གར་སླ་ལུག་ཞོ་ཙམ་དུ་བྱུག་ཅིང༌། དེ་ཡང་ཚིགས་ཆེན་རྣམས་ལ་དཀྱུས་མཐོ་རེ་དང་ཚིགས་ཕྲན་རྣམས་ལ་མཛུབ་རེ་བྱུག་ཅིང༌། རྐང་རྣམས་ལ་ནི་རྐང་གི་ཁྱོན་དང་མཉམ་པའི་འགྲིག་པར་བྱུག་པ་དང༌། ཡང་ན་གོང་ལྟར་གྱི་སྒོ་ང་དང༌། རའི་ཁྲགབག་ཕྱེ་དང༌། ཧོང་ལེན་དང༌། མི་དོམ་ཉ་སོགས་མཁྲིས་པའི་སྣ་སྦང་གར་ལ་སྦྱར་བ་རྣམས་བྱུག་གོ། ཕྱིང་པ་སྲབ་ཅིང་མཁྲིགས་པའི་སྟེང་དུ་སྤུ་དེབ་དེ་སྟེང་མཉམ་པར་བཀྲམས་ལ་སྲད་བུས་དཀྲི་བ་ནི་ལྷན་ཐབས་གཟེར་བུ་འཆིངས་ཞེས་བྱ། །དེའི་སྟེང་དུ་རས་ཀྱི་འཇག་མ་སྟེ་གཤགས་པ་གསོན་པའི་ཆིངས་སུ་བཅིང་ཞིང་དེ་སྟེང་སྲད་བུས་བསྡམས་པ་ཞག་གསུམ་སོང་ནས་བཀྲོལ། ཆིངས་ལྷོད་ན་འཁྲུལ་ཞིང་དམ་པར་གྱུར་ན་གོང་འོག་སྐྲངས། ཆག་ཚབས་ཆེ་བ་ལ་དེའི་སྟེང་དུ་ཤིང་ཆས་ཀྱི་སྒྱོགས་སྔར་ལྟར་བསྐུར་བ་དང༌། སྨན་དུ་ནི་སྟབ་སེང་གི་ཁུ་བ་ཁོང་ནང་དུ་བཏང་ཞིང༌། མར་གསར་དང་འོ་མ་མངར་ཀར་བུར་སྦྲང་སུམ་ཚོས་ཞིང་ཁུ་བ་ལྡན་པ་དང༌། རྩ་ཨ་བ། ཨ་བྱག་དང༌། སྦྲང་རྩི་རྣམས་མར་དང་སྦྱར་ལ་བཏང་ཞིང༌། རྨ་ཅན་ཁོལ་དུ་ཞེས་ལོགས་སུ་བཏོན་ལ་ཤེལ་ཏ་སྟེ་ནགས་མའི་ཐང་ཆུ་གཞུག་པ་དང༌། ག་བུར་དང༌། དོམ་མཁྲིས་དང༌། གུར་ཀུམ། ཙན་དན་དཀར་པོ། སྟབ་སེང༌། ཀ་ར་རྣམས་སྦྱར་བ་རྨ་ནང་བཏང་བས་རུས་པ་སྦྱོར། འཕྲོད་ཅིང་བདེ་ན་མ་རུང་ཞེས་མི་འཕྲོད་པ་མ་བྱུང་བར་དུ་ཆང་གིས་ཁ་ཕྲུ་གདབ་ལ་བཞག མི་འཕྲོད་ན་ནི་དབྱར་ཞག་གསུམ། སྟོན་དཔྱིད་ཞག་ལྔ། དགུན་ཞག་བདུན་ལ་དགྲོལ་ལོ། །ལོག་གནོན་ནི་རིང་ཐུང་དང་ཡོན་པོ་བྱུང་ན་འབའ་ལུམས་ཏེ་ཐེག་པ་བཅག་ལ་བཅིང་ཞིང་རྨ་ཅན་གྱི་རྣག་གཞུག་མ་ཆོད་པར་རུས་པ་ཟོས་པར་གྱུར་ན་རུས་སྐྱོན་བྲུད་པ་དང༌། བསྲེག་པ་དང༌། སྨན་གྱིས་གསོ་བ་བཅས་མགོ་བོ་ལྟར་བྱའོ། །

ཐ་མལ་གནད་ཀྱི་ལོག་གནོན་གྱི་རིགས་བསྟན་པ་ནི། ཤའི་གནད་ལ་གཞའ་བ་དང་ཁྲོས་པ་དང་བམ་པ་དང་རུལ་བ་དང་རྣམ་པ་བཞི། རྩའི་གནད་ལ་བྱེར་བ་དང་ཁྲིད་པ་དང་རྒྱས་པ་དང་ཤོར་བ་དང་བཞི། ཚིགས་ཀྱི་གནད་ལ་བམ་པ་དང་འཁོར་བ་དང་རྣམ་པ་གཉིས། ཆུ་རྒྱུས་གནད་ལ་རེངས་པ་དང་འཁུམས་པའོ། །དེ་ཡང་དང་པོ་ཤ་གཞའ་བ་ལ་ཚ་གཞའ་དང་གྲང་གཞའ་གཉིས་ཀྱི་ཚ་གཞའ་ནི་སྐྲངས་པ་ཁ་སྙི་ཞིང་གཏིང་སྲ་ལ་སྟོངས་ཚད་སྐྱེ་བ་དང༌། སྐྲངས་པའི་ཆུ་རེའུའི་གཅིན་འདྲ་བའི་གཏིང་རྣག་མེད་པར་ཉུང་ཤས་ཕྲུམ་ཕྲུམ་ཆུ་སེར་དུ་འཛག་པ་དེ་ལ་ཁོང་ནང་ནས་སྨན་གྱིས་ཕུལ་བསད་སྐམ་པ་ལ་ག་བུར་ཅུ་གང་གུར་ཀུམ་ཙན་དན་དཀར་པོ་བསེ་རུ་དོམ་མཁྲིས་ག་དུར་ཧོང་ལེན་ཀ་ར་རྣམས་གངས་ཆུས་དབུལ་བ་དང༌། རྨ་ལ་སྔར་བཤད་པའི་ཁྲ་བོ་དང་ནག་པོའི་ཆས་ཀྱིས་ཚ་བ་བསླང་ཞིང༌། རྨའི་ཚ་བ་དཀྲོག་པའི་ཕྱིར་རྨ་ཁར་མི་གཏར་ལ་གཞན་དུ་རྨ་ཁ་མིན་པའི་གང་རྒྱས་རྩ་ལ་གཏར་བ་དང༌། ཟུག་སྐྱེས་ཤིང་རྣག་མང་ལ་སྐྲངས་དྲོད་ཆེ་ན་གཞའ་བ་སློང་བ་ཡིན་ནོ། །གྲང་གཞའ་ནི་རྨའི་དྲོད་དང་སྐྲངས་པོ་ཆུང་ལ་རྣག་ཆུ་ཉུང་བ་དང༌། དང་ག་མི་བདེ་ཞིང་གདོང་པ་སྐྱ་ལ་ཟུག་མ་ངེས་པར་རེས་ཡོད་རེས་མེད་བྱེད་པ་དེ་ལ་ཁོང་དུ་ཤ་མར་ཆང་སོགས་གསར་པ་བཅུད་ཅན་དང་སྨན་ལ་ཕྱི་རྒྱུད་ལྟར་གུར་ཀུམ་བསྣན་པའི་སེ་འབྲུ་ལྔ་པ་བཏང་བ་དང༌། རྨ་ལ་དྲོད་ལུམས་དང་ཁྲ་བོའི་ལུམས་སྔར་ལྟར་གྱིས་གཞའ་བ་བསླང་ཞིང༌། རླུང་གསང་རྣམས་དང་སུལ་ཁ་རྣམས་སུ་མེས་བསྲོ་ལ། དེས་མ་སློང་ན་ཁོང་དུ་ཤ་ཆང་བུར་མར་སྤྲུག་པ་སྟེ་མང་དུ་གཏོང་ཞིང༌། ཚ་གཞའ་གྲང་གཞའ་གང་ཡང་རྣག་མང་ལ་དྲོད་ཆེ་ན་སློང་བ་ཡིན། དེ་ནས་སྤྱི་བཅོས་ལྟར་གང་ལ་འཚམ་པས་བཅོས་སོ། །ཁྲོས་པ་ལ་རྡོ་ལྟར་སྲ་བ་དང་ལྷོག་ཐབས་སུ་སྐྲངས་པ་གཉིས་ཀྱི་རྡོ་ལྟར་སྲ་བ་དེ་ལ་ཡང་ཚ་ཁྲོས་དང་གྲང་ཁྲོས་གཉིས་ལས་ཚ་ཁྲོས་མདོག་དམར་ལ་མཁྲང་ཞིང་ཟུག་ཆེ་ལ་རེག་པར་མི་བཟོད་པ་དང༌། དྲོད་ཆེ་ལ་ཚ་འཁྱུག་བྱེད་ཅིང་རྩ་ཆུ་ཕྱི་ཚད་བསྐྱེད་པས་དེ་ལ་དང་པོ་ཀླད་པ་དང་སྦང་མ་གཉིས་ཀྱི་སྦྱོར་བ་བྱ་ལ། དེ་རྗེས་སེར་ཆས་ལ་ལྡོང་རོས་ཡུང་སྐྱེར་ལྕུམ་རྩ་སྒོ་ང་ར་གཞོབ་བག་ཕྱེ་སོགས་དྲོད་ཕབ་ལ་བྱུགས་ཏེ། ཤོག་དེབ་བཏང་ལ་གང་ཉེའི་རྩ་གཏར་བ་དང༌། དེས་ཀྱང་མ་ཐུབ་པར་སྐྲངས་པོ་ཆེ་ན་ཆུ་རྩ་དང༌། བྲག་ཞུན། ཀླད་པ་རུལ་པོ་ར་ཞོ་བག་ཕྱེ་རྣམས་བྱུག་ཅིང༌། དེའི་སྟེང་དུ་ཕྱིང་པ་ཆུར་སྦངས་པའི་དེབ་བཏང་ངོ༌། །ཡང་ན་སྐྲངས་པའི་བབས་དང་སྦྱར་བའི་ཕུག་སྟེ་ཆུ་བཙགས་ལ་གངས་ཆུས་བསྒྲངས་པ་སྟེ་བྲན་པའི་རྟིང་ལ་ཧོང་ལེན། ཀྱི་ལྕེ་དཀར་པོ་ཞོ་དང་སྦྱར་བའི་བསིལ་བའི་ཆས་སུ་གཞུག་ལ། དེ་རྣམས་ཅི་བྱས་ཀྱང་མ་ཐུལ་ན་སྔར་ལྟར་གྱི་ཁྲ་བོ་ནག་པོའི་ཆས་ཀྱིས་དགུག་གོ། གྲང་ཁྲོས་ནི་སྐྲངས་པ་དྲོད་ཆུང་ཞིང་སྲ་ལ་མདོག་སྐྱ་བ་དང་ན་ཟུག་ཆེ་ལ་ཕུག་ན་རྣག་མེད་པས་ཉུང་འཁྱགས་དང་འདྲ་བ་དེ་ལ་ཤ་སྣ་འུག་པ། བྱ་རྒོད། སྤྱང་ཀི། མི་ཤ་སོགས་ལ་སྤོད་སྣ་གོ་སྙོད་འུ་སུ་སོགས་བག་ཕྱེ་ཕབས་དང་སྦྱར་བ་ཆང་དུ་བཙོས་པའམ། ཡང་ན་དེ་སྟེང་ཉ་ཤརྐྱང༌། རྟ་བོང༌། ར་ལུག་གི་ཉྭ་ཤ འབྲུ་མར་སོགས་སྦྱར་བའི་ལུམས་སུ་གཞུག ཡང་ན་སྔོའི་རྩ་བ་ལྔ་ནི་རི་ཤོ། སྤྲུ་མ། སྤྱང་ཚེར། རེ་ལྕག སྲུབ་ཀ་སོགས་ཞིབ་པར་བཏགས་པ་དྲི་ཆུར་སྦྱར་བས་མནན་ཞིང༌། མ་ཐུབ་ན་སྔར་ལྟར་གྱི་ཁྲ་བོའམ་ནག་པོའི་ཆས་སུ་གཞུག་ཅིང༌། དེས་ཀྱང་མ་ཐུབ་ན་ཚ་ཁྲོས་ལྟ་བུར་བཅོས་དགོས་སོ། །ལྷོག་ཐབས་ནི་ཁ་དོག་དར་སྨུག་སྐྲངས་པ་ཆེ་ཞིང༌། ཆུ་བུར་ཉྭ་སྒང་ལ་མདོག་དར་ནག་ཏུ་འབྱུང་བ་དང༌། དྲོད་ཆེ་ལ་བ་སྤུ་ལྡོག་ཅིང་ཚ་བ་སྐྱེ་བ་དེ་ལ་ལྕགས་ཕྱེ་དང་གང་བཤད་ཀྱི་སོ་ཐོག ཨ་ཀ་རུ། ཀྱི་ལྕེ་དཀར་པོ། རྒྱ་ཚོས། རམས། ཞུ་མཁན། སྦང་གར། འབྲུ་མར། བག་ཕྱེ་སོགས་ཚོས་པར་བཙོས་པའི་ཞུན་ནམ་རྨེན་བུ་སྣ་ཚོགས་གླ་རྩི་དང་དྲི་ཆུར་བཙོས་པའི་ལུམས་བྱ་ཞིང༌། དེས་མ་ཐུབ་ན་འོག་ཀྱི་ལྕགས་ཕྱེ་སོ་ཐོག་སོགས་ཡོད་པའི་ནག་པོའི་ཞུན་ནམ་རྣག་ཏུ་འགུགས་ན་ནན་དུ་བྱ་ལ། ཆུ་བུར་བྱུང་ན་དེའི་གཉེན་པོའམ་སྐམ་རྩི་ཤ་རུའི་ཐལ་བ། དུད་པ་བྱ་བལ་ཞེས་ཆུ་བལ་ལྗང་གུ་མིའི་ནུ་ཞོ་འབྲུ་མར་སོགས་བྱུགཡང་ན་ཀྱི་ལྕེ་དཀར་པོ། ལུག་ངལ་འགྲོན་བུ་རེ་སྐོན་དྲེས་ཐག་རུལ་པོ་སྲོ་ལོའི་ཐལ་བ་རྣམས་བྱུག་ཅིང༌། དེའི་སྟེང་དུ་སྔར་བཤད་ལྟར་གྱི་ཁྲ་བོའམ་ནག་པོའི་ལུམས་སུ་གཞུག་པ་དང༌། རྨ་གཞན་གྱི་རོགས་སམ་གསར་པ་འབྱུང་སྟེ་འབྲོས་ཞེས་སྐྲངས་འདོད་ཅིང་ཐོར་པ་འོང་བས་དེ་ལ་ཀྱི་ལྕེ་དཀར་པོ། བྲག་སྤོས། ལྕགས་ཕྱེ། ཤུ་དག གུ་གུལ། གླ་རྩི། སོ་ཐོག་སྟེ་ལྕགས་སྐྱག མུ་ཟི། ར་ཁྲག་སོགས་དྲི་ཆུར་སྦྱར་བ་བྱུག ཡང་ན་ཝ་སྤྱང༌། ཁྱི་ཕག གོ་བོ། གོང་མོ། ཕོ་རོག་གི་བྲུན། བཙན་དུག གླ་རྩི། ཨ་རུ་སོགས་དྲི་ཆུར་སྦྱར་བ་བྱུགས་པའི་སྟེང་དུ་ཤོག་བུ་དང་རི་བོང་གི་སྤུའི་དེབ་ཀྱིས་མནན། མ་ཐུབ་ན་དམར་པོ་དང༌། སེར་པོ་དང༌། ནག་པོའི་ཞུན་ནན་རྣམས་གང་ལ་གང་དགོས་རིག་པས་མ་ནོར་བར་དཔྱད་དགོས་ཏེ། དེ་ལ་དམར་པོ་བདུན་སྦྱོར་གྱི་ཞུན་དུ་སྦྱོར་རམ་ནན་ནི་ལི་གྲི། རྒྱ་སྐྱེགས། བཙོད། སེར་མདངས་ཅན་གྱི་བཙག མཚལ། རྟ་བོང་གི་ཁྲག་གར་པོ་ཞེས་གླུམ་སྦང༌། ཞོ་འབྲུ་མར་སོགས་དང་སྦྱར་བ་སེར་པོའི་ཞུན་དུ་སྦྱོར་རམ་ནན་ལ་མུ་ཟི། གི་ཝཾ། ཁྲག་རྐང་ཞེས་མྱང་རྩི་སྤྲས། གསེར་རྡོ། ལྷང་ཚེར། སྤོས་དཀར། སྒྲོ་བའི་མེ་ཏོགབཤད་མ་ཐག་པའི་གར་པོ་ཞོ་སྲན་ཕྱེ་སོགས་དང་སྦྱར་བ་དང༌། ནག་པོའི་ཞུན་དུ་སྦྱར་རམ་ནན་ལ་ལྕགས་ཕྱེ་གོང་བཤད་ཀྱི་སོ་ཐོག ཀྱི་ལྕེ་དཀར་པོ། སྣག་ཚ། རམས། རྡོ་སོལ། ཡུངས་ནག གོང་བཤད་ཀྱི་གར་པོ། ཞོ། རྗེན་ཕྱེ། མར་ནག་སོགས་སྦྱར་བ་སྟེ། དམར་སེར་ནག་གསུམ་ཞུན་ནན་གང་འོས་སུ་སྦྱར་བར་བྱ་ལ། དེས་ཀྱང་མ་ཐུལ་ན་འཕྲུལ་སྦྱོངས་སུ་རེ་ལྕག དབྱི་མོང༌། སྤོས་དཀར། ཐར་ནུ། རྒྱ་ཚྭ། བྱང་པ་རྣམས་ལོ་བརྒྱད་དྲི་ཆུར་སྦྱར་ལ་བཏང༌། ཡང་ན་ཐར་ནུ། བྱང་པ། ཨ་རུ། རེ་རལ། ཤ་ཆེན་ཞེས་མི་ཤ་བཅས་ཀྱིས་བྱེར་བ་སྡུད་པའི་ཁཎྜ་སྦྱར་ལ་བཏང༌། ཡང་ན་ཤྲཱི་ཁཎྜ། སྔོན་བུ། ཐར་ནུ། བྱང་པ། པི་པི་ལིང༌། ཉི་དགའ་སྟེ་ལྕམ་པ། ཀ་ར་རྣམས་དྲི་ཆུར་སྦྱར་བ་བོངས་ཆུང་ཡང་ཡང་བཏང་ལ་ཟུག་བྱུང་ན་མེ་དུགས་བྱ་བ་ལོག་གནོན་ཡིན་ནོ། །ཤ་གནད་བམ་པ་ལ་ཚ་བམ་དང་གྲང་བམ་གཉིས་ཡོད་པའི་དང་པོ་ཚ་བམ་ནི་སྐྲངས་པ་མདོག་སྨུག་ནག་དྲོད་རླངས་ཆེ་བ་དང༌། ཤེ་རུལ་གྱི་དྲི་མནམ་ལ་དུད་ཀའི་རྣག་འཛག་ཅིང་བེམ་མེ་ན་བ་དེ་ལ་ཨ་རུ། བྲག་ཞུན། ཧོང་ལེན། ཞོ་རྣམས་བྱུགས་པའི་སྟེང་དུ་གྲོ་སོག་གམ་འཇག་མའི་དེབ་བཏང་ལ་རས་སྲབ་མོས་བཅིངས་ལ་རྨ་ལ་སྦང་མ་དང་ཞོ་བཏང༌། སྐབས་སུ་ཚན་ཆུ་ལ་སྦངས་པའི་ཁུ་བས་བྲན་ལ་གོང་བཤད་ཀྱི་ས་མྱག་བྱུག་པ་དང༌། གང་ཉེ་གང་རྒྱས་དེ་སྐྲངས་ཀྱི་འོག་ཏུ་གཏར་ཞིང་མ་ཐུབ་ན་བཤལ་གོང་བཤད་ལྟར་གྱིས་སྦྱང་བ་ལོག་གནོན་ཡིན་ནོ། །གྲང་བམ་ནི་སྐྲངས་ཆེ་ལ་དྲོད་ཆུང་མདོག་སྐྱ་ལ་གསོབ་པ་དང༌། རྣག་ཆུ་ཉུང་ཞིང་ཟུག་གཟེར་སོགས་ཆུང་བ་ཡིན་པས་དེ་ལ་བག་ཕྱེ་གར་པོ་སྟེ་གླུམ་སྦང༌། ཞུ་མཁན། གོ་སྙོད། སྒ། ཕབས། པི་པི་ལིང༌། ཚྭ། མར་ནག་སོགས་བཅས་པའི་ཨ་ས་ཟན་དྲོན་གྱིས་བདུག་ཅིང་མཁན་པའི་ཆུས་བཀྲུ་བ་དང༌། ཁོང་ནང་ནས་ཤ་མར་ཆང་གསར་པའི་བཅུད་གསུམ་གྱིས་ཤེད་གསོ་བར་བྱའོ། །རུལ་བ་ལ་མྱགས་པ་དང་ཟ་རྨ་དང༌། ཟགས་པ་དང་གསུམ་ཡོད་པའོ། །དང་པོ་མྱགས་པ་ནི་ཤ་རོ་རྒྱུས་པ་བལྡད་པ་འདྲ་ཞིང༌། རྨ་མཆེད་དྲག་ལ་རྣག་མང་ཤེ་རུལ་དྲི་མི་ཞིམ་པ་འོང༌། དེ་ལ་དང་པོ་སྦང་མ་དང་ཞོས་རུས་མྱགས་བསལ་ཞིང༌། བུལ་ཏོག་གི་ཆུས་ལན་ཁ་ཡར་བཀྲུ་བ་དང༌། དེ་རྗེས་ཉ་དོམ་མཁྲིས་པ་དང་བྲག་སྤོས་ནུ་ཞོ་སྦྱར་བས་བཀྲུ་ལ། རུལ་བ་སོལ་བར་ཨ་རུ་དང་བྲག་ཞུན་ཧོང་ལེན་ཞོ་རྣམས་རྨ་མིན་པར་བྱུགས་ལ་ཆུ་བྱའི་རིགས་གང་བྱུང་གི་སྤུས་མནན་པ་དང༌། རྨ་ལ་ནས་ཚིག་ཕྱེ་དང་མཁྲིས་པ་དང་བྲག་སྤོས་དང་ཆུ་རྩ་དང་འབྲུ་མར་རྣམས་སྦྱར་བ་བྱུགས་ལ་དབྱར་ཤོ་མངས་དང་དགུན་དར་གྱིས་དགབ་ཅིང་དེའི་སྟེང་དུ་རས་ཕྲན་སྲབ་མོས་ལྷོད་པར་བཅིང་ངོ༌། །ཡང་ན་བྲེ་གུ་སེར་ཐིག་ཞོ་དང་སྦྱར་ལ་བཏང་བ་དང༌། ཡང་ན་ཐལ་སྦྱོར་སུག་པ། བོང་ང་དཀར་པོ། རེ་སྐོན། ཆུ་རྩ། དྲེས་རྙིང་ཕུར་མོ་དང༌། ཡོག་མོ་བསྲེགས་པའི་ཐལ་བ་དཀར་པོ་དང༌། མར་དཀར། མཁྲིས་སྣ། མུ་ཟི་བཅས་པའི་སྐམ་རྩི་བྱུགས་པ་དང་རྨ་རྩི་ལ་དོམ་མཁྲིས། གུར་ཀུམ། ཅུ་གང༌། མཚལ། བྲག་སྤོས། ཚ་ལ་དུལ་མ། ཀ་ར་སྦྲང་རྩི་མར་དཀར་སོགས་བྱུག་ཅིང་དེ་སྟེང་དར་དགབ་པའམ་རེ་བལ་སྣུམ་བཅོས་སོགས་དང༌། ཁོང་སྨན་སྟག་ཤའི་མེ་ཏོག་དོམ་མཁྲིས་བཅས་བཙོད་ཁུས་དབུལ་ལ་ཁ་ཟས་གསར་བཅུད་ཏིང་ཁྲོལ་ཏེ་འདྲེས་པར་བསྐོལ་བ་བཏང་བའི་ཟས་གསར་བཅུད་ཀྱིས་རུས་མྱགས་པ་སྟེ་སླ་བའམ་སྙི་བ་གསོ། ཟ་རྨ་ནི་རུལ་སྙིང་འདོད་པའི་རྨ་ཡིན་ཏེ་ཁྲག་རུལ་པོ་འཛག་ཅིང་བྱི་བའི་ཟ་འཕྲོ་དང་འདྲ་ལ་དྲི་མི་ཞིམ་ཞིང་ནུབ་མོ་རེ་ལ་ཡང་ལོག་པོར་མཆེད་འགྲོ་བ། དེ་ལ་དུར་བའམ་རམ་པའི་ལོ་མ་སྤྲུ་རྩ་ཞོ་དང་སྦྱར་བ་བཅིང་ཞིང་གང་ཉེ་བ་དེའི་རྩ་གཏར་ལ་རྨའི་ཁྲག་ཆོད་ནས་མི་དོམ་ཉ་སོགས་ཀྱི་མཁྲིས་པའི་སྣ་དང་ཆུ་རྩ་བྲག་སྤོས་ནས་ཀྱི་ཚིག་མ་ཞེས་ཚིག་ཕྱེ་དང་ནུ་ཞོ་འབྲུ་མར་རྣམས་སྦྱར་བའི་ཁ་ཞུན་བྱའོ། །ཟགས་པ་ནི་ཕྱུགས་རྗུད་ཀྱི་རྒྱབ་ལྟར་བུ་ག་མང་པོ་འབྱུང་བ་ཡིན་ཏེ། དེ་ལ་ལྷམ་གྱི་ཨ་ཀྲད་རུལ་པ་དང་དུད་པ་ཞེས་དུ་བ་རམ་པ་སླ་ངའི་དྲེག་པ་མར་དཀར་རྣམས་བྱུག་པ་དང༌། ཡང་ན་སྐམ་རྩི་གོང་དུ་བཤད་མ་ཐག་པའི་ཐལ་བ་བྱུག་པར་བྱ་ཞིང་དབྱར་ཁ་སོགས་ནམ་ཟླ་དྲོ་བའི་དུས་རྨ་ལ་འབུ་བྱུང་བར་གྱུར་ན་བྱེ་རུག་པ་སེར་ནག་གཉིས་སུ་ཡོད་པའི་སེར་པོ་དང་རྒྱ་སྤོས་གཉིས་ཆུ་ལ་སྦྱང་བའམ། ཕྱེ་མ་སྐམ་འདེབས་གང་རིགས་གདབ་ཅིང་གཞན་ཡང་ཞིམ་ཐིག་ལེ་ཞེས་མིག་སྨན་སངས་རྒྱས་གླ་རྩི་སྒོག་སྐྱ་སོགས་ཀྱིས་ཀྱང་རྨའི་འབུ་སྲུང་བར་བཤད་དོ། །

རྩ་གནད་བྱེར་བ་ལ་ཉེ་བྱེར་དང་རིང་བྱེར་གཉིས་ལས་དང་པོ་ཉེ་བྱེར་ནི་རྩ་རྒྱུད་ཁྲིད་ལ་མཁྲང་ཞིང་ན་ལ་ཚ་བ་དང་རྨའི་ཁ་མ་སྐྲངས་ན་མཁན་པ་དང༌། སྦང་མ་དང༌། ནས་ཚིག་པའི་ཕྱེ་མ་དང་ཀླད་པ་རྣམས་སྦྱར་བས་བྱེར་བ་བསྡུ་བར་བྱ་ཞིང༌། དེས་བྱེར་བ་མ་འདུས་ན་རྩ་སྦྱོངས་ཕྱི་རྒྱུད་ལྟར་བཏང་བས་ངེས་པར་སྡུད་དོ། །རིང་བའི་བྱེར་བ་ནི་རླུང་རྩ་སྙིང་རྩའི་རྩ་སྐྱོན་གྱིས་ཤ་སུལ་དང་རྩ་དང་ཚིགས་མིག་ལ་སོགས་སུ་གཡས་གཡོན་སྟོད་སྨད་སྣེ་བསྣོལ་ནི་གཡས་ན་ན་གཡོན་སྐྲངས། གཡོན་ན་ན་གཡས་སྐྲངས། སྟོད་ན་ན་སྨད་སྐྲངས། སྨད་ན་ན་སྟོད་སྐྲངས་པ་དང༌། དེ་ཡང་སྣེ་མོའམ་སྣེ་མོ་གཉིས་བསྣོལ་ནས་སྐྲངས་པར་བྱེད་ཅིང༌། དེ་ཡང་ཚ་བ་དང་གྲང་བ་གཉིས་སུ་སྲིད་པ་རྩ་ཆུ་ཕྱི་རྟགས་ལ་གསལ་བ་ཡིན་ཏེ། དེ་ལ་བྱེར་དངོས་ནི་རྨ་གང་བྱུང་གི་ཐད་ཀར་བསྲེག་ཅིང༌། རི་བོའི་རྩེ་ནི་སྤྱི་གཙུག་དཀར་ནག་མཚམས་ཚིགས་པ་དྲུག་པ་སྲིན་ལག་བཞིའི་རྩེ་སྔོན་བུ་གཉིས་སོགས་ལ་གསེར་གྱི་མེ་བཙའ་གདབ་པ་དང༌། དར་ཡ་ཀན་དང༌། ཤིང་མངར། ཀྱི་ལྕེ་དཀར་པོ། བྲག་སྤོས་ཁཎྜ། ཉ་དོམ་ཁྱི་གསུམ་གྱི་མཁྲིས་པ་ད་ཏྲིག བྲག་ཞུན། སེར་ཐིག་ག་བུར་ཚ་ལ་བཅས་རྨ་ལ་བཏབ་ཡང་ན་མཛོ་འོས་སྦྱངས་ལ་བྱིན་ནམ་ད་ལིས་ཏེ་བ་ལུའི་མེ་ཏོག་བྲེ་ཕྱེད། ཀྱི་ལྕེ་དཀར་པོ་ཕུལ་གང༌། ཤིང་མངར་ཁྱོར་གང་རྣམས་ལ་བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག མཁྲིས་སྣ། ད་ཏྲིག རྒྱ་ཚོས། ཕུག་རོན་སྒོ་ངའི་སེར་པོ། ཀ་ར་རྣམས་ར་འོར་སྦྱར་བའི་ཁཎྜས་བྱེར་བ་སྡུད་ལ་རྩ་ཁ་སྡོམ་ཞིང་ཁྲག་ཁོང་དུ་སྦེད་པ་དང༌། གལ་ཏེ་དེས་མ་འདུས་ན་ཕྱི་རྒྱུད་ལྟར་གྱི་རྩ་ལྟོ་སྦྲགས་ནས་སྦྱང་བ་མཆོག་ཡིན་ཅིང༌། ཁྱད་པར་ཚ་བྱེར་ལ་བསིལ་གྱིས་འཇིབས་དང་བདུད་རྩི་ལྔའི་ལུམས་གོང་བཤད་ལྟར་དང་གང་ཉེའི་རྩ་གཏར་བ་དང༌། སྨན་གྱིས་བསྡུ་བ་ལ་བཤད་མ་ཐག་པའི་བཟང་དྲུག་ཙན་དན་དཀར་དམར། དོམ་མཁྲིས། ག་བུར། ཀ་ར་རྣམས་སྦྱར་བའོ། །གྲང་བྱེར་ལ་མཚེ། མཁན་པ། སྤྲུ་མ་གསུམ་ཆང་དུ་བཙོས་པའི་བྱུག་པ་དང་ལུམས་བྱ་ཞིང༌། ཟས་གསར་བཅུད་ཀྱིས་བསྡུ་བར་བྱའོ། །རྩ་གནད་ཁྲིད་པལ་ཕྱི་རྩ་ཁྲིད་པ་དང་ནང་རྩ་ཁྲིད་པ་གཉིས་ཀྱི་ཕྱི་ཁྲིད་ནི་རྩའི་སྐར་མདའ་ལྟར་འཕྲོ་བ་དཔེར་ན་བྱི་བ་རྩིག་གསེང་དུ་ཁྲིད་པ་ལྟར་གར་སོང་འདི་འོང་ངེས་མེད་དུ་ཁྲིད་པས་རྩ་ལ་ནང་རྩ་སྐྲངས་པ་མེད་ཀྱང་དང་ག་མི་བདེ་ཞིང་ཕོ་མཆིན་གྱི་ཡུལ་ན་བའམ། ཡང་ན་མགོ་བོ་ན་བ་དང་སྟོད་གཟེར་ལ་ཚ་བ་སྐྱེ་བའམ། རླུང་དང་ལྡན་ན་སྐབས་སུ་གློ་བུར་འདྲེ་ལྟར་དུ་ལྡང་དུབ་བྱེད་པ་དེ་ལ་སོགས་པ་ནད་སྣའི་རྟགས་རྣམ་པ་སྣ་ཚོགས་སུ་སྟོན་པར་གྱུར་ན་སྟོད་དང་སྨད་དང་གཡས་གཡོན་ཀུན་ཏུ་བརྟག་ཞིབ་ཀྱི་བྱ་ར་བྱ་དགོས་ཤིང༌། སྐྲངས་སམ་ཚའམ་དྲེག་པ་ཆགས་པའམ་ཐོར་པ་ལ་སོགས་པ་གར་འདུག་པ་དེའི་སྟེང་དུ་མེ་ཏོག་སྣ་ཚོགས་ཀྱི་ལུམས་བྱ་ཞིང༌། ཁོང་པ་ནས་རྩ་བྱེར་བསྡུ་བའི་སྨན་བཤད་མ་ཐག་པའི་རིང་བྱེར་སྐབས་དར་ཡ་ཀན་ནམ་ཞེས་པའི་སྦྱོར་བ་བཏང་བས་རྣག་མགོ་དེར་འབུར་དུ་བྱུང་ན་ཐུར་བཙགས་རུས་པ་སོགས་ཀྱིས་ཕུག་པས་འཚོ་སྟེ་རྣག་འོང་བ་ཡིན་ཀྱང་འདི་ལ་བླུན་པོ་ཉམས་མེད་ཀྱི་སྨན་པས་ཁོང་ནད་ཡིན་སྙམ་ནས་ཁྲིད་པའི་ངོས་མ་ཟིན་ན་འཆི་བ་ཡིན་ནོ། །ནང་ཁྲིད་ནི་དོན་ལ་ཆུ་སེར་རྩ་ཐོག་བརྒྱུད་ནས་གསོག་པ་སྟེ་མགོ་བོ་དང་ལུས་པོ་ལྕི་ཞིང་རོ་སྟོད་གཟེར་ལ་དང་ག་འགག་པ་དང༌། གློ་མང་བར་འབྱུང་ལ་གློའི་རྩ་དང་གསང་སར་གཟེར་སོགས་འབྱུང་བ་འདིའི་རྨ་ལ་ཆེ་བ་བསྡུས་ཀྱང་མི་འདུས་པས་ན་རྨ་ལ་གང་འཚམ་གྱིས་བཅོས་དང་ཁོང་དུ་སྐེམ་སྨན་ནི་བྱང་ཁོག་ལྟར་རམ། ཡང་ན་རྨ་བྱའི་སྒྲོ། དར་ཚོན་སྣ་ལྔ། རྒྱ་དང་ཁ་ཤ་ཤ་བའི་རྭ་འབུར་ཙམ་ཐོན་པ་སྟེ་གྭ་དོར་གསུམ། བསིལ་ཅུ་གུར་ལི་ཤི་སུག་སྨེལ་བཞི། ག་བུར། དོམ་མཁྲིས། དར་ཡ་ཀན་རྣམས་སྦྱར་བ་བསྟེན་ཞིང༌། གང་ཁྲིད་སོར་མོ་ལྔ་ནི་སྙིང་ལ་མཐེ་བོང༌། གློ་བར་མཛུབ་མོ། མཆིན་པར་གུང་མོ། མཆེར་བར་སྲིན་ལག མཁལ་མར་མཐེའུ་ཆུང་དང་རྒྱབ་ཀྱི་ཚིགས་པ་སྙིང་ལ་བདུན་པ། གློ་བར་བཞི་པ། མཆིན་པར་དགུ་པ། མཆེར་པར་བཅུ་གཅིག་པ། མཁལ་མར་བཅུ་བཞི་པ་རྣམས་རང་རང་གི་གསང་དུ་བསྲེག་ཅིང་མ་ཐུབ་ན་ཕྱི་ནང་གཉིས་ཀ་ལ་འཕྲུལ་གྱིས་སྦྱོངས་གོང་བཤད་རེ་ལྕགདབྱི་མོང༌། སྤོས་དཀར། ཐར་ནུ། རྒྱ་ཚྭ། བྱང་པ། དྲི་ཆུ་སོགས་གཏོང་བ་བསྔགས་པ་ཡིན། རྩ་གནད་རྒྱས་པ་ལ་ཚ་བས་རྒྱས་པ་དང་གྲང་བས་རྒྱས་པ་གཉིས་ཀྱི་ཚ་རྒྱས་ནི་སྐྲངས་པོ་ཆེ་ལ་མདོག་དམར་འཁྱུག་ཅིང་རྩ་རྒྱུད་སྐྲངས་པ་དེ་ལ་གང་ན་བའི་ས་དང་གང་མཁྲང་གང་རྒྱས་ཀྱི་རྩ་ལ་གཏར་ཞིང་ཁོང་དུ་བསིལ་སྨན་ཙན་དན་དཀར་དམར། བསིལ་ཅུ་གུར་སྟོད་ལི་ཤི་སྨད་སུག་སྨེལ་གསུམ། དོམ་མཁྲིས། ག་བུར། ཨུཏྤལ། ཀ་ར་རྣམས་བཏང་ཞིང༌། རྨ་ལ་ཧོང་ལེན། ཏིག་ཏ། ཀྱི་ལྕེ་དཀར་པོ། པར་པ་ཏ། ཚན་དཀར། རྒྱ་ཚོས་རྣམས་ཞོར་སྦྱར་བའི་གྲང་འཇིབ་བྱ་བ་དང༌། དེས་མ་ཐུབ་ན་སྔར་ལྟར་གྱི་ཁྲ་བོས་རྣག་ཏུ་དགུག་པར་བྱའོ། །གྲང་རྒྱས་ནི་ཉུང་འཁྱགས་སམ་རྐྱལ་པ་ཕུས་བུས་པ་དང་འདྲ་བ་ལ་དྲོད་ཆུང་བ་དང་ཟུག་གཟེར་དང་ཚད་རྟགས་ཆུང་བ་ཡིན་ཏེ། དེ་ལ་ཉྭའི་སུལ་སྒོ་དེའི་རྩ་རྒྱུད་གནད་ཀྱི་རྩ་འཕྲང་སྐྲངས་པ་དང་མ་སྐྲངས་པའི་མཚམས་བསྲེག་ཅིང༌། གོང་བཤད་ཀྱི་གསར་བཅུད་དང༌། ཤིང་ཀུན། བཅའ་སྒ། བཟང་པོ་ཛཱ་སུག་ཀ་གསུམ། བུ་རམ་རྣམས་ཀྱི་ཕྱེ་མ་ཁོང་དུ་བཏང་ཞིང༌། རྨ་ལ་བཅའ་སྒ་དང༌། མི་ཞུན་ཞེས་པ་མི་བསྲེགས་པའི་ཁུ་བ་གཉིས་དང༌། གོང་བཤད་སྦྱོར་སྡེ་ཁྲ་བོས་དགུག་ཅིང༌། རྣག་ཏུ་མ་ཁུགས་པའི་དྲོད་དང་བྲལ་ན་སྤང་དགོས་ནའང་དེ་ལ་དྲོད་དང་བྲལ་པའི་མཚམས་སུ་མེས་བསྐོར་ལ་ཕབས། སྤོད་སྒ་པི་ལིང་འུ་སོགས་དང༌། ལྕ་འབྲུམ། གཡེར་མ། གོ་སྙོད། འབམ་པོ། བུ་རམ། ཆང་འགག་ཅེས་ཆང་མ་བསིངས་པའི་སྦང་མ་རྣམས་བསྲོས་པའི་དྲོད་འཇིབས་བྱས་པས་དྲོད་རྙེད་ཅིང་རྣག་ཏུ་ཁུགས་པར་གྱུར་ན་འཚོ་བར་འགྱུར་ཞིང༌། ཆུ་བུར་བྱུང་ན་སྐམ་རྩི་དུད་པ་ཤ་རུ་ནུ་ཞོ་ཏིལ་མར་བྱུགས་ལ་དར་ཆིངས་བྱ་བ་དང༌། དུད་པ་ཚིག་མ་སྒོག་སྐྱ་ཁྱི་ལུད་ཐལ་བ་དྲི་ཆུར་སྦྱར་བའང་བྱུག་པར་བྱའོ། །རྩ་གནད་ཤོར་བ་ཁྱད་པར་དང་སྤྱི་གཉིས་ལས་དང་པོ་རླུང་ཤོར་དང་ཁྲག་ཤོར་གཉིས་སུ་ཡོད་པ་དེ་ལ་ཡང་སྟོད་དང་སྨད་ལ་ཤོར་བ་གཉིས་སུ་ཡོད་པའོ། །དེ་ལ་སྟོད་དུ་རླུང་ཤོར་བ་ན་སེམས་འཕྱོ་ཞིང་འདར་ལ་རྔམ་པ་འདེག་པ་དང༌། གཡལ་དང་སྐྱིགས་བུ་མང་དུ་འོང་ཞིང་ཟ་ཟི་མང་བ་དང༌། གཉིད་ཡེར་ཏེ་མི་འཁོར་ཞིང་ཟ་བཏུང་བྱས་པ་སྟོང་པར་སྐྱུགས་སྙམ་བྱེད་ན་བྱུག་པ་བྱུགས་པ་དང་ཕྱིང་པ་སྣུམ་ལྡན་གྱི་དུགས་བདུག་པར་བྱ་ལ་རུས་ཐང་དང་བུར་དཀར་དང་ཤ་མར་གསར་བཅུད་རྣམས་ཁོང་དུ་བཏང་ཞིང་དེས་མ་ཐུབ་ན་རླུང་གསང་ཨན་སྟོང་དང་པོ་མིས་མནན། སྟོད་དུ་ཁྲག་གི་ཚ་བ་ཤོར་ན་དེའི་རྟགས་སུ་ཕྲུམ་སེར་ཁྱེར་བ་ཞེས་གྲང་ཤུམ་བྱེད་པ་དང༌། རོ་སྟོད་གཟེར་ཞིང་དབུགས་སྣ་ཐུང་ལ་ཁ་སྐམ་ཞིང་སོ་ལ་དྲེག་པ་ཆགས་པ་དང༌། གློ་མང་ཞིང་མགོ་བོ་ན་ལ་ལུས་པོ་ལྕི་ཞིང་དང་ག་འགག་པ་དང༌། རྩ་གྲིམས་ཤིང་ཆུ་མདོག་དམར་བ་དང༌། རྨ་ལ་སྐྲངས་པོ་མེད་པར་གཞའ་བར་འགྱུར་ཞིང༌། ཚ་བ་སྟོབས་ཆེ་ན་ག་བུར་དང༌། འབྲིང་ལ་ཙན་དན་དཀར་པོ། ཆུང་ན་གི་ཝཾ་གི་སྦྱོར་སྡེ་ཚ་བ་སྤྱི་ལེར་བཤད་པ་ལྟར་ཚད་སྟོབས་དང་སྦྱར་ཏེ། རྩེ་ཆུང་ལ་སོགས་པའི་གང་འོས་གཏར་ཞིང་རྨ་ལ་བསིལ་ཆས་སྤང་ལ་ཚ་འཇིབ་སོགས་སྤྱི་ལྟར་བྱས་ལ་རྣག་ཏུ་དགུག་པར་བྱའོ། །སྨད་དུ་ཤོར་ན་རྨ་ལ་ལྦ་བ་འབྱུང་བར་འགྱུར་ཏེ་ཁ་ལྦ་དང་གཏིང་གི་ལྦ་བ་གནས་གང་དུ་བྱུང་བར་གྱུར་ཀྱང༌། དེ་ལ་རླུང་ཤོར་གྱི་ལྦ་བ་ནི་སྒོར་མོར་འཁྱིལ་ཞིང་འགུལ་བ་འབྱུང་སྟེ། གོས་ཆེན་ཟ་འོག་གམ་ཕུག་རོན་གྱི་སྐེ་ལྟར་རི་མོ་ཁྲ་བོར་འབྱུང་བས་དེ་ལ་ཕུག་ན་རླུང་ཤོར་ནས་ཁྲག་མི་ཐུབ་པ་ཡིན་པས་རྣམ་པ་ཀུན་ཏུ་དབུག་ཏུ་མི་རུང་ཞིང་གོང་བཤད་ཀྱི་བདུད་རྩི་ལྔའི་ལུམས་ཀྱི་བདུག་ཅིང༌། ཁོང་ནང་ནས་རྩ་ཁ་འཛིན་པའི་ཐང་རྒྱུད་ཕྱི་མ་ནས། སྤྲུ་རྩ་སྐྱེར་པ་མཁན་སྐྱ་རམ་པ་ཚོས། །བསྡུས་ཁུར་གུར་ཀུམ་དོམ་མཁྲིས་མི་མཁྲིས་དང༌། །སྤྲུ་མའི་འབྲུ་དང་སྲན་མའི་མེ་ཏོག་བཏབ། །ཁྲག་ཤོར་མ་ལུས་ཁོང་དུ་སྦེད་པའི་མཆོག། ཅེས་པ་དང༌། ཕྱེ་མ་ཕྱི་རྒྱུད་ཀྱི་གླ་རྩི་དོམ་མཁྲིས་བསྣན་པའི་ག་བུར་བདུན་པ་བཏང་ངོ༌། །ཁྲག་ཤོར་བའི་ལྦ་བ་ནི་མདོག་དམར་རམ་སྔོ་ལ་རེག་ན་བརྩེ་བ་དང༌། འཕར་བ་མེད་པ་དེ་ལ་ཁོང་ནས་སིནྡྷུ་ར་གུར་ཀུམ་དོམ་མཁྲིས་རྟ་ལྤགས་རྣམས་སྦྱར་བའི་སྨན་བཏུང་ཞིང་རྨ་ལ་ཆས་ཤོ་མང་སོགས་བསིལ་བར་བྱའོ། །སྤྱིར་རྩ་གནད་ཀུན་ལ་ཚ་བ་དབབ་པ་དང་དཀྲོག་པ་གཉིས་ལས། ཚིགས་ཀྱི་གནད་ལ་རྩ་འཁོར་གྱི་དོགས་པ་དང༌། ཁ་འབུས་ཀྱི་དོགས་པ་དང༌། སྟོད་དུ་ཤོར་དོགས་མེད་པ་ལ་རྨ་ནས་དཀྲོག་པ་སྟེ་རྨ་དང་ཁོང་པ་གཉིས་ཀར་བསིལ་བསྟེན་པ་ནི་ཚ་བ་དཀྲོག་པའམ་བསིལ་གྱིས་འདེད་པའོ། །རྩ་གཉན་བཙན་བརྡུངས་སུ་ཆོད་པ་ནི་ཚ་བ་སྟོད་དུ་འཆོར་བའི་ཕྱིར་དུ། དེ་ལ་ཁོང་ནས་བསིལ་སྨན་གྱི་ཚ་བ་བསད་ཅིང་རྨ་ཁར་དྲོད་ཆས་ཀྱིས་དྲོད་དབབ་པའམ་འབེབས་པར་བྱའོ། །

ཚིགས་གནད་བམ་པ་ལ་ཚ་བམ་དང་གྲང་བམ་གཉིས་ཀྱི་ཚ་བམ་ནི་ཚིགས་ཀྱི་མགོ་བམ་ལ་སྦོས་ཤིང་སྐྲངས་མདོག་དམར་ལ་རྒྱས་པ་དང༌། དྲོད་ཆེ་ལྕི་ཞིང་འགུལ་བར་དཀའ་ལ་དང་ག་འགག་པར་འབྱུང་བས། དེ་ཡང་ནད་སྟོབས་ཆེ་བར་ག་བུར་དང༌། འབྲིང་ལ་ཙན་དན་དཀར་པོ། ཆུང་བར་གི་ཝཾ་རྣམས་ཚད་སྟོབས་དང་སྦྱར་ལ་བསིལ་ཅུ་གུར་ལི་གསུམ་འབྲུག་རུས་སྟབ་སེང༌། ཧོང་ལེན། ཨ་རུ་ཀ་ར་རྣམས་སྦྱར་བའི་བསིལ་གྱིས་རུས་པའི་ཚད་པ་བཅག་ཅིང་གང་རྒྱས་ཀྱི་རྩ་གཏར། ཚིགས་མིག་ཏུ་ཆུ་སེར་ཆེར་རྒྱས་ན་ཐུར་མས་ཕུག་པ་དེ་ལ་ཤུལ་བསྲེག་ཅིང་རྨ་ལ་ཆུ་ནན་དང་བསིལ་བའི་འཇིབས་ཀྱིས་དྲངས་ཤིང༌། དེས་མ་ཐུབ་ན་སྔར་ལྟར་གྱི་ཁྲ་བོས་རྣག་ཏུ་དགུག་པར་བྱའོ། གྲང་བམ་ནི་རླུང་གིས་ཚིགས་ལ་ཆུ་སེར་སྐྱེ་སྟེ་རེས་འགའ་ཚ་ཞིང་རེས་གྲང་བ་དང་རེས་འགའ་ན་ལ་རེས་འགའ་བདེ་ཉམས་བྱེད་པ་དང༌། སྐྲངས་པོ་དང་དྲོད་དང་གཉིད་རྣམས་ཆུང་ཞིང་གདོང་པ་སྐྱ་ལ་མགུལ་ན་ན་བ། འདི་ལ་ཁོང་དུ་གསོ་བའི་གསར་བཅུད་གཏོང་ཞིང་རྨ་ལ་སྦང་མ་མཁན་ཀླད་སོགས་ཀྱི་དྲོད་འཇིབས་དང་མི་ཕྱུགས་རྐང་མགོ་སྣ་ཚོགས། ཚ་བ་སྒ་པི་ཕོ་གསུམ། ལྕ་འབྲུམ་ཕབས་སོགས་ཆང་དུ་བཙོས་པའམ་ཡང་ན་སྦང་མ་མཁན་པ་ཀླད་པ་བཅས་པའི་རུས་ཞུན་དང་ཐུར་མ་དང་ཕྱིང་པ་སྣུམ་ལྡན་དང་སྔར་ལྟར་གྱི་ཁྲ་བོས་རྣག་གདུལ་བ་སོགས་གང་རིགས་བྱའོ། །ཚིགས་པ་འཁོར་བ་ལ་སྐམ་འཁོར་དང་གཤེར་འཁོར་གཉིས་ཀྱི་སྐམ་འཁོར་ནི་ཚིགས་ཀྱི་ཆུ་རླུང་གིས་གཡོས་པའམ་བསྐྱོད་པ་ཡིན་པས་ཚིགས་ཀྱི་ཁ་ལྷོད་ལ་སྦོ་ཞིང་ཐུག་ཐུག་ཏུ་གཟེར་བ་དང༌། ཚིགས་ཀྱི་མདུད་པ་འགྲུས་པ་སྟེ་སྔར་ཤུལ་དུ་མི་གནས་ལ་འགུལ་བར་དཀའ་ཞིང་རྣག་ཆུ་མེད་པ་དང༌། གཉིད་ཆུང་ཞིང་ཟ་ཟི་མང་ལ་སེམས་གནས་མེད་པའི་སྐད་གཙེར་ལྷང་འདོན་པ་དང༌། ལུས་དང་གདོང་པ་གཉིས་ཀ་མདོག་སྔོ་སྐྱར་འགྱུར་ལ་སྐབས་སུ་དངང་བ། འདི་ལ་ཁོང་དུ་བུར་ཆང་སོགས་ཀྱི་བཅུད་ཟས་བཏང་ལ་སྣུམ་ལྡན་གྱི་སྤོད་ལུམས་ནི་ཚ་བ་སྒ་པི་ཕོ་གསུམ། གཡེར་མ། འུ་སུ། མཚེ། ཕབས། ཤིང་ཚ། མར་ཁུ། སྦང་གར་རྗེན་ཕྱེ་བཅས་པའི་ལུམས་བྱ་ཞིང་དེས་མ་ཐུབ་ན་ཐུར་མས་གསེང་བའི་ཤུལ་མེས་མནན་པར་བྱ་ཞིང༌། གོང་བཤད་ཀྱི་སྐྱ་སྦྱོར་ལ་སྤོད་དང་སྣུམ་ལྡན་གྱི་ནན་དང་འབྱར་དང་སྒྱོགས་ཀྱིས་བསྡམ་ཞིང་དེ་དག་གི་རྗེས་ལ་འབྲས་བུ་ཨ་བར་སྐྱུར་གསུམ་ཚ་བ་སྒ་པི་ཕོ་གསུམ། ཆུ་སེར་སྨན་སྤོས་ཐལ་སོ་གསུམ་སོགས་སྦྲང་དང་སྦྱར་བའི་སྨན་མར་བྱའོ། །གཤེར་འཁོར་ནི་རིམ་པ་གསུམ་དུ་འགྱུར་བ་ལས་དང་པོ་ཟུངས་ཆུ་ནི་བད་ཀན་འབྱོར་བྱེད་ཡིན་ཏེ། མཚོན་གྱིས་དཀྲུགས་པ་དེ་སྨན་ཆས་ཀྱིས་མ་བསྡོམས་པས་རུས་པའི་ཚ་བ་སྐྱེས་ཏེ་ཟུངས་ཆུ་ནང་དུ་སོང་ནས་ནད་ལྡོག་ཅིང་བལྡད་པས་ལྡད་ཆུ་བསླང་བ་ལ་དང་པོ་ཟུངས་ཆུ་ལ་མདོག་གཞན་དུ་འགྱུར་ཏེ་ཤེ་རུལ་ལམ་རྣག་དང་འདྲེས་པའི་སྣ་རིང་འཛག་དེས་ནད་ལྡོག་ཅིང་བལྡད་པས་ལྡད་ཆུ་སྟེ་དྲངས་བ་ཁོང་སྨན་ཁྲུས་དང་ཆས་ཀྱིས་དྲངས་བ་གཅེས་ཀྱང་མ་འདྲོངས་པ་དེས་དཔུང་པ་དང་གྲུ་མོའི་ཚིགས་ཆུ་སྐྱ། མཁྲིག་མ་དང་ལོང་བུའི་ཚིགས་ཆུ་ལྗང༌། དཔྱིའི་ཚིགས་ཆུ་དམར། པུས་མོའི་ཚིགས་ཆུ་དཀར་རྒྱ་ཚིགས་ཀྱི་ཚིགས་ཆུ་སེར་ལ་སྣ་རིང་སྟེ་ཚིགས་ཆུ་དེ་རྣམས་རུལ་ནས་རྣག་ཏུ་འགྱུར་ལ་རྣག་གིས་ཚིགས་ཀྱི་བར་རྣམས་ཁེངས་ནས་ཚིགས་མདུད་འཇིག་ཅིང་ཚིགས་འདྲུལ་བར་བྱེད་པ་སྨན་གྱིས་གཅོད་དགོས། དེ་ལའང་དབྱེ་བ་གསུམ་ཡོད་དེ་རྣག་རྗེས་ལ་སྔོ་སྐྱ་དམར་སྐྱ་སེར་སྐྱ་སྣ་རིང་བྱུང་ན་ཆུ་སེར་གྱི་རྒྱུ་ཡིན་རྣག་མི་ཆད་པར་སྐྱེ་བས་ན་སྐྱེ་ཆུ་དང་སྐྲངས་ཆེན་པོ་ཤོར་ནས་བེ་སྣབས་སུ་བྱུང་ན་འཆི་བ་དང༌། མ་སྐྲངས་པར་དུད་ཁུར་འཁྲུ་ན་འཆི་བ་དང༌། ཤེ་རུལ་ལམ་ཞག་ཅན་ནམ་ཉ་མིག་བྱུང་ན་འཆི་ཆུ་དང་ཆད་ཆུར་ནི་རྣག་རྗེས་ལ་སྔོ་སྐྱ་སྣ་ཐུང་བ་བྱུང་ན་རྣག་ཆད་པས་དེ་རྣམས་ཀྱི་བྱེ་བྲག་དབྱེའོ། །དང་པོ་ཟུངས་ཀྱི་ཆུའི་དུས་སུ་སྨན་དོམ་མཁྲིས་ཅུ་གང་ཆུ་སེར་སྨན་སྤོས་ཐལ་སོ་གསུམ་སྤྱི་ཞུར་ཆང་ཕུལ་ཕྱེད་དང་སྦྱར་ལ་བཏང་བ་དང༌། བྲག་ཞུན་མཚེ་སྐྱེར་པ་འོམ་བུ་སོ་སོའི་ཁཎྜ་དང༌། རྭ་གཞོབ་ནས་ཀྱི་ཚིག་མ་བག་ཕྱེ་དུད་པ་སྤྱིན་རྣམས་བྱུག་ཅིང་ཕྱིང་དེབ་བཏང་ལ་ཆིངས་བྱ་རྨ་རུ་ཤེལ་ཏའི་རེང་བུ་གཞུག་པ་ལ་སོགས་པའི་ཆས་ཀྱིས་བསྡམ། གཉིས་པ་ལྡང་ཆུའི་དུས་སུ་ཁོང་སྨན་ག་བུར་བཟང་པོ་ཛཱ་སུག་ཀ་གསུམ། དོམ་མཁྲིས། རུ་རྟ། ཧོང་ལེན། ཀ་ར་རྣམས་སྟབ་སེང་ཁུ་བས་ཕུལ་བ་དང༌། ག་བུར། ཅུ་གང༌། ཧོང་ལེན། དོམ་མཁྲིས། སྤོས་དཀར། ཀ་ར་བཅས་པའི་ཆུས་ཁྲུས་བྱ་བ་དང༌། ཆས་ཀྱིས་དྲངས་བ་ལ་ཆུ་བཅག་བརྡེག་ཅིང་ར་མཉེ། པར་པ་ཏ། ཀྱི་ལྕེ་དཀར་པོ། མཁྲིས་སྣ་སྦྲང་རྣམས་ཞོ་སྦྱར་བྱུགས་ལ་བྱེ་རློན་གྱི་འཇིབས་བྱ་ཞིང༌། དེས་འདྲོངས་པར་གྱུར་ན་ཚིགས་ལ་རྣག་མི་འཆོར་བ་ཡིན་ཀྱང༌། དེས་མ་ཐུབ་ན་གསུམ་པ་སྐྱེ་ཆུ་སྨན་གྱིས་བཅད་པ་ལ་དོམ་མཁྲིས་གོང་བཤད་ཀྱི་ཤེལ་ཏ་ཧོང་ལེན་ཆུ་སེར་སྨན་སྤོས་ཐལ་སོ་གསུམ་སོགས་ཁྱེ་འཐུང་ནུ་ཞོས་རིལ་བུ་བྱས་ལ་རྨར་བརྫང་བ་དང་ཀ་ར་སྦྱར་བ་སེང་ལྡེང་དང་སྟབ་སེང་གི་ཁུ་བས་ཕུལ་ལ་ཁོང་དུ་བཏང་ཞིང་མཁྲིས་སྣ་དང་རྒྱ་སྐྱེགས་སྒོ་ང་བག་ཕྱེ་སྦྲང་ཞོ་རྣམས་སྦྱར་བ་བྱུགས་ལ་སྟེང་དུ་ཕྱིང་དེབ་བཏང༌། མདོ་རུ་བསྡུས་པས་ཚིགས་ཀྱི་ཆུ་དེ་ལ་ཡང་ཚ་ཆུ་དང་གྲང་ཆུ་གཉིས་ཀྱི་དང་པོ་ཁ་དོག་དམར་སེར་དྲི་དུགས་ཅན་ཀོ་ཆུ་ཤེ་རུལ་ལྟ་བུ་ཚ་བ་ཡིན་ཞིང༌། སྔོ་ལྗང་འོ་མ་དང་ཆུ་འདྲེས་པ་འདྲ་བ་གྲང་བ་ཡིན་ལ། དེའི་གཉེན་པོ་རྨ་དང་ཁོང་པ་ནས་བསིལ་དྲོད་གཉིས་ཀྱིས་དྲངས་བ་དང༌། གོང་བཅོས་དེས་མ་ཐུབ་པར་འཁོར་ན་ཟུངས་ཆུ་བོར་བར་རྣག་ཆུས་ཚིགས་ཁ་འཁོར་བ་ཕྱི་ཚིགས་འཁོར་བ་དང་ཚིགས་བར་རྣག་ཆུས་ཁེངས་ནས་ཚིགས་ཆུ་ཕོ་བ་མ་ཤི་ཡང་ཞ་བོར་གྱུར་པ་ནང་ཚིགས་འཁོར་བ་གཉིས་སོ། །དང་པོ་ཕྱི་ཚིགས་འཁོར་ན་མགོ་བོ་ན་ཞིང་སྣ་ཁྲག་འཛག་པ་དང༌། གཉིད་མེད་ཅིང་ཚ་བ་སྐྱེ་ལ་ཟ་ཟི་མང་བ་དང༌། དང་ག་མི་བདེ་བ་སྟེ་ཟ་བཏང་མི་འདོད་ཅིང་དངང་འདར་སྟོང་སྐྱུགས་འོང་བ་དང༌། སོ་བརྩེ་བ་དང་ཉྭ་སྣ་འཕྲིག་ཅིང་མཛུབ་མོ་རྣམས་འགུལ་བ་དང་བརྐྱང་བསྐུམ་མི་ཤེས་ཤིང་ཚིགས་ཀྱི་མགོ་བེམ་ལ་སྦོམ་པ་དེ་ལ་ཁོང་དུ་སྟབ་སེང༌། འབྲུག་རུས། རུ་རྟ། གི་ཝཾ། ཅུ་གང༌། གུར་ཀུམ། སྤོས་དཀར་ཨ་རུ་བཅས་བརྒྱད་པ་ཀ་ར་དང་སྦྱར་བ་གངས་ཆུས་ཕུལ་ལ་བཏང་བས་རུས་ཚད་བསད་རྣག་གང་འོང་འདྲེན་གོང་བཤད་ཀྱིས་བསུས་ལ་ཆུས་བསྒྲང༌། ཁྲག་གམ་མཁྲིས་པའི་ནན་བྱའི་ཟེ་ཁྲག་ར་རོག་གཉའ་ཁྲག་བོང་བུ་གྭ་པའི་གཞུག་ཁྲག་མ་གལ་ཡོམ་འབོག་ཤུག་པའི་ཐང་ཆུ་རྣམས་བསྲེས་ལ་ལེགས་པར་བྱུག་པ་ཁྲག་ནན་དང་མཁྲིས་ནན་ལ་མཁྲིས་སྣ་རམས། རྒྱ་ཚོས། མཚལ། བྲག་ཞུན། ཡུང་བ། སྦྲང༌། ཞོ། བག་ཕྱེ་རྣམས་སྦྱར་ལ་བྱུགས་པའི་སྟེང་ཕྱིང་དེབ་རྣག་འཁྱིམ་ཚིགས་མིག་ཏུ་ཉིས་བརྩེགས་སུམ་བརྩེགས་བཏང་བ་དང༌། སྔར་བཤད་པའི་ཆིངས་ཀྱིས་བསྡམས་ལ་དེའི་སྟེང་དུ་ཤིང་ཆས་བསྐུར་བའང་སྔར་བཤད་ལྟར་བྱའོ། །ནང་གི་ཚིགས་བར་རྣག་ཆུས་ཁེངས་ཤིང་འཁོར་ན་ཚིགས་ཆུ་ཕྱིར་ལ་བོ་བ་ཡིན་པས་འཆིའམ་ཡང་ན་ཞ་རེངས་སུ་འགྱུར་བ་ཡིན་ཏེ་ཅུང་ཟད་ཙམ་ཡང་འགུལ་ཐབས་མེད་ཅིང༌། དཔྱི་ལ་སོགས་པའི་རུས་པའི་མགོ་མཐོ་མཐོ་གང་ཡིན་རྡོལ་བ་དང༌། རྔ་དང་རང་འཐག་ལ་སོགས་པའི་སྐད་ཆེན་པོའི་སྒྲ་སྐད་ནད་པའི་གམ་མམ་གཞོགས་སུ་ཅུང་ཟད་བྱ་ཐབས་མེད་ཅིང༌། གཉིད་མེད་རྣ་ནང་ནས་སིང་སྒྲ་གླུ་ལྟར་ལེན་པ་འབྱུང་ཞིང་སྨྲེ་གཅོད་འདོན་ཞེས་འོ་དོད་འབོད་པ་དང༌། ཁ་ལྕེ་སྐམ་ཞིང་ན་ཚས་མ་ཚུགས་པས་རིང་བར་ཟ་འཐུང་བྱེད་པ་དང༌། ཚོགས་ཞེས་ཀྱང་ཚིགས་ཆད་ཤེ་རུལ་དང་རྣག་ཏུ་འཛག་ཅིང་ཁ་རྨ་ལྷོགས་པ་དེ་ལ་ཁོང་སྨན་ག་བུར་བཟང་པོ་གསུམ་སོགས་དང་སྟབ་སེང་བརྒྱད་པ་གོང་དུ་བཤད་པ་བཞིན་བཏང་ཞིང་ཁ་ཟས་ཞི་བསིལ་བ་བསྟེན་ལ། སྐབས་སུ་ཐོར་བུའི་རླུང་སྣ་ཤ་སར་སོགས་ཟས་ཀྱིས་གླན་ཅིང༌། ཅུ་གང་སྤོས་དཀར་ཀ་ར་བཅས་པའི་ཆུས་རྨའི་ནང་བཀྲུ་བ་དང༌། སྒོ་ང་མཁྲིས་སྣ་མཚེའི་ཁུ་བར་མཉེ་བག་ཕྱེ་ལ་སོགས་པ་དང༌། སྦང་གླུམ་གར་པོར་ཞོ་རྣམས་སྦྱར་ལ་སྲབ་མཐུག་སྙོམས་པར་བྱུག། དེའི་སྟེང་དུ་ཕྱིང་པ་སྲབ་མཁྲེགས་སྙོམས་པར་བཏང་བ་དང༌། ཡང་ན་ཚིགས་མིག་དང་སུལ་སྒོ་ལ་ཕྱིང་པ་མང་དུ་བརྩེགས་པས་མགོ་ལ་རྐྱང་པར་བཏང༌། ཤེའམ་མེན་ཏྲི་སྟེ་དར་གྱི་འཇག་གིས་སྡོམ་ཆིངས་བྱ་ཞིང༌། ཆིངས་ཀྱི་རིགས་ཀྱིས་ཚིགས་མལ་ཆས་སུ་ཡོ་ནོན་པའམ་སྲ་ཟིན་པ་ལ་གཞུག་པ་གཅེས་ཤིང་རྨ་ཁའི་ཐད་ཁོལ་དུ་བརྟོལ་ལ་ཆིངས་ནང་རེ་བཞིན་དུ་སྤོ་ཞིང་ཁ་ཞུན་ནམ་ཟླ་ཚ་གྲང་དབྱར་དགུན་སོགས་དུས་དང་བསྟུན་པའི་བསིལ་དྲོད་ཀྱི་ཞུན་ནན་བྱ་བ་དང༌། དེའི་སྟེང་དུ་ཤིང་ཆས་སྔར་བཤད་པ་ལྟར་བསྐུར་བར་བྱ་སྟེ། སྒྱོགས་མས་དུས་བཅུད་ཀྱི་རིགས་མ་བཏང་བ་ལ་བོར་བར་གཅེས་པ་ཡིན་ནོ། །དུས་དང་སྦྱར་བ་དབྱར་ཕྱིང་པ་སོགས་ཆུར་སྦང་པ་དང༌། དགུན་གཅན་གཟན་ལྟ་བུའི་སྤུ་དང༌། སྟོན་དཔྱིད་ནས་སོགས་འབྲུའི་འདིང་བ་སྟེ་སྟན་བཅས་ལ་མལ་གྱིས་ལུས་པོ་ཆམ་ལ་དབབ་པ་དག་གཅེས་ཤིང་ཤའུ་ལུས་ཤེད་སོགས་བརྟས་ནས་ཁ་ཟས་ཀྱང་རིམ་གྱིས་གློད་ལ་བཏང་བ་དང༌། རྣག་ཆུ་ཆད་པར་དཀའ་ཞིང་ཤེད་དམའ་སྟེ་ཞན་པ་དང་ཡན་ལག་གྱོང་ན་སྨན་མར་ལག་པ་ལ་འབྲས་བུ་གསུམ། རྐང་པ་ལ་རྩ་བ་ལྔ་ཕྱི་རྒྱུད་ནས་གསུངས་པ་ལྟར་སྦྱར་ལ་ལུས་ཀྱི་ཟུངས་བརྟས་པ་སྟེ་རྒྱས་པར་བྱའོ། །

ཆུ་རྒྱུས་རེངས་སམ་ཡང་ན་འཁུམས་པར་གྱུར་པ་ན་བརྐྱང་བ་དང་བསྐུམ་པ་ཡེ་མི་བཏུབ་ཚེ་དེ་ལ་བཅོས་ཐབས་མེད་ལ། བརྐྱང་བསྐུམ་ཅུང་ཟད་ཙམ་རེ་བཏུབ་ན་དང་པོར་རང་བྱུང་གི་ཆུ་ཚན་ནང་དུ་སྦང༌། དེ་ནས་དབྱར་ཡིན་ན་མེ་ཏོག་སྣ་ཚོགས་ཀྱི་ལུམས་སུ་གཞུག་པ་དང༌། ཡང་ན་དགུན་ཡིན་ན་སྦང་སྐམ་དང་རྟ་རྐྱང་གི་སློའམ་བཙོ་ལུག་རིལ་ཆང་བཙོས་ཀྱི་ལུམས་སྤྱིར་ཤིས་ཤིང༌། ཡང་ན་ཕུར་མོ་ཙན་དན་སྨུག་པོ་དང་འོམ་བུ་རྣམས་ཆང་དུ་བཙོས་པའི་ལུམས་ཀྱིས་བདུག་ཅིང༌། དེ་ཡང་མཚན་མོའི་ཆ་ལ་ལུམས་ལ་བརྩོན་ཅིང་ཉིན་པར་ཆང་དང་མར་ནག་གི་བསྐུ་མཉེ་བྱ་བ་དང༌། ཤ་དང་མར་བུར་ཆང་སོགས་བཅུད་ཀྱིས་ཆུ་རྒྱུས་མཉེན་པར་བྱེད་པས་ཁོག་ནས་དབུལ་ཞིང་དེའི་རྗེས་སུ་བལ་ཚི་ཅན་ཆང་དང་ཞུ་མཁན་ནང་དུ་བཙོས་པའི་བལ་ཚིའི་སྦྱོར་བས་དྲིལ་བྱས་ལ་ཆང་གར་པོ་བཟི་བ་འཐུངས་ལ་རྐང་ལག་གང་མ་བདེ་བ་དེ་རྩེར་གྱིས་བརྒྱངས། དེ་ནས་ཆ་ཡིས་མ་འགྲམས་པར་བྱས་ལ་བྱེ་བྲག་ཅེས་དལ་བུས་བརྐྱང་བསྐུམ་བྱ་བ་ལ་བསླབ་ཅིང༌། བརྐྱང་བསྐུམ་བདེ་བ་སོ་རུ་ཆུད་ན་ཆང་ངམ་དྲི་ཆུས་བཀྲུ་ཞིང་བཤུལ་ཚིལ་དང་ལོ་མར་བྱུག་མེ་ཉིས་བསྲོ་ཞིང་ལག་པས་མཉེའོ། །དེ་ཡང་འཐེན་དྲགས་ཏེ་འགྲམས་ན་གང་ཉེའི་རྩ་གཏར་ཞིང་སློ་དྲོན་སྦང་མ་མཁན་པ་ཕབས་དང་གོ་སྙོད་འུ་སུ་སོགས་སྤོད་སྣ་སྦྱར་བའི་ལུམས་སུ་གཞུག་ཅིང༌། སྤྱིར་ན་ཚད་ནད་བསིལ་གྱིས་མ་ཐུབ་ན་ལོག་གནོན་དྲོད་སྦྱོར་དང་གྲང་ནད་དྲོད་ཀྱིས་མ་ཐུབ་ན་དེས་ལོག་གནོན་བསིལ་གྱི་སྦྱོར་བ་བསྟེན་ཞིང༌། ལོག་གནོན་དུས་ཚོད་གང་ལ་གང་དགོས་སྦྱོར་ཤེས་ན་མན་ངག་གནད་དང་ལྡན་པ་ཡིན་ཞིང༌། དུས་མིན་དུ་ལོག་གནོན་འཁྲུལ་བར་སྦྱོར་བ་ནི་སྨན་པ་རྨོངས་པ་གང་ཡང་མི་ཤེས་པ་ཡིན་ནོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཡན་ལག་གི་རྨ་གསོ་བའི་ལེའུ་སྟེ་བརྒྱད་ཅུ་རྩ་དྲུག་པའོ། །དེ་ལྟར་ལེའུ་ལྔ་ནི་མཚོན་རྨ་གསོ་བ་སྟེ་སྐབས་བཅུ་གཉིས་པ་དང༌། དེ་ལྟར་གྱི་ལེའུ་ལྔ་སྐབས་གཅིག་ནི་རྨ་གསོ་བ་སྟེ་ཡན་ལག་ལྔ་པའོ།། །།



མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 5:03 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།