ལེའུ་གྱ་དྲུག་པ། ཡན་ལག་གི་རྨ་གསོ་བ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021 |
ལེའུ་གྱ་དྲུག་པ། ཡན་ལག་གི་རྨ་གསོ་བ།
དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །ལུས་ཀྱི་ཡན་ལག་བཞི་ལ་མཚོན་ཕོག་ན། །དེ་ལ་རྟགས་དང་བཅོས་ཐབས་ཇི་ལྟར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་དང༌། །སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག ཡན་ལག་རྨ་ལ་གནད་དང་སྤྱི་རྟགས་དང༌། །བཅོས་པའི་ཐབས་དང་ལོག་གནོན་རྣམ་བཞིས་བསྟན།།
སྤྱི་དོན་དང་པོ་གནད་ནི་ཉྭ་རྨེན་རྩ་རུས་ཆུ་རྒྱུས་ལྔ། །དེ་ལ་དང་པོ་ཉྭ་ཡི་གནད་བསྟན་པ། །ཕྲག་པའི་སྟེང་ན་གཉའ་བའི་མཚམས་གཉའ་ཤ་ནག་པོའི་གནད་གཉིས། །སོག་པའི་མེ་ལོང་སྟེང་ན་ཤ་ཕར་ཚུར་འབྲོས་བྱེད་པས་འབྲོས་ཤ་ཁྲ་བོའི་གནད་གཉིས། །སོག་པའི་ཁ་འཁོར་བྱ་བ་བྱེད་དུས་འདར་བས་འདར་ཤ་ཁུག་པའི་གནད་གཉིས། །དཔུང་པའི་ཉྭ་ལ་ཕྱི་སུལ་སྒོ་བདུན་ཡོད་དེ། །གཉན་པ་ནི་དཔུང་པའི་ཚིགས་མཚམས་ནས་རང་སོར་བཞི་བཙལ་བ་ན་ལུག་གཞུག་ལྟ་བུའི་ཉྭ་གཞུག་ཅེས་བྱ་བ་གནད། །ལག་པའི་རྗེ་ངར་ཉྭ་མོ་གདང་ལ་བརྒྱུས་པ་འདྲ་བར། །ཉྭ་སུལ་དགུ་དང་ཉྭ་ཆེན་རྣམ་གཉིས་ཡོད་དེ་གཉན་པ་ནི། །མཁྲིག་མའི་མར་ཟུར་གྱི་ཚིགས་མཚམས་དང་གྲུ་མོ་གཞུ་མཆོག་གི་བར་ནས། །མཛུབ་མོའི་བར་ཚིགས་བསྐུམ་ནས་མཐེ་བོང་བརྐྱངས་པའི་མཁྱིད་གང་བཅལ་བ་མན་གཞུ་མཆོག་གི་སྣེ་ནས་སོར་དྲུག་བཅལ་བ་ལག་མགོའི་ཕྱོགས་སུ་ཉྭ་སྙིང་བསེ་སྒྲོམ་སྨུག་པོར། མཁྲིག་མའི་མཚམས་ནས་མཁྱིད་གང་དང་། །གཞུ་མཆོག་སྣ་ནས་སོར་དྲུག་བཅལ་ཞེས་འབྱུང་བའོ་གནད་གཉིས་། །ལག་མགོའི་མཐེབ་མཛུབ་གཉིས་ཀྱི་བར་ན་གར་ཤ་འདི་ཞུ་ན་མཛེ་འབྱུང་བའི་གནད་གཉིས། །དཔྱི་ཡི་ཤ་ནི་རྒྱ་གྲམ་དག་ཏུ་གནས་པ་ལས་ཕྲ་ཞིང་འདྲིལ་བ། །ཆང་བཟུང་སྐེད་པའི་སྟེང་གི་ཤ་རྒོད་སྣེ་དར་སྤྱི་རྟ་ཤ་སྟེ་གཉན་པའི་གནད་གཉིས། །བརླ་ལ་སུལ་སྒོ་བཅུ་གསུམ་དར་སྦམས་པ་དང་འདྲ་བའི་གཉན་པ། །དཔྱིའི་ཚིགས་མཚམས་ནས་བརླ་སྒང་རང་སོར་གཉིས་བཅལ་བ་ན་སྒང་ཤ་དཀར་མོའི་གནད་གཉིས། །པུས་མོའི་ལྷ་ང་སླེབ་མཚམས་གཉན་གོང་ནས་སོར་བཞི་བཅལ་བའི་ཉ་སྣའི་ར་གཉིས་ལ་སྦལ་པ་ནག་པོའི་གནད་གཉིས་ཞག་བདུམ་ནས་འཆི།། །བྱིན་ཉྭ་སུལ་མང་མེད་མདའི་སྨྱུག་མ་ལྷན་དུ་སྦམས་པ་དང་འདྲ་སྟེ་གནད་ནི། །བྱིན་པའི་དཀྱིལ་ན་ཉྭ་མང་རྣམ་པ་གསུམ་གྱི་གནད་ནི། །སྲེ་ལོང་རྟིང་པའི་རུས་འབུར་སྟེང་ནས་བྱིན་དཀྱིལ་དུ་མཁྱིད་གང་བཅལ་བ་ན་ཉྭ་མགོའི་གནད་གཉིས་ལྔ་ནས་འཆི་བའི། །དེ་ནས་སྒབ་ཁུང་ངོས་སུ་སོར་དྲུག་བཅལ་བ་བྱིན་སྙིང་སྲན་མ་ཙམ་ཞིག་ཡོད་གནད་གཉིས་ཏེ། །དེ་ལྟར་ཉི་ཤུ་རྩ་གཉིས་སྐྲངས་པའི་གནད། །གཉིས་པ་རྨེན་བུའི་གནད་ནི་དཔུང་མགོ་སྐྱོགས་རའི་རུས་པ་དང་དཔུང་ཚིགས་མཚམས་ནས། །ཕྲག་གོང་དུ་སོར་བཞི་བཅལ་བར་རྨེན་བུ་མགོ་སྔོན་གནད་གཉིས། །ལག་པ་གྲུ་མོའི་ཚིགས་མགོ་བརྐྱང་བསྐུམ་བྱས་པས་ཁྱི་ཁྲོས་པའི་སྣ་ལྟར་ཉེར་ཉེར་བྱེད་པ་དེ་ཀྱི་ཁྲོས་སྣ་ནས་གྱེན་དུ་སོར་ལྔ་ན། །དཔུང་པའི་རྨེན་བུ་སྨུག་པོ་གཉིས་ཞག་བདུན་ན་འཆི་གནས་པ་ཡིན། །པུས་མོའི་ཕྱི་ཟུར་ཚིགས་ཀྱི་མཚམས་ན་ཡར་བརླའི་ཕྱི་ཟུར་དུ། །མཐོ་གང་བཅལ་བ་རྨེན་བུ་དཀར་པོའི་གནད་གཉིས་ཞག་བཅུ་ནས་འཆི། །དེ་ནས་ཡར་ལ་སོར་གསུམ་ན་སྦྲུལ་མགོ་གདེངས་པའི་གནད་གཉིས་ཞག་དགུ་ནས་འཆི། །དེ་བརྒྱད་ལྷོག་ཐབས་སུ་སྐྲངས་དང་སྲོག་འཕྲོག་པའི་གནད། །གསུམ་པ་རྩ་གནད་ལ་རླུང་རྩ་དང་ཁྲག་རྩ་དང་གཉིས་རླུང་ཁྲག་འདོམ་རྩ་དང་གསུམ་ལས། །དེ་ལ་དང་པོ་རླུང་རྒྱུ་བ་ཡི་རྩ་དཀར་ནི། །ལྟག་ཟུར་སྤུ་འཁྱིལ་འཇའ་བྱེད་ཀྱི་རྩ་སྣེ་དཔུང་པའི་ལུག་གཞུག་དང་ཕྱི་མཆན་བར་ན་ཆུ་རྩའི་གནད་གཉིས། །རྩེ་མགོ་ཟི་རྦིར་ཏེ་གྲུ་མོའི་མ་ཟུར་གྱི་ཚིགས་མཚམས་ནས་གཞུ་མཆོག་གི་བར་ན་རླུང་རྩ་རཏྣའི་གནད་གཉིས། །པུས་མོའི་གཉན་གོང་སྦལ་ནག་གི་ར་བར་དུ་སྡུད་ཁུང་སྦུ་གུ་ཅན་གྱི་བཅུ་བཞི་པ་ནས་མདུན་ངོས་དཔྱི་སྟེང་དོན་པའོ་རྩ་སྣེ་རུས་རྩ་སྒྱེད་བུའི་གནད་གཉིས། །སྲེ་ལོང་བ་དང་ཕྱི་ལོང་རུས་འབུར་གྱི་བར་ན་སྦུ་གུ་ཅན་གྱི་བཅུ་བཞི་པ་ནས་རྒྱབ་ངོས་གཞུང་ཆུང་དཔྱི་ལེབ་མཚམས་བརྒྱུད་པའི་རྒྱུངས་རྩའི་གནད་གཉིས། །རྐང་པའི་མཐེ་བོང་གི་ཚིགས་པར་སྤུ་སྐྱེས་སྦུ་གུ་ཅན་རྒྱབ་མདུན་གཉིས་ཀའི་འདུས་པ་སྟེ་ཞིབ་ཆ་རྩ་དཀར་སྐབས་གསལ་བ་དང་རྒྱུས་པ་པིར་མགོའི་གནད་གཉིས། །དེ་བཅུ་རླུང་ཁ་ཡན་དུ་འཕྱོ་བ་དང་ལུས་ཀྱི་བྱ་བ་ཉམས་པའི་གནད་གཉིས། །གཉིས་པ་ཁྲག་རྩ་སོག་པའི་མེ་ལོང་འོག་གི་སྔོན་བུ་གཉིས་དང༌། །དཔུང་པའི་ཚིགས་མཚམས་ནས་ཆག་གང་པ་ཨུ་ཟུར་ཁུག་པ་གཉིས་དཔུང་པའི་ནང་ངོས་ཆག་གང་བ་ནས་དུང་འབུད་གཉིས་ཏེ་དྲུག །གློ་བའི་རྩ་ཡིན་ནང་དུ་ཐིགས་པས་གསོག་པའི་གནད་དུ་བཞག་གོ། །དཔུང་སོག་བར་སྐྱོགས་རའི་ཚིགས་མཚམས་གསེར་གྱི་ཀ་བའི་འདི་རྩ་འཇུག་ལུག་གཞུག་གི་ཕྱི་ལྡེབས་བརྟེན་པ་ཡིན་གནད་རྩ་གཉིས། །དཔྱིའི་སྣག་ཆེན་གྱི་ལྡེབས་ནང་ནས་གཉེར་རིང་བོ་འོང་སར་མཁྲིས་རྩ་སྐྱ་རིང་འདིའི་རྩ་མཇུག་བྱིན་ནང་ཉྭ་མཚམས་བརྟེན་པ་ཡིན་གནད་གཉིས་ཏེ། །མཁྲིས་རྩ་དེ་བཞི་མཁྲིས་ཚད་སྐྱེ་བའི་གནད། །ལག་པའི་གྲུ་ཁུག་མ་ཟུར་གྱི་སྣོད་ཀ་གཉིས་རུ་ཐུང་གཞུ་མཆོག་ནང་ངོས་གཉིས་བརླ་ནང་ལྡེབས་ཀྱི་རྩ་བོ་ཆེ་གཉིས། །མཆིན་རྩ་ཡན་ལག་བཞི་འབྲེལ་དུ་སྒབ་ཁུང་བྱིན་པའི་སྟེང་ན་མར་རྩ་གསུམ་ཡོད་པ་ནི་སྒབ་རྩ་ནག་པོ་སྨད་གསུམ་ཞེས་བྱ་སྟེ། འདིའི་དབུས་མ་ལྷམ་སྒྲོག་འཆིང་པའི་འོག་བྱིན་སྙིང་གི་གོང་དུ་གདབ་སྟེ་མཆིན་པའི་རྩ་ཡིན་ནོ་ཞེས་གསུངས་པས་འདི་ལ་བྱིན་གཞུག་ལ་འདོད་པ་ན་གསོ་རིག་བསྟན་པའི་ཆག་སྒོ་ཡིན་ནོ་སྨད་གཉིས་དེ་བརྒྱད་ཁྲག་འཆོར་བའི་གནད། །བསེ་སྒྲོམ་ལས་དཔྱི་ཡི་ཁ་གཟར་སྲབ་མོ་ན་མཁལ་རྩ་ན་གུ་གཉིས་དང༌། །བསེ་སྒྲོམ་ལས་བརླ་སྒང་མཐོ་བའི་སྟེང་གི་མཁལ་རྩ་རུས་ཞེན་གཉིས་དང༌། །བསེ་སྒྲོམ་ལས་བརླ་ཡི་ཕྱི་སུལ་དུ་གུང་མོས་སླེབ་པར་མཁལ་རྩ་རྐང་འདེགས་པའི་བྱ་བ་བྱེད་པ་གཉིས་དང་དྲུག །བརླ་ཡི་ཕྱི་ཟུར་མཆེར་པའི་རྩ་ནག་གཉིས་ཏེ། །དེ་བརྒྱད་བད་ཀན་གྲང་བ་སྐྱེད་པའི་གནད་ཡིན་ལ། །དེ་ལྟར་བསྡོམས་པའི་ཉི་ཤུ་རྩ་དྲུག་ཁྲག་རྩའི་གནད་ཡིན་ལ། །གསུམ་པ་བསྐྱོད་བྱེད་རླུང་དང་བསྐྱོད་བྱ་ཁྲག་གཉིས་ཀ་རྩ་ནང་དུ་འདོམ་པ་ལ་གཅིག་རྐྱེན་གཅིག་གིས་བྱས་ནས་འཕར་བའི་སྙིང་དང་འབྲེལ་བའི་རྩ་ནི། །ཡན་ལག་བརྒྱད་པར་རྐང་པའི་མཐིལ་གུང་མོའི་ཐད་ཀ་ན་བཞག་པ་དང་འདྲ་བ་མཐིལ་འཕྲོག་གི་གནད་གཉིས། །བོལ་གོང་གི་སྟེང་ན་འགུལ་རྩ་ནག་པོ་མཐའ་ནས་སྡུད་ཕྱིར་འཆི་རྩ་བོལ་ལ་བརྟག་ཅེས་པ་དེའི་གནད་གཉིས། །ནང་ལོང་གི་རུས་འབུར་འོག་ནང་ཁུད་ལྕགས་ཀྱི་སྲན་མའི་གནད་གཉིས། །ལོང་ཚིགས་སྟེང་ནས་གྱེན་དུ་སོར་བཞི་བཅལ་བ་ན་ངར་གདོང་ཐུར་བར་གྱི་འཕར་རྩ་གསེར་རྩ་ཀ་གདུང་གནད༌གཉིས། །སྒྱིད་ཁུང་ངམ་སྒབ་ཁུང་ནང་ན་སྒབ་རྩ་ནག་པོའི་གནད་གཉིས། །སྣེ་རྩ་ཁུད་ན་བརླ་འདོགས་མཚམས་ཀྱི་ནང་ཁུག་སྟེ་ཁུག་པ་སྙིང་རྩ་མིག་དམར་གནད་གཉིས། །ལག་མཐིལ་གྱི་སྲིན་ལག་བཀུག་པས་སླེབ་པའི་འོག་ན་མྱུར་བའི་གནད་གཉིས། །ལག་མཐིལ་དབུས་དང་གར་ཤའི་མཚམས་མཛུབ་མོ་ཆུད་ཆུང་གི་འོག་ན་འགུལ་རྩའི་གནད་གཉིས། །ལག་པའི་འཁྲིག་མའི་རུས་པ་འབོར་པོའི་ལྡེབ་སྟེང་ན་སྨན་པས་བལྟ་རྩའི་གནད་གཉིས། །བལྟ་རྩ་དེའི་མར་ཟུར་ཆུ་བའི་བར་ན་བླ་རྩ་་དེང་སང་བླ་གནས་ཟེར་བ་འདིའི་གནད། །གྲུ་མོ་ནང་ཁུད་དུ་ཨ་སོ་ལི་ཀའི་གནད་གཉིས། །མཆན་ཁུང་ནང་ན་སྙིང་རྩ་རྔུལ་འདུའི་གནད་གཉིས། །དེ་ལྟར་སྲོག་རྩའི་ཡན་ལག་ལག་པར་རྒྱུ་བ་གཉིས་མགོ་ལ་རྒྱུ་བ་གཉིད་ལོག་གཉིས་བཅུ་བཞི་པ་ནས་སྲོག་རྩ་གཉིས་སུ་གྱེས་པ་རྐང་པར་རྒྱུ་བ་གཉིས་རྣམས་ལས་སྲོག་རྩའི་ཡན་ལག་མགོ་འཇུག་ཏུ་གཉིས་གཡས་གཡོན་དུ་གཉིས་ཏེ་ཉི་ཤུ་རྩ་བཞི་ཁུག་པར་བརྒྱུས་པ་ལ། །ཕྱི་རུ་འབུར་བས་འཕར་རྩའི་གནད་དུ་བསྟན་པ་ཡིན་སྟེ། །རྩ་གཉེར་བཞི་པོ་དེ་ལ་ནི་སྟོད་དུ་ཚ་བ་འཆོར་ཞིང་འཆི་བའི་གནད། །བཞི་པ་རུས་པའི་གནད་ལ་ཚིགས་དང་རུས་ཕྲན་གཉིས། །ཚིགས་ཆེན་བཅུ་གཉིས་ནི་དཔྱི་གཉིས་དང་དཔུང་པ་གཉིས་དང༌། །པུས་མོ་གཉིས་གྲུ་མོ་གཉིས་མཁྲིག་མ་གཉིས་ལོང་ཚིགས་གཉིས་རེ་སྟེ་དེ་རྣམས་ཀྱིས། །ཡར་དང་མར་དང་སོར་བཞི་བཞི་རེ་ལྷ་བར་བཅས་པ་ནི། །ཚིགས་ཀྱི་ཁོངས་སུ་འདུས་ཏེ་གཉན་པ་ཡིན་ནོ། །རུས་ལྷག་ལྷ་བོ་ཆེ་དང་དཔྱི་མིག་དཔྱི་དང་སོགས་པ་གཉིས་ཟླ་བ་ཚེས་པའི་དབྱིབས་ཅན་གྱིས་ཚིགས་ཁ་བཀས་པས་ཚིགས་པ་རྡེབ་པ་གྲི་ལྟག་གང་ཡོད་པ་དེ་གཉན་པ་ཡིན་ལྷ་ང་གཉིས་ལོང་བུ་གཉིས་དང༌། །རྟིང་རུས་སྲེ་ལོང་གཉིས་པྲན་རྩེ་སོར་ཚིགས་མན་མཁྲིག་མ་ཡན་གྱི་བར་ལ་ཕྲན་རྩེ་དེ་ཡན་ལ་སྤུན་མང་ཟེར་སྤུན་མང་ལ་སོགས་པ། །དེ་ལྟར་ཚིགས་ཆེན་བཅུ་གཉིས་དང་བསྡོམས་པས་ཉི་ཤུ་རྩ་དྲུག་པོ་ནི་ན་ཞིང་སྦྱོང་བའི་གནད། །ཆུ་རྒྱུས་གནད་ནི་སྒྱིད་ཁུང་གཉིས་ཏེ་གྲུ་མོ་གཉིས་དང༌། །མཁྲིག་མ་གཉིས་རྟིང་པའི་ཆུ་བ་གཉིས་ཆུ་བ་སྦལ་མགོ་གཉིས་ཏེ་བཅུ་བསེ་སྒྲོམ་སྨུག་པོ་ལས། ལོང་ཚིགས་བར་མ་ཆུ་བའི་བར། །གདོང་རྩའི་གཞུག་མའི་བར་དག་ནས། །གནས་པ་ཆུ་བ་སྦལ་མགོའི་མིང་ཞེས་སོ། །ཆུ་བ་ནི་ལུས་ཀྱི་རྒྱབ་ལ་གནས་རྒྱུས་པ་ལུས་ཀྱི་མདུན་ན་གནས། །དེ་བཅུ་ནི་ཞ་བ་དང་དང་རེངས་པར་བྱེད་པའི་གནད་ཅེས་བྱ། །དེ་ཡང་རྩ་དང་རྨེན་བུ་རབ་གཉན་ཏེ། །ཉྭ་ཚིགས་འབྲིང་ཡིན་ཆུ་རྒྱུས་ཐ་མར་བཤད། །རྩ་ལས་སྙིང་རྩ་རབ་ཏུ་གཉན་པ་སྟེ། །མཁྲིས་རྩ་རླུང་རྩ་འབྲིང་ཡིན་གཞན་རྣམས་ཐ། །ཉྭ་ལས་བྱིན་སྙིང་སྦལ་ནག་གཉན་ནོ་ཐོར་བཞི་རབ་ཏུ་གཉན། །བརླ་ཤ་འབྲིང་ཡིན་ཉྭ་ཤ་ཐ་མར་བཤད། །ཚིགས་ལ་པུས་མོ་དཔུང་པ་རབ་ཏུ་གཉན། །དཔྱི་དང་གྲུ་མོ་འབྲིང་ཡིན་ཚིགས་གཞན་ཐ། །རུས་ལྷག་ལོང་བུ་སྲེ་ལོང་རབ་ཏུ་གཉན། །དཔྱི་སོགས་འབྲིང་ཡིན་གཞན་དག་ཐ་མའོ། །ལྔ་བ་ཆུ་རྒྱུས་སྒྱིད་ཆུ་རབ་ཏུ་གཉན་པ་སྟེ། །གྲུ་མོ་འབྲིང་ཡིན་གཞན་དག་ཐ་མའོ། །ཚིགས་དང་ཆུ་རྒྱུས་ཆུ་རྩ་རླུང་གི་གཙོ་ཆེ་བའི་གནད། །གློ་སྙིང་མཁྲིས་རྩ་མཁྲིས་པའི་གཙོ་ཆེ་བའི་གནད་དུ་བཤད། །རྩ་བོ་ཆེ་དང་མཆིན་རྩ་ཁྲག་གི་གཙོ་ཆེ་བའི་གནད། །མཆེར་མཁལ་རྩ་དང་ཉྭ་རྨེན་བད་ཀན་གཙོ་ཆེ་བའི་གནད། །དེ་ལྟར་གནད་ཀྱི་གནས་ལུགས་ཤེས་པ་ཡིས། །རབ་ཏུ་གཉན་པ་རྣམས་འཆི་འབྲི་རྣམས་ཡུན་རིང་དུ་སྦྱོང་ཐ་མ་རྣམས་ནི་གསོ་སླ་ཞ་བ་དང་རེངས་བར་བྱེད་ཁ་དམར་ཐོགས་གོང་དུ་བཤད་པ་ལས་གཞན་པའི་གནད་ཀྱང་ཡན་ལག་བརྒྱད་པར། གང་དུ་གནན་པ་ཤིན་ཏུ་འགུལ། རབ་ན་དེ་གནད་ཡིན་ཞེས་བྱ། །ཞེས་གསུངས་པ་ཡང་ངེས་པར་བཟུང་ངོ་།།
སྤྱི་དོན་གཉིས་པ་གནད་ཀྱི་སྤྱི་རྟགས་བསྟན་པ་ནི། །སྤྱི་རུ་མོད་ཕོག་མ་ཐག་ལ་ལ་ལྷོག་ཐབས་གཉན་རྒོད་ཕོག་པ་ལྟར་སྐྲངས་པ་འམ། །ཟུག་གཟེར་ཆེ་འམ་རྡོས་བུ་ཉ་དང་རི་དྭགས་རྒྱར་ཚུར་པ་ལྟར་འགུལ་མི་ཤེས་པར་བཅུག་པ་འདྲ། །མེ་ལྟར་འབར་རམ་ཆུ་ལྟར་བསིལ་བ་སྟེ། །མདོར་ན་ལུས་ནི་གནད་ཅེས་བྱ་བའི་རྒྱུ་མཚན་ནི། ཡན་ལག་བརྒྱད་པར། རྩ་རྒྱུས་རུས་པ་རྩ་ཆེན་དང་། །རྩ་ཚིགས་རྣམས་སུ་འདུམ་ས་རུ། །གནད་ཅེས་བྱ་སྟེ་དེས་ན་དེར། །སྲོག་ནི་ལྷག་པར་གནས་པ་ཡིན། །མང་དུ་རྣམ་པར་བསྟན་མོད་ཀྱི། །གནད་ནི་རྣམ་པ་དྲུག་ཏུ་བརྟག། །སྲོག་ནི་གནས་སུ་ཐུན་མོང་བས། །གནད་ནི་གཅིག་ཏུའང་ངེས་པ་ཡིན་ཞེས་གསུངས་སོ། །གནད་ལ་ཕེབས་པར་བྱེད། །དེ་དག་གསོ་དཀའ་འཆི་ཡང་སྲིད་པ་ཡིན། །ཁྱད་པར་ཉྭ་གནད་རྣམས་ལ་མཚོན་ཕོག་ན། །མོད་ལ་སྐྲངས་ཤིང་རྨ་ཆས་ཚན་མོ་ཕན། །སྨུག་ནག་སྔོ་ཁྲ་དམར་ཁྲ་མེ་ལྕེ་རིས། །ཟུག་ཆེ་རྡོ་ལྟར་སྲ་ལ་རེག་མི་བཟོད། །རྣག་མདོག་དམར་ལ་ཚིགས་ཅན་རྩིགས་ཅན་སྐད་གདངས་ཞན། །རྨེན་བུ་རྣམ་བརྒྱད་ཞར་ན་བཅོས་སུ་མེད། །བཙན་བཅར་བའམ་འཐེམས་བརྡུངས་བསྣད་པ་མོད་དུ་ལྷོག་ཐབས་གཉན་ནད་ལྟར་སྐྲངས་པ་དང༌། །ཟུག་ཆེ་ཚ་བ་སྐྱེ་ལ་སྨྲ་ངག་ཐུང༌། །ཉྭ་སྒང་ཆུ་སེར་འཛག་ཅིང་དྲི་མི་ཞིམ། །རླུང་རྩ་རྣམས་ལ་མཚོན་ཕོག་འཕྱོ་འདར་བྱེད། །མིག་རྩ་ཧྲེག་ཧྲེག་རྒོད་ཅིང་གཡལ་དང་སྐྱིགས་བུ་འབྱུང་། །གཉིད་ཆུང་ཁ་མིག་ཡོ་ལ་བྱ་ལོག་གཡས་ན་ཕོག་ན་གཡོན་སྐྲངས་སྟོད་ལ་ཕོིག་ན་སྨད་སྐྲངས་པ་སོགས་སྐྲངས། །ཁྱད་པར་ལུག་གཞུག་ཆུ་རྩ་ཆོད་གྱུར་ན། །ལག་པ་བཤལ་སྦྲིད་བྱ་བ་ཉམས་པར་འགྱུར། །རླུང་རྩ་རཏྣ་དགོང་དང་ཐོ་རངས་ན། །དངངས་ཤིང་གཡལ་དང་སྐྱིགས་བུ་བསྟུད་ནས་འོང༌། །རུས་རྩ་སྒྱིད་བུ་དངངས་ཤིང་ལྷོག་ཐབས་སྐྲངས། །རྐྱལ་པ་བུས་འདྲར་བརླ་སྒང་སྐྲངས་མགོ་ན་བླ་འཆོལ་སྨྲ། །བརྒྱུད་རྩ་ལྟག་དགྱེ་སོ་འཐམ་དྲི་ཆུ་སྡོམ། །པིར་མགོ་དངངས་འདར་ཟུག་ཆེ་གཡང་ལ་ལྷུང་བ་དང་ཆུ་ཁྱེར་བ་རྨི། །གློ་རྩ་སྔོན་བུ་ངམ་ནག་སྐྱིགས་བུས་འདེབས། །འདར་ཞིང་དངང་ལ་གློ་ལུ་ཚ་བ་སྐྱེ། །གློ་རྩ་ཁུག་པ་སོག་ཕྲག་གཟེར་བ་དང༌། །མགོ་ན་དཔུང་པ་བཤལ་ལ་མཇིང་པ་རེངས། །དུང་འབུད་ལུད་པ་གསོག་ཅིང་གཟེར་ལ་བུས་ལྟར་སྐྲངས། །རྐང་ལག་མཁྲིས་རྩ་བཞི་པོ་གང་ཉེན་ཡང༌། །མགོ་ན་མིག་ཆུ་རྨ་ཁ་བཞིན་རྣམས་སེར། །ཁ་ཁ་དང་ག་མི་བདེ་སྐོམ་དད་ཆེ། །ལུས་ལྕི་རྨ་ཆས་ཚན་མོ་ཉེ་ཐབས་མེད། །བརླ་ནང་རྩ་ཆེན་ཆོད་ན་ཁྲག་མི་ཐུབ། །ཆུ་དད་ཆུ་ལ་བརྩེ་བ་དང་འཐུང་འདོད་ཆེ་ལ་སྨད་འཕྱེས་ཁོང་པ་འཁྲོག །མཆིན་རྩ་མོད་ལ་ཁྲག་མི་ཐུབ་པ་ལ། །སྨད་ལྕི་སྒྲེག་སྐྱུགས་ཁྲག་རུལ་དྲི་ཅན་འཛག །སྣོད་ཀ་རུ་ཐུང་ཁྲག་ཆོད་དཀའ་བར་འགྱུར། །མཁལ་རྩ་རྨ་ཆས་གྲང་མོ་ཉེ་ཐབས་མེད། །སྨད་འཕྱེས་རྐང་པ་བཤལ་སྦྲིད་དཔྱི་མིག་ཟུག །ཆུ་སྲི་རྣ་བ་འོན་ལ་ཕྲུམ་སེར་ཁྱེར། །མཆེར་རྩ་སྦོ་སྒྲེག་རླན་ཅན་ཉེ་ཐབས་མེད། །ཁྲག་རུལ་འཛག་ཅིང་སྨད་འཕྱེས་རྒྱུ་ལོང་འཁྲོག །མགོ་ན་ལུས་ལྕི་ངམ་ནག་ཚ་བ་སྐྱེ། །སྙིང་གི་འཕར་རྩ་གང་ཆོད་ཁྲག་མི་ཐུབ། །གདོང་པ་སེར་ལ་གཡལ་མང་འབོག་ཚུལ་སྟོན། །བཙན་བརྡུངས་སྐྲངས་དམར་རྩ་རྒྱུད་འཁྲིད་ཅིང་ན། །ཁྲག་མི་འབབ་པར་རྨ་འཁྱིམས་སམ་ཡང་ན་རྩ་ཁ་ཁྲག་སྤུ་བ་ཅན་འབུད་ཅིང་རྩ་རྒྱུད་གཞན་དུ་ཁྲག་ངན་འབྱེར་འགྲོ། །ཞག་གསུམ་ལོན་ནས་ཚ་བ་སྟོད་དུ་འཆོར། །མགོ་ན་ཕྲུམ་སེར་ཁྱེར་ལ་མིག་རྩ་གྲུང༌། །སྣ་སྐམ་ལྕེ་རྩ་སྔོ་ལ་སོ་དྲེག་ཆགས། །དབུགས་ཐུང་གློ་སྙིང་མི་བདེ་སྐོམ་དད་ཆེ། །ཁྱད་པར་མཐིལ་འཕྲོག་མྱུར་བ་སྟོང་སྐྱུགས་བྱེད། །མགོ་ན་དངངས་འདར་ཟུག་ཆེ་སྙིང་ག་གཟེར། །བལྟ་རྩ་བླ་རྩ་དེ་བཞིན་ནུབ་མོ་གཉིད་ཉིན་མོ་མེད་བྱིང༌ཞིང་འཐིབས། །ཨ་སོ་རྔུལ་འདུ་མགོ་ན་གློ་སྙིང་འདར། །ཕོ་བ་མི་བདེ་སྐྱུག་ཅིང་བླ་འཆོལ་སྨྲ། །སྙིང་རྩ་མིག་དམར་སྙིང་སྤྲུག་རྐང་པ་འདར། །སྙིང་རྩ་ནག་པོ་ཁྲག་འཆོར་སྐྲངས་པར་བྱེད། །ཀ་གདུང་དགུ་ནས་ཁྲག་འཆོར་སྐྱིགས་བུ་འབྱུང༌། །འགུལ་རྩ་བྱིན་རེངས་སྐྱུག་ཅིང་སོར་མོ་འཁུམས། །ཚིགས་གནད་མདེ་འུ་མི་དམ་གདོན་སྡོམ་པ་སླ། །ཞག་གསུམ་ནང་དུ་རྨ་ནས་ཚིགས་ཆུ་ལྡུགས། །བརྐྱང་བསྐུམ་མི་ཤེས་ཟུག་ཆེ་ཁ་ལྕེ་སྐམ། །མགོ་ན་སྒྱིད་པ་སྐྱུར་ལ་སྟོང་སྐྱུགས་བྱེད། །ལོང་བུ་ལ་ཕོག་ཞག་བཅོ་ལྔ་བཅུ་དགུ་ལ། །མདོག་སྣུམ་ལུས་འདར་རྔུལ་འབྱུང་ཤེས་པ་འགྱུར། །ཟུག་གཟེར་ཆེ་ན་མཁས་ཀྱང་ཐུབ་མི་འགྱུར། །སྲེ་ལོང་ཞག་གསུམ་ན་སྒལ་པའམ་བཤུལ་རེངས་ལྟག་པ་དགྱེ། །ལུས་རེངས་སོ་འཐམ་གླང་ཐབས་དག་ཏུ་ན། །ཞག་བདུན་དང་དགུ་ལས་ཚེ་ཚད་མེད་དེ་འཆི། །དཔྱི་དང་སོག་པ་ལྷ་ང་པྲན་རྩེ་རྣམས། །ཟུག་ཆེ་སྐྲངས་ཤིང་རྣག་ཐག་རིང་ཆོད་དཀའ་བར་འགྱུར། །རྐང་ནང་སྟོང་ནས་རྐང་མར་སླེབ་ན་ཟུག་རྔུ་མདེའུ་(ཇ་)བྱ་འདས་ཕྱིའི་རུས་པས་བཤམ་ནས་གདོན་པ་དཀའ་ཕྱིར་མདའ་ནི་བར་སྣང་ལ་འཁོར་ཞིང་འགྲོ་བ་གདོན་དུས་ཀྱང་ལུས་ལ་ཕོག་དུས་ཀྱི་འདུག་ལུགས་གང་ཡོད་ལྟར་བསྡ་ལ་འདོན། །ལྷ་བ་ནག་པོ་རུས་པ་ཚ་བམ་འགྱུར། །ཆུ་རྒྱུས་བཅད་ན་རེངས་འགྱུར་རྨ་ཁ་གཏིང་དུ་ནུབ། །ཕུག་གཤགས་རྣག་ཆུ་རྩིགས་མ་ཅན་རྨ་ཁ་བྱེའུའི་འཕོངས་འདྲ་བར་འོང༌།།
སྤྱི་དོན་གསུམ་པ་བཅོས་པའི་ཐབས་ལ་རྣམ་པ་དྲུག །ཉེས་བྱེད་དུས་དང་སྦྱར་ཏེ་བཅོས་པ་དང༌། །ཕོག་ས་གནས་དང་སྦྱར་ཏེ་བཅོས་པ་དང༌། །རིམ་པ་ཤུགས་དང་སྦྱར་ཏེ་བཅོས་པ་དང་། །དུས་གསུམ་དཔེ་དང་སྦྱར་ཏེ་བཅོས་པ་དང་། །གཉན་པ་གནད་དང་སྦྱར་ཏེ་བཅོས་པ་དང༌། །མན་ངག་སྐབས་དང་སྦྱར་ཏེ་བཅོས་པའོ། །དང་པོ་ཉེས་བྱེད་དུས་དང་སྦྱར་བ་ནི། །དང་པོ་ཞག་བདུན་ཞུགས་པ་ཁྲག་གི་དུས་ཡིན་པས། །དར་མ་མཁྲིས་ཤས་ཆེ་ལ་ཞག་ལྔ་དགུག །བྱིས་པ་བད་ཀན་ཆེ་ལ་ཞག་གསུམ་སྟེ། །རྒས་སམ་རླུང་ཁམས་ཅན་ལ་ཞག་གཅིག་གོ་འདི་ལ་ཕག་པ་ཞེས་གྲགས་པ་ནི་ཕག་ལ་རྨ་བྱུང་ན་རང་གཤིས་ཀྱི་ཟས་མི་ཟ་བར་འདུག་པ་ལ་དཔེ་བྱས་པའི་གཏམ་དུ་སྣང་ངོ་། །དེ་ཡིས་སྐྲངས་པ་མི་རྒྱས་ཁྲག་མི་སྐྱེ། །ཟུག་ཆུང་གནད་ལ་མི་ཉེ་ཁྲག་འབྱོར་བྱེད། །རྨ་ཆས་སྦང་མ་བཟང་པོ་ཆུས་མ་བསིངས་པ་ལེགས་ཆུས་མ་བསིངས་པ་ལེགས་བསྲོས་ལ། །དེ་ལ་ཞོ་ཡི་ཁ་ཕྲུ་བཏབ་ལ་དཀྲི། །རྩ་འམ་ཚིགས་ལ་ཕོག་ན་རྒྱ་སྐྱེགས་བསྣན། །ཡང་ན་སྦང་གླུམ་ཞིམ་མཁན་པ་སྦྱར་བསྲོས་ལ། །ལྕམ་འབྲུམ་ཕབས་དང་གཡེར་མའི་ཐལ་ཕྱེ་མ་གྱིས་བྲན། །ཞོ་ཡི་ཁ་ཕྲུ་བཏབ་ལ་ནོན་པར་དཀྲི། །འཕྲོད་པར་གྱུར་ན་མ་སོས་བར་དུ་ཤིས། །དེ་ཡིས་མ་ཐུབ་སྐྲངས་སྲིད་དམར་པོའི་སྦྱོར་བ་བྱ་བ་ནི། །བཙོད་ཞུན་རམས་ཚོས་རྡོ་དྲེག་དམར་པོས་མནན། །བར་དུ་ཞག་བདུན་རྒྱས་པ་ཆུ་སེར་དུས་ཡིན་པས། །ཤ་ལ་སྐྲང་ཤོར་གྱུར་ན་གར་པོ་སྦང་མ་ཆུས་མ་བསིངས་པ་དང།། །བག་ཕྱེ་འབྲུ་མར་སྤོད་སྒ་གཡེར་བཏབ་ཨ་སས་ཟན་དྲོན་བདུག །དེས་མ་ཐུབ་ན་སེར་པོའི་སྦྱོར་བས་གདུལ་བ་ནི། །འདི་ལྟར་ཡུང་སྐྱེར་ཆུ་རྩ་ཞུ་མཁན་རྗེན་ཕྱེ་ཞོ། །ཞུན་དང་སྤུ་འཇག་གིས་མནན་པ་ནན་ནི་གང་འཕྲོད་སྐྲངས་ལ་དྲིས། །ཡང་ན་ཡུང་བ་སྐྱེར་པ་ཆུ་རྩ་དང༌། །སྨན་ཡང་ཡང་བྱུག་པ་ཞུ་མཁན་བ་བླ་ལྡོང་རོས་ཞུན་ནན་བྱ། །དེས་མ་ཐུབ་ན་ཁྲ་བོའི་ཆས་ཀྱིས་གདུལ་དགོས་པ་ནི། །ཡུང་སྐྱེར་ཆུ་རྩ་བཙོད་ཞུན་ཕོ་ཚོས་རྒྱ་སྐྱེགས་རམས། །སོ་ཐོག་ལྕགས་དང་སྐྱག་ཝ་སྤྱང་གོང་མོ་སྦྲེ་ཡི་བྲུན། །རི་བོང་རིལ་མའི་ཞུན་བྱུག་པ་དང་སྤུ་འཇག་གི་ནན་གང་འཕྲོད་སྦྱར། །ཡང་ན་ཝ་སྤྱང་རི་བོང་གོང་མོའི་བྲུན། །གྲོག་གྱང་ཞིང་དང་གྱང་ངམ་ཁང་སྟེང་ལ་ཆགས་པའི་སྤང་འདྲ་བ་དེའི་ཐལ་བ་སོ་ཐོག་ལྕགས་སྐྱག་གྲོག་མའི་ཚང་གི་ས། །ཆུ་འཁྱིལ་ཤུལ་གྱིས་གཅིན་ས་ཞག་བཙོད་རམས་ཞུ་མཁན་རྒྱ་སྐྱེགས་དང༌། །ཡུང་སྐྱེར་ཆུ་རྩ་སྦང་གར་རྗེན་ཕྱེ་སྦྱར། །འཚོས་པར་བཙོས་ལ་སྐྲངས་པ་ནོན་པར་བཏང༌། །ཅིས་ཀྱང་མ་ཐུབ་ནག་པོའི་ལུམས་ཀྱིས་གདུལ་བ་ནི། །ཁྱི་ལུད་རེ་ལྕག་སྤྱང་ཚེར་རྩ་བ་དང༌། །དུག་བཙན་དུག་སེར་བོ་བོང་དུག་དཀར་པོ་ར་དུག་སྔོན་པོ་སྟེ་མེ་ཏོག་གི་དབྱེ་བ་གསུམ་ཝ་སྤྱང་རི་བོང་གོང་མོ་བཞིའི་བྲུན་བཞི་རྒྱ་སྐྱེགས་གུ་གུལ་རྣམས་ནས། །རྗེན་ཕྱེ་མར་ནག་སྦྱར་བཅོས་ཞུན་དུ་གཞུག །གང་རྒྱས་རྩ་ནས་གཏར་ཞིང་ཁོང་ནས་སྦྱང༌། །ཐུལ་རྟགས་སྐྲངས་པའི་མདོག་ཤོར་ཅུང་ཟད་སྐྱ། །ཟུག་བྲི་གཉེར་ཆུང་འབྱུང་ངམ་རྣག་ཏུ་ཁུགས། །རྣག་མེད་སྐྲངས་པ་སྔོ་སྐྱ་ན་ཚ་ཆེ། །ཀླད་རུལ་ཚྭ་དང་སྦྱར་ལ་ཁྱབ་པར་བྱུག །དེའི་སྟེང་མཁན་པ་སྦང་མ་ལྕམ་འབྲུ་དཔེ་རྙིང་ལ་མྱོངས་ཞེས་པ་འདུག་གཡེར་མ་ཕབས་འཇིབས་སུ་གཞུག །ཡང་ན་ཚོས་བཙོད་ཞུ་མཁན་ཚ་བ་སྒ་པི་ཕོ་གསུམ། །སྦང་གླུམ་གར་སྦྱར་ལ་རྩེ་འཇམ་ཁྱབ་པར་བྱུག །ཚ་ལ་དྲོད་ཆེ་སྐྲངས་ལ་བསིལ་བའི་སྔོ་ཐམས་ཅད་བསྡུས་པའི་མར་སྦྱོར་གྱིས་ཞུན་བྱུག་པ་ཤིས། །ཐ་མ་ཞག་བདུན་སྨིན་པ་རྣག་གི་དུས་ཡིན་པས། །རྣག་ཏུ་འགྲོ་བའི་རྟགས་ནི་སྐྲངས་པའི་མདོག་མི་འགྱུར། །འཕར་ཞིབ་འཕེལ་འགྲིབ་མི་བྱེད་བརྟན་ཞིང་སྲ་ལ་སྐྲེབ། །དེ་རྗེས་རྣག་གཡོས་སྐྲངས་མདོག་དམར་ལ་དངས། །རྐྱལ་པ་བུས་ལྟར་མཐའ་དབུས་མེད་པར་རྒྱངས། །མེ་ཉི་སོགས་ཀྱིས་དྲོས་ཚེ་གས་ལྟར་ཚ་ཁྱུག་རེག་མི་བཟོད། །ལུས་སྙོམ་ཉམ་ཆུང་བ་གཉིད་མེད་ཁ་སླ་དང་ག་འགག །དེ་ནས་རྣག་ཏུ་སྨིན་ནས་མིག་སྤྲིན་སེར། །ཆུ་ལྡོག་སྐ་དུགས་རྩ་རྒྱུད་འདར་ལ་སྤུན། །སྐྲངས་པ་མཐའ་ནས་འཇུམ་ཞིང་དབུས་སུ་འདུས། །སྐབས་སུ་ལྡང་དུབ་ཚ་འཁྱུགས་བ་སྤུ་འགྱེལ། །མཐོ་བས་སྐྲངས་པ་ཀུན་སྙོམས་བརྫིས་པའི་ཚེ། །རྣག་འབྲི་བའི་མིག་ནི་སྲུབས་འདྲ་བའམ་བུ་ག་ཤ་སུལ་གྱི་རྣག་ལ་མཐེ་བོང་ཙམ་རུས་ཐོག་རྣག་ལ་སྲན་མ་ཙམ་ཞེས་གསེར་མཆན་ལས་སོ་སྟོངས་ཀྱིས་འབྱུང༌། །སྐྲངས་ཀྱི་གོང་འོག་གཉིས་ནས་མཐེ་བོས་མནན་ན། །རྐྱལ་པའི་ནང་གི་ཆུ་ལྟ་བུར་རླུང་ཉིད་ཕན་ཚུན་རྒྱུ། །རྣག་བྱེར་བ་ནི་རུས་པའི་ཐོག་ཏུ་གྲམ་པ་དང་ཚིག་སུལ་ཉྭ་སུལ་ཁ་རྣམས་སུ་ཡན་ཕྱོགས་མེད་དུ་འགྲོ་སྟེ། །སྐྲངས་ཆུང་ཟུག་ཆེ་ལུས་ལྕི་དང་ག་འགག །སྨིན་རྟགས་མི་གསལ་དེ་ལ་བྱེར་བ་སྡུད་པ་གཅེས་ཏེ། །སྒ་དང་མར་རྙིང་པའམ་ཚིལ་ཆེན་རྣམས་རྣག་འདིེར་ཡོད་དམ་སྙམ་པའི་དོགས་སར་བྱུག །ཨ་སས་ཟན་དྲོན་བདུག་ཅིང་མཐའ་ནས་ཆུ་ལྕག་བརྡེག །ཡང་ན་ཚ་ཕབས་ཀླད་པ་བྱུགས་བྱས་ལ། །སྟེང་དུ་བྱི་བའི་བྲུན་སྦང་སྐམ་ལུམས་ཀྱིས་བདུག །ཡང་ན་བྱི་བའི་བྲུན་མིའི་ནུ་ཞོ་སྦྱར་བས་བྱུག །དེ་ཡིས་བྱེར་བ་འདུས་ཤིང་སྨིན་པའི་རྟགས་གོང་དུ་བཤད་པ་ལྟར་ཚང་ན། །རྣག་དམིགས་སུ་དབུག་པའི་ཐབས་ནི་སྔོན་དུ་རླུང་གནོན་ཞིང་བཟོད་སྲན་ཆེ་བའི་ཕྱིར་ཆང་ཕུལ་ཕྱེད་བཏང་སྟེ། །མཐའ་ནས་བཅིངས་ཏེ་གར་བབས་ལེགས་མྱངས་ལ། །རྣག་ཡོད་པ་དེའི་ཤ་འགྲོས་གནད་ལ་བྱོལ་བ་དང་སྦྱར་ཏེ་ཐེམ་ཁ་རན་པར་དབུག་པ་ལག་པས་ཉུལ་ནས་ཉམས་བླང་ཞིང་དབུག །རྨ་ཁ་བུལ་སུལ་ཚིགས་ལ་རྣག་མང་ན་རྨ་ཆེར་བྱ་ཆུང་ན་རྣག་རོ་མི་ཐོན། ཉ་སུལ་རྨ་ཁ་ཆུར་བར་བྱ་ཚེས་ན་ཉྭ་ལུག་གོ་ཞེས་གསེར་མཆན་ལས་སོ། །དང་རྣག་ལས་སྦྱར་བར་བྱ། །རྒྱུས་ལྡད་ཐུར་མས་འགགས་པ་བསལ་ཞིང་སྦྱང༌། །རྩ་ཆོད་ཁྲག་ཤོར་སྤྲུ་མའི་རྩ་བའི་བྲལ་ཕྲུམ་དེ་ཉིད་དང་ཟོར་པ་མཁན་སྐྱ་བརྫང༌། །རྗེས་ལ་ལེབ་རྒན་དམར་པོ་དར་གྱི་ཐེམ་བུ་གཞུག །རྣག་པྲ་བརྟག་པ་དུད་ཀ་ཀོ་རུལ་དྲི། །སླ་ལ་ལྦུ་ཕྲན་སིར་བ་ངན་པ་ཡིན། །དྲི་ཆུང་དཀར་འཇམ་གར་བ་བཟང་བ་ཡིན། །ཞག་གསུམ་བར་དུ་སྦང་མའི་རྣག་འཇིབས་བཏང༌། །དེབ་ཆས་ར་མོ་ཤ་དང་མཚེ་ཡི་ཁུ། །སྦང་གླུམ་གར་པོ་སྒོ་ང་བ་ཞོ་བག་ཕྱེ་དང༌། །འབྲུ་མར་སྦྱར་བ་ར་རི་མེད་པར་བྱུག །ཡང་ན་ར་མ་ཤ་ཡི་ཐལ་བ་དང༌། །ལྕུམ་རྩ་ཡུང་བ་ཆུ་རྩ་ལྡོང་རོས་དང༌། །བག་ཕྱེ་སྦང་གླུམ་གར་བྱུགས་ཏེ་ཕྱིང་དེབ་བཏང༌། །སུལ་སྒོ་ཚིགས་མིག་རྣམས་སུ་ཕྱིང་པ་བརྩེག །དེ་སྟེང་མཐའ་ནས་འཇག་གི་དེབ་ཆིངས་འོག་ཏུ་འཆད་པ་བྱ། །ཧྲེམ་ན་སྐབས་སུ་ཆས་བཀྲོལ་ལུམས་སུ་གཞུག །འབྱར་གྱིས་ཟུག་གཟེར་སྐྱེས་ན་འབོལ་ཆས་འོག་ནས་འབྱུང་བ་ལྟར་བྱ། །གཉིས་པ་ཕོག་ས་གནས་དང་སྦྱར་ཏེ་བཅོས་པ་ནི། །ཤ་ཡི་གནད་ལ་འཇིབ་ཞུན་ནན་གྱིས་བཅོས་ཏེ་ཁྲོས་པ་འདུལ་བའོི། །རྩ་ཡི་གནད་ལ་མེ་གཏར་སྨན་གྱིས་བཅོས་ཏེ་དངོས་ཀྱི་རྒྱུ་གཞོམ་མོ། །ཚིགས་ཀྱི་གནད་ལ་དེབ་ཆིངས་སྒྱོགས་ཀྱིས་བཅོས་ཏེ་རང་སོར་གཞུག་པའོ། །དེ་ལྟར་གཉེན་པོའི་བཅོས་དགུ་གང་དུ་དགོས་པའི་སར་སྤྱི་རུ་འཕྲུལ་བ་གཅེས་ཏེ། །དེའི་རྒྱུ་མཚན་ནི་འཇིབས་ཀྱིས་རྨ་ཡི་ཆུ་སེར་ཕྱིར་ལ་དྲང༌། །ཞུན་གྱིས་རྨ་ཡི་སྐྲངས་པ་བཞུ་བ་སྟེ། །ནན་གྱིས་བྱེར་སྦོས་སྐྲངས་པ་རང་སར་མནན། །མེ་ཡིས་རྩ་ཡི་ཟུག་བཅག་འབྲོས་འཕྲང་བསྡམ། །གཏར་གྱིས་ཁྲག་ངན་ཆུ་སེར་ཕྱིར་ལ་དབྱུང༌། །སྨན་གྱིས་རྨ་ཁོང་གཉིས་ཀྱི་ཉེས་པ་བསལ། །དེབ་ཀྱིས་རྣག་ཆུ་བྱེར་བ་གཅར་ལ་གདབ། །ཆིངས་ཀྱིས་ནན་དང་དེབ་གཉིས་རང་སར་གཞག །སྒྱོགས་ཀྱིས་ཚིགས་ཀྱི་འཕྲུལ་འཁོར་བསྡམ་པ་གཅེས། །དང་པོ་འཇིབ་ལ་ཚ་(ན་ཆང་ཆུ་ལ་གསེངས་པ་འགག་སྦང་མ་མཁན་པ་ཕབས་གཡེར་མ་ལྕམ་འབྲུ་བསྲོས་པ་)བསིལ་(བ་ལ་མཚན་ཞོ་སྲ་ལོ་དམར་པོ་སྦྱར་བའམ་ཀྱི་ལྕེ་པར་པ་ཏ་ལུག་ངལ་ར་ཞོ་སྦྱར་བ་)བསིལ་དྲོད་སྙོམས་པ་(ལ་སིངས་པོའི་སྦང་མ་ཀྱི་ལྕེ་)གསུམ། །གཉིས་པ་ཞུན་ལ་ཕོག་ས་འདུ་བ་དུས་གནད་བསྟུན། །ཕོག་ས་ཡུལ་དང་སྦྱར་ན་ཤ་འདུལ་ལ་(ཨ་ས་བ་དང་བཙོས་ཟན་དང)། །ཉྭ་འདུལ་ལ་སེམས་ཅན་མང་པོའི་རྐང་ལག་གི་ཉྭ་གཞི་སྣ་ཚོགས་བཙོས་པ་)རྨེན་བུ་འདུལ་(བ་ལ་རྨེན་བུ་སྣ་ཚོགས་བཙོས་པ་)དང་རྩ་འདུལ་(ལ་ཁྲག་སྣ་ཚོགས་བཙོས་པ་)དང༌། །རུས་པ་(ལ་མི་རྟ་ཁྱིའི་རུས་པ་བཙོས་པ་)ཆུ་རྒྱུས་(ལ་འབྲུ་མར་རྩི་མར་ཚིལ་ཞག་རྐང་སྣུམ་བཞིའི་ཨ་ས་ཟན་དྲོན་བ་)དྲེག་བཞི་(ལ་ཞོ་བཙོས་འབྲུ་མར་སྦྱར་བས་)འདུལ་བའོ། །གནོད་བྱེད་འདུ་བར་སྦྱར་ན་རླུང་(ལ་སྣུམ་བཞི་འབྲུ་མར་རྩི་མར་ཚིལ་ཞག་ཚ་སྤོད་བཙོས་པ་)མཁྲིས་(པ་ལ་ཏིག་ཏ་ཚོས་ཀྱི་ལྕེ་ཧོང་ལེན་ཞོ་བཙོས་)ཁྲག་(ལ་དམར་པོ་བཙོད་ཚོས་ཞུན་གསུམ)། །བད་ཀན་(ལ་གཡེར་མ་ཚ་བ་སྒ་་པི་ཕོ་གསུམ་དབྱི་མོང་ནས་རྗེན་ཕྱེ་དར་བར་བཙོས་)འདུས་པ་(ལ་བྲ་བོའི་ཞུན་གྱིས་)སྐྲངས་པ་འདུལ་བའོ། །ཉེས་བྱེད་དུས་དང་སྦྱར་ན་ཁྲག་དུས་ཞུན་(གོང་གི་དམར་པོ་སྦྱོར་བ།) །ཆུ་སེར་ཞུན་(གོང་གི་སེར་པོའི་སྦྱོར་བ་དང་)དང་རྣག་དུས་ཞུན་(ཕུར་མོ་ཡོག་མོ་ནི་སྐམ་སར་སྐྱེས་པའི་ཤིང་ཕུང་ཆུང་ངུ་མེ་ཏོག་སྔོ་བྱི་བ་རྣ་བའང་ཟེར་བ་དེའོ་ཤ་རུའི་ཐལ་བ་རྗེན་ཕྱེ་ཞོ་བཙོས་སམ་གོང་གི་ནག་སྦྱོར་བ་)གསུམ་མོ། །ཐོར་བུ་ནད་དང་སྦྱར་བའི་ཞུན་ལྔ་སྟེ། །རྣག་སྣ་ཚ་འབྱམས་གྲང་འབྱམས་རྣག་ཤ་ཅན་གསུམ་ཞུགས་ཁྲོས་པ་རང་སར་འདུལ་(བ་ལ་ཚ་ཕབས་ཀླད་པ་བྱུགས་ཏེ་བྱི་བྲུན་སྦང་སྐམ་བཙོས་པ)། །རྩ་ནད་བྱེར་སྡུད་(ལ་མཁན་པ་མཚེ་སྤང་སྤོས་སྤྲུ་མ་བཙོས་པ་)གཉན་ནད་སྐྲངས་པ་འདུལ་(བ་ལ་མུ་ཟི་འཛིན་པ་སྟག་ཤ་ཤུ་དག་མི་ཁྱི་སྤྱང་གསུམ་གྱི་བྲུན་གར་པོ་སྦང་མ་རྣམས)། །རྨ་རྒན་འབྲས་འདུལ་(བ་ལ་རེ་ལྕག་སྤྲུ་མ་ཉ་མིའི་རྐང་མགོའི་རུས་པ་)ལྕགས་ཤིང་ཟུག་རྔུ་འབྱིན་པ་(ལ་རེ་རལ་སྦྲུལ་ཚིལ་དྲི་ཆུར་བཙོས་པས་བདུག) །གསུམ་པ་ནན་ལ་ཚིགས་ཆེན་རྣམས་བམ་པོ་སྙི་བར་གྱུར་བའི་སྟེང་བསྒྲང་སྲ་བར་བྱེད་པའི་བའི་ནན་(ལ་ཀྱི་ལྕེ་ཧོང་ལེན་བྲག་ཞུན་ཞོ་སྦྱར་བ་བྱུག) །ཚིགས་བར་འཕྲུལ་སྡོམ་(པ་ལ་ར་ཁྲག་ཚིལ་མཚེ་བག་ཕྱེ་ཞོ་)ཆག་པ་གནས་སུ་སྦྱོར་བ་(ལ་རྒོད་འབྲོང་ཁྲག་མཚེ་སྤྱིན་བག་ཕྱེ་གར་པོ་གླུམ)། །ཤ་བྱེར་སྐྲངས་འདུལ་(ལ་བྲག་ཞུན་ཀླད་པ་དྲི་ཆུ་ནས་རྗེན་ཕྱེ་སྦྱར་)སུལ་རྣག་གཅར་ལ་འདེབས་(པ་ལ་སྒོ་ང་ཉེ་ཤིང་གར་གླུམ་པོ་ནས་རྗེན་ཕྱེ་སྦྱར)། །རུལ་མྱགས་འཐས་བྱེད་(ལ་ཤ་རུ་ཕུར་མོང་ཡོག་མོ་དྲེས་མ་སུག་པ་རེ་སྐོན་ར་འོ་ནས་རྗེན་ཕྱེ་མར་ནག་)སྐྱི་བྱེར་ཆེ་བསྲུན་པ་སྲུན་པ་བྱེད་པའི་ནན་(ལ་དུད་པ་སླང་ང་དྲེག་མར་དཀར)། །རྨེན་ངན་སྐྲངས་འདུལ་(བ་ལ་བྲག་ཞུན་ཀླད་རུལ་ཚ་ཕབས་སྦྱར་)གཉན་དང་ལྷོག་པ་འཇོམས་(པ་ལ་མུ་ཟི་འཛིམ་པ་སྟག་ཤ་ཀྱི་ལྕེ་ཤུ་དག་ར་གཞོབ་སྤྱང་བྲུན་དྲི་ཆུ་སྦྱར)། །དེ་ཡང་ན་སོ་ནད་ཁམས་ནམ་ཟླ་ཡིས། །རྟ་དང་གྲང་དྲོ་མཐུག་སྲབ་ཤེས་པར་བྱོས་མི་དར་མ་ཁྲག་ཤས་ཅན་ནམ་ཟླ་དབྱར་ཡིན་ན་རྟ་ཞོ་བཙགས་པ་རེག་བྱ་གྲང་མོ་འམ་བསྲོས་མས་གྲང་མོ་བླུག། །དེ་བཞིན་དུ་མི་རྒན་པོ་ནད་རླུང་ངམ་ཟླ་དགུན་རྟ་སྦང་མའི་ཉེའུ་རེག་བྱ་ཚན་མོ་རྔམ་སྲབ་མཐུག་སྙོམ་པའི་དཔེ་ལྟར་དེ་རྣམས་འདྲེས་མ་ལ་བཅོས་ཚུལ་ཡང་འཕྲུལ་ཤེས་པར་བྱའོ། །བཞི་བ་མེ་ནི་རྩ་ཆད་ཁད་སྤུ་འཛུད་པའི་མེ་(ནི་མཐེ་བོས་མནན་ན་ཁྲག་གཟེར་ཕྲེང་སར་སྤྲ་བ་གཅིག་ཤུལ་དུ་ཐེབ་ལྔས་བསྲེག)། །འབྲོས་པའི་ལམ་འགེགས་(པ་ལ་རྐང་མར་མིག་དམར་ལག་པར་ཨ་སོ་)ཏེ་མནན་སྒོ་བཞི་བསྡམ་མོ་ཁྲག་ཚད་བརྟོད་ལ་གནོན་པ་(ལ་མོད་ལ་རྨ་བྱུང་མ་ཐག་རྨ་གོང་སོར་བཞིར)། །སྐྲངས་ཀྱི་སྣ་འདོན་(པ་ལ་སྐྲངས་སྣ་དང་ལུས་སུལ་སྣར་)རྩ་བྱེར་དབུས་སུ་སྡུད་པ་(ལ་རི་བོའི་རྩེ་ལ་མེ་རྒྱ་གདབ)། །ཨ་ནའི་ཟུག་གཅོག(་ན་གང་ཕྲེང་སར་)གཟེར་བའི་དམིགས་གར་ཡོད་སར་རུས་ཟན་རྣག་ཆུས་རུས་པ་ཟ་བ་རྨེན་པ་འདྲུབ་(པ་ལ་རྨ་སྟེང་དུ་ཆུ་སེར་སྐམས་སྐམས་ལན་མང་དུ་གདབ)། །ལྔ་པ་གཏར་ག་སྐྲངས་ཀྱི་མགོ་གནོན་(ན་རྨ་ཁ་དང་གང་ཉེ་བའི་རྩ་ལ་མང་དུ་)ཚ་རླངས་གསོད་(ན་རྩ་གང་རྒྱས་ལ)། །གཟེར་བའི་ཟུག་གཅོག་(ན་གང་རྩ་རྒྱུད་ཁྲིད་ལ་)ཁྲག་ཤོར་འོལ་ཁ་སྒྱུར་(ན་རྩ་རྒྱུད་གོང་འོག་ལ)། །རུས་བམ་ཉེས་སེལ་(ན་རུས་པས་དེ་དང་གང་ཉེ་ལ་)ཁྲག་རྨྱོས་རྨ་མདོག་འབྱིན་(ན་རྨ་བྲུད་ལ་ཁྲག་དབྱུང)། །དྲུག་པ་སྨན་ནི་རྩ་ཆད་ཁད་སྤུ་འཛུད་པའི་སྨན་(ལ་དབྱར་སྤྲུ་ལོ་དགུན་རྩ་བའི་རེང་བུ་ལ་གུར་ཀུམ་དོམ་མཁྲིས་ཉ་མཁྲིས་སྤྲུ་འབུ་བྱུགས་ལ་བརྫང་)། །ཁྲག་ཤོར་ཁོང་སྦེད་(ན་མཁན་སྐྱེར་གུར་ཀུམ་དོམ་མཁྲིས་ཤིང་ཚ་རེ་སྐོན་)རྩ་བྱེར་དབུས་སུ་སྡུད་(ན་ད་ལིས་ཀྱི་ལྕེ་ཤིང་མངར་ཁཎྜ་བཟང་དྲུག་མཁྲིས་སྣ་ད་ཏྲིག་ཚོས)། །ཆུ་སེར་རྣག་སྐེམས་(ལ་མུ་ཟི་བསེ་རུ་དོམ་མཁྲིས་ཨ་བ་ཨ་བྱག་ཚེར་སྔོན་རྣམ་པར་ཅུ་གང་ཀ་ར་)རྨ་ཆེན་ཁོང་ནས་གསོ་(བ་ལ་སྒོག་སྐྱ་འབྲས་ཡོས་ཨ་བྱག་བྲག་སྤོས་ཀ་ར་སྦྲང་)། །ཤ་རོ་རྨེན་གཅོད་(ལ་དུར་བྱིད་རྒྱ་ཚྭ་ཡུང་བ་རུ་རྟའི་ཕྱེ་མ་)ཤའུ་བུ་ལྟར་གསོ་(བ་ལ་དོམ་མཁྲིས་གུར་ཀུམ་རྒུ་དྲུས་བྲག་སྤོས་ཚ་ལ་མཚལ་ཀ་ར)། །དོན་རིགས་དྲུག་གཏོང་ཚུལ་འདི་ནས་བཟུང་སྟེ་སྒྱོགས་ཀྱི་བར་ལག་ལེན་དམར་ཁྲིད་དང་འགྲེལ་པ་འདོད་འཇོར་ལྟོས་ཤིག་འདིར་མཆན་བུ་མ་ཤོང་ངོ་། །བདུན་པ་དེབ་ཏེ་ཞུན་ནན་གྱི་སྟེང་དུ་ཚོ་འཛིན་བཏང་བ་ལའང་ཡུལ་གྱི་དབྱེ་བས་དྲུག་ལ་(ཆག་ན་ཧེལ་གེ་སོགས་)ལྤགས་དེབ་(རྩ་བ་མྱགས་ཚ་བ་ཆེ་བ་ལ་འཇག་མ་སོགས་)རྩྭ་དེབ་(སྐྲངས་ལ་བོང་སྤུ་རེ་བལ་ཕྲུག་ཀྱུགས་སོགས་)སྤུ་དེབ་དང༌། །(བྱེ་བ་ལ་)ཤོག་དེབ་(རྩ་ཆད་པ་ལ་)ཤིང་བྱང་གི་དེབ་(རྣག་དང་ཆག་གྲུམ་ལ་)ཕྱེང་དེབ་རྣམ་པ་དྲུག་དེབ་དྲུག་པོ་ཡང་མགོའི་ཕྱི་དེབ་བྱང་ཁོག་གི་དེབ་ཡན་ལག་ཚིགས་དམིག་གི་དེབ་སོགས་སོ། །དེ་ལ་ནན་གྱི་(འོག་ཏུ་)བཏང་བ་མོ་དེབ་ནན་གྱི་(སྟེང་དུ་)བཏང་བ་ཕོ་དེབ་ཚིགས་མིག་འཁོར་བར་ནན་དང་སྤེལ་མར་བཏང་བ་(ཡང་དེབ་བོ། །བརྒྱད་པ་ཆིངས་ལ་(སྐྲངས་པ་ལ་)ཆག་ཆིངས་(ཆག་པ་ལ)གསོན་ཆིངས་(རྣག་ལ་)འདེད་པའི་ཆིངས་དང་། ། (ཉྭ་གཞི་ལ་)(མངའ་ཆས་)འདར་ཆས་ཆིངས་དང་(ཚིགས་ལ་)སྡོམ་ཆིངས་དེ་ལ་བདུན་སྡོམ་ཆིངས་ལ་སྤྱིར་ལེའུ་གོང་མའི་དོན་འགྲེལ་སྟེ་མགོའི་ཆིངས་ལ་གྲུ་བུ་ཆིངས་རྒྱའི་སྡོམ་ཆིངས་འཁོར་ལོ་ཆིངས་དང་གསུམ་ཡན་ལག་གི་ཆིངས་ལ། །སོག་པར་འཁོར་ལོ་ལྟར་ཆིངས་པ་དང་གཤོག་པ་རྒྱངས་པ་ལྟ་བུའི་ཆིངས་སུ་བཅིང་པ་གཉིས་ཏེ་(བ་ལ་དཔུང་པ་ནས་མཆན་འོག་ཏུ་བླངས་ལ་བཅིང་སྟེ་འགྱེན་ཤིང་ཡོད་མེད་གཉིས་སོ)། །དཔུང་པ་ལ་ནི་སུམ་སྒྲོག་ཆིངས་དང་སྟག་མོ་འཛུམ་ཆིངས་ཏེ་གཉིས། །(མཆན་འོག་ནས་ལེན་པ་དང་འགྱེན་ཐག་ནས་ལེན་པ་གཉིས་སོ)། །གྲུ་མོར་སུམ་སྒྲོག་ཆིངས་དང་བསྣོལ་ཆིངས་(ནི་སྟེང་འོག་གཉིས་ནས་)མཁྲིག་མར་རེ་ལྡེ་ཆིངས་(ནི་ཡས་ལེན་མས་ལེན་བྱ)། །དཔྱི་ལ་རྭ་རྒྱངས་ཆིངས་དང་དྲ་བ་ཆིངས་སུ་བཅིང༌གཉིས། །པུས་མོར་དྲུག་ཆིངས་སེང་གེ་དྲུག་ཆིངས་བསྣོལ་འཆིངས་རྡོ་རྗེ་བརྩེགས་པའི་ཆིངས་དང་གསུམ་(ནི་བསྣོལ་ཆིངས་སྐྱོར་ཆིངས་གཉིས་)ལོང་ཚིགས་མོན་བུ་ལྷས་(ནི་ཡས་ལེན་མས་ལེན་གཉིས་སོ)འདིའི་ཞར་ལ་རྒྱ་ཚིགས་ཀྱི་མོན་བུ་ལྷས་ཀྱང་བསྟན་ནོ། །རྒྱུ་ནི་དར་ཆེན་ནམ་མེན་ཏྲི་འམ་ལིང་འཇམ་པོ་ཕྲ་རས་ལ། །ཞེང་ཚད་(དཔྱི་སོགས་དང་བྱང་ཁོག་རྨ་མེད་ལ་)དང་པོ་ལ་སོར་གསུམ་མགོ་དང་ཡན་ལག་(ཕལ་ཆེར་ལ་)སོར་གཉིས་(པྲན་རྩེ་དང་རྨ་མང་ན་སོར་)གཅིག་གནས་ཀྱིས་སྦྱར། །བཅིང་ལུགས་ནི་དམ་ཤིང་དམ་ན་ཟུག་སྐྱེ་ལྷོད་ན་ནང་དེབ་སོགས་ཆས་མི་ཆགས། །བཅིངས་ཉེས་ལ་མར་ཐེར་ལ་ལར་སྤུངས་ཤོར་ན་དེབ་མི་ནོན། །ཐོག་མར་དམ་དུ་དྲིལ་ལ་ཕྱི་ནས་དལ་ལྷོད་རང་འགྲོས་བཅིང་། །དགུ་པ་སྒྱོགས་ལ་རྒྱུ་དང་དབྱེ་བ་བསྐུར་བའི་ཡུལ། །གཞུག་དུས་དབྲལ་དུས་དམ་དང་ལྷོད་པའི་སྐྱོན། །ནང་ཚངས་བསྡམ་ཚད་བསྡམ་ཐབས་ཉེས་པའི་སྐྱོན། །ལེགས་པའི་ཡོན་ཏན་རྣམ་གྲངས་བཅུ་གཉིས་སོ། །བཅིངས་རྒྱུ་དེ་རྒྱུ་དང་པོ་གསོམ་དང་གླང་མ་ལྕང་མ་སོགས། །དབྱིབས་དྲང་བ་བཤོན་པ་གཅུ་བ་དང་མཛེར་པ་མེད་ཡང་ཞིང་སྐམ་པ་ལ། །ཐིག་ནས་བཏབ་པའི་ཁོང་ནས་ཞོགས་བཏོན་ཏེ་འཆུས་པ་དང་ཕྲ་སྦོམ་མེད། །ཁོང་ལྡེམ་ཞིང་གཡས་གཡོན་སྟོད་སྨད་ཤེད་སྙོམས་པ་སོི་སོའི་ཚད་དང་ལྡན་པར་བཅའ། །གཉིས་པ་ད་ནི་དབྱེ་བ་རྣམ་གཉིས་ཏེ་ཤིང་བཟོ་དང་རིགས་ཀྱིས་དབྱེ་བའོ། །གསུམ་པ་བསྐུར་བའི་དུས་ཀྱིས་དབྱེ་བ་རྣམ་པ་གཉིས། །དང་པོ་(ཚིགས་ལ་)བསྐུར་བ་སྒྱོགས་དང་(རྐང་ལ་)བཀུར་བ་ཁྲ་དང་(གནས་མ་ངེས་པ་ལ་)བཀུར་བ་བྱི་ཟེའོ། །སྒྱོགས་ལ་སྤྱིར་ནི་སྒྲོམ་སྒྱོགས་སིལ་མ་ཅན་(ཚེམས་བུ་ཡོད་མེད་)དང་སྦ་སྒྱོགས་དྲ་བ་(ཕྱི་དྲ་ནང་དྲ་)དཔུང་པའི་བྱ་གཤོག་མ་དང་གྲུ་མོའི་གྲུ་ཆོད་མ་མཁྲིག་མའི་སྒྲོམས་ཐབས་པུས་མོའི་སྟག་མགོ་གཟེར་འབྱེད་རྒྱ་ཚིགས་ཀྱི་འགྲམ་ལྷན་ཚེགས་འབྱེད་མ་དང་རིགས་ལྔའོ། །བསིལ་སྒྱོགས་(འཁྲུལ་མ་)གསུམ་དཔུང་པའི་འཕྲུལ་སྒྱོགས་གྲེ་མོའི་འཕྲུལ་སྒྱོགས་མཁྲིག་མའི་འཁྲུལ་སྒྱོགས་དཔྱིའི་འཕྲུལ་སྒྱོགས་པུས་མོའི་འཕྲུལ་སྒྱོགས་རྒྱ་ཚིགས་ཀྱི་འཕྲུལ་སྒྱོགས་ཏེ་རིགས་དྲུག་གོ། །ཁྲ་ལ་རུས་ཆག་གནས་སུ་སྦྱོར་བའི་ཁྲ་འཁོར་ལོ་སྤྱི་སྡོམ་ཅན་ཁྲ་སྟག་མགོ་གཟེར་སྡོམ་ཅན་དང་དང་རིགས་བཞིའོ། །ཤ་ཡི་སྟེང་འཕྱང་རང་སར་སྡོམ་པའི་ཁྲ་སྔ་མ་དང་འདྲ་སྟེ་སྒོ་གཉིས་སུ་སྟག་མགོ་ཅན་ནོ། །ཉྭ་སུལ་རྣག་འཁྱིམས་བཅར་འདེབས་ཁྲ་དང་གསུམ། །བྱི་ཟེ་རྦད་ཆོད་ཁ་འཛིན་བྱི་ཟེ་དང༌། །ཁྲག་ཤོར་རྒྱ་འཁྱིམས་བཅའ་བའི་བྱི་ཟེ་དང༌། །འབྱིན་ཐབས་ཟུག་རྔུ་དབྱུང་བའི་བྱི་ཟེ་ཞར་ལ་ཚིགས་པ་བཅའ་བའི་བྱི་ཟེ་ཡང་བསྟན་ནོ་གསུམ། །བསྐུར་དུས་དབྱེ་བ་ནམ་ཟླ་དྲོ་བའི་བསིལ་སྒྱོགས་(དྲ་བ་ཅན་དང་ཁོང་གསེང་ཅན་)ནམ་ཟླ་གྲང་དུས་དྲོད་སྒྱོགས་(སྒྲོམ་སྒྱོགས་པགས་པ་བཀབ་)དང༌། །རྨ་མེད་པ་ལ་སྐམ་སྒྱོགས་(རྣག་ཁྲག་འཛག་པ་ལ་)གཤེར་སྒྱོགས་དྲ་བ་(ཁོང་གསེང་ཅན་)ཕྱི་སྒྱོགས་ནང་སྒྱོགས་དང༌། །དྲ་བ་ཅན་སྡོམ་སྒྱོགས་ཁོང་སེང་ཅན་གློད་སྒྱོགས་རྣམ་པ་བརྒྱད་དུ་བཤད། །གསུམ་པ་བསྐུར་ཡུལ་ཚིགས་པ་དང་དོན་དང་རྐང་ཆག་པ་དང་ཆུ་བ་ཆད་པ་དགྱེས་པ་དང་། །ཁྲག་ཤོར་བ་དང་ཤ་དང་ཉྭ་ཡུལ་སྟོངས་པ་དང་ཚིགས་ལ་ཆུ་སེར་འཁོར་བ་དང་རྣག་འཁོར་བ་ལ་གཞུག །བཞི་པ་གཞུག་དུས་རྨ་ཡི་སྐྲངས་དང་ཚ་བ་ཆོགས། །རྣག་གི་རུལ་ཆོད་དགོས་དུས་དྲུག་ཏུ་གཞུག །རྐང་ཆག་པ་དང་ཁྲག་ཤོར་མ་གཏོགས་པ། །བམ་རུལ་རྣམས་ལ་སྐབས་སུ་གསེང་བ་གཅེས། །ལྔ་བ་དབྲལ་དུས་ཚིགས་ཤོར་མལ་དུ་ཚུད་པ་དང༌། །རུས་ཆག་འབྱོར་ཞིང་ཚིགས་ཀྱི་འཁོར་བ་སྡོམས། །ཆུ་མདུད་ཆགས་དང་རྩ་ལ་ཁད་སྤུ་ཚུད། །ཤ་ཡི་སྟེང་འབྱོར་རྣག་གཞུག་ཆོད་པ་དང༌། །རྐང་ལག་ཟུངས་ཐུབ་འགྲོ་ནུས་གྱུར་ན་དབྲལ། །དྲུག་པ་དམ་སྐྱོན་ལྷང་ཀྱོག་ཆེ་ལ་གོང་འོག་སྐྲངས། །སྐོམ་དད་ཆེ་ལ་གཉིད་མེད་སྟོང་སྐྱུགས་བྱེད། །དང་ག་མི་བདེ་མགོ་ན་རྣ་བ་འུར། །དེ་རྟགས་ལྡན་ན་ཤིང་ཆས་ཅུང་ཟད་གློད། །བདུན་པ་ལྷོད་སྐྱོན་ཆག་པོ་ཚིགས་འཕྲུལ་སོར་མི་སྡོད། །རྣག་ཁྲག་མི་ཆོད་ནད་ཀྱི་ཟུག་མི་ཆོགས། །ཆུ་བའི་སྣ་འབྲོས་ཆག་བསྣོལ་རིང་ཐུང་བྱུང༌། །དེ་ལ་ཤིང་ཆས་ཅུང་ཟད་བསྡམ་པར་བྱ། །བརྒྱད་པ་ཆས་ཀྱི་ནང་འཚངས་རྔ་མ་རས་སྦོད་སྣེ་ཚར་ཐེམས་པ་དང་ཐམས་ཅད་དུ་ཁྱབ་ཅིང་སྙོམས་པར་ལྡན་པ་གཅེས། །ཡ་ཡོ་སྙོམས་དང་སྡོམ་པ་ཆེ་ཆུང་སོགས་ཐམས་ཅད་ནང་ཚང་འཐེམས་པས་འདིར་རག་ལུས། །དགུ་པ་བསྡམ་ཚད་དམ་ལྷོད་སྐྱོན་དང་བྲལ་བ་སྟེ། །བཅུ་བ་བསྡམ་ཐབས་མཐའ་ནས་བསྡམ་ཞིང་ཚུར་འགྲོལ་བའི་དུས་དབུས་ནས་དགྲོལ། །བཅུ་གཅིག་པ་ཉེས་སྐྱོན་ལུས་དང་མ་འཚམས་ཆག་བསྣོལ་འགྱུར། །ཤིང་གི་བྱེར་ཟུག་མ་སྙོམས་ཟུག་མི་ཆོགས༌། གཞུག་པ་ཉེས་ན་རེངས་དང་འཁུམས་པར་འགྱུར། །ཤིང་ལ་འཁོང་གསེང་མེད་ན་ཚ་བམ་སྐྱེ། །བཅུ་གཉིས་པ་དེ་དང་པོ་འཇིབས་དང་ཐ་མ་ཁྲག་གི་བར་གོ་རིམ་སྔ་མ་ལས་ལོག་པ་ལེགས་པའི་ཡོན་ཏན་ཏེ། །བཙའ་རྫི་སླ་ཞིང་གསོས་པ་མྱུར་བར་འགྱུར། །བཅུ་གསུམ་པ་རིམ་པ་ཤུགས་དང་སྦྱར་ནས་བཅོས་པ་ནི། །དང་པོ་ཞག་གསུམ་ཁྲག་གི་དུས་ཁྲག་ཤུགས་ཁྲག་ཚད་རྨ་གསར་གདུལ། །གཉིས་པ་དེ་ནས་ཞག་གསུམ་མཁྲིས་པའི་དུས་མཁྲིས་པའི་ཤུགས་འབྱུང་ཚ་བ་བཅག །གསུམ་པ་དེ་ནས་ཞག་གསུམ་ཆུ་སེར་ཤུགས་ལས་སྐྲངས་པ་གཞོམ། །བཞི་པ་དེ་ནས་ཞག་གསུམ་རྣག་གི་ཤུགས་ལ་དབུག་ཅིང་བཅད། །ལྔ་པ་མ་ངེས་ཤུགས་ལ་གང་བྱུང་བསལ། །དྲུག་པ་རླུང་ཤུགས་རྨ་ཁོང་བཅུད་ཀྱིས་གསོ། །བདུན་པ་བད་ཀན་ཤུགས་ལས་རེད་པ་སྦྱང༌། །དེ་དག་རྒྱུད་འདིའི་གསོ་བའི་མན་ངག་སྐབས་བཞིན་དུ་འཕྲུལ་པ་ཤེས་པར་བྱ་དགོས་སོ། །བཅུ་བཞི་བ་དུས་གསུམ་ལྕགས་བཟོ་བའི་དཔེ་དང་སྦྱར་ཏེ་བཅོས་པ་ནི། །དང་པོ་རྨ་རྒོད་སྐྲངས་པ་ལྕགས་རྒོད་པ་བསྲེགས་འདུལ་ཞུན་གྱིས་གདུལ་བ་ལྟ་བུ། །བར་དུ་རྣག་ཤོར་ཕུག་ལ་ལྕགས་ལ་གྲི་མཚོན་བརྡུངས་པས་ཐར་གྱིས་སྦྱང༌པ་ལྟ་བུ། །ཐ་མ་ཤ་གསོ་རྨེན་བརྟས་མཚོན་ཆ་ལ་ངར་གྱིས་གདགས་པ་ལྟ་བུའོ། །དེ་ལའང་ཞུན་དུ་གཞུག་ལ་རྨ་གསར་དང་སྐྲངས་པ་གཉིས། །རྨ་གསར་དང་པོ་འཇིབས་ཀྱིས་གདུལ་བར་བྱ། །སྦང་ཞིམ་ལེགས་བཙིར་ཝ་སྤྱང་ཁྱི་ཡི་བྲུན། །སྦྱར་བའི་འཇིབས་ཀྱིས་རླུང་འདུལ་ཆུ་སེར་འཇིབ། །དེ་འོག་སྐྲངས་ན་ནན་ཞུན་ལུམས་ཀྱིས་གདུལ༌། །དམར་པོའི་སྦྱོར་བ་དང་སེར་པོའི་སྦྱོར་བ་དང་སྐྱ་བོའི་སྦྱོར་བ་དང་ནག་པོའི་སྦྱོར་བ་དང་ཁྲ་བོའི་སྦྱོར་བ་དང་ལྔ་གོང་དུ་བསྟན་པ་ལྟར། །ཀུན་ལ་དབྱེ་བས་ཞིབ་བཏགས་གྲང་མོ་བསིལ་དང་བཅོས་པའི་དྲོད་རྣམ་པ་གཉིས། །གང་ཡང་ནན་དུ་སྦྱོར་ན་ཞིབ་བཏགས་ལ། །རྩེ་འཇམ་བསྲོས་ལ་ལུག་ཞོ་ཙམ་གྱིས་བྱུག །ཤོག་དེབ་སྤུ་དེབ་བཏང་ལ་འཇག་གིས་དཀྲི། །ཞུན་དུ་སྦྱོར་ན་ཞིབ་བཏགས་འཚོས་པར་བཙོ། །འོ་ཟན་ཙམ་གྱི་འདག་པ་བྱུགས་པའི་སྟེང༌། །ཧེལ་སྲབ་བཏང་ལ་དཀྲིས་མས་དཀྲི་བར་བྱ། །ལུམས་སུ་སྦྱོར་ན་ཁྲམ་ཁྲུམ་བརྡུངས་ལ་བཙོ། །ཆུ་ཆོད་ཧེལ་གེའི་ཁུད་དུ་གཏུམས་ལ་བདུག །ཡང་ན་གྲང་མོ་ཁོ་ནའི་བསིལ་ལུམས་བྱ། །དེ་ལྟར་ཞུན་དུ་བཅུག་པའི་ཡོན་ཏན་ནི། །རླུང་འདུལ་ཆུ་སེར་འཇིབ་ཅིང་སྐྲངས་པ་འཇོམས། །ཁྲག་མཁྲིས་རྩ་ཡི་ཚད་པ་འདོན་པར་བྱེད། །སྐྱོན་ནི་བྲུན་གྱིས་རྩ་ཡི་ཁད་སྤུ་འཆོར། །སྤོད་ཀྱིས་ཁྲག་མཁྲིས་རྩ་རུས་ཚད་པ་སྐྱེད། །སྣུམ་གྱིས་ཉྭ་ཡི་ཆས་འདྲེད་བད་མཁྲིས་སློང༌། །དེ་ཕྱིར་གང་ལ་གང་འཚམ་དུས་དང་སྦྱོར། །བར་དུ་རྣག་བཏོན་ཐར་གྱི་སྦྱང་བ་ནི། །འཇིབས་དང་ཁྲུས་ཀྱིས་རྣག་ཤ་ཐོན་པ་དང༌། །སྐྱ་སྦྱོར་སེར་སྦྱོར་དམར་པོ་ནག་པོའི་ནན། །བད་མཁྲིས་ཁྲག་དང་རླུང་གི་བྱེ་བྲག་སྦྱར། །ཡང་ན་རྣག་མདོག་དམར་པོ་ལ་ར་དུག་ནས་ཕྱེ་ས་མྱག་བག་ཕྱེ་སྔོན་པོ་ལ་དུད་པ་སོ་ཐོག་སྦང་གར་ཞོ་སྦྱར་དང༌། །དུད་ཁ་ལ་གླ་རྩི་སྦང་གར་སྦྱར་དམར་རྩ་ཧོང་ལེན་སྦང་གར་སྦྱར་སྐྱ་བོའི་ལ་ས་སྨྱག་བག་ཕྱེ་ཞོ་སྦྱར་བྱུག་གོ་རིགས་དང་སྦྱར། །ཡང་ན་སྐྲངས་པ་ཡོད་མེད་སྔར་ལྟར་ལ་(དམར་སེར་གྱི་ཆས་སམ་ཡང་ན་ལྕུམ་རྩ་ཡུང་བ་ཆུ་རྩ་ལྡོང་རོས་ར་མཉེའི་ཐལ་བ་བག་ཕྱེ་གླུམ་གར་པོའི་)ནན་སྦྱར་བའི། །ནན་གྱི་སྐྱོ་མ་བྱུགས་ཏེ་ཕྱིང་དེབ་བཏང༌། །ཉྭ་སུལ་ཕྱིང་པའི་གྲངས་སྦྱར་ལུས་དབྱིབས་བསྟུན། །ཚིགས་ལ་རུས་མགོ་ཁོལ་བཏོན་ཚིགས་མིག་དང༌། །རུས་པའི་དབྱིབས་དང་སྦྱར་བའི་ཕྱིང་པ་བཏང༌། །ཚིགས་མིག་སུལ་སྟེང་ཕོ་དེབ་ཉིས་རིམ་བཏང༌། །རྣག་འཁྱིམས་ཡང་དེབ་བཏང་ལ་ཆིངས་ཀྱིས་བཅིང༌། །འབྱར་གྱི་ཡོན་ཏན་རྣག་འཁྱིམས་བཅར་ལ་འདེབས། །སྐྲངས་ཀྱི་བྱེར་སྡུད་བྱེ་སྦོས་རང་སར་གནོན། །རྩ་ཡི་ཁ་འཛིན་ཆག་པ་གནས་སུ་སྦྱོར། །ཚིགས་པར་(བ)འཁྲུལ་སྡོམ་ཆུ་རྒྱུས་འཐེམ་ལ་འདེབས། །ཉེས་སྐྱོན་སྔས་ན་སྐྲངས་འབྱེར་རྣག་ཤ་ལྔས། །རྣག་ལམ་འགགས་ན་ཟུག་སྐྱེ་རུལ་མྱགས་འགྱུར། །སྦོས་པ་ཧགས་མ་ནང་ཆིགས་ལ་གསེང་དྲ་མིག་བྱས་ན་སུལ་དུ་འབྱེར། །པགས་པ་བྱེ་བ་ལ་ཁྲག་འབྱོར་གྱི་གཟེར་མ་བཏབ་ན་འབྱོར་བ་དཀའ། །དེ་ཕྱིར་དུས་ཚོད་ཐབས་ལ་མཁས་པས་སྦྱར། །ཐ་མ་རྨེན་བརྟས་ངར་དུ་གདགས་པ་ནི། །འོ་མ་རྗེན་ཕྱེ་མར་དཀར་ཨ་སས་མནན། །སྒ་ལ་སོགས་པའི་སྤོད་སྣ་མར་སྦྱར་ཕྱིང་པ་རེ་བལ་བཙོས། །རྨེན་པའི་སྟེང་དུ་བཀབ་ལ་དཀྲིས་མས་བཅིང༌། །སྤོད་ལ་གཡེར་མ་བཏང་ན་གཡེར་མས་ཆུ་སེར་འདྲེན་ཞིང་བད་ཀན་སེལ། །རྨ་ཚད་གཅོག་བྱེད་རྨ་གསར་དུས་སུ་ཤིས། །རྨེན་རས་ཀྱི་སྐབས་འདི་དུས་གཡེར་མ་མི་བཏང་ན་རླུང་འབྱེར་རྨ་འཚོ་དཀའ། །ལྔ་བ་གཉན་པ་གནད་དང་སྦྱར་ལ་བཅོས་པ་ནི། །ཉྭ་གནད་རྣམས་ལ་མཚོན་ཕོག་ཨ་སས་ཟན་དྲོན་བདུག །ཡང་ན་གོང་དུ་བཤད་པ་ལྟར་ཚ་བའི་འཇིབས་སུ་གཞུག་པར་བྱ། །མ་ཐུབ་སྦང་གར་གླུམ་མཁན་ཆུང་ལུག་ཤོ་དང༌། །སྒ་སྤོད་མར་ནག་རྗེན་ཕྱེའི་ཞུན་དུ་གཞུག །མ་ཐུབ་ཉྭ་སྣ་སྣ་ཚོགས་(ཉ་རྨང་མའི་ཤ་རྒོད་གཡུང་རྟ་བོང་ར་ལུག་བ་གླང་མཛོ་དྲེལ་གཅན་གཟན་བྱ་ཁྱི་མིའི་ཉྭ་ཤ་འབྲུ་མར་དྲི་ཆུར་བཙོས་པའི)་ལུམས་ཀྱིས་གདུལ། །དེས་ཀྱང་མ་ཐུལ་ཚ་གྲང་རྣམ་པ་གཉིས། །ཚ་ཁྲོས་ཡུང་སྐྱེར་ལྕུམ་རྩ་ལྡོང་རོས་དང༌། །བག་ཕྱེ་ཞོ་དང་སྦྱར་བའི་ནན་གྱིས་མནན། །ཡང་ན་ཀྱི་ལྕེ་དཀར་པོ་པར་པ་ཏ། །ལུག་ངལ་ལུག་མིག་གི་རིགས་ལ་སྡོང་པོ་ཡོད་པ་དེ་ཡིན་བ་དང་ར་ཞོ་སྦྱར་བས་མནན། །གྲང་ཁྲོས་སྤྱང་ཀི་ལ་སོགས་གཅན་གཟན་ཤ །འུག་པ་བྱ་རྒོད་དྲོད་ཅན་ཤ་ཆང་བཙོས། །བག་ཕྱེ་མར་ཁུ་ཕབས་སྤོད་ཞུན་གྱིས་གདུལ། །ཁྱད་པར་དཔུང་པའི་ལུག་གཞུག་རྣམ་གཉིས་ལ། །མཁན་སྦང་སྒ་སྤོད་ཞོ་མར་རྗེན་ཕྱེའི་ཞུན། །གར་པོ་ཀླད་པ་ཉ་ལྕིབས་ཆུ་བལ་ལྗང་གུ་ཆུའི་སྟེང་དུ་ཆགས་པ་དེ་ཡིན་ཚྭ་བཙོས་གླན། །ལག་ངར་ཉྭ་ལ་སྦང་གར་གླུམ་མཁན་པ་དང༌། །ལྕམ་འབྲུམ་ར་ཞོ་མཚེ་ཁུའི་ཞུན་དུ་གཞུག །བརླ་ལ་སྦང་གར་གླུམ་མཁན་པ་ཀླད་པ་དང༌། །བག་ཕྱེ་ཆུ་རྩ་སྦྱར་བའི་ཞུན་དུ་གཞུག །སྦལ་པ་ནག་པོ་རྨས་ན་སྦང་མ་ཆང་འགག་དང༌། །སྤྲུ་མ་དུད་པ་ཚྭ་ཕབས་སྦྱར་བས་གདུལ། །བྱིན་པའི་ཉྭ་ལ་མཛོ་ལྕི་སྦང་གར་གླུམ་དང༌། །གོང་མོའི་བྲུན་སྦྱར་བསྲོས་པའི་ནན་དུ་བཏང༌། །གློ་སྙིང་མི་བདེ་ཚིགས་པ་དྲུག་པ་བསྲེག །མགོ་བོ་ན་ན་ཨ་སོ་རུ་ཐུང་གཏར། །འབྲོས་ཤ་འདར་ཤ་སྒོ་ང་ར་ཕག་ཁྲག །གཅིན་དང་ར་ཞོ་བོང་སྤུས་མནན་པ་དང༌། །གཉའ་ཤ་འཇིབས་ཞུན་སྤྱི་ལྟར་བཅོས་པར་བྱ། །རྨེན་བུའི་གནད་བརྒྱད་ཨ་དཀར་གར་ཀྱི་ལྕེ་ནག་འཛང་མ། །ལྕགས་ཕྱེ་སོ་ཐོག་ཧོང་ལེན་བ་ཤ་ཀ །ཏིག་ཏ་ར་ཞོ་བྱུགས་ཏེ་ཕྱིང་དེབ་བཏང་། །ཨ་དཀར་ཀྱི་ལྕེ་སོ་ཐོག་ལྕགས་ཕྱེ་རམས། །ཞུ་མཁན་བག་ཕྱེ་འབྲུ་མར་བཙོས་སྦྱར་མནན། །ཡང་ན་དུད་པ་ཤུ་དག་ཀྱི་ལྕེ་དང༌། །སྤང་སྤོས་སྦང་གར་སྦྱར་བས་བྱུག་པར་བྱ། །མ་ཐུབ་རྨེན་བུ་སྣ་ཚོགས་ལུམས་ཀྱིས་གདུལ། །ཁོང་དུ་ག་བུར་གླ་རྩི་ཨ་དཀར་གར་བཏང༌། །རླུང་རྩ་རྣམས་ལ་རྩ་རྒྱུད་རླུང་གསང་བསྲུང༌། །རྨ་ལ་འབའ་ཆ་ཨ་ས་ཕབས་དང་སྤོད། །མཁན་པ་གླུམ་རྣམས་བསྲོས་པས་ཡང་ཡང་བདུག །མ་ཐུབ་ཛཱ་ཏི་ཤིང་ཀུན་པི་པི་ལིང༌། །བཅའ་སྒ་རྒྱམ་ཚྭ་གོ་སྙོད་མཁན་པ་ཕབས། །བུ་རམ་གླུམ་ཉེ་དྲོ་བར་བསྲོས་པས་བདུག །ཁོང་དུ་གསར་བཅུད་ཤ་མར་ཆང་སོགས་གསུམ་དང་མངར་གསུམ་གྱི། །ཏིང་ཁྲོལ་ཤིང་ཀུན་ཅུར་ནིས་གཏང་བར་བྱ། །ཁ་མིག་ཡོ་ན་སྤུ་འཁྱིལ་ཚུ་རོལ་ཚུ་རོལ་ནི་གོ་རིམ་འཆོལ་བའི་དོན་ཏེ་ཁ་མིག་གཡས་སུ་ཡོ་ན་ལྟག་པའི་སྤུ་འཁྱིལ་གཡོན་ངོས་བསྲེག་གཡོན་དུ་ཡོ་ན་གཡས་བསྲེག་པའི་དོན་ནོ་བསྲེག །རླུང་ཁྲག་བསྡོངས་ན་བསིལ་སྨན་གཏོང་ངམ་གཏར་ག་བྱ་བ་རིག་པས་དཔྱད་ལ་དེ་རྗེས་བསྲེག། །ཁྱད་པར་རླུང་རྩ་རཏྣ་བཅོས་པ་ནི། །ཆང་འགག་སྦང་མ་མཁན་པ་ཚ་བ་སྒ་པི་ཕོ་གསུམ། །ལྕ་འབྲུམ་མར་ནག་ཚིལ་ཕྲན་དྲོན་མོས་དྲིལ། །ཡང་ན་ཨ་ས་ཟན་དྲོན་འོལ་སྐོམ་ཙག་ཙིག་མར་ཁུར་ཚོམས་ཕྱེ་འབའ་ཆས་བདུག །རྨ་ནས་མཚོན་གང་བཅལ་བའི་གོང་འོག་བསྲེག །སྨྱོ་ལབ་ཨན་སྟོང་འདར་ན་དྲུག་པ་བསྲེག །དཔུང་པའི་ཆུ་རྩ་ཨ་སའམ་ཟན་དྲོན་སྔར་བཤད་པའི་དམར་པོའི་ལུམས། །རྩ་རྒྱུད་གོང་འོག་མཆན་ཕུགས་སྒྲོག་རུས་གཤོངས། །དཔུང་ཚིགས་ལག་མཐིལ་སྤྲ་བ་ལྔ་ཡིས་བསྲུང༌། །རུས་རྩ་སྒྱིད་བུ་ཕྱིང་པ་སྣུམ་ལྡན་བདུག །མ་ཐུབ་སྦལ་ནག་ལྟ་བུར་ཞུན་དུ་གཞུག །བླ་འཆོལ་སྨྲ་ན་སྣེ་ཁུག་རྩ་མིག་ལྟར་སྤྱི་གཙུག་བསྲེག །གློ་སྙིང་མི་བདེ་ཚིགས་པ་བདུན་པ་བསྲེག །བཤུལ་པ་རེངས་ན་སྒང་རྩ་ནག་པོ་མཁལ་མའི་རྩ་ནག་བསྲེག །པིར་མགོ་གཞུང་རྩ་སྦང་མ་མཁན་པ་ཕབས། །ནས་ཚིག་ཞོ་དང་སྦྱར་ལ་འཇིབས་སུ་བཏང༌། །གཞུང་རེངས་ལྟག་དགྱེ་རྩ་ནག་ཆུ་ཆུ་རྩ་སྦུ་གུ་ཅན་གྱི་མགོ་བསྲེག །མགོ་བོ་ན་ན་འགུལ་མཛུབ་ཆུང་འོག་གི་རྩ་ནག་པོ་བསྲེག །སོ་འཐམས་ནང་ལོང་རྩ་ལྩགས་ཀྱི་སྲན་མ་དང་གདོང་རྩ་གསེར་གདུང་བསྲེག །ལུས་པོ་འདར་ན་སྒབ་ཁུང་གོང་དུ་བཤད་པའི་སྙིང་རྩ་བསྲེག །སྙིང་རྩའི་རྨ་རྣམས་གསེར་གྱི་ཏེལ་པས་རྩ་ཆད་ཁད་སྤུ་གཞུག་པའི་མེ་རྩ་རྒྱུད་གོང་འོག་འཕྲེད་ལ་མྱུར་དུ་བསྲེག། །རྐང་པའི་སྙིང་རྩ་ཆོད་ན་མིག་དམར་ལག་པའི་སྙིང་རྩ་ཆོད་ན་རྔུལ་འདུ་སྟེ་ཐོག་མར་སྣོད་ཀའི་འགྲམ་གྱི་ཨ་སོ་ལི་ག་མྱུར་དུ་གསེར་གྱི་ཏེལ་མེས་བསྲུང༌། །དེ་རྗེས་རྐང་ལག་མཐིལ་བཞི་དང་སྤྱི་བོའི་གཙུག་ཏུ་བསྲེག །ཁོང་དུ་དོམ་མཁྲིས་དང་ཧོང་ལེན་གྱི་ཐང་དང་ག་བུར་བདུན་པོ་ཕྱི་རྒྱུད་དང་དགུ་པ་ནི་ག་བུར་བསིལ་གསུམ་ཙན་དན་ལི་ག་དུར་དོམ་མཁྲིས་ཏིག་ཏ་ཧོང་ལེན་ཀ་ར་སྦྱར་བ་བཏང༌། །རྒྱ་སྐྱེགས་ཏིག་ཏ་མཚན་དཀར་དབྱིབས་སྲོ་ལོ་སྨུག་པོི་འདྲ་ལ་དེ་ལས་ཆུང་བ་པར་པ་ཏ། །ར་ཞོ་སྦྱར་ལ་བསྲོས་པའི་འཇིབས་སུ་གཞུག །རྩ་ཁ་སྡོམ་ཞིང་རླངས་འབོར་ཁྲག་རོ་འཇུ་བའི་ཆེད་དུ། །གང་རྒྱས་རྩ་ལ་གཏར་ཞིང་མ་ཐུབ་ན། །རྩ་རྒྱུད་གོང་འོག་གཏར་ཏེ་ཡང་བསྲེག་པར་བྱ། །ཁྱད་པར་རྐང་མཐིལ་གྱི་མཐིལ་འཕྲོག་ལག་མཐིལ་གྱི་མྱུར་བ་རྣམ་གཉིས་ལ། །ར་ལུག་གི་མར་ཕག་པའི་ཚིལ་དྲོན་མོ་བྱུག་སྐྲ་ཤད་ལྷན་དེའི་སྟེང་དུ་ཆུ་རྡོས་བསྲོས་པའི་བདུག །རྐང་ལག་གི་མཐེ་བོང་དང་གྲུ་མོའི་དྲེད་བཞིའི་ཁ་འཁོར་བའི་མཐིལ་དུ་ཕྱིང་པ་སྣུམ་ལྡན་བཏང༌། །རྟ་སྦངས་ཞོ་སྦྱར་རྨ་ལ་འཇིབས་སུ་སྦྱར། །མཁན་སྦང་ཀླད་པ་གོ་སྙོད་ཚ་བ་གསུམ། །ཞོ་དང་སྦྱར་བ་རྒྱབ་ཀྱི་རྐང་ལག་གི་མཐིལ་བཞི་རྒྱབ་བོལ་གོང་མཁྲིག་མ་མན་ཆོད་འཇིབས་སུ་བཏང༌། །ཁྱད་པར་མཐིལ་འཕྲོག་ནང་ལོང་བོལ་རྩ་བསྲེག །རྒྱུ་མ་ན་ན་ཉྭ་གཞུག་རྒྱུ་རྩ་བསྲེག །རྐེད་པ་འཁོར་ན་སྒྱིད་ཁུང་སྒབ་རྩ་བསྲེག་པ་དང༌། །མགོ་བོ་ན་ན་པིར་མགོ་བསྲེག་པར་བྱ༌། གློ་སྙིང་མི་བདེ་བླ་འཆོལ་སྨྲ་ན་འཆི། །མྱུར་བ་བལྟ་རྩ་བླ་རྩ་བསྲེག་པར་བྱ། །སྐྲངས་ན་བཙོད་ཞུན་རམས་ཚོས་སྤོད་སྣ་ཚོགས། །གཡེར་མ་ལྕ་འབྲུམ་གར་པོ་བག་ཕྱེ་ཞོ། །འབྲུ་མར་སྦྱར་བ་འཚོས་པར་བཙོས་པས་བདུག །འགུལ་རྩ་ལ་ཕོག་སྐྱུགས་ན་ཨན་སྟོང་བསྲེག །བྱིན་རེངས་པིར་མགོ་ངར་གདོང་ཆུ་བ་བསྲེག །སོར་མོ་འཁུམས་ན་སྦང་གར་ཨ་སས་བདུག །གསེར་རྩ་ཀ་གདུང་སྣེ་རྩ་སྒབ་ཁུང་བསྲེག །མཛུབ་ཆུང་སྙིང་རྩ་བལྟ་རྩ་བླ་རྩ་བསྲེག །ག་བུར་བདུན་པ་ཛཱ་ཏི་མཁྲིས་སྣ་བཏང༌། །ཁྲག་མཁྲིས་ཀྱི་ཚ་གཞའ་རྨ་ཤི་བའམ་ཞོམ་པ་བསིལ་བའི་ནན་སྟེང་སྤུ་དེབ་བཏང༌། །བལྟ་རྩ་བླ་རྩ་རྩ་སྟེང་སྦུགས་ངོས་རུས་པའི་ངོས་ཀྱི་རྩ་རྒྱུད་སྟེང་དུ་གསེར་ཏེལ་གྱིས་བསྲུང༌། །སྦང་གར་བག་ཕྱེ་ཞོ་སྤོད་མར་སྦྱར་གླན། །ཨ་སོ་བ་ཤ་ཀ་དང་ཨ་ཀ་རུ། །ཧོང་ལེན་ཏིག་ཏ་ཀྱི་ལྕེ་པར་པ་ཏ། །སྤང་རྩི་བག་ཕྱེ་རི་ཤོ་ཤིང་མངར་བསྣན། །འདར་ན་མཆན་འོག་རྔུལ་འདུ་སྐྱུགས་ན་བཅུ་གསུམ་བསྲེག །མཆན་འོག་རྔུལ་འདུ་བཅད་ན་སྒྲོག་རུས་འཕར་རྩ་བསྲེག །མགོ་ན་སྙིང་བརྡུང་རྩེ་ཆུང་དཔུང་རྩ་གཏར། །མིག་དམར་མཁྲིས་པ་ཚོགས་ཚད་ཁོང་དུ་བཏང༌། །ལབ་མང་མིག་རྩ་གྲུང་ན་སྙིང་གར་བསྲེག །སྙིང་རྩ་ཀུན་ལ་སྙིང་རྩ་བཅད་ནས་གསོ་དཔྱད་ཀྱི་གསོ་ཚུལ་འདི་རྣམས་གསུངས་ཀྱང་སྨན་པ་སློབ་བུ་བསྟེན་པ་ལ་ལས་སྣོད་ཀ་ཆད་པར་ལག་མགོ་སྲེགས་ཟེར་བ་ཐོས་པའི་གསོ་རིག་གི་བསྟན་པའི་ཆགས་སྒོ་ལ་ཨང་རྩ་རྒྱུད་གོང་འོག་མེསབསྲུང༌ཞིང་། །ཁོང་ནས་ཚ་བའི་རླུང་གི་དུས་དྲོད་བཅུད་བསྟེན་ནས་འབྲོས་ཚ་བའི་དུས་བསིལ་བསྟེན་པ་ཚ་བ་འདེད་ཤེས་པར་བྱ། །རྨ་དང་ཁོང་གཉིས་ཀ་ནས་རྩ་ཁ་བསྡམ་པ་གཅེས། །ཁྲག་རྩ་རྣམས་ལ་ཁྲག་ཤོར་ཆུ་ཡིས་བསྒྲང༌། །སྤྲུ་བ་མཁལ་སྐྱ་བེེ་སྔོན་དུ་རམ་པའི་ལོ་ན་ཟེར་ཟོར་པ་རྨར་བརྫང་གོང་འོག་བསྲུང༌། །རྒྱ་སྐྱེགས་ཧོང་ལེན་གླ་སྒང་ཨ་རུ་ར། །སྤང་སྤོས་སྦང་གར་སྦྱར་བ་བདུད་རྩི་ཡིན། །སྦང་མ་རྒྱ་སྐྱེགས་ཐལ་གྱིས་བྲན་ལ་གཡོགས། །ཡང་ན་ཞོ་བཙགས་པ་འམ་བསིལ་འཇིབས་བྱ། །ཁྲག་རྒྱས་རྩ་ཡི་གཞུག་མ་གཏར་བ་གཅེས། །ག་བུར་བསིལ་གསུམ་ཙན་དན་ག་པུར་དོམ་མཁྲིས་ཏིག་ཏ་ཧོང་ལེན་དགུ་པ་དོན་སྣོད་ཁ་འཛིན་གློ་བར་ཤིང་མངར་མཆིན་པར་བྲག་ཞུན་མཁྲིས་པ་གསེར་མེ་མཁལ་མར་གླ་རྩི་མཆེར་པར་པི་པི་ལིང་ཕོ་བར་སེ་འབྲུ་རྒྱུ་མར་བཙོད་སྦྱར། །ཁྱད་པར་གློ་རྩ་རྣམས་ལ་གོང་འོག་བསྲེག །དབྱར་གྱི་དུས་སུ་སྔོ་ཁུ་ཡུ་གུ་ཤིང་ཧོང་ལེན་ཤོ་མང་ཀྱི་ལྕེ་མཚན་རྣམས་ཞོ་སྦྱར་བཏང༌། །དགུན་གྱི་དུས་སུ་གཡེར་མ་ལྕ་འབྲུམ་དང༌། །སྤོད་སྣ་བག་ཕྱེ་འབྲུ་མར་བྱུགས་ལ་དཀྲི། །མ་ཐུབ་ཨ་དཀར་སོ་ཐོག་ཚོས་བཙོད་རམས། །ཏིག་ཏ་བ་ལེ་བ་ཤ་ར་ཞོ་བྱུག །ཧྲེམ་ན་ཨ་སས་བདུག་ཅིང་འཇིབས་སུ་གཞུག །ཁོང་སྨན་ག་བུར་གཙོ་བྱས་གློ་སྨན་སྦྱར། །མཁྲིས་རྩ་རྣམས་ལ་ཏིག་ཏ་ར་ཞོ་དང༌། །སྦང་མ་ཧོང་ལེན་སྦྱར་བ་རྨ་ལ་གླན། །ཡང་ན་ཏིག་ཏ་ཧོང་ལེན་ནད་མ་ནད་མ་ལ་རིགས་གསུམ་སྟེ་ནད་མ་སྒྱིད་མ་ནི་རྐང་གྲུ་བཞི་བོང་རིང་ནད་མ་འབྱར་མ་ནི་འབྲས་ངན་མདོག་དཀར་བྱི་བ་ཀླད་པ་ཟེར་འབྱར་མ་ཟེར་ནད་མ་སྣུན་མ་ནི་ལོ་སྡོང་དང་བཅས་མེ་ཏོག་སྔོ་འདི་སྙིང་ཡང་ཟེར་གཡུ་ལོ་མ་དང་འཇམ་ལོའང་ཟེར་འདིེར་ནད་མ་སྒྱིད་མ་ཡིན་ནོ་བཙོད། །དུག་ཉུང་ཀ་ར་ཞོ་སྦྱར་ནན་དུ་བཏང༌། །གཤའ་རིངས་གསེར་མདུང་རུ་ཐུང་བྱིན་ལོང་གཏར། །གསེར་གྱི་མེ་ཏོག་ཏིག་ཏ་དུག་ཉུང་གུར་གུམ་སྐྱེར་པ་དོམ་མཁྲིས་བ་ཤ་ཀ་ཀ་ར་བཅས་བདུན་ནམ་ཏིག་ཏའི་ཐང༌། །བཞིན་ལུད་རྨ་ཁ་སེར་བ་སེལ་བར་བྱེད། །མཁྲིས་རྩ་སྐྱ་རིངས་ལ་ཕོག་གླང་ཐབས་ན། །བྱིན་པའི་ནང་ངོས་ཉྭ་མཚམས་རྩ་གཞུག་བསྲེག །གསེར་གྱི་ཀ་བ་ལ་ཕོག་ན་དཔུང་འཛུམ་རྨེན་བུ་མགོ་སྔོན་བསྲེག །མགོ་ན་ལུག་གཞུག་ཕྱི་ལྡེབས་རྩ་གཞུག་བསྲེག །མཁལ་རྩ་ལ་ཕོག་ན་སྦང་སྐམ་འབའ་ཆའི་ལུམས་སུ་གཞུག །དེས་མ་ཐུབ་ན་སྤོད་ནན་དྲོད་ལུམས་བྱ། །ཁོང་དུ་གསར་འཇམ་ལུག་ཤ་གསར་པ་བཏང༌། །རྐང་བཤལ་བརླ་ཡི་ཕྱི་སུལ་གུང་མོས་གར་སླེབ་རྐང་འདེགས་བསྲེག །དཔྱི་མིག་གཟེར་ན་ཚིགས་པ་བཅུ་བཞི་བསྲེག །རྣ་བ་འོན་ན་མཁལ་མའི་ཚིགས་པ་བཅུ་བཞི་པའི་གཡས་གཡོན་ཚོན་གང་ཕུན་གང་རྩ་ནག་བསྲེག །དྲི་ཆུ་སྡོམ་ན་མཁལ་རྩ་རུས་ཞེན་བསྲེག །ཁྲག་ཤོར་མཁལ་ཁུང་ཟུག་ན་དཔྱི་མིག་བསྲེག །འགུལ་དཀའ་ཟུག་ཆེ་ཚིགས་པ་བཅུ་བཞི་བསྲེག །རྣག་མ་ཆོད་ན་ལྟག་པའི་ཆུ་རྩ་སྦུ་གུ་བསྲེག །མཆེར་རྩ་ལ་ཕོག་ན་གླུམ་དང་ཀླད་པ་མཁན་པས་གདུལ། །གོང་འོག་མེས་བསྲུང་མཆེར་རྩ་རུ་ཐུང་གཏར། །མ་ཐུབ་ས་སྨྱག་གྱང་སོགས་ཀྱི་ཆུ་དྲེག་གྲོག་ཞིང་ཐོག་གི་སྤང་ཆུ་རྩ་སྤྲུ་མའི་འབྲུ། །སོ་ཐོག་བག་ཕྱེ་གར་པོ་ཞོ་སྦྱར་བྱུག །ཕོ་བ་གཟེར་ན་ཚིགས་པ་བཅུ་གཉིས་བསྲེག །གཉིད་མེད་འོ་དོད་འབོད་ན་རུ་ཐུང་གཏར། །ཕོ་ལོང་སྦོས་ན་མ་ནུ་བཞི་ཐང་བཏང༌། །བརླ་ནང་རྩ་ཆེན་རྩ་ཁ་ཡར་མར་བསྲེག །ཧོང་ལེན་བྲག་སྤོས་དོམ་མཁྲིས་སྒོ་ང་དང༌། །བག་ཕྱེ་སྦྱར་བྱུགས་ཕྱིང་པ་ཤིང་བྱང་བཏང༌། །རྨ་ལ་བསིལ་འཇིབས་ལོང་འཁྲོག་དྲོད་སྨན་སྦྱར། །གླང་ཐབས་བྱུང་ན་ངར་གདོང་མཆེར་རྩ་གཏར། །ཚིགས་པ་དྲུག་བསྲེག་མཇིང་རེངས་སྤྱི་གཙུག་བསྲེག །སྦོས་ན་ནི་རུ་ཆུ་འགགས་སྣེ་སའི་རྩར། །དྲི་མ་འགགས་ན་དཔྱི་མིག་བསྲེག་པར་བྱ། །མཆིན་རྩ་སྨད་གཉིས་སྐམ་ཆས་བསིལ་སྦྱོར་བྱ། །ཁྲག་ཤོར་སྒབ་རྩ་བསྲེག་ཅིང་མཁྲིས་ཕྱི་རྒྱུད་ལྟར་ཐང་བཏང༌། །རུ་ཐུང་སྣོད་ཀ་ལ་སོགས་སྤྱི་བཞིན་བཅོས། །ཚིགས་ལ་མདེའུ་ལུས་ཞག་འགའ་ལོན་ནས་དབྱུང༌། །མདེའུ་རྐང་པ་རྙི་བ་རིང་ན་སྐམ་པས་ཚན་མོ་བསྲོ་བར་བྱ། །ཚིགས་ཆུ་ཁྲག་དང་འདྲེས་ན་གསོ་བ་སླ། །རྨ་ནང་དོམ་མཁྲིས་ཚེར་སྔོན་ཨ་བྱག་གཟེར་འཇོམས་དང༌། །ཅུ་གང་གུར་ཀུམ་ཤེལ་ཏ་ནགས་མའམ་མདུང་ཤིང་ཐང་ཆུ་ཧོང་ལེན་གཞུག །དེ་ཡིས་ཆུ་སེར་འདྲེན་ཞིང་ཚིགས་ཆུ་སྡོམ། །སྒོ་ང་བག་ཕྱེ་གར་པོ་གླུམ་ཞོ་སྦྱར་བྱུག །མ་ཐུབ་བཙོད་ཞུན་བག་ཕྱེ་ཚོས་སྦྱར་བྱུག །ཚ་བ་ཆེ་ན་ཞོ་བཙགས་ཁོ་ན་ཤིས། །ཀྱི་ལྕེ་ཧོང་ལེན་བྲག་ཞུན་ཞོ་སྦྱར་བྱུག །ཁོང་དུ་བསིལ་བའི་སྨན་གཏང་གང་རྒྱས་གཏར། །ཞག་གསུམ་ཚུན་ཆད་ཆུ་མངས་བསྒྲེང་བར་བྱ། །མ་ཐུབ་སྦང་གར་མཚེ་ཁུ་བག་ཕྱེ་ཞོ། །བྱ་ཕོ་མཚལ་ལུའི་ཟེ་ཁྲག་ཕག་པའི་སྣ་ཁྲག་དང༌། །ར་རོག་གཉའ་ཁྲག་བོང་བུའི་གཞུག་ཁྲག་རྣམས། །བྱུགས་སྟེང་ཆིངས་ནན་ཕལ་ཆེར་སྐམ་སྦྱོར་བྱེད། །ལྷ་བ་ཅན་གྱི་རུས་ལ་རྨ་བྱུང་ན། །རྨ་སྨན་གོང་བཞིན་རྨ་ཆས་རུས་འཇིབས་ལུག་གི་རྐང་མགོ་ཞོ་དང་སྦྱར་བས་བྱ། །ལྷ་བ་བྱེར་ན་མགོ་བོ་བཞིན་དུ་བཅོས། །པྲན་རྩེའི་རུས་པ་འཇིབས་ཞུན་འབྱར་འདུལ་གསུམ། །སྦང་རོ་ཞོ་དང་ནད་མ་སྒྱིད་མ་ཕྱི་ཡི་འཇིབས༌། ཚིལ་བུ་མར་དཀར་རྩིད་པ་དྲེག་གི་འཇིབས། །བར་དུ་སྐྲངས་ན་སོ་ཐོག་ས་སྨྱག་དང༌། །གོ་སྙོད་ད་ལིས་བག་ཕྱེ་ཞོ་ཡི་ཞུན། །ཟུག་ཆེ་ནས་ཚིག་རི་བོང་རིལ་ཐལ་དང༌། །ཏིག་ཏ་འབྲུ་མར་ཞུན་གྱིས་ཕྱི་རྒྱབ་གདུལ། །རྟ་སྦངས་ཞོ་དང་སྦྱར་བ་དྲེག་གི་ཞུན། །ཡང་ན་ཐ་རམས་ནད་མ་རླུང་བུའམ་འཇམ་པོ་ལོ་མེ་ཡིན་གཡུ་ལོས་བྱ། །ཐ་མར་རྣག་གི་དུས་སུ་འབྱར་འདུལ་བྱ། །ས་སྨྱག་ཞོ་དང་བག་ཕྱེ་སྦྱར་བའམ། །ཡང་ན་ཆུ་རྩ་ཞོ་དང་བག་ཕྱེ་བྱུག །དྲེག་ལ་རྟ་སྦངས་ཁུ་བ་བག་ཕྱེ་དང༌། །འབྲུ་མར་འབྲི་མོག་བྱུགས་སྟེང་ཕྱིང་པ་བཏང༌། །དྲེག་བཞི་ཚིལ་གནད་པྲན་རྩེ་རུས་པའི་གནད། །ཚིལ་དང་རུས་པའི་གནད་དུ་འདྲེས་པར་བཅོས། །ཆུ་རྒྱུས་གནད་རྣམས་རླན་དྲོད་འཐེམས་ཀྱིས་བཅོས། །ཆུ་ཆེན་ཆོད་ན་རྟ་རྐྱང་རྒྱུས་པས་བཙེམ། །རྨ་ལ་རྒྱུས་རྡོ་རྒྱུས་དཀར་པོ་སྣ་རིང་འཇམ་ཞིང་རྒྱུས་པ་འདྲ་ལ་འབོལ་བ། མཐིང་རྒྱུས་ནི་དེ་དང་འདྲ་བ་ལ་དེ་ལས་ཅུང་མཁྲེགས་པའི་སྔོན་པོ། སྦ་རྒྱུས་སམ་འབའ་རྒྱུས་ནི་རྒྱུས་པ་དང་འདྲ་བ་ལ་ཀྲོན་ཞིང་སྨུག་ཁམ་མོ། །གསུམ་རྟ་བོང་མཁྲིས་སྦྱར་གདབ། །རྡོ་རྒྱུས་ཤུ་དག་བྲག་སྤོས་ཨ་རུ་ར། །གླ་སྒང་བསྐོལ་ཞོ་སྤྱིན་ཆུ་བག་ཕྱེ་བྱུག །ཡང་ན་གླ་སྒང་ཐལ་བ་རྒྱུས་པ་རྡོ་རྒྱུས་མཐིང་རྒྱུས་གཉིས། །དོམ་མཁྲིས་བག་ཕྱེ་སྦང་གར་ཆང་སྐྱུར་སྦྱར། །མིའམ་ཕྱུགས་ཀྱི་རྒྱུས་པའི་ཤ་བརྡུངས་བསྲེས་ཏེ་བྱུག་པར་བྱ། །རྨ་ཡི་གོང་འོག་ཕྱིང་པ་བརྩེགས་ལ་སྦྱར། །དེ་སྟེང་སྤ་སྲབ་བཏང་ལ་གསོན་ཆིངས་དང༌། །དེ་ཡི་སྟེང་དུ་ཤིང་ཆས་བསྐུར་བར་བྱ། །ཁོང་དུ་ར་ཡི་ཀླད་པ་བཙོས་ལ་བཏང༌། །ཚ་བ་སྐྱེས་ན་ཕག་མཁྲིས་གི་ཝཾ་ཀ་ར་སྦྱར། །རྨ་ཁར་སྐམ་ཆས་རེ་བལ་སྣུམ་བཙོན་རླན་དེ་སྟེང་སྤོད་དང་སྦང་མ་དབྱར་དགུན་དུས་དང་བསྟུན་དང་ལྡན་པ་སྟེ། །ཆུ་ཕྲན་ཆོད་ན་ཧེལ་གེ་སྣུམ་མེད་ནི། །སྤྱིན་གྱིས་ཟམ་བུར་སྦྱར་ཏེ་བག་ཕྱེའི་སྐྱོ་མ་བྱུག །ཕྱིང་པ་སྦྱར་ཞིང་གོང་འོག་ཨ་སས་ཟན་དྲོན་བདུག །རྨ་ལ་རྒྱུས་པ་རྡོ་རྒྱུས་མཐིང་རྒྱུས་སྦ་རྒྱུས་གསུམ་དང་དོམ་མཁྲིས་གདབ། །ཆུ་བ་ཁྲོས་ན་བུལ་ཏོག་ལན་ཚྭ་ཕྱེ་བཞུ། །འབྲུ་སྣ་ཆུ་རྒྱུས་ཚོགས་ཚད་ཞུན་གྱིས་གདུལ། །ཆུ་རྒྱུས་རུལ་ཏེ་རྒྱུས་པ་བལྡད་པ་འདྲ། །ག་བུར་དོམ་མཁྲིས་བྲག་སྤོས་ཨ་རུ་ར། །རྡོ་རྒྱུས་ཅུ་གང་ཀ་ར་སྦྱར་ལ་གདབ། །རྒྱུས་པ་ལྔ་(རྟ་ཕག་ལུག་གསུམ་གྱི་ཆུ་རྒྱུས་མཐིང་རྒྱུས་རྡོ་རྒྱུས་དང་)ཞོ་སྦྱར་བག་ཕྱེ་དང༌། །ཅུ་གང་ཐལ་གྱིས་བྲན་ལ་སྐམ་ནན་སྐམ་འདེབ་བྱ། །དྲུག་པ་མན་ངག་སྐབས་དང་སྦྱར་ལ་བཅོས་པ་ནི། །ཟུག་རྔུ་དབྱུང་དང་ཁྲག་ཤོར་བཅད་པ་དང༌། །ཚ་བ་བསད་དང་ཆུ་འཐུང་སྐྲངས་པ་གཞོམ། །རྣག་བཅད་ཟུག་པ་དབྱུང་དང་བྱུང་ཤོར་གཞུག །ཆག་པ་བཅིང་དང་སྤྱི་དོན་དགུ་ཡིས་བསྟན། །དང་པོ་མདེའུ་ཡོད་བརྟག་ཐབས་བཙལ་ཐབས་འདོན་ཐབས་གསུམ། །དང་པོ་བརྟག་པ་མདའ་དེའི་ཆས་རྒྱུས་པ་སོགས་གཡའ་ཡོད་ཁུང་སྟོང་དུ་ཁྲག་འཛེལ་མེད་ཅིང་བཅས་ཁང་ནག་འཐེན་པ་ལྟ་བུ་དང་། །རྨ་དབྱིབས་ཟུར་བཞི་ཁ་མ་ཉམས་པ་ཡི། །མནན་ན་མི་བཟོད་སྐད་ངན་འཆོར་བའམ། །ཚེར་མ་ཟུག་པ་མནན་འདྲ་དཀར་གྱི་འོང༌། །ཡང་ན་གཏིང་དུ་ལྷང་གི་སྦྲིད་པ་དང་། །རྨ་རྙིང་དུས་སུ་ཆུ་དམར་མི་ལྡོག་ཅིང༌། །ལྕགས་གཡའ་ཆགས་དང་འདི་ལ་འགྲེལ་པར་རྨ་ལ་ལྕམ་དྲེལ་ཞེས་དབུས་བྱེ་ནས་འབྱོར་དུ་མི་བཏུབ་ཅེས་འབྱུང་ངོ་རྩ་ལ་ལྕམ་དྲལ་རླུང་ཁྲག་ཁ་བྲག་ཏུ་སོང་བའི་དབང་གིས་རྩ་ཡང་དབུས་ནས་བྱེ་བ་འོང༌། །སྐད་ཕྲ་བྱུག་པ་སྐམས་སྐྱེན་བ་སྤུ་ལྡོག །ཤ་མདོག་དམར་སྔོ་ཡང་ན་ནག་པ་ཡིན། །མུ་ཟི་ལྡོང་རོས་ཡུང་བ་ནུ་ཞོ་སྦྱར། །བྱུགས་པས་དངོས་སུ་མདོག་འགྱུར་བ་སྤུ་ལྡང༌། །རྨ་ཁ་ཕྱིར་ལོག་ཟུག་ཆེ་སྐྲངས་པ་དང་། །རྣག་མདོག་སྔོ་དམར་ཁུ་རྩིགས་ཅན་དུ་འབྱུང༌། །ཨ་རུ་ཆུ་རྩའི་རེང་བུ་རྨ་རུ་བསྐྱལ། །ནང་པར་ཉ་སྐྱོགས་ཉ་ཕྱིས་སམ་འཁར་བའི་ནང་དུ་བཞོ། །གཡའ་ཆགས་དྭངས་སྙིགས་བྱེ་ན་ཡོད་པ་ཡིན། །གཉིས་པ་བཙལ་བའི་ཐབས་ལ་རྨ་གསར་པ་མདའ་ཕོག་དུས་ཀྱི་སྡོད་ལུགས་གང་ཡོད་ལྟར་བསྡད། །རྨ་ཡི་དབྱིབས་དང་ཆ་བྱད་བསྟུན་ཏེ་བཙལ། །རྨ་མེད་སྲ་འདྲིལ་ཀར་གྱི་འོང་བའི་ས། །ཐུར་མ་གཏང་ལ་ལག་ཉམས་བླངས་བར་བྱ། །ཆུ་ཏྲེབ་ཆུ་རྒྱུས་ལ་ཐུག་ན་ཏྲེབ་ཀྱང་མཁྲང་ཆ་ཉམས་པས་ཕྲེད་པའི་ཉམས་འོང་རུས་ཏྲེབ་རུས་པར་ཐུག་ན་སྲ་འཁྲག་བཟོད་པ་ཆེ་མདེ་ཏྲེབ་སེག་སེག་ཟེར་མཐའ་གཉིས་ཟད་པའོ་རྣམ་པ་གསུམ། །ཤིང་སྐད་སྦོམ་ལ་ཐུག་ཐུག་རུས་སྐད་ཀྲད་ཀྲད་མདེ་སྐད་སིལ་སིལ་སོ་སོར་བརྟག །རྙེད་དཀའ་ཁབ་ལེན་མདེ་འབྱིན་དུར་བྱིད་དང༌། །རྒྱ་རུ་དོམ་མཁྲིས་སྦྲང་གི་རིལ་བུ་ཡིས། །རྨ་བྱུགས་གང་ན་ཡོད་པར་ན་ཟུག་ལྡང༌། །གསུམ་པ་འདོན་ཐབས་ཐུབ་ན་ཕོག་པའི་ཉིན་པར་དེ་ག་རང་ནས་གདོན་པར་བྱ། །དེ་དུས་མ་ཐོན་ན་ཕྱེ་(ཕྱི)དུས་མི་ཀྲོག་ཀྲོག་ན་སྐྲངས་པ་འཆོར། །རྣག་ཏུ་ཁུགས་པའི་དུས་སུ་དབྱུང་བར་བྱ། །དེ་ཡང་སྨན་དང་དཔྱད་ཀྱིས་དབྱུང་བ་གཉིས། །སྨན་ནི་ཁབ་ལེན་བེ་སྣབས་མཉྫི་ར། །བ་བླ་སྦྲང་སྨྱོན་ཤར་བལྟས་བྱི་ཁུང་ས། །སྦྲུལ་ཚིལ་སྦྱར་བའི་ལྡེ་གུ་ཕྱི་ནས་བྱུག །ཁོང་དུ་བྱ་རོག་བྱ་མ་བྱི་ཡི་ཤ། །བྱ་རྒོད་ཁབ་ལེན་ར་མཉེ་བྱི་བའི་བྲུན། །ཆང་སྦྱར་བཏང་བས་རྨ་རུ་འབྱིན་པར་བྱེད། །ཡང་ན་སྦྲུལ་ཤ་ཁབ་ལེན་མདེ་འབྱིན་དང༌། །ལྕེ་ཚྭ་སྲུབ་ཀ་དུར་བྱིད་ཙན་དན་དམར། །དམིགས་སུ་བྱུགས་ཏེ་རྔབས་རས་དྲངས་པས་འདྲོངས། །ཅིས་ཀྱང་མ་ཐོན་སྨན་གྱིས་བཞུ་བར་བྱ་(མིའི་མཇུག་ཏོ་ཁབ་ལེན་སྦྲུལ་ཤ་ཆུ་རྩ་ལྕུམ་རྩ་ཤོ་རྩ་གོ་བོའི་གྲེ་བ་རྩི་སྟག་མོའམ་ཆུ་མ་རྩི་ལྕམ་པ་ཨ་རུ་སྦྱར་བ་རྨ་ལ་གདབ་ཁོང་དུ་བཏང་བས་དངོས་མེད་དུ་འགྲོ)། །དཔྱད་ཀྱིས་དབྱུང་བ་ཐུར་བརྟགས་གཙགས་བུས་སྐྱོན་དང་བྲལ་བས་པགས་པ་དྲལ་ལ་མདེའུ་མིག་ལམ་དུ། །མངོན་དང་མི་མངོན་ལག་འོག་ཏུ་དམ་དང་ལྷོད་པ་དང་། །མི་འགྱུར་བར་སྡོད་པ་དང་སུལ་དུ་འཕྱགས་འགརོ་བ་འཕྱོས་མཚོན་ལམ་རིང་ཐུང་བར་མ་དང་། །མདེའུའི་སྦང་(སྤང)ཁ་རྒལ་རྐང་ནང་དུ་མདེའུ་ལུས་པའི་མིང་དང་མདེའུའི་རྙི་བ་ཆད་པ་དང་རུས་པ་ཆེན་པོའི་སྲེབ་དུ་མདེའུ་འཐམས་པ་སོགས་བརྟགས་ཆ་བྱད། །སེང་གེ་ཁ་དང་སྐམ་ཆུང་ཀང་ཀ་མཆུ། །འཕྲུལ་སྐམ་མདེ་ཞབས་འཇབ་རྩེ་མདེ་གསོར་སོགས། །གང་ལ་གང་དགོས་མདེའུ་ཟུག་པའི་ས་དང་རིག་པས་དཔྱད་དེ་དབྱུང༌ཁྱད་པར་མདེའུ་རྐང་ལ་ལུས་པ་དང་འཐམས་པ་རུས་པ་གསོར་གྱིན་བྲུད་ལ་འབྱུང་ངོ་། །གཉིས་པ་རྩ་ཡི་ཁྲག་ཤོར་ཆོད་དང་རུལ་བ་གཉིས། །རྦད་ཆོད་ཤོར་ན་རྩ་ལ་ཁད་སྤུ་གཞུག །བྱང་ཐེམ་བྱ་དང་ཨུར་ལ་མནན་པ་དང་། །འོལ་ཁ་བསྒྱུར་དང་ཁོང་དུ་སྦ་བའོ། །དང་པོ་རྩ་ལ་ཁས་སྤུ་གཞུག་པ་རྒྱ་སྐྱེགས་མཁན་པ་སྐྱེར་པ་མཚེའི། །ཁཎྜ་མཁྲིས་པ་མི་དོམ་ཉའི་གསུམ་དང་སྤྲུ་མའི་འབྲུ་འདྲ་རྩ་བར་འབུ་ཁྲ་ཁྲ་ཁྲ་མེར་མེར་བ་དང་། །སྒོང་ཐོག་སྦྱར་བའི་འདག་པ་རྨ་ལ་བརྫང༌། །ཡང་ན་སྤྲུ་རྩའི་རེང་བུ་ཉ་དོམ་མཁྲིས། །གུར་ཀུམ་སྤྲུ་འབྲུའི་ལྡེ་གུ་བྱུགས་ལ་བརྫང༌། །ཡང་ན་ཁྲག་རྐང་སེར་པོ་ཁྲག་རྐང་སྟེ་མ་རྙེད་ན་མྱང་རྩི་སྤྲས་ཟོར་པ་མཁན་སྐྱ་དར་ཡ་ཀན་བེ་གུ་རྒྱབ་སྐྱ་སྟེ་ཁྲག་གཅོད་རལ་པ་ཅན། །དོམ་མཁྲིས་སྦྱར་བ་རྨ་ནང་བརྫང་བར་བྱ། །ཡང་ན་འགྲོན་ཐལ་སྨྱུག་མའི་ཤུན་པའི་ཐལ་བ་དང༌། །ད་ལིས་བུད་མེད་ཀྱི་མངལ་ཁྲག་མཁྲིས་པ་མི་དོམ་ཉ་གསུམ་དང་ཚོས། །ཤིང་ཚ་བུ་རམ་སྦྱར་ལ་རྨ་ནང་བཏང༌། །དར་བཀབ་སྟེང་དུ་བསིལ་བའི་འཇིབས་སུ་གཞུག །གཉིས་པ་བྱང་ཐེམ་ནི་རྨ་ནས་སོར་དྲུག་གོང་འོག་ཏུ། །རྡེའུ་མནན་ལ་རས་ཀྱིས་དམ་དུ་བཅིང༌། །དེ་སྟེང་ཕྱིང་པ་དམ་སྦྱར་ཤིང་བྱང་བཏང་། །དེ་སྟེང་ཤིང་བྱང་རྫོང་ཕྲང་དུ་བཞི་སྒྲོམ་བྱ་ཞེས་འབྱུང་རྩ་ཡི་གཡས་གཡོན་བཏང༌། །རས་ཀྱིས་བསྡམས་ལ་རྨ་ཁོལ་གཏོད་དེ་གསོ། །གསུམ་པ་ཨུར་ལ་མནན་པ་ནི་ཡ་ཐོག་མ་ཐོག་མེ་ཡིས་མནན། །བཞི་པ་རྩ་འོལ་ཁ་བསྒྱུར་བ་རྒྱུད་གོང་འོག་གཏར་བར་བྱ། །ལྔ་བ་ཁོང་དུ་སྦ་བ་གོང་གི་རྒྱ་སྐྱེགས་མཁན་པ་སྐྱེར་པ་མཚེ་རྣམས་ཀྱི་ཁཎྜ་ལ། །གུར་ཀུམ་ལི་ཤི་མཁྲིས་པ་གསུམ་སྦྱར་བཏང༌། །ཡང་ན་འབྲི་མོག་ཞུ་མཁན་མཁན་པ་ཚོས། །བསྡུས་ཁུར་དོམ་མཁྲིས་གུར་ཀུམ་ཤིང་ཚ་དང༌། །ག་བུར་སྦྱར་བ་བཏང་བས་ཁོང་དུ་སྦེད། །རྩ་ཡི་རྨ་ཁ་རུལ་ནས་ཁྲག་ཤོར་ན། །དོམ་མཁྲིས་ཅུ་གང་ནུ་ཞོས་བཀྲུ་བར་བྱ། །ག་བུར་དོམ་མཁྲིས་ཅུ་གང་ཀ་ར་གདབ། །ལྕགས་ཀྱི་ལྗང་པས་བྱང་བུ་རྨ་ཁ་དྲག་ཏུ་མནན། །ཁོང་དུ་ཚ་བའི་རླུང་དུས་དང་ཚ་དུས་འབྲོས་འདེད་གཅེས་པ་ཡིན། །རྩ་ནད་ཁོང་ནས་མ་བཅོས་ཐེམ་བྱས་ཀྱང༌། །ཁྲག་སྦ་བྱུང་ན་གསོ་དཀའ་དོན་མེད་འགྱུར། །གསུམ་པ་ཡན་ལག་རྨ་ཚད་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན། །དང་པོ་ཚ་བའི་རྒྱུ་ནི་ཁྲག་དང་མཁྲིས་པ་སྟེ། །དེ་ཡང་རྩ་དང་རུས་ལ་སྐྱེ་བ་ཡིན། །གཉིས་པ་ཚ་བའི་དབྱེ་བ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་ལ་ཚ་བ་ཤོར་དང་འཁྱིལ་བ་གཉིས། །རྐྱང་པ་ལྡན་འདུས་འཐབ་པར་སྐྱེ་བ་ལྔ་གསུངས་ཀྱང་འཐབས་ཚ་དྲུག་ཡོད། །གཉིས་པ་བྱེ་བྲག་ཁྲག་དང་ཆུ་སེར་རྣག་ཚད་གསུམ། །རྩ་ཚད་རུས་ཚད་ཟུག་རྔུའི་ཚ་བ་དྲུག །གསུམ་པ་དེ་རྟགས་སྤྱི་དང་བྱེ་བྲག་གཉིས་ལས་དང་པོ་ཚ་བ་སྟོད་དུ་ཤོར་བ་ནི། །གྲང་ཤུམ་བྱེད་ཅིང་མགོ་དང་ཚིགས་གཞི་ན། །དང་ག་མི་བདེ་དབུགས་ཐེག་གློ་སྙིང་འདར། །གཉིད་ཆེ་ལུས་ལྕི་ཁ་ཁ་མིག་སྤྲིན་སེར། །ལྕེ་རྩ་སྔོ་ཞིང་སྐམ་ལ་སོ་དྲེག་ཆགས། །རྩ་གྲིམས་ཆུ་དམར་རྨ་ཁ་དྲོད་ཆེ་སེར། །ཆུ་སེར་ཚ་བ་རྩ་སྦུབས་འཁྱིལ་བ་ནི། །རྩ་འཕྲིག་རྒྱུ་དཀའ་བ་ཆུ་སེར་གཞོགས་ལ་ཡང་ལྕི་འབྱུང༌། །ཕྲག་གོང་མི་བདེ་བཤུལ་ཤ་ན་བ་ཡིན། །སྐྲངས་དང་རྨ་ཚད་སྐྱེས་པ་རྐྱང་པ་སྟེ། །དེ་ལ་རྩ་ཆུ་ཚ་ན་ལྡན་ཚད་ཡིན། །ཕྱི་ཡུལ་ན་ལུགས་ཚ་ན་འདུས་ཚད་དོ། །འཐབ་ཚད་རྩ་ཆུ་གྲང་ལ་རྨ་ཚད་སྐྱེ། །ཡང་ན་རྨ་གྲང་རྩ་ཆུ་ཚ་བའོ། །གཉིས་པ་བྱེ་བྲག་དང་པོ་ཁྲག་ཚད་མིག་ཆུ་སྐྲངས་པ་དམར། །བསིལ་ལ་མི་དགའ་སྙིང་ལ་དྲོན་མོ་འདོད། །ནུབ་མོ་གཉིད་ཆུང་ཟ་ཟི་མང་བ་ཡིན། །གཉིས་པ་ཆུ་སེར་ཚ་བ་ལྡང་དུབ་འདྲེ་ལྟར་ན། །མིག་སྤྲིན་ཆུ་དང་སྐྲངས་སེར་ཚ་ཞིང་འཁྱུག །གསུམ་པ་རྣག་ཚད་རྩ་ནི་འདར་རམ་སྤུན་པ་ལ། །དང་ག་མི་བདེ་གཉིད་ཆུང་ལྡང་དུབ་ན། །བླ་རྡོལ་བྱེད་ཅིང་སྐྲངས་པ་མནན་མི་བཟོད། །བཞི་བ་རྩ་ཚད་གསུམ་དང་ལྔ་ལ་དྲག་པོར་སྐྱེ། །ལྔ་བ་རུས་ཚད་བདུན་དང་དགུ་ལ་རྐུན་བུར་སྐྱེ། །དྲུག་པ་ཟུག་རྔུའི་ཚ་བ་དྲག་ཤུལ་རྗེས་ལ་སྐྱེ། །ཀར་གྱིས་ཟུག་ལྡང་རྨ་ལ་ཁྲག་བཙན་འབྱུང༌། །ཟས་སྤྱོད་དལ་ཞིང་སྙོམས་དུས་བདེ་བ་ཡིན། །བཞི་བ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་ལ་བཅོས་པའི་ཐབས་དང་བསད་ཐབས་གཉིས། །དང་པོ་བཅོས་ཚུལ་རྒྱལ་བློན་དམངས་དང་བཅས་པ་སྟེ། །རྩ་ཚིགས་གནད་ལ་རྒྱལ་པོ་ལྟ་བུར་བཅོས་པ་ནི། །རྨ་ཁ་རང་གི་ཆས་བསིལ་ལ་རྨའི་གོང་འོག་གི་ཆས་དྲོད་སྦྱོར་བསྟེན་། །ཁོང་ཚད་བསིལ་སྨན་གྱིས་ཚ་བ་བཅག་ནད་ལ་རྣག་མི་འཇུག །ཚ་བ་རྨ་གོང་འོག་གི་དྲོད་སྦྱོར་བསྟེན་པར་འདུ་བ་ཡིན། །ཉེན་མེད་འཚོ་སྐྱེན་རྒྱལ་པོའི་བཅོས་ཚུལ་ལོ། །ཉྭ་རྨེན་གནད་ལ་བློན་པོ་ལྟ་བུར་བཅོས་པ་ནི། །འབྲོས་འཕྲང་མེས་བསྡམ་རྨ་ནས་དྲོད་ཀྱིས་ཚ་བ་དབབ་ཅིང་ཁོང་ནས་བསིལ་གྱིས་རྨ་ཚད་བསལ་བས། །རྣག་ཏུ་ཤོར་ན་འཕྲལ་དུ་སྦྱོང་ཡང་སྲོག་མི་འདོར་བ་ཡིན། །རྨ་ནས་དཀྲོག་ཅིང་ཁོང་ནས་བསད་པ་ནི་རྨ་ཁོང་གཉིས་ཀར་བསིལ་བརྟེན་པ། །འཚོ་བ་དང་སྐྱེན་ལ་འཆི་བའང་སྐྱེན་པས་དམངས་ལྟར་བཅོས་ཚུལ་ལོ། །གཉིས་པ་ཚ་བ་བསད་ཐབས་ཡར་འདྲེན་མར་འདྲེན་གཉིས༌། ཚད་སྟོབས་ཆུང་ན་མར་འདྲེན་འཇམ་པོས་བསད། །ཙན་དན་དཀར་པོ་གི་ཝཾ་བསིལ་སྟོད་ལ་ཅུ་གུར་ལི་སུག་བསྒྱུར་གསུམ་བ་ལེ་ཀ །ཧོང་ལེན་ཏིག་ཏ་ཨུཏྤལ་བ་ཤ་ཀ །ཀ་ར་སྦྱར་བཏང་རྩ་ཕྲན་མས་འཛེག་གཏར། །སྟོད་ཤོར་སྟོབས་ཆེ་ཡར་འདྲེན་ཐོག་བབས་བསད། །ག་བུར་རྒྱལ་བློན་བདུན་པ་དགུ་པ་སྦྱར། །རྩ་ཆེན་གང་རྒྱས་ཡས་བབས་ཁྲག་ཤེད་སྨད། །གཉིས་པ་ཚ་བ་འཁྱིལ་ན་བསིལ་ཅུ་གང་གུར་གུམ་གཉིས་སྟེང་སྟོད་ལ་ལི་ཤི་དང་སྨད་ལ་སུག་སྨེལ་བསྣན་པ་གསུམ་བ་ལེ་ཀ །གི་ཝཾ་དོམ་མཁྲིས་སེང་ལྡེང་བ་ཤ་ཀ །སོ་མ་ར་ཛ་ཀ་ར་སྦྱར་ལ་བཏང༌། །གཟེར་བའི་ཕྱོགས་དང་རྩ་དམིགས་གང་རྒྱས་གཏར། །གཉིས་པ་རྐྱང་པའི་ཚ་བ་རྨ་ལ་བསིལ་ཞུན་བྱ། །ཁོང་དུ་ཆུ་འཐུང་སྨན་ལ་རྟ་བྱས་ལ། །ཏིག་ཏ་སྤང་རྩི་ཨུཏྤལ་བ་ལེ་ཀ །ཀ་ར་སྦྱར་བ་ནམ་བཅག་མལ་ཞག་གཅིག་བཞག་གཅིག་བཏང་བ་བཏང༌། །ལྡན་པའི་ཚ་བ་རྨ་ལ་བསིལ་ནན་བྱ། །ཙན་དན་དཀར་པོ་བསིལ་གསུམ་སྟོད་ལ་ཅུ་གུར་ལི་དང་སྨད་ལ་ལི་སུག་ཛ་གི་ཝཾ་ལི་ག་དུར། །ཨུཏྤལ་ཀ་ར་སྦྱར་བ་ཁོང་དུ་བཏང༌། །རྐང་ལ་ལོང་རྩ་ལག་པ་ཨ་སོ་གཏར། །ལྔ་བ་འདུས་ཚད་ག་བུར་ཤིང་མངར་བ་ཤ་ཀ །བ་ལེ་ཀ་རྣམས་གོང་ལ་བསྣན་ལ་བཏང༌། །རྩེ་ཆུང་སྣོད་ཀ་དྲུག་འགོ་ལ་སོགས་གཏར། །དྲུག་པ་འཐབ་པའི་ཚ་བ་རྨ་ཁོང་བསྣོལ་ལ་(གང་ཚ་བའི་སྟེང་དུ་ཁང་སྨན་བསིལ་གྱིས་བསད་ཅིང༌། རྨ་ལ་མེད་པ་སྐྲོག་སེར་གྲང་བའི་སྟེང་དུ་དྲོད་སྦྱར་ལ་)བསད། །ཁྱད་པར་དང་པོ་ཁྲག་ཚད་དམར་ཆས་(ཧོང་ལེན་ཀྱི་ལྕེ་བ་ཤ་ཀ་བཙོད་)ཐང་བཏང་(ལ་རྩ་བོ་ཆེ)་གཏར། །གཉིས་པ་ཆུ་སེར་ཚ་བ་སེར་ཆས་(འབྲས་གསུམ་ཀྱི་ལྕེ་ཧོང་ལེན་སྟབ་སེང་བྲག་ཞུན་)ཐང་བཏང་(ལ་ཐུར་མས་)བསུ། །གསུམ་པ་རྣག་གི་ཚ་བ་ཕུག་ལ་འབྱར་སྐེམས་བྱ། །བཞི་བ་རྩ་ཚད་(སྐྱུ་རུ་ར་ཧོང་ལེན་བ་ཤ་ཀ་རེ་སྐོན་ཤིང་མངར་ཚོས་)ཐང་གཏར་མེ་དང་བསིལ་གྱིས་བཅག །ལྔ་བ་རུས་ཚད་(ལ་ཡར་འདྲེན་གྱི་)བསིལ་ཆས་ཆུ་དང་(མས་འདྲེན་གྱི་)སྨན་གྱིས་བཅག །དྲུག་པ་ཟུག་རྔུའི་ཚ་བ་(ལ་ཏིག་ཏ་བ་ཤ་ཀ་ཧོང་ལེན་གྱི་ཐང་)སྨན་གཏར་ཟས་ཀྱིས་བཅག །ཁྲག་དུས་ཚ་བ་སྟོད་ཤོར་ཡེན་ལ་གཏད་ཟས་སྐོམ་བསྡོམ་ཞིང་ཅུང་ཟད་རེ་བསྟེན་པ་ཡང་བསིལ་ཕྱོགས་གཅིག་བསྟེན་པའོ། །ཆུ་སེར་དུས་སུ་བསིལ་ལ་བཅུད་པ་སྐོམ་ཤ་རི་དྭགས་ཤ་མར་གསར་བསྟེན། །རྣག་གི་དུས་སུ་རྒྱལ་པོ་ལྟ་བུར་(ལུག་དང་སྐོམ་ཤ་གསར་པ་མར་སྦྲང་ཏིང་ཁྲོལ་གསར་འཇམ་གྱིས་)གསོ། །རྨ་རྒན་ཚ་བ་མི་ཆག་སྲ་ཞིང་ཧྲེམ། །རྩ་ལྟོ་སྦྲགས་ཏེ་ཕྱི་རྒྱུད་ལྟར་ག་བུར་ཉེར་ལྔ་སྦྱར། །གང་ཉེ་གཏར་ཞིང་རྨ་ལ་དྲོ་བ་བདུག །ཚ་བ་ཀུན་གྱི་རྒྱུ་ནི་ཆུ་སེར་ཁྲག །དེ་ཕྱིར་གསོ་དཔྱད་གཙོ་བོ་གཏར་བ་མཆོག །བཞི་བ་ཆུ་འཐུང་སྐོམ་ལྟར་བཏུང་དང་སྨན་ལྟར་བཏུང༌། །དང་པོ་སྐོམ་ལྟར་བཏུང་བ་རྩ་སྒོ་འགག་པ་སྟེ། །ཧོང་ལེན་མྱང་རྩི་སྤྲས་དང་ཡུ་གུ་ཤིང༌། །ལྕམ་འབྲུ་ཆུར་སྦངས་སྐོམ་དུ་བཏུང་བར་བྱ། །ཡང་ན་ཚོས་བཙོད་ཡུང་སྐྱེར་སྤྱི་ཞུར་དང༌། །སྤང་རྩི་ཙན་དན་དཀར་པོ་ཐོད་ལེ་ཀོར་རྣམས་བཏུང༌། །གཉིས་པ་སྨན་ལྟར་བཏུང་བ་ཁྲག་དུས་ཆུ་སེར་རྣག །ཁྲག་དུས་བྲག་སྐྱ་ཧ་བོ་ཧོང་ལེན་ཨ་བྱག་དང།། །ཚེར་སྔོན་ཆུ་བཏུང་ཡང་ན་ཙན་དན་དཀར། །སེ་རྒོད་སྟབ་སེང་རེ་རལ་ཆུར་སྦངས་བཏུང༌། །ཆུ་སེར་དུས་སུ་སྟབ་སེང་ཡུ་གུ་ཤིང༌། །ཤེལ་ཏ་ནགས་མའི་ཐང་ཆུ་ཨ་བྱག་ཕོ་རོག་ནོར་བུ་སྤ་ཡག་པ་སྟེ་དཀར་པོ་ཡར་འདྲེན་ཡང་ཟེར་དང༌། །བུ་རམ་སྦྱར་བ་ཚོས་ཁུས་འཕུལ་ལ་བཏང༌། །ཁྱད་པར་གི་ཝཾ་བཟང་དྲུག་མཁྲིས་སྣ་ཚོགས། །རིལ་བུས་རྩ་ཡི་ཆུ་སེར་སྐེམ་པར་བྱེད། །སྒོང་ཐོག་གླང་སྣ་སྤང་རི་ལ་སྐྱེ་བའི་ལུག་རུ་དམར་པོ་འདྲ་བ་ལ་ནང་གི་རྭ་འཁྱིལ་མེད་པའི་གླང་ཆེན་སྣ་ལྟར་འཕྱང་བ་དེའོ་ཐ་རམས་བྱ་རྐང་དང༌། །བུ་རམ་རིལ་བུས་ཤ་ཡི་ཆུ་སེར་སྐེམ། །སྟབ་སེང་ཚེར་སྔོན་ཁྲག་རྐང་ཨ་བྱག་གཟེར་འཇོམས་དང༌། །རེ་རལ་རིལ་བུས་རུས་པའི་ཆུ་སེར་སྐེམ། །དེ་བ་སྟོན་ཀ་སྤང་རི་མཐོ་སར་སྐྱེ་བ་མེ་ཏོག་སྔོན་ཆུང་ས་གཞི་ཁེབས་པ་འདྲ་བ་ཟེའུ་འབྲུ་དམར་པོ་ཅན་རོ་ཁ་བ་དེའོ་སུམ་ཅུ་ཏིག་དང་ཁུར་རྩ་ཡི། །ཐང་གིས་ཆུ་རྒྱུས་ཆུ་སེར་སྐེམ་པར་བྱེད། །ཤ་བ་ཁ་ཤ་བསེ་རུ་བུ་རམ་གྱི། །རིལ་བུས་ཚིགས་དང་པགས་པའི་ཆུ་སེར་སྐེམ། །ཁམ་བུའི་ཐལ་བ་ཐ་རམས་བྲག་སྤོས་པ། །ཀ་རའི་རིལ་བུས་ཆུ་སེར་སྐེམ་པར་བྱེད། །ཐོད་ལེ་ཀོར་དང་ཕ་ཝཾ་ལོང་བུ་དང་། །དར་ཡ་ཀན་གྱི་བུ་རམ་རིལ་བུ་ཡིས། །ཆུ་སེར་དུས་ཀྱི་སྐྲངས་པ་འཇོམས་པར་བྱེད། །རྣག་དུས་བསེ་རུ་བྲག་སྤོས་ཅོང་ཞི་དང་། །མུ་ཟི་ཞོ་དང་སྦྱར་བ་ཟངས་ལ་བསྒོས། །དེ་བཞུར་ཕྱེ་མས་རྣག་གི་རྒྱ་མཚོ་སྐེམ། །བ་ནུ་མུ་ཟི་རྟ་ལྤགས་རེ་སྐོན་པ། །ཁོང་བཏང་ལྡེ་གུ་བྱུགས་ན་སྐྲངས་པ་འཇོམས། །ཕ་ཝཾ་ལོང་བུ་སེར་ཤ་ལྕགས་ཕྱེ་དང༌། །སྒོ་ང་ཚོས་བྱུགས་ཁོང་བཏང་སྐྲངས་པ་འཇོམས། །བཟང་ཅུ་གུར་ལི་ཛ་སུག་ཀ་དྲུག་ཡུ་གུ་ཤིང་གིས་སྟོད་ཚད་སྲུང༌། །པི་པི་ལིང་དང་བྲག་སྐྱ་ཧ་བོ་འོམ་བུ་ཡིས། །སྣོད་དུ་ཚད་པ་མི་འཆོར་འཁྲུ་མི་སྲིད། །ཆུ་ཡི་ཡོན་ཏན་ཚ་བ་གཅོག་པ་དང༌། །དང་ག་བདེ་ཞིང་ལུས་ཤེད་སྐྱེ་བར་བྱེད། །གདོན་དང་ལུས་ཀྱི་བཀྲག་མདངས་ཤོར་ཕོ་བ་འབྱང་ན་སྤང༌། །ལྔ་པ་སྐྲངས་པ་གཞོམ་པའི་མན་ངག་ལ། །རྒྱས་བསྡུས་གཉིས་ལས་དང་པོི་གདོན་དང་འདུ་བ་གནས་ཀྱི་སྐྲངས་པ་གསུམ། །དང་པོ་གདོན་སྐྲངས་རྨ་མདོག་ལོག་དང་གྲང་ཤུམ་བྱེད། །ཆུ་བུར་ཉྭ་སྒང་འོང་ཞིང་སྐྲངས་མཆེད་སྐྱེན། །ཁྲག་རྣག་འཛག་ཅིང་ཤེ་རུལ་མནམ་པ་ལ། །འཛིམ་པ་སྟག་ཤ་མུ་ཟི་ཀྱི་ལྕེ་བ། །ཤུ་དག་སྤྱང་བྲུན་རྭ་གཞོབ་དྲི་ཆུ་བྱུག །ཡང་ན་གྲོག་ཞིང་ཐོག་སྤང་ཝ་སྤྱང་རི་བོང་བྲུན། །ཁྱི་སྤུ་ར་སྤུ་རྭ་གཞོབ་ཁྱི་ལུད་དང༌། །སྒོག་སྐྱ་དྲི་ཆུར་སྦྱར་ལ་བྱུག་པར་བྱ། །ཡང་ན་(སྦྲུལ་མགོ་སྡིག་པ་སྤྲུ་མ་སྦྱིན་སྲེག་གི་)ཐལ་བ་བཞི་དང་སྟག་ཤ་བ། །བ་ལྕི་ཆུ་ངན་ཕོ་མོ་འཁྲིག་པ་སྤྱད་དུས་མཚན་མ་ནས་འབབ་པའི་ཆུ་ཉག་ནལ་ནལ་བ་དེ་ཡིན་ཞུན་སྟེང་ཁྱི་སྤུས་མནན། །ཡང་ན་ནག་པོ་དགུ་དང་བཞི་སྦྱར་བྱ་དགུ་སྦྱོར་ནི་(བྱ་རོག་དང་ཁྱི་ནག་གི་མཇུག་སྤུ་ར་རོག་གི་སྐོག་སྤུ་གླང་རོག་གི་རྨོངས་སྤུ་བོང་ནག་གི་སྦངས་ཡུག་སའི་དོར་རྟ་ནས་ནག་བྲ་སྲན་མ་སྦང་གར་ཞོ་འབྲུ་མར་དང་བཞི་སྦྱོར་ནི་ཀྱི་ལྕེ་ནག་པོ་བོང་ང་ནག་པོ་རེ་ལྕག་ནག་པོའི་ཐལ་བ་བིག་པན་ཁུ་བར་ཞོ། །གཉིས་པ་འདུ་བས་སྐྲངས་པ་རླུང་མཁྲིས་བད་ཀན་གསུམ། །རླུང་སྐྲངས་སྐྱ་ལ་གསོབ་ཅིང་རྣག་མི་འབྱུང༌། །འཕར་ཞིབ་བྱེད་ཅིང་ཚིགས་ཁར་སྐྲངས་པ་ཡིན༌། །དེ་ལ་རྩ་འཕྲང་སྐྲངས་ན་མེ་བཙས་བསྲུང༌། །གོ་སྙོད་ལྕ་འབྲུ་ཀྱི་འབྲུ་ཚ་བ་གསུམ། །སྣེའུ་གཡར་ཞུ་དྲ་བའི་རྩ་བ་ཟྭ་ཡི་ཕྱི་མོ་ཟ་འདྲ་མ་སྟེ་བ་སྤུ་སྣོན་པོ་མེད་པའོ་མེ་ཏོག་དམར་ཨ་ཡ་ཟ་ཚོད་ཟེར་བ་དེ་ཡིན་དང༌། །ཆང་གླུམ་འགག་སྦང་མ་སྦྱར་ལ་འཇིབས་སུ་གཞུག །ཡང་ན་ལྕ་འབྲུ་མཁན་པ་སླེ་ཏྲེས་མཚན། །ཤུ་མོ་ཟ་དང་ལྕམ་པ་ཚ་བ་སྒ་པི་ཕོ་གསུམ། །ཏང་ཀུན་མར་ནག་སྦང་མ་སྦྱར་བས་མནན། །དམར་པོ་དགུ་དང་སེར་པོ་གསུམ་སྦྱོར་བསྔགས་དམར་པོ་དགུ་(བྱ་མཚའ་ལུའི་ཟེ་ཁྲག་ར་སེར་སྐྱའི་སྣ་ཁྲག་ཁྱི་རྒྱ་བོའི་སྣ་ཁྲག་བོང་བུ་གྭ་པའི་གཞུག་ཁྲག་མཛོ་གཡག་སེ་བོའི་སྦུབས་ཁྲག་རྟ་དྲུག་ཕྲོམ་གྱི་རྐན་ཁྲག་ན་ཆུང་མའི་མངལ་ཁྲག་ཚོས་བཙོད་གར་པོ་ཞོ་རྗེན་ཕྱེ་མར་ནག་སྦྱར་བ་དང༌། སེར་པོ་གསུམ་སྦྱོར་སྒོ་ངའི་སེར་ཐིག་ཉ་ཚ་ཀུ་བ། གླུམ་ཉེ་མཛོ་ཞོ་མར་ཁུ་སྦྱར)། །ཤིན་ཏུ་སྟོང་སྦོས་ཆུ་སེར་བཙག་ལ་ཨ་སས་ཟན་དྲོན་བདུག །འབའ་ཆ་མི་ཤ་མཁན་སྤྲུ་ཆང་བཙོས་མནན། །གཉིས་པ་བད་ཀན་སྐྲངས་པ་ཆེ་ལ་ཞི་བ་དཀའ། །དྲོད་མེད་མཁྲང་འཇམ་ཉྭ་ཡི་སྟེང་དུ་སྐྲངས༌། །དེ་ལ་ཉེ་ཤིང་ལྕུམ་རྩ་ཚ་བ་སྒ་པི་ཕོ་གསུམ། །གོ་སྙོད་ཚ་ཕབས་སྦང་གར་རྗེན་ཕྱེ་ཞུན། །ཡང་ན་སྲུབ་ཀ་དབྱི་མོང་ཚ་བ་སྒ་པི་ཕོ་གསུམ། །མ་ནུ་ཉི་དགའ་གར་པོ་ཞུན་དུ་གཞུག །ཡང་ན་ར་དུག་རེ་ལྕག་ཏང་ཀུན་དང༌། །ཤུག་པ་མཁན་པ་བྱ་བྲའི་ཕུག་རོན་བྲུནའི་ལུམས་སུ་གཞུག །ཡང་ན་སོག་རུ་(རྨ་ལྷོག་སྐབས་ཀྱི་)སེར་པོ་བདུན་སྦྱོར་ཤིས་པ་ཡིན། །གསུམ་པ་མཁྲིས་སྐྲངས་དམར་རྩ་དྲོད་ཆེ་རེག་མི་བཟོད། །རྒྱ་སྐྱེགས་བཙོད་དང་ལི་གྲི་ཡུག་སེར་ཙག་རྣམ་ཙག་ཡུག་མཚལ། །རྟ་བོང་ཁྲག་དང་སྦང་གར་ཞོ་བཙགས་མནན། །སེར་པོ་དགུ་(ཡུང་སྐྱེར་ལྕུམ་རྩ་ར་མཉེ་བ་བླ་ལྡོང་རོས་ཉ་ཕག་མི་མཁྲིས་སྦང་མར་སྦྱར་བའི་ཞུན་ནན་)དང་(རྨ་ལྷོག་སྐབས་ཀྱི་)དམར་པོ་བདུན་སྦྱོར་བྱ། །གསུམ་པ་གནས་ཀྱིས་སྐྲངས་པ་ཉྭ་རྨེན་རྩ་ཚིགས་བཞི་འདིར་ཉྭ་རྨེན་རྩ་ཚིགས་བཞི་ཟེར་ཡང་རྨེན་གྱི་སྐྲངས་ལ་བཅོས་ཚུལ་མ་བྱུང་བ་བརྟག་གོ། །རྩ་སྐྲངས་དམར་མཁྲང་ཚ་འཁྱུག་རྩ་སྟེང་སྐྲངས། །དམར་སྦྱོར་རྒྱས་འབྲིང་ཕྱི་རྒྱུད་ལྟར་གསུམ་གྱིས་རྩ་ཤེད་བཅག །སྦང་གླུམ་གར་སྒོ་ང་བག་ཕྱེ་ཞོས་གཞི་བྱས། །ལུག་ཞོ་ཙམ་པ་རྩེ་འཇམ་བསྲོས་ལ་བྱུག །རྒྱ་སྐྱེགས་བཙོད་རམས་ཡུག་སེར་ཙག་རྣམ་ཙག་ཡུག་འབྲུ་མར་སྦྱར། །མ་ཐུབ་རྒྱ་སྐྱེགས་བཙོད་ཞུན་སྦྲེ་གུ་སེར་ཐིག་དང༌། །རྟ་བོང་ཁྲག་དང་འབྲུ་མར་སྦྱར་ལ་བཏང༌། །དེས་ཀྱང་མ་ཆོམས་མངལ་ཁྲག་ཚོས་བཙོད་མཚལ། །སྤང་སྤོས་ག་དུར་སེར་ཐིག་འབྲུ་མར་སྦྱར། །ཉྭ་སྐྲངས་སྐྱ་མཁྲང་དྲོད་མེད་སྦྱིག་པོར་སྐྲངས། །སྐྱ་སྦྱོར་རྒྱས་འབྲིང་གསུམ་གྱིས་ཉྭ་ཁྲོས་འདུལ་(བ་ལ་དང་པོ་མཁན་པ་སྤྲུ་མ་སྒོ་ང་དཀར་པོ་ཞེས་མེད་འཇོམས་སོ་སྒོ་རོང་ངམ་སྒོང་རོ་གསུམ་དང་སྦྱར། དེས་མ་ཐུབ་སྐྱ་གསོབ་ཏུ་སྐྲངས་ན་གོ་སྙོད་དབྱི་མོང་ཐལ་བ་ལྕམ་འབྲུམ་རེ་ལྕག་ཚ་བ་གསུམ་སྦྱར། །དེས་མ་ཐུབ་སྔོན་པོ་རྡོ་ལྟར་སྐྲངས་ན་ཚ་བ་གསུམ་མཁན་པ་སྤྲུ་མ་ཀླད་པ་མིའི་རྐང་མགོ་བྱ་རྒོད་ཤ་ལྕ་འབྲུམ་སྦྱར་ལ་བྱུག) །གླུམ་ཉེ་ལུག་ཞོ་སྒོ་ང་བག་ཕྱེ་སྦྱར། །རྩེ་འཇམ་བསྲོས་པ་རྒྱ་ཆེར་ནོན་པར་བཏང༌། །ཚིགས་སྐྲངས་མདོག་ནག་དྲོད་དང་ལྷང་ཀྱོག་ཆེ། །ནག་སྦྱོར་རབ་འབྲིང་གསུམ་གྱིས་རུས་ཚད་བཅག་(པ་ལ་དང་པོ་རྩ་བ་ལྔ་འབྲུ་མར་སྦྱར་ལ་བྱུག །དེས་མ་ཕན་ལྷང་ཀྱོག་ཆེ་ན་ཐབ་འོག་ས་ཁང་སའི་སོ་ཐོག་འབྲུ་མར་སྦྱར། །དེས་མ་ཐུབ་རྨ་ཁ་གཞའ་སེར་ནག་ཏུ་སྐྲངས་ན་སོ་ཐོག་ལྕགས་ཕྱེ་རྒྱ་ཤོ་རི་བོང་རིལ་མའི་ཐལ་བ་སྤང་རྒྱན་ཨ་རུ་སྦྱར་ལ་བྱུག)། །སྦང་གར་ར་ཞོ་སྒོ་ང་བག་ཕྱེ་དང་། །ནས་ཚིག་གཞི་བྱས་ལུག་ཞོ་ཙམ་ཞིག་བྱུག །རྩ་ལ་བྲུན་བྱི་བྲུན་གྱིས་ཁད་སྤུ་འཆོར་བ་སྟེ། །རུས་ལ་སྤོད་ཀྱི་ཞུར་ནན་ཀྱིས་ཚད་པ་སྐྱེ་བར་བྱེད། །ཉྭ་ལ་སྣུམ་གྱིས་ཞུན་ནན་འདྲེད་པས་སྤང༌། །གཉིས་པ་མདོར་བསྡུས་སྐྲངས་ལ་ཚ་སྐྲངས་གྲང་སྐྲངས་གཉིས། །དང་པོ་ཚ་སྐྲངས་དྲོད་ཀྱིས་རྨ་ཆས་སྐམ་རླངས་ཆེ་ཚ་ལ་དམར། །གང་དང་ཉེ་བའི་རྩ་ལ་མང་དུ་གཏར། །ཐུར་མས་གཙགས་ལ་ཆུ་ལྕག་བཟོད་ཚད་བརྡེག །ཡང་ན་བུལ་ཏོག་ཆུས་བཀྲུ་རྔབས་རྭ་གཟུགས། །འབུར་ནས་གཤགས་ལ་ཆུ་སེར་ཡང་ཡང་དབྱུང༌། །དེ་རྗེས་ཅུ་གང་ཧོང་ལེན་ཆུ་རྩ་དང་། །ཡུང་བ་སྤང་རྒྱན་གངས་ཆུ་སྦྱར་བྱུགས་ལ། །ཀྱི་ལྕེ་བ་ཞོ་སྦང་མ་སྦྱར་ལ་གཡོག །དེས་མ་ཐུབ་ན་ཚེར་སྐྱ་མའི་ལོ་མ་འབུར་སྐྱི་འབུར་སྒོ་ངའི་སེར་ཐིག། །གྲོ་ལོ་ཚེར་སྔོན་སྲད་མའི་མེ་ཏོག་དང༌། །སྙི་བ་སྤང་རྒྱན་བྲག་སྤོས་སྐར་ཆུ་སྦྱར། །དེ་སྟེང་སྦང་མ་བསྲོས་པའི་འཇིབས་ཀྱིས་དྲང༌། །དེས་མ་ཐུབ་ན་སྐྱུར་གྱིས་དག་བཀྲུས་ལ། །བྱང་པ་མུ་ཟི་རྒྱ་ཚྭ་བུལ་ཏོག་དང༌། །སེང་ལྡེང་མར་རྙིང་ཕག་ཚིལ་སྦྱར་བ་བྱུག །ཆང་འགག་སྦང་མ་གླུམ་བསྲོས་པའི་འཇིབས་ཀྱིས་དྲང༌། །དེ་རྗེས་བཤད་མ་ཐུག་པའི་སྤྱི་འབུར་སོགས་སྐྱི་བསྲུང་བྱུག་ཅིང་བསིལ་ནན་བྱ། །དེས་མ་ཐུབ་ན་རྩ་ལྟོ་སྦྲགས་པས་སྦྱང།། །དེས་ཀྱང་མ་ཐུབ་ན་སྔར་བཤད་པའི་ཁྲ་བོ་དང་ནག་པོས་དགུག །གཉིས་པ་གྲང་སྐྲངས་སྐྱ་གསོབ་དྲོད་མེད་མནན་ཤུལ་འོང༌། །ལྕ་རྒོད་སྤྲུ་མ་གོ་སྙོད་བཅའ་སྒ་དང༌། །ཤུག་པ་མར་ནག་སྤོད་སྒ་གཡེར་སོགས་སྦྱར་བསྲོས་པ་བཏང༌། །ཡང་ན་མཚེ་མཁན་སྦང་བསྲོས་འཇིབས་སུ་གཞུག །མ་ཐུབ་ལུག་མིག་ལྕེ་ཚ་སྲུབ་ཀ་དང༌། །སེར་ཤ་ཤ་མོ་ཉ་མཁྲིས་ལྕམ་པ་སྒོ་ངའི་སེར་ཐིག། །བ་ཆུ་མེ་ལོང་གཡའ་སྦྱར་སྦང་འཇིབ་བྱ། །དེས་ཀྱང་མ་ཐུབ་རྒྱ་ཚྭ་བཅའ་སྒ་དང༌། །ཚིལ་ཆེན་བྱུགས་ལ་སྟེང་དུ་སྦང་སྐམ་དང་། །བྱི་བྲུན་ཆང་དུ་བཙོས་པའི་ལུམས་ཀྱིས་གདུལ། །སྐྱར་མོའི་ཆུ་བྱ་སྐྱར་མོ་སྟེ་ཉ་ཁྲའང་ཟེར་སྤུ་གཞོབ་ཕོ་རོག་སྐྱ་ཀ་དང་། །ཁྲ་ཡི་བྲུན་དང་ཟར་མའི་མར་ཁུ་བྱུག །དེ་སྟེང་སྔར་བཤད་པ་ལྟར་ཁྲ་བོའི་ལུམས་ཀྱིས་རྣག་ཏུ་དགུག བདུད་རྩི་མིའི་དྲི་ཆེན་ཐལ་བ་ཀླད་རུལ་ཚ་བ་སྒ་པི་ཕོ་གསུམ། །ནས་ཚིག་ཕྱེ་སྦང་གར་གླུམ་འབྲུ་མར་མི་རུས་ཀྱི་ཞུན་ཆེན་ཞོ། །ཤིན་ཏུ་རྣག་མ་ཁུགས་ལ་བསྔགས་པ་ཡིན། །དྲུག་པ་རྣག་བཅད་པ་ཡི་མན་ངག་ལ། །རྒྱུ་དང་སྐྱེ་ཡུལ་གནས་རིགས་བཅད་ཐབས་ལྔ། །དང་པོ་ཚིགས་པར་འགུལ་བསྐྱོད་ཀྱི་ལས་བྱེད་ཤ་ལ་མཚོན་ལུས་དང༌། །ཉྭ་རྡུངས་རྩར་རྒྱུ་རྨ་ཚད་རུས་ལ་ཞེན། །ཚ་བའི་བསྐོལ་གྱི་ལུམས་སྔས་གཏར་ཕྱིས་རྣག་གི་རྒྱུ། །གཉིས་པ་སྐྱེ་ཡུལ་རྩ་ཁ་ཤོར་དང་ཤ་རུལ་མྱགས། །རུལ་མྱགས་རུས་པ་ཟ་ཀོང་གསུམ་ལ་སྐྱེ། །གསུམ་པ་གནས་ས་ཉྭ་སུལ་རུས་དང་ཚིགས་པར་གསུམ། །བཞི་བ་དེ་རིགས་ཚ་འབྱམས་གྲང་འབྱམས་རྣམ་པ་གཉིས། །རླུང་བརྟེན་རླུང་ལ་བརྟེན་པའི་རྣག་བཞོ་མི་དགོས་པར་འབབ་ལྦུ་བ་ཆེ་བཞོས་ན་སྟོང་ཀྱལ་དུ་འགྲོ་རྣག་དང་རྣག་ལ་བརྟེན་པའི་རླུང༌། །ལྔ་བ་བཅད་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་ལ་སྨན་དཔྱད་ཟས་དང་སྤྱོད་ལམ་བཞི། །དང་པོ་སྨན་ནི་མུ་ཟི་བསེ་རུ་དོམ་མཁྲིས་དང་། །ཅུ་གང་རྣམ་པར་ཡུ་གུ་ཤིང་ཨ་བྱག་ཚེར་སྔོན་ཨ་རུ་ར། །ཀ་ར་སྦྱར་བའི་ཕྱེ་མས་རྣག་རྣམས་སྐེམ། །ཡང་ན་ག་བུར་བཟང་ཅུ་གུར་ལི་ཛཱ་སུག་ཀ་དྲུག་གྭ་དོར་རྒྱ་ཤ་ཁ་གསུམ། །ཨུཏྤལ་ཀ་ར་སྦྱར་བ་བ་ཆུས་དབུལ། །ཡང་ན་མུ་ཟི་ཅུ་གང་དོམ་མཁྲིས་དང༌། །བསེ་རུ་སྟབ་སེང་འཇིབ་རྩི་སྦྲང་མར་སྦྱར། །རྣག་གཞུག་ལག་པར་འབྲས་གསུམ་གྱི་སྨན་མར་གྱིས་ཕྱི་རྒྱུད་ལྟར་གྱིས་བཅད། །རྐང་པའི་རྣག་གཞུག་རྩ་བ་སྨན་མར་ཕྱི་རྒྱུད་ལྟར་ལྔ་ཡིས་བཅད། །བཟང་དྲུག་རྭ་སྣ་མཁྲིས་སྣ་ཁ་ཚར་གདབ། །གཉིས་པ་དཔྱད་ཀྱིས་བཅད་པ་དེབ་འཆིངས་ཁྲུས་དང་གཏར། །དང་པོ་དེབ་ལ་ཆིག་རྐྱང་ཕོ་དེབ་གཉིས་པ་བརྩེགས་མོ་དེབ་གསུམ་པ་བརྩེགས་ཡང་དེབ་གསུམ། །སུལ་སྒོ་ཚིགས་མིག་ལ་སོགས་རྣག་ཡུལ་སྦྱར། །གཉིས་པ་དེ་སྟེང་མཐའ་ནས་འདེད་ཆིངས་དག་ཏུ་བཅིང༌། །གསུམ་པ་ཁྲུས་ནི་དང་པོ་རྣག་དུས་བུལ་ཏོག་ཆུ་ཡིས་བཀྲུ། །བར་དུ་རྣག་རོ་ཐོན་ཤུལ་དུ་ཅུ་གང་དོམ་མཁྲིས་ཀ་རས་རྨ་ཚད་གཅོག་བུ་རོ་འབྱིན་ཤའུ་གསོ་སྐྱེད་བྱེད་བཀྲུ། །ཐ་མ་རྣག་ཆོད་ནས་གུར་ཀུམ་དོམ་མཁྲིས་ཆུ་ཡིས་པགས་པ་འབྱོར་ཤའུ་སྐྱེ་བཀྲུ། །ཁྱད་པར་རྣག་དམར་འབྲི་མོག་དོམ་མཁྲིས་བྲག་སྤོས་ཆུས་བཀྲུ་སྔོ་ཚ་བ་གསུམ་དང་ཆང་གིས་བཀྲུ་དུད་ཀ་སྟག་ཤ་གླ་རྩའི་ཆུས་བཀྲུ་སྐྱ་བོར་དོམ་མཁྲིས་ཀ་ར་མའི་ནུ་ཞོས་བཀྲུ་འགྱུར། །བཞི་བ་གཏར་ག་ནི་ཚ་བ་ཆེ་ཆུང་རྣག་མདོག་དང་ཁྲག་ཤས་ཆེ་ཆུང་སྦྱར་ལ་གཏར། །གསུམ་པ་ཁ་ཟས་དང་པོ་གསར་ལ་བཅུད་པ་བསྟེན། །ཐ་མ་རྒྱལ་པོ་ལྟ་བུར་བཅོས་པ་དང༌། །བཞི་བ་སྤྱོད་ལམ་དྲག་ཤུལ་བུད་མེད་སྤང་བར་བྱ། །ཁྱད་པར་རྩ་ཁ་ཤོར་ན་རྩ་རྒྱུད་གོང་འོག་ལ་མེ་བཙའ་དང་། །གང་ཉེ་གང་རྒྱས་ལ་གཏར་ག་གདབ་སྨན་(ག་བུར་ཅུ་གང་ཉ་སྲམ་འཕྱི་མཁྲིས་ཤེལ་ཏ་ཙན་དན་མར་ཁུ་ཀཎྜ་ཀ་རི་སྐྱེར་ཤུན་འོམ་བུའི་བར་ཤུན་ཀ་ར་སྦྱར་ལ་བཏང་གུར་ཀུམ་དོམ་མཁྲིས་ཀ་ར་བཙོད་ཁུས་འཕུལ་བ་)དང་(རྟ་ལྤགས་བྲག་སྤོས་སྒོ་ང་མཁྲིས་སྣ་བག་ཕྱེའི་སྐྱོ་མ་བྱུག་རྩ་སྟེང་ཕྱིང་དེབ་ཉིས་རིམ་བཏང་བའི་)ཆས་ཀྱིས་བཅད་པར་བྱ། །རུལ་མྱགས་ཁྲུས་(དུར་བྱིད་དན་རོག་ཤྲཱི་ཁཎྜ་སེར་མཚུར་སེ་འབྲུ་དོམ་མཁྲིས་ཀྱི་རིལ་བུ་རྣག་ཕུགས་བསྐྱལ་དེས་མང་དུ་སོང་ན་ཁ་ཟས་སྤྱོད་པ་ཟས་རྡེག་པ་སྟེ་རྨའི་རྣག་བཤལ་)དང་(དྲེས་ཐལ་ནས་ཀྱི་ལྗང་པའི་ཐལ་བ་བླ་མཁྲིས་སྣ་ཞོ་བག་ཕྱེ་མར་ནག་སྦྱར་བའི་)ནན་དང་(མི་དང་ཉ་མཁྲིས་ད་ལིས་སྐྱེར་པ་འདམ་བུ་ཀ་ར་འོམ་བུའི་བར་ཤུན་ཀ་ར་བཏབ་པའི་)སྨན་གྱིས་བཅད། །རུས་པ་ཟ་ཀོང་རྣག་གི་བཟོས་པས་སྐྱོང་བུས་བྲུད་ལ་དེ་སྟེང་ཏེལ་པས་བསྲེག་སྨན་གྱིས་བཅད་(པ་ནི་བསེ་རུ་མུ་ཟི་རྣམ་པར་དོམ་མཁྲིས་འབྲུག་རུས་སྦྲང་སྦྱར་བ་ཁོང་དུ་བཏང་རྒྱ་ཚ་བྱང་པ་འབྲུག་རུས་མཚལ་སྦྱར་བ་རྨ་ལ་གདབ)། །ཉྭ་སུལ་རྣག་ལ་སྨན(མུ་ཟི་བསེ་རུ་བྲག་སྤོས་ར་མཉེ་ཉེ་ཤིང་འབྲུམ་ཤུག་པ་སྤང་མའི་འབྲས་བུ་རྩི་སྔོ་ཐུལ་བའི་མེ་ཏོག་ཨ་རུ་སྦྲང་སྦྱར་ཁོང་དུ་བཏང་། །མཚེ་ཁུ་ར་མཉེ་སྒོ་ང་བག་ཕྱེ་ཞོ་བྱུག་སུལ་དང་འཚམ་པའི་དེབ་བཏང་འདེད་པའི་)འབྱར་ཆིངས་ཀྱིས་བཅད། །བར་རྣག་སྨན་(སྟབ་སེང་ཆ་གཅིག་མུ་ཟི་ཆ་གཉིས་ཅུ་གང་དོམ་མཁྲིས་བསེ་རུ་ཆ་ཕྱེད་དངུལ་ཆུ་སྦྲང་མར་ལྡེ་གུ་བཏང་བ་)དང་ཁྲུས་དང་ཆིངས་ཀྱིས་བཅད། །ཚིགས་རྣག་དེབ་ཆིངས་སྔར་བཤད་པ་ལྟ་བུའི་སྒྱོགས་ཀྱིས་བཅད་པར་བྱ། །ཚ་འབྱམས་(ཤ་གྭ་དོར་ཤ་རུ་ཅོ་གའི་ཀླད་པ་སོ་བྱའི་ཁྲག་སྤང་མ་མཐིང་ཤུན་ཕུར་ཡོག་ཐལ་བ་ཀ་ར་སྦྱར་རྨ་ཁོང་གཉིས་ཀར་བཏང་)གྲང་འབྱམས་(ལ་རྨ་ཁོང་དུ་ཆོས་སྨན་རུ་རྟ་སྦྲང་རྒོད་བསྣན་ལུག་ཤ་དང་ཆང་བཏང་)སྨན་དང་ཟས་ཀྱིས་བཅད། །རླུང་ལ་བརྟེན་པའི་རྣག་རྣམས་བསིལ་བཅུད་ཀྱི་ཟས་དང་སྨན་མར་གྱིས་ཁོང་ནས་བཅོས། །རྣག་ལ་བརྟེན་པའི་རླུང་ལ་རྨ་ནས་ཁྲུས་འབྱར་ནན་གྱི་བཅོས། །བདུན་པ་རུས་ལ་ཟུག་པ་དབྱུང་བ་ནི། །ཕྱི་ནས་ཟུག་དང་ནང་ནས་ཟུག་པ་གཉིས། །དང་པོ་ཕྱི་ནས་ཟུག་པ་རྣག་ཆུས་རུས་པ་ཟོས། །སྔོའམ་སྨུག་གམ་ནག་གམ་སྤ་བཅད་འདྲ། །དེ་ལ་རྩི་ཉམས་ལྷ་བ་ཆུང་བའམ། །གཏིང་དུ་མ་ཞེན་པ་ལ་སྤྲ་བས་བསྲེག །ལྷ་བ་ཆེ་དང་མ་གདན་བསླེབས་པ་ལ། །ལྕགས་ཀྱིས་འཚོས་པར་བསྲེགས་པས་མཚམས་སུ་སྲེགས་ལ་དབོག །རྩ་དང་བཅས་ན་ཞུན་མར་ཁོལ་མ་དང་ཏེལ་པས་རྨ་ཁ་ལ་བསྐོལ། །ཤ་ཆུང་ལྷ་བ་ཆེ་ན་ཀྱོང་བུས་བྲུད། །འཇིབས་དང་ནང་འཚངས་ཁ་ཞུན་མགོ་དང་མགོའི་རྒྱུས་པ་བྲུད་རྗེས་སུ། ལྷ་རོ་ཞོ་དང་སྦྱར་བས་ལྷ་དམིག་དགང་། །སྤང་མ་ཕབས་དང་སྦྱར་བས་ཁ་ཤ་གཡོག །ཅེས་པ་དང་མཐུན་ནོ་མཐུན། །དང་པོ་ནང་ནས་ཟུག་པ་རྐང་གས་ཆུ་སེར་ཞུགས། །ཟུག་ཆེ་ཤ་སྐམ་མདོག་སྔོ་ལྷང་ལྷང་ན། །དེ་ལ་རུས་པ་བརྟོལ་ལ་ཆུ་སེར་འཇིབ། །སྟབ་སེང་ཁུ་བ་དོམ་མཁྲིས་ཀ་ར་བླུག །དར་དང་མར་ཚིལ་སྲིན་བལ་རས་གཟེབ་བཏང༌། །གཡག་རྒོད་ཀྱི་རྐང་སྟབ་སེང་དོམ་མཁྲིས་རྨ་རྩིར་གདབ། །སྦང་མས་འཇིབས་ཆོང་ཆོང་སོང་ལ་ལ་ཆུ་སེར་ལྷག་མ་དྲང༌། །གལ་ཏེ་སྐྲངས་ན་ཨ་ས་འབའ་ཆས་བདུག །དེབ་ཆིངས་སྔར་བཤད་པ་ལྟར་བསྡམ་ཞིང་ཁོང་ནས་སྨན་གྱིས་གསོ་(འབྲས་བུ་གསུམ་སྟབ་སེང་འབམ་པོའི་སྨན་མར་སྤོས་དཀར་བྲག་སྤོས་པྲི་ཡང་ཀུ་སྐྱུ་རུ་སྐྱེར་པ་སྦྲང་སྦྱར་ཁོང་དུ་བཏང༌)། །སྐྲངས་རྒྱས་རྣག་ཆུས་ཤ་རུས་རྩ་རྣམས་རུལ། །ལྷ་རུ་ཆད་དང་ཚིགས་ཆུ་ཚིགས་འབྲས་འབོག་ཀྱང་སྲིད། །ནད་ཟོ་དང་ག་བདེ་ན་གསོ་རུ་རུང༌། །(སྟབ་སེང་གི་ཐང་བཏང་ཨ་བ་མར་སྦྱར་བཏང་ཨ་བྱག་བྲག་སྤོས་སྒོག་སྐྱ་སྦྲང་དང་སྦྱར་བའི་)སྨན་དང་ཁ་ཟས་(གོང་བསྲེག་ཁྱིམ་བྱ་སྐོམ་ཤ་སྦྲང་ཆང་ཡོས་ཆང་བཏང་ཤ་རོ་ལྕགས་ཀྱིས་)བསྲེག་དང་བཅད་པས་བཅོས་སྐྱོན་གང་ཡོད་ཀྱི་(རུས་པ་སྐམ་པས་བསྡམས་ལ་གསོན་གཤིན་མཚམས་སུ་སོག་ལེས་བཅད་འཇིབས་དང་ཁ་ཞུན་རྨ་ཁ་འཇོམས་པར་བྱེད་པའི་ལྕགས་ལ་རྒྱུག་བཏང་བ་ལྟ་བུས་བསལ་ཁ་ཞུན་བྱ་རུས་རོ་གསོན་གཤིན་མཚམས་སུ་བོག་པ་དང་རྨ་རྩི་ཁ་ཞུན་བྱ)། །སྤྱིའི་ས་བཅད་བརྒྱད་པ་བྱུང་ཤོར་གཞུག་པའི་ཐབས་བསྟན་པ། །འཆོར་ས་ཤོར་རྟགས་གཞུག་ཐབས་བསྟེན་པར་བྱ། །དང་པོ་འཆོར་ས་གཡས་གཡོན་སྟེང་འོག་རྣམ་པ་བཞི། །དཔུང་པ་པུས་མོ་སྟེང་དུ་འཆོར་མི་སྲིད། །རྒྱ་ཚིགས་མཁྲིག་མ་གཡས་གཡོན་འཆོར་མི་སྲིད། །གྲུ་མོ་ལོང་ཚིགས་རྒྱབ་ཏུ་འཆོར་མི་སྲིད། །དཔྱི་ལ་ཕྱིར་ཤོར་ནང་ཤོར་རྣམ་པ་གཉིས། །གཉིས་པ་ཤོར་རྟགས་ཟུག་གཟེར་ཅུང་ཟད་ཙམ་ལ་ལྡང༌། །མོད་དུ་སྐྲངས་ཤིང་བརྐྱང་བསྐུམ་བྱ་བ་ཉམས། །གང་ཤོར་འབུར་ཀྱོང་རིང་ཐུང་འབྱུང་བ་ཡིན། །དཔྱི་ཡི་གཏུག་ཐག་སོག་པའི་གཉེན་ཐག་ཆད། །བཅུག་ཀྱང་མི་སྡོད་ཞ་འཐེང་འགྱུར་བ་ཡིན། །གསུམ་པ་གཞུག་ཐབས་མ་སྐྲངས་གསར་དུས་མོད་ལ་གཞུག །རྙིངས་ནས་ལུམས་ཀྱིས་ཤ་ཆུ་བཏུལ་ལ་གཞུག །གང་ཡང་ཚིགས་ཁ་བྲལ་བར་དྲག་ཏུ་འཐེན། །ཤོར་ངོས་རུས་པའི་མགོ་ནས་ནང་དུ་འཕུལ། །ཚིགས་ཁ་བྲལ་ནས་གང་ཤོར་ངོས་སུ་བཀན། །མ་བྲལ་བཀན་ན་ཚིགས་ཁ་འཆག་ཅིང་འགྲམ། །བྲལ་ན་ཇི་ལྟར་བཀན་བཞིན་ཚུད་པར་འགྱུར། །ཡང་ན་ཐག་པས་འཐེན་ལ་དབྱུག་པ་བརྡེག །སྒྲ་འབྱུང་འབུར་པོ་ནུབ་དང་བརྐྱང་བསྐུམ་བཏུབ། །ཟུག་གཟེར་བྲི་ན་གནས་སུ་ཚུད་པ་ཡིན། །བརྟན་པར་བྱ་བ་དེབ་བཏང་ཆིངས་ཀྱིས་བསྡམས། །ན་དང་ཟུག་མ་བྲི་ན་སྐབས་སུ་བལྟ། །ཡིད་ཆེས་བརྟན་པར་གྱུར་ནས་བཅུད་ཀྱིས་གསོ། །ཡུན་ལོན་ཤོར་ལང་ཡོད་ན་མེ་བཙའ་གདབ། །དེ་རྗེས་ཆིངས་དང་སྒྱོགས་སུ་གཞུག་པར་བྱ་ཚིགས་བྱུང་ཤོར་གྱི་འཆོར་བ་ཤོར་རྟགས་གཞུག་ཐབས་རྣམས་ནི་ལག་ལེན་དམར་ཁྲིད་དུ་བཤད་པ་ལྟར་བྱ་སྟེ་འདིར་ཡིག་ཆུང་དུ་མ་ཤོར་བས་མ་བྲིས་སོ། །སྤྱིའི་ས་བཅད་དགུ་པ་རུས་པ་ཆག་གྲུམས་བཅིང་བ་ནི། །ཆག་ལུགས་ཆག་རྟགས་བཅིང་ཐབས་ལོག་གནོན་ནོ། །དང་པོ་ཆག་ལུགས་མ་ལ་བུ་ཐོགས་ཆག་པ་ཚིགས་སྐེ་ཆག་པ་དང་རྐང་ཁ་བྲག་གི་ཆག་པ་དང༌། །སྨྱུ་གུ་གསེག་སྦྱོར་དུ་ཆག་པ་ཁ་དང་སྡུམ་ཆག་ཁ་མཉམ་པར་ཆག་པ་གྲུམས་པ་ཆག་སྣེ་ཕན་ཚུན་བཞི། །དེ་ཡང་རྨ་ཅན་རྨ་མེད་གཉིས་སུ་འདུས། །གཉིས་པ་ཆག་རྟགས་གྲང་ཞིང་འཁྲོག་ལ་འགུལ་མི་ནུས། །རླུང་ཅན་སྦེག་དང་སྡུམ་ཆག་གྲུམས་པ་དང་། །རྨ་ཅན་ཟས་ཀྱིས་མ་ཐེག་གསོ་བ་དཀའ། །གསུམ་པ་བཅོས་ཐབས་བཅིང་དང་ཁོང་སྨན་སྒྱོགས་ཀྱིས་བཅོས། །དང་པོ་བཅོས་ཐབས་འཐེན་ལ་རུས་ཁོད་མཉམ། །རིང་ཐུང་མ་ཆག་ངོས་དང་བསྟུན་པ་གཅེས། །རུས་པ་ཕྱིར་དོན་རྟ་བོང་ར་ལུག་གི །འོ་མས་བཀྲུས་ལ་ཚིལ་བུས་དྲོད་ཕབ་སྟེ། །ག་བུར་ཙན་དན་གུར་ཀུམ་འོ་མ་བྱུག །ཞག་འདས་ཁོང་དུ་ཆང་བཏང་ཟན་དྲོན་འབམ་པོས་བདུག །དེ་ཡིས་དྲོད་ཕེབས་རུས་པ་འབྱར་བ་སླ། །དྲག་ཏུ་འཐེན་པས་རུས་པ་ནངདུ་འགྲོ། །ཅིས་ཀྱང་མ་ཚུད་སོག་ལེས་རུས་པའི་སྣེ་བྲད་དེ་བསྟུངས་ལ་གཞུག །ནམ་ཟླ་སྦྱར་དགུན་ཡིན་ན་སྨན་འོག་གི་མར་གསར་ཅན་དང་དབྱར་ཡིན་ན་ག་བུར་ཅན་བསྟེན་ཏེ་དབྱར་ཞོའམ་དགུན་གར་པོ་གླུལམ་ལ། །སྒོ་ང་ར་ཁྲག་ར་ཉེ་མཚེ་ཡི་ཁུ། །སྤྱིན་དང་བག་ཕྱེ་ལུག་ཞོ་ཙམ་དུ་བྱུག །ཚིགས་ཆེན་མཐོ་རེ་ཚིགས་ཕྲན་མཛུབ་རེ་བྱུག །རྐང་རྣམས་ལ་ནི་རྐང་དང་མཉམ་པར་བྱུག །ཡང་ན་སྒོ་ང་ར་ཁྲག་བག་ཕྱེ་དང༌། །ཧོང་ལེན་མཁྲིས་སྣ་སྦང་གར་སྦྱར་བ་བྱུག །ཕྱིང་པ་སྲབ་མཁྲེགས་སྤུ་དེབ་སྲད་བུས་དཀྲི། །དེ་སྟེང་རས་འཇག་སོན་པའི་ཆིངས་སུ་བཅིང༌། །ལྷོད་ན་འཁྲུལ་ཞིང་དམ་ན་གོང་འོག་སྐྲངས། །ཚབས་ཆེ་བ་ལ་དེ་སྟེང་ཤིང་ཆས་སྒྱོགས་སྔར་ལྟར་བསྐུར། །སྨན་དུ་སྟབ་སེང་ཁུ་བ་ཁོང་དུ་བཏང༌། །མར་གསར་འོ་མ་མངར་ཀར་བུར་སྦྲང་གསུམ་ཚོས་ཁུ་ལྡན། །རྩ་ཨ་བ་ཨ་བྱག་ཚེར་སྔོན་སྦྲང་རྩི་མར་སྦྱར་བཏང༌། །རྨ་ཅན་ཁོལ་དུ་བཏོན་ལ་ཤེལ་ཏ་ནགས་མའི་ཐང་ཆུ་གཞུག །ག་བུར་དོམ་མཁྲིས་གུར་ཀུམ་ཙན་དན་དཀར། །སྟབ་སེང་ཀ་ར་སྦྱར་བས་རུས་པ་སྦྱོར། །འཕྲོད་ཅིང་བདེ་ན་མ་རུང་བར་དུ་བཞག །མི་འཕྲོད་ན་ན་དབྱར་ཞག་གསུམ་སྟོད་དཔྱིད་ཞག་ལྔ་དགུན་ཞག་བདུན་ལ་དགྲོལ། །བཞི་བ་ལོག་གནོན་རིང་ཐུང་ཡོན་པོ་བཅག་ལ་བཅིང༌། །རྣག་གཞུག་རྨ་(མ)ཆོད་རུས་པ་ཟོས་པ་ན། །རུས་པ་སྐྱོན་བྲུད་པ་དང་བསྲེག་པ་དང་སྨན་གྱིས་གསོ་བར་མགོ་རྨ་ལྟ་བྱ།།
སྤྱི་དོན་བཞི་བ་ཐ་མ་གནད་ཀྱི་ལོག་གནོན་བསྟན་པ་ནི། །དང་པོ་ཤ་ཡི་གནད་ལ་གཞའ་ཁྲོས་བམ་རུལ་བཞི། །གཉིས་པ་རྩ་ཡི་གནད་ལ་བྱེར་ཁྲིད་རྒྱས་ཤོར་བཞི། །གསུམ་པ་ཚིགས་ཀྱི་གནད་ལ་བམ་དང་འཁོར་བ་གཉིས། །བཞི་བ་ཆུ་རྒྱུས་གནད་ལ་རེངས་དང་འཁུམས་པའོ། །དང་པོ་ཤ་གཞའ་ཚ་གཞའ་གྲང་གཞའ་གཉིས། །ཚ་གཞའ་ཁ་སྙི་གཏིང་སྲ་སྟོངས་ཚད་སྐྱེ། །སྐྲངས་ཆུ་རེ་གཅིན་འདྲ་བའི་གཏིང་རྣག་མེད་པ་ཉུང་བས་ཆུ་སེར་ཕྲོམ་ཕྲོམ་འཛག །དེ་ལ་ཁོང་ནས་སྨན་གྱིས་འཕུལ་བསང་བསྐམ་(པ་ལ་ག་བུར་ཅུ་གང་གུར་གུམ་ཙན་དན་བསེ་རུ་དོམ་མཁྲིས་ག་དུར་ཧོང་ལེན་ཀ་ར་གངས་ཆུས་དབུལ)། །རྨ་ལ་སྔར་བཤད་པ་ཁྲ་བོ་ནག་པོའི་ཆས་ཀྱིས་བསླང༌། །རྨ་ཁར་མི་གཏར་གཞན་དུ་གང་རྒྱས་གཏར། །ཟུག་སྐྱེས་རྣག་མང་སྐྲངས་དྲོད་ཆེ་ན་སློང༌། །གཉིས་པ་གྲང་གཞའ་དྲོད་དང་སྐྲངས་ཆུང་རྣག་ཆུ་ཉུང༌། །དང་ག་མི་བདེ་གདོང་སྐྱ་ཟུག་མ་ངེས་རེས་ཡོད་རེས་མེད། །ཁོང་དུ་གསར་བཅུད་སེ་འབྲུ་ལྔ་པ་བཏང༌། །རྨ་ལ་དྲོད་ལུམས་ཁྲ་བོའི་ལུམས་ཀྱིས་སྔར་ལྟར་བསླང། །རླུང་གསང་སུལ་ཁ་རྣམས་སུ་མེ་ཡིས་བསྲོ། །དེ་ཡིས་མ་སློང་ཤ་ཆང་བུར་མར་སྤྲུག །ཚ་གཞའ་གྲང་གཞའ་གང་ལའང་རྣག་མང་དྲོད་ཆེ་སློངས་ནས་སྤྱི་ལྟར་གང་ལ་འཚམ་པས་བཅོས། །གཉིས་པ་ཁྲོས་ལ་རྡོ་ལྟར་སྲ་དང་ལྷོག་ཐབས་གཉིས། །དང་པོ་རྡོ་ལྟར་སྲ་ལ་ཚ་ཁྲོས་གྲང་ཁྲོས་གཉིས། །ཚ་ཁྲོས་དམར་མཁྲང་ཟུག་ཆེ་རེག་མི་བཟོད། །དྲོད་ཆེ་ཚ་འཁྱུག་རྩ་ཆུ་ཕྱི་ཚད་སྐྱེད། །དེ་ལ་དང་པོ་ཀླད་པ་དང་སྦང་སྦྱོར་བ་བྱ། །དེ་རྗེས་སེར་ཆས་(ལྡོང་རོས་ཡུང་སྐྱེར་ལྕུམ་རྩ་སྒོ་ང་རྭ་གཞོབ་བག་ཕྱེ་དྲོད་ཕབ་ལ་བྱུགས་ཏེ་ཤོག) དེབ་བཏང་གང་ཉེ་གཏར། །དེས་ཀྱང་མ་ཐུབ་སྐྲངས་ན་ཆུ་རྩ་དང༌། །བྲག་ཞུན་ཀླད་རུལ་ར་ཞོ་བག་ཕྱེ་བྱུག །དེ་ཡི་སྟེང་དུ་ཕྱིང་པ་ཆུར་སྦངས་བཏང༌། །ཡང་ན་སྐྲངས་དང་སྦྱར་བའི་ཆུ་བཙགས་ལ། །གངས་ཆུས་བསྒྲངས་རྟིང་བསིལ་བའི་ཧོང་ལེན་ཀྱེ་ལྕེ་ཞོ་དང་སྦྱར་བ་ཆས་སུ་གཞུག །ཅིས་ཀྱང་མ་ཐུལ་ན་སྔར་བཤད་པ་ལྟར་ཁྲ་བོ་དང་ནག་པོས་དགུག །གྲང་ཁྲོས་སྐྲངས་པ་དྲོད་ཆུང་སྲ་ལ་སྐྱ། །ཟུག་ཆེ་ཕུག་ན་རྣག་མེད་ཉུང་འཁྱགས་འདྲ། །སོར་མོར་ཤ་སྣ་ཆང་དུ་བཙོས་པའི་(འུག་པ་བྱ་རྒོད་སྤྱང་ཀི་མི་ཤ་བག་ཕྱེ་ཕབས་སྤོད་སྦྱར་ཡང་ན་དེ་སྟེང་ཉ་ཤ་རྐྱང་རྟ་བོང་ར་ལུག་གི་ཉྭ་ཤ་འབྲུ་མར་སྦྱར་བའི་)ལུམས་སུ་གཞུག །ཡང་ན་སྔོ་ཡི་རྩ་བ་ལྔ་ཡིས་མནན། །(རི་ཤོ་སྤྲུ་མ་སྤྱང་ཚེར་རེ་ལྕག་སྲུབ་ཀ་ཞིབ་པར་བཏགས་པ་དྲི་ཆུར་སྦྱར་བས་)མ་ཐུབ་སྔར་ལྟར་ཁྲ་བོ་ནག་པོའི་ཆས་སུ་གཞུག །དེས་ཀྱང་མ་ཐུབ་ཚ་ཁྲོས་ལྟ་བུར་བཅོས། །གཉིས་པ་ལྷོག་ཐབས་ཁ་དོག་དམར་སྨུག་སྐྲངས་པ་ཆེ། །ཆུ་བུར་རྐང་ལག་གི་ཉྭ་སྒང་ཁ་དོག་དཀར་ནག་འབྱུང་བ་དང༌། །དྲོད་ཆེ་བ་སྤུ་ལྡོག་ཅིང་ཚ་བ་སྐྱེ། །དེ་ལ་ལྕགས་ཕྱེའི་(སོ་ཐོག་ཨ་ག་རུ་ཀྱི་ལྕེ་ཚོས་རམས་ཞུ་མཁན་སྦང་གར་འབྲུ་མར་བག་ཕྱེ་འཚོས་པར་བཙོས་པའི་)ཞུན་ནམ་རྨེན་བུའི་(སྣ་ཚོགས་གླ་རྩི་དང་དྲི་ཆུར་བཙོས་པའི་) ལུམས། །དེས་མ་ཐུབ་ན་འོག་གི་ལྩགས་ཕྱེ་སོ་ཐོག་སོགས་ཡོད་པ་ནག་པོའི་ཞུན་ནན་བྱ། །ཆུ་བུར་བྱུང་ན་གཉེན་པོའམ་སྐམ་རྩིས་བྱུག །(ཤ་རུའི་ཐལ་བ་དུད་པ་བྱ་བལ་མ་ནུ་ཞོ་འབྲུ་མར་བྱུག་ཡང་ན་ཀྱི་ལྕེ་ལུག་ངལ་མགྲོན་བུ་རེ་སྐོན་དྲེས་ཐག་རུལ་པ་སྲོ་ལོའི་ཐལ་བ)། །དེ་སྟེང་སྔར་ལྟར་ཁྲ་བོའམ་ནག་པོའི་ལུམས་སུ་གཞུག །རྨ་གཞན་གྱི་རོགས་གསར་པ་འབྱུང་སྟེ་འབྲོས་སྐྲངས་འདོད་ཐོར་པ་འོང༌། །(དེ་ལ་ཀྱི་ལྕེ་བྲག་སྤོས་ལྕགས་ཕྱེ་འོག་གི་ལྕགས་ཕྱེ་མེ་ཏོག་སོགས་ཡོད་པའི་ཤུ་དག་གུ་གུལ་གླ་རྩི་སོ་ཐོག་མུ་ཟི་ར་ཁྲག་དྲི་ཆུས་བྱུག་ཡང་ན་ཝ་སྤྱང་ཁྱི་ཕག་གོ་བོ་གོང་མོ་ཕོ་རོག་གི་བྲུན་བཙན་དུག་གླ་རྩི་ཨ་རུ་དྲི་ཆུར་སྦྱར་བ་)བྱུགས་པའི་སྟེང་དུ་ཤོག་བུ་བོང་སྤུས་མནན། །མ་ཐུབ་དམར་སེར་ནག་པོའི་ཞུན་ནན་རྣམས་གང་ལ་གང་དགོས་རིག་པས་དཔྱད་(དེ་ལ་དམར་པོ་བདུན་སྦྱོར་གྱི་ཞུན་ནན་ནི་ལི་གྲི་རྒྱ་སྐྱེགས་བཙོད་སེར་བཙག་མཚལ་རྟ་བོང་གི་ཁྲག་གར་པོ་ཞོ་འབྲུ་མར་དང་སྦྱར་བ། །མུ་ཟི་སེར་པོ་ཞུན་ནན་གི་ཝཾ་ཁྲག་རྐང་གསེར་རྡོ་ལྷང་ཚེར་སྤོས་དཀར་སྒྲོ་པུས་ཤིང་སྒྲོ་བའི་མེ་ཏོག་གར་པོ་གླུམ་ཞོ་སྲན་ཕྱེ་དང་སྦྱར་བ། །ལྕགས་ཕྱེ་ནག་པོའི་ཞུན་ནན་ནི་སོ་ཐོག་ཀྱི་ལྕེ་སྣག་ཚ་རམས་རྡོ་སོལ་ཡུང་ནག་གར་པོ་ཞོ་རྗེན་ཕྱེ་མར་ནག་སྦྱར་བ)། །དེས་ཀྱང་མ་ཐུལ་འཕྲུལ་སྦྱོངས་(རེ་ལྕག་དབྱི་མོང་སྤོས་དཀར་ཐར་ནུ་རྒྱ་ཚྭ་བྱང་པ་ལོ་བརྒྱད་དྲི་ཆུར་སྦྱར་ལ་བཏང༌། །ཡང་ན་ཐར་ནུ་བྱང་པ་ཨ་རུ་རེ་རལ་ཤ་ཆེན་གྱིས་བྱེར་བ་བསྡུས་པའི་ཁཎྜ་སྦྱར་ལ་བཏང༌། ཡང་ན་ཤྲཱི་ཁཎྜ་སྔོན་བུ་ཐར་ནུ་བྱང་པ་པི་པི་ལིང་ཉི་དགའ་ཀ་ར་དྲི་ཆུར་སྦྱར་བ་བུངས་ཆུང་ཡང་ཡང་བཏང་ཟུག་བྱུང་ན་མེ་དུགས་བྱ་)ལོག་གནོན་ཡིན། །གསུམ་པ་ཤ་གནད་བམ་པ་ཚ་བམ་གྲང་བམ་གཉིས། །དང་པོ་ཚ་བམ་སྐྲངས་པ་སྨུག་ནག་དྲོད་རླངས་ཆེ། །ཤེ་རུལ་དུད་ཀའི་རྣག་འཛག་བེམ་མེ་ན། །དེ་ལ་ཨ་རུ་བྲག་ཞུན་ཧོང་ལེན་ཞོ། །བྱུགས་སྟེང་གྲོ་སོག་གམ་ཡང་ན་འཇག་མའི་དེབ་བཏང་ལ། །རས་སྲབ་བཅིངས་ལ་རྨ་ལ་སྦང་མའི་ནེའུ་ཞོ་སྦྱར་བཏང་། །སྐབས་སུ་མཚན་སྲོ་ལོ་དམར་པོ་ཆུས་བྲན་ལ་ས་སྨྱག་བྱུག །གང་ཉེ་གང་རྒྱས་སྐྲངས་ཀྱི་འོག་ཏུ་གཏར། །མ་ཐུབ་གོང་ལྟར་འཕྲུལ་སྦྱོང་གི་བཤལ་གྱིས་སྦྱང་བ་ལོག་གནོན་ཡིན། །གཉིས་པ་གྲང་བམ་སྐྲངས་ཆེ་དྲོད་ཆུང་སྐྱ་ལ་གསོབ། །རྣག་ཆུ་ཉུང་ཞིང་ཟུག་གཟེར་ཆུང་བ་ཡིན། །དེ་ལ་(བག་ཕྱེ་གར་པོ་ཞུ་མཁན་གོ་སྙོད་སྒ་ཕབས་པི་པི་ལིང་ཚྭ་མར་ནག་བཙོས་པའི་)ཨ་སས་བདུག་ཅིང་མཁན་ཆུས་བཀྲུ། །ཁོང་ནས་གསར་བཅུད་གསུམ་གྱིས་གསོ་བར་བྱ། །བཞི་བ་རུལ་ལ་མྱགས་དང་ཟ་རྨ་ཟགས་པའོ། །དང་པོ་མྱགས་པ་ཤ་རོ་རྒྱུས་པ་བལྡད་པ་འདྲ། །རྨ་མཆེད་རྣག་མང་ཤེ་རུལ་དྲི་མི་ཞིམ། །དེ་ལ་དང་པོ་སྦང་ཞོས་རུལ་མྱགས་བསལ། །བུལ་ཏོག་ཆུས་བཀྲུ་དེ་རྗེས་མཁྲིས་པས་བཀྲུ། །རུལ་སོལ་ཨ་རུ་བྲག་ཞུན་ཧོང་ལེན་ཞོ། །རྨ་མིན་བྱུགས་ལ་ཆུ་བྱའི་སྤུ་ཡིས་མནན། །རྨ་ལ་ནས་ཚིག་མཁྲིས་པ་བྲག་སྤོས་དང༌། །ཆུ་རྩ་འབྲུ་མར་སྦྱར་བྱུགས་ཤོ་མང་དགབ། །དེ་སྟེང་རས་ཕྲན་སྲབ་མོས་ལྷོད་པར་བཅིང༌། །ཡང་ན་བྲེ་གུ་སེར་ཐིག་ཞོ་དང་སྦྱར་ལ་བཏང༌། །ཡང་ན་ཐལ་སྦྱོར་(སུག་པ་བོང་ང་དཀར་པོ་རེ་སྐོན་ཆུ་རྩ་དྲེས་རྙིང་ཕུར་ཡོག་ཐལ་བ་དཀར་པོར་བསྲེགས་པ་དང་མར་དཀར་མཁྲིས་སྣ་)མུ་ཟིའི་སྐམ་རྩི་བྱུག །(དོམ་མཁྲིས་གུར་ཀུམ་ཅུ་གང་མཚལ་བྲག་སྤོས་ཚ་ལ་དུལ་མ་ཀ་ར་སྦྲང་རྩི་མར་དཀར་བྱུག་དར་དགབ་རེ་བལ་སྣུམ་དུ་བཙོས་པའི་)རྨ་རྩི་ཁོང་སྨན་(སྟག་ཤའི་མེ་ཏོག་དོམ་མཁྲིས་བཙོད་ཁུས་དབུལ་ཁ་ཟས་གསར་བཅུད་ཏིང་ཁྲོལ་བཏང་)ཟས་ཀྱིས་རུལ་མྱགས་གསོ། །ཟ་རྨ་རུལ་སྙིང་འདོད་པའི་རྨ་ཡིན་ཏེ། །ཁྲག་རུལ་འཛག་ཅིང་བྱི་བའི་ཟ་འཕྲོ་འདྲ། །དྲི་མི་ཞིམ་ཞིང་ནུབ་རེ་ལོག་པོར་མཆེད། །དེ་ལ་རྩ་དུ་རྩའམ་རམས་པའི་ལོ་མ་སྤྲུ་རྩ་ཞོ་སྦྱར་བཅིང༌། །གང་ཉེའི་རྩ་གཏར་རྨ་ཡི་ཁྲག་ཆོད་ནས། །མཁྲིས་སྣ་ཆུ་རྩ་བྲག་སྤོས་ཚིག་མ་དང༌། །ནུ་ཞོ་འབྲུ་མར་སྦྱར་བའི་ཁ་ཞུན་བྱ། །གསུམ་པ་ཟགས་པ་བུ་ག་མང་པོ་འབྱུང་བ་སྟེ། །ལྷམ་གྱི་ཀྲད་རུལ་པ་དང་དུད་པ་སླང་དྲེག་མར་དཀར་བྱུག །ཡང་ན་སྐམ་རྩི་ཐལ་བ་བྱུག་པར་བྱ། །ནམ་ཟླ་དྲོ་དུས་རྨ་ལ་འབུ་འབྱུང་ན། །བྱི་རུག་ཡན་ལག་བརྒྱད་པའི་རང་འགྲེལ་དུ། བུར་ཨ་བྱེ་རུག་པ་སཏེ་སེར་ནག་གཉིས་ཞེས་དང་འཁྲུངས་དཔེར། བྱེ་རུག་པ་ཡི་མཚན་ཉིད་ནི། །ལོ་མ་མཐིང་ཤུན་རྔ་ཡབ་འདྲ། །འབྲས་བུ་མུ་མེན་མཆོད་སྡོང་འདྲ། །རོ་ནི་བསྐ་ལ་ཚ་བ་ཡིན། །བོད་ཀྱི་ཞིང་གི་མུ་ལ་སྐྱེ། །ཞེས་པ་སྟེ་ནུ་མ་ཐོག་པ་ཟེར་བ་ཡིན་ནོ། །རྒྱ་སྤོས་འཁྲུངས་དཔེར། རྒྱ་སྤོས་ལྤགས་པའི་ཚད་པ་སེལ། །ལོ་མ་མེ་ལོང་ཁ་ལྟར་སྐྱེ། །སྡོང་པོ་དཀར་ཞིང་ཕྲ་བར་འདུག །དྲི་ཞིམ་རོ་ནི་མདའ་རྒྱུས་འདྲ། །ཞེས་པ་འདི་ལ་སེར་ནག་གཉིས་ཡོད་པར་རྗེ་གཡུ་ཐོག་པས་གསུངས་སོ། །ཆུའམ་ཕྱེ་མ་གདབ་གཞན་ཡང་ཞིང་ཐིག་ལེ་གླ་རྩི་སྒོག་སྐྱ་རྣམས་ཀྱིས་འབུ་སྲུང་བར་བཤད་དོ། །གཉིས་པ་རྩ་གནད་བྱེར་ལ་ཉེ་བྱེར་རིང་བྱེར་གཉིས། །དང་པོ་ཉེ་བྱེར་རྩ་རྒྱུད་ཁྲིད་མཁྲང་ན་ལ་ཚ། །རྨ་ཁ་མ་སྐྲངས་མཁན་པ་དང་སྦང་མ་དང་ནས་ཚིག་མ་དང༌། །ཀླད་པ་སྦྱར་བས་བྱེར་བ་བསྡུ་བར་བྱ། །དེས་མ་འདུས་ན་ཕྱི་རྒྱུད་ལྟར་རྩ་སྦྱོངས་བཏང་བས་སྡུད། །གཉིས་པ་རིང་བྱེར་རླུང་རྩའི་རྩ་སྐྱོན་གྱིས། །ཤ་སུལ་རྩ་དང་ཚིགས་རྨིག་ལ་སོགས་སུ། །གཡས་གཡོན་སྟོད་སྨད་སྣེ་བསྣོལ་སྐྲངས་པར་བྱེད་གཡས་ན་གཡོན་སྐྲངས་གཡོན་ན་གཡས་སྐྲངས་སྟོད་ན་སྨད་སྐྲངས་སྨད་ན་སྟོད་སྐྲངས་པའོ། །དེ་ཡང་ཚ་གྲང་གཉིས་སུ་སྲིད་པ་ཡིན། །དེ་ལ་བྱེར་དངོས་རྨ་ཡི་ཐད་ཀར་བསྲེག །རི་བོའི་རྩེ་ལ་སྤྱི་གཙུག་རྐང་ལག་གི་མཐིལ་བཞི་སྲིན་ལག་བཞི་སྔོན་བུ་དྲུག་རྣམས་ལ་གསེར་གྱི་མེ་བཙའ་གདབ། །དར་ཡ་ཀན་ནི་བྲག་སྲེབ་སྐྱེ་སྐྱེས་པ་དོང་རལ་བཏགས་པ་འདྲ་ཞེས་པ་དེའོ། །(ཤིང་མངར་ཀྱི་ལྕེ་བྲག་སྤོས་ཁཎྜ་ཉ་དོམ་ཁྱི་མཁྲིས་ད་ཏྲིག་བྲག་ཞུན་གསེར་ཐིག་ཕུག་རོན་སྒོ་ངའི་གསེར་ཐིག་ག་བུར་ཚ་ལ་བཏབ་པ་མཛོ་འོས་སྦྱངས་ལ་སྦྱིན)་ནམ་ད་ལིས་(བྲེ་ཕྱེད་ཀྱི་ལྕེ་ཕུལ་གང་ཤིང་མངར་ཁྱོར་གང་རྣམས་ལ་བཟང་དྲུག་མཁྲིས་སྣ་ད་ཏྲིག་ཚོས་ཕུག་རོན་སྒོ་ངའི་སེར་པོ་ཀ་ར་རའོ་སྦྱར་བའི་)ཁཎྜ་ཡིས། །བྱེར་སྡུད་རྩ་ཁ་སྡོམ་ཞིང་ཁྲག་ཁོང་སྦེད་པར་བྱེད། མ་འདུས་རྩ་ལྟོ་སྦྲགས་ནས་ཕྱི་རྒྱུད་ལྟར་སྦྱང་བ་མཆོག །ཁྱད་པར་ཚ་བྱེར་ལ་བསིལ་གྱི་འཇིབས་བདུད་རྩི་ལྔའི་ལུམས་གང་ཉེ་གཏར་སྨན་གྱིས་བསྡུ་བ་ནི་། །(བཟང་དྲུག་ཙན་དན་དཀར་དམར་དོམ་མཁྲིས་ག་བུར་ཀ་ར་སྦྱར་བས་)གྲང་བྱེར་མཚེ་མཁན་སྤྲུ་མ་ཆང་བཙོས་བྱུག་ལུམས་ཟས་གསར་བཅུད་ཀྱིས་བསྡུ་བར་བྱ། །གཉིས་པ་རྩ་གནད་ཁྲིད་པ་ཕྱི་ཁྲིད་ནང་ཁྲིད་གཉིས། །དང་པོ་ཕྱི་ཁྲིད་རྩ་ཡི་སྐར་མདའ་ལྟར་འགྲོ་བ་དཔེར་ན་བྱི་བ་རྩིག་ནང་དུ་ཁྲིད་པ་ལྟར་གར་སོང་འདིར་འོང་མེད་དུ། ཁྲིད་པས་རྩ་ལ་ནང་རྩ་སྐྲངས་མེད་ཀྱང༌། །དང་ག་མི་བདེ་ཕོ་མཆིན་ན་བའམ། །མགོ་ན་སྟོད་གཟེར་ཚ་བ་སྐྱེ་བའམ། །རླུང་ལྡན་སྐབས་སུ་འདྲེ་ལྟར་ལྡང་དུབ་བྱེད། །དེ་སོགས་ནད་སྣ་སྣ་ཚོགས་སྟོན་གྱུར་ན། །སྟོད་སྨད་གཡས་གཡོན་ཀུན་ཏུ་བྱ་ར་བྱ། །སྐྲངས་སམ་ཚའམ་དྲེག་པ་ཐོར་པ་སོགས། །གར་འདུག་དེ་ཡི་སྟེང་དུ་མེ་ཏོག་སྣ་ཚོགས་ཀྱི་ལུམས་བྱ་ཞིང་། །ཁོང་ནས་རྩ་བྱེར་བསྡུ་བའི་སྨན་(དར་ཡ་ཀན་གྱི་སྦྱོར་བ་)བཏང་བས། །རྣག་མགོ་བྱུང་ན་ཕུག་པས་འཚོ་བ་ཡིན། །འདི་ལ་བླུན་པོས་ཁོང་ནད་ཡིན་སྙམ་ངོས་མ་ཟིན་ན་འཆི། །གཉིས་པ་ནང་ཁྲིད་དོན་ལ་ཆུ་སེར་གསོག་པ་སྟེ། །མགོ་ལུས་ལྕི་ཞིང་སྟོད་གཟེར་དང་ག་འགག །གློ་མང་གློ་ཡི་རྩ་དང་གསང་ས་གཟེར། །འདི་ཡི་རྨ་ལ་ཚ་བ་མི་འདུས་པས། །རྨ་ལ་བསིལ་དྲོད་གང་འཚམས་བཅོས་དང་ཁོང་དུ་སྐེམ་སྨན་ནི་བྱང་ཁོག་ལྟར་རམ་ཡང་ན་(རྨ་བྱའི་སྒྲོ་དར་ཚོན་སྣ་ལྔ་གྭ་དོར་གསུམ་བསིལ་ཅུ་གུར་ལི་སུག་བཞི་ག་བུར་དོམ་མཁྲིས་དར་ཡ་ཀན་ཀ་ར་སྦྱར་བ་)བསྟེན། །གང་ཁྲིད་སོར་མོ་ལྔ་དང་སྙིང་ལ་མཐེ་བོང་གློ་བར་མཛུབ་མོ་མཆིན་པར་དགུང་མོ་མཆེར་པར་སྲིན་ལག་མཁལ་མར་མཐེའུ་ཆུང་ལྔ་དང་རྒྱབ་ཀྱི་ཚིགས་པའི་གསང་དུ་བསྲེག །མ་ཐུབ་གཉིས་ཀར་འཕྲུལ་སྦྱོངས་གོང་བཤད་རེ་ལྕགས་བྱེ་མ་སྤོས་དཀར་ཐར་ནུ་རྒྱ་ཚྭ་བྱང་པ་དྲི་ཆུ་སོགས་ཀྱི་བསྔགས་པ་ཡིན། །གསུམ་པ་རྩ་གནད་རྒྱས་ལ་ཚ་རྒྱས་གྲང་རྒྱས་གཉིས། །དང་པོ་ཚ་རྒྱས་སྐྲངས་ཆེ་དམར་འཁྱུག་རྩ་རྒྱུད་སྐྲངས། །གང་ན་གང་མཁྲང་གང་རྒྱས་རྩ་ལ་གཏར། །ཁོང་དུ་བསིལ་(ཙན་དན་དཀར་དམར་བསིལ་གསུམ་དོམ་མཁྲིས་ག་བུར་ཨུཏྤལ་ཀ་ར་)བཏང་རྨ་ལ་(ཧོང་ལེན་ཏིག་ཏ་ཀྱི་ལྕེ་པར་པ་ཏ་མཚན་དཀར་ཚོས་ར་ཞོའི་)གྲང་འཇིབ་བྱ། །དེས་མ་ཐུབ་ན་སྔར་ལྟར་ཁྲ་བོས་རྣག་ཏུ་དགུག །གཉིས་པ་གྲང་རྒྱས་ཉུང་མ་འཁྱགས་པའམ་རྐྱལ་པ་བུས་པ་འདྲ། །དྲོད་དང་ཟུག་གཟེར་ཚད་རྟགས་ཆུང་བ་ཡིན། །དེ་ལ་ཉྭའི་སུལ་སྒོ་རྩ་དེའི་རྩ་རྒྱུད་ཀྱི་གནད་ཀྱི་འཁྲང་སྐྲངས་མདང་མ་སྐྲངས་པའི་མཚམས་བསྲེག །གསར་བཅུད་ཤིང་ཀུན་བཅའ་སྒ་བཟང་པོ་ཛཱ་སུག་ཀ་གསུམ་བུ་རམ་ཕྱེ་མ་ཁོང་དུ་བཏང༌། །རྨ་ལ་བཅའ་སྒ་མིའི་རུས་ཞུན་དང་གོང་ལྟར་ཁྲ་བོས་དགུག །རྣག་ཏུ་མ་ཁུགས་དྲོད་དང་བྲལ་ན་སྤང༌། །དྲོད་བྲལ་ན་དྲོད་ཡོད་མེད་མཚམས་སུ་མེས་བསྐོར་(ཕབས་སྤོད་ལྕ་འབྲུམ་གཡེར་མ་གོ་སྙོད་འབམ་པོ་བུ་རམ་ཆང་འགག་སྦང་མ་བསྲོས་པའི་)དྲོད་འཇིབས་བྱ། །དྲོད་རྙེད་རྣག་ཏུ་ཁུགས་ན་འཚོ་བར་འགྱུར། །ཆུ་བུར་བྱུང་ན་(སྐམ་རྩིས་དུད་པ་ཤ་རུ་ནུ་ཞོ་ཏིལ་མར་བྱུག་དར་ཆིངས་བྱ་དུད་པ་ཚིག་མ་སྒོག་སྐྱ་ཁྱི་ལུད་ཐལ་བ་དྲི་ཆུ་སྦྱར་བས)་བྱུག་པར་བྱ། །བཞི་བ་རྩ་གནད་ཤོར་བ་ཁྱད་པར་དང་སྤྱི་གཉིས་ལས་དང་པོ་རླུང་ཤོར་ཁྲག་ཤོར་གཉིས། །དེ་ཡང་དང་པོ་སྟོད་དང་སྨད་མ་ལ་ཤོར་བའོ། །དང་པོ་སྟོད་དུ་རླུང་ཤོར་འཕྱོ་འདར་རྔམ་པ་འདེག །གཡལ་དང་སྐྱིགས་བུ་འོང་ཞིང་ཟ་ཟི་མང༌། །གཉིད་ཡེར་སྟོང་སྐྱུགས་བྱེད་ན་བྱུག་བདུག་བྱ། །རུས་ཐང་བུར་དཀར་གསར་བཅུད་ཁོང་དུ་བཏང་། །དེས་མ་ཐུབ་ན་རླུང་གསང་མེ་ཡིས་མནན། །གཉིས་པ་སྟོད་དུ་ཁྲག་གི་ཚ་བ་ཤོར་ན་ཕྲུམ་སེར་ཁྱེར། །སྟོད་གཟེར་དབུགས་ཐུང་ཁ་སྐམ་སོ་དྲེག་ཆགས། །གློ་མང་མགོ་ན་ལུས་ལྕི་དང་ག་འགག །རྩ་གྲིམས་ཆུ་དམར་རྨ་ལ་སྐྲངས་མེད་གཞའ། །ཚ་སྟོབས་ཆེ་ན་ག་བུར་འབྲིང་ལ་ཙན་དན་དཀར་པོ་ཆུང་ན་གི་ཝཾ་སྦྱོར་སྡེ་ཚ་བའི་སྤྱི་ལེར་གསུངས་པ་ལྟར་ཚད་སྟོབས་སྦྱར། །རྩེ་ཆུང་ལ་སོགས་གཏར་ཞིང་རྨ་ལ་བསིལ་ཆས་སྤང༌། །ཚ་འཇིབས་སོགས་སྤྱི་ལྟར་བྱས་ལ་རྣག་ཏུ་དགུག་པར་བྱ། །གཉིས་པ་སྨད་དུ་ཤོར་ན་རྨ་ཁ་ལྦ་བ་འབྱུང་འགྱུར་ཏེ། །ཁ་ལྦ་གཏིང་ལྦ་གང་དུ་བྱུང་གྱུར་ཀྱང༌། །དང་པོ་རླུང་ཤོར་ལྦ་བ་འཁྱིལ་ཞིང་འགུལ་བ་སྟེ། །ཟ་འོག་གོས་ཆེན་དང་ཕུག་རོན་སྐེ་ལྟར་རི་མོ་ཁྲ་བོ་འབྱུང་། །ཕུག་ན་རླུང་ཤོར་ཁྲག་མི་ཐུབ་པ་ཡིན། །དབུག་ཏུ་མི་རུང་བདུད་རྩི་ལྔ་ཡིས་བདུག །ཁོང་ནས་རྩ་ཁ་འཛིན་པའི་ཐང་ཕྱེ་བཏང༌། །གཉིས་པ་ཁྲག་ཤོར་ལྦ་བ་དམར་སྔོ་རེག་ན་བརྩེ༌། འཕར་མེད་ཁོང་ནས་སྨན་བཏུང་ཆས་བསིལ་བྱ། །གཉིས་པ་སྤྱིར་རྩ་གནད་ཀུན་ལ་ཚ་བ་དབབ་དཀྲོག་རྨ་ཁོང་གཉིས་ཀར་བསིལ་བསྟེན་པ་ནི་ཚ་བ་སྐྲོག་པའམ་བསིལ་གྱིས་འདེད་པའོ་གཉིས། །ཚིགས་གནད་རྩ་ཁ་འབུས་ཀྱི་དོགས་པ་དང་། །སྟོད་དུ་ཤོར་དོགས་མེད་པ་རྨ་ནས་དཀྲོག །རྩ་གཉན་བཙན་ཆོད་སྟོད་དུ་འཆོར་བའི་ཕྱིར། །ཁོང་ནས་བསིལ་སྨན་གྱིས་ཚ་བ་བསད་ཅིང་རྨ་ཁར་དབབ་པར་དྲོད་ཆས་ཀྱིས་དྲོད་དབབ་པའམ་དྲོད་འབེབས་པ་བྱ། །གསུམ་པ་ཚིགས་གནད་བམ་ལ་ཚ་བམ་གྲང་བམ་གཉིས། །དང་པོ་ཚ་བམ་ཚིགས་མགོ་བམ་སྦོས་སྐྲངས་དམར་རྒྱས། དྲོད་ཆེ་ལྕི་ཞིང་འགུལ་དཀའ་དང་ག་འགག །སྟོབས་ཆེན་ག་བུར་འབྲིང་ཙན་དན་དཀར་པོ་ཆུང་ན་གི་ཝཾ་ཚ་སྟོབས་སྦྱར། །(བསིལ་གསུམ་འབྲུག་རུས་སྟབ་སེང་ཧོང་ལེན་ཨ་རུ་ཀ་ར་སྦྱར་བའི་)བསིལ་གྱིས་རུས་ཚད་བཅག་ཅིང་གང་རྒྱས་གཏར། །ཚིགས་མིག་ཆུ་སེར་ཆེར་རྒྱས་ཕུག་ཤུལ་བསྲེག །རྨ་ལ་ཆུ་ནན་བསིལ་བའི་འཇིབས་ཀྱིས་དྲང༌། །དེས་མ་ཐུབ་ན་སྔར་ལྟར་ཁྲ་བོས་རྣག་ཏུ་དགུག །གཉིས་པ་གྲང་བམ་རླུང་གིས་ཚིགས་ལ་ཆུ་སེར་སྐྱེ། །རེས་ཚ་རེས་གྲང་རེས་ན་རེས་འགའ་བདེ། །སྐྲངས་དྲོད་གཉིད་ཆུང་གདོང་སྐྱ་འགུལ་ན་ན། །འདི་ལ་ཁོང་དུ་གསར་བཅུད་རྨ་ལ་དྲོད་འཇིབས་བྱ། །(མི་ཕྱུགས་རྐང་མགོ་སྣ་ཚོགས་ཚ་བ་གསུམ་ལྕ་འབྲུམ་ཕབས་ཆང་དུ་བཙོས་པའི་)རུས་ཞུན་ན་གོང་ལྟར་ཐུར་མ་དང་ཕྱིང་པ་སྣུམ་ལྡན་དུག་དང་རྨ་ཆས་ཁྲ་བོས་གདུལ། །གཉིས་པ་ཚིགས་འཁོར་བ་ལ་སྐམ་འཁོར་གཤེར་འཁོར་གཉིས། །དང་པོ་སྐམ་ཁོར་ཚིགས་ཆུ་རླུང་གིས་གཡོས་པ་ཡིན། །ཚིགས་ཁ་ལྷོད་ལ་སྦོ་ཞིང་ཐུག་ཐུག་གཟེར། །ཚིགས་མདུད་འདྲུས་ལ་འགུལ་དཀའ་རྣག་ཆུ་མེད། །གཉིད་ཆུང་ཟ་ཟི་མང་ལ་གཙེར་ལྷང་འདོན། །ལུས་དང་གདོང་པ་སྔོ་སྐྱ་སྐབས་སུ་དངང༌། །འདི་ལ་བཅུད་བཏང་སྣུམ་ལྡན་(ཚ་བ་གསུམ་གཡེར་མ་འུ་སུ་མཚེ་ཕབས་ཤིང་ཚ་མར་ཁུ་སྦང་གར་རྗེན་ཕྱེའི་)སྤོད་ལུམས་བྱ། །མ་ཐུབ་ཐུར་མས་གསེང་ཤུལ་མེ་ཡིས་མནན། །སྐྱ་སྦྱོར་སྤོད་དང་སྣུམ་ལྡན་ནན་འབྱར་དང༌། །སྒྱོགས་ཀྱིས་བསྡམ་ཞིང་རྗེས་ལ་(འབྲས་བུ་གསུམ་ཚ་བ་གསུམ་ཆུ་སེར་སྨན་གསུམ་སྦྲང་དང་སྦྱར་བའི་)སྨན་མར་བྱ། །གཉིས་པ་གཤེར་འཁོར་ཟུངས་རྒྱས་པ་དང་བསྡུས་པ་གཉིས་ལས་དང་པོ་ཟུངས་ནི་བད་ཀན་འབྱོར་འབྱེད་ཡིན་ནོ་ཆུ་འདི་ལ་དཔེ་རྙིང་དུ་རླུང་ཡིན་ཞེས་འབྱུང་མཚོན་གྱིས་དཀྲུགས་པ་ཡིས། །རུས་པའི་ཚ་བ་སྐྱེས་ཏེ་ཟངས་ཆུ་ནང་དུ་སོང་ནས་ནད་ལྡོག་ཅིང་ལྡང་བས་ལྡད་ཆུ་བསླང་(བ་ལ་དང་པོ་ཟུངས་ཆུ་ལ་མདོག་གཞན་དུ་འགྱུར་ཏེ་ཤེ་རུལ་ལམ་རྣག་དང་འདྲེས་པའི་སྣ་རིང་འཛག་དེས་ནད་ལྡོག་ཅིང་ལྡད་པས་ལྡད་ཆུ་སྟེ་དྲང་བ་གཅེས་སོ)། །དེ་ཡིས་ཚིགས་ཆུ་དཔུང་པ་དང་གྲུ་མོའི་ཚིགས་ཆུ་སྐྱ་མཁྲིག་དང་ལོང་བུ་སྨད་དཔྱི་དམར་པུས་མོ་དཀར་ཚིགས་སེར་ལ་སྣ་རིང་སྟེ་དང་པོ་ནས་བསྡོམ་པར་གཅེས་སོ་རུལ་ནས་རྣག་ཏུ་འགྱུར། །རྣག་གིས་ཚིགས་བར་ཁེངས་ནས་ཚིགས་མདུད་འཇིག་ཅིང་ཚིགས་འདྲུལ་བར་བྱེད་དོ། །གཉིས་པ་དེ་ལ་(རྣག་རྗེས་ལ་སྔོ་སྐྱ་དམར་སྐྱ་སེར་སྐྱ་སྣ་རིང་བྱུང་ན་ཆུ་སེར་གྱི་རྒྱུ་ཡིན་རྣག་མི་ཆད་པར་སྐྱེ་བས་ན)སྐྱེ་ཆུ་(སྐྲངས་ཆེན་པོ་ཤོར་ནས་བེ་སྣབས་སུ་བྱུང་ན་འཆི། མ་སྐྲངས་པར་དུད་ཁུར་འཁྲུ་ན་འཆི། །ཤེ་རུལ་ལམ་ཞག་ཅན་ནམ་ཉ་མིག་བྱུང་ན་)འཆི་ཆུ་ཆད་ཆུར་(རྣག་རྗེས་ལ་སྔོ་སྐྱ་སྣ་ཐུང་བ་བྱུང་ན་རྣག་ཆད་པས་དེ་རྣམས་ཀྱིས་བྱེ་བྲག་)དབྱེ། །དང་པོ་ཟུངས་ཆུ་སྨན་(དོམ་མཁྲིས་ཅུ་གང་ཆུ་སེར་སྨན་གསུམ་སྤྱི་ཞུར་ཆང་ཕུལ་ཕྱེད་དང་སྦྱར་ལ་བཏང་བ་)དང་(བྲག་ཞུན་མཚེ་སྐྱེར་པ་འོམ་བུ་སོ་སོའི་ཁཎྜ་དང་རྭ་གཞོབ་ཚིག་མ་བག་ཕྱེ་དུད་པ་སྤྱིན་རྣམས་བྱུག་ཅིང་དེབ་བཏང་ཆིངས་བྱ་རྨ་རུ་ཤེལ་ཏའི་རིང་བུ་གཞུག་པའི་)ཆས་ཀྱིས་བསྡམ། །གཉིས་པ་ལྡད་ཆུ་ཁོང་སྨན་(ག་བུར་བཟང་པོ་གསུམ་དོམ་མཁྲིས་རུ་རྟ་ཧོང་ལེན་ཀ་ར་སྟབ་སེང་གིས་འཕུལ་ལ། །ག་བུར་ཅུ་གང་ཧོང་ལེན་དོམ་མཁྲིས་སྤོས་དཀར་ཀ་རའི་ཆུས་)ཁྲུས་དང་ཆས་ཀྱིས་དྲང་(བ་ལ་ཆུ་ལྕག་བརྡེག་ར་མཉེ་པར་པ་ཏ་ཏིག་ཏ་ཀྱི་ལྕེ་མཁྲིས་སྣ་སྦྲང་ཞོ་སྦྱར་བྱུགས་བྱེ་རློན་གྱི་འཇིབས་བྱའོ)། །དེ་ཡིས་འདྲོངས་ན་ཚིགས་ལ་རྣག་མི་འཆོར༌། དེས་མ་ཐུབ་ན་དང་པོ་སྐྱེ་ཆུ་སྨན་གྱིས་བཅད་(པ་ལ་དོམ་མཁྲིས་ཤེལ་ཏ་ཧོང་ལེན་ཆུ་སེར་སྨན་གསུམ་ཁྱེ་འཐུང་ནུ་ཞོས་རིལ་བུ་བྱས་ལ་རྨར་བརྫང་ཀ་ར་སྦྱར་བ་སེང་ལྡེང་སྟབ་སེང་ཆུས་འཕུལ་ལ་ཁོང་དུ་བཏང་)། ། མཁྲིས་སྣ་རྒྱ་སྐྱེགས་སྒོ་ང་བག་ཕྱེ་སྦྲང༌། །ཞོ་སྦྱར་བྱུགས་ལ་སྟེང་དུ་ཕྱིང་དེབ་བཏང༌། །གཉིས་པ་མདོ་རུ་བསྡུས་པས་ཚིགས་ཆུ་ཚ་གྲང་གཉིས། །དང་པོ་དམར་སེར་དྲི་དུག་ཅན་ཤེ་རུལ་ཀོ་ཆུ་ལྟ་བུ་ལ་ཚ་བ་ཡིན། །གཉིས་པ་སྔོ་ལྗང་འོ་མ་དང་ཆུ་འདྲེས་པ་འདྲ་བ་གྲང་བ་ཡིན། །གཉེན་པོ་རྨ་དང་ཁོང་པ་བསིལ་དྲོད་གཉིས་ཀྱིས་དྲང༌། །དེ་ཡིས་མ་ཐུབ་འཁོར་ན་ཕྱི་ནང་གཉིས། །དང་པོ་ཕྱི་ཚིགས་འཁོར་ན་མགོ་ན་སྣ་ཁྲག་འཛག །གཉིད་མེད་ཚ་བ་སྐྱེ་ལ་ཟ་ཟི་མང༌། །དང་ག་མི་བདེ་དངང་འདར་སྟོང་སྐྱུགས་འོང༌། །སོ་བརྩེ་ཉྭ་སྣ་འཕྲིག་ཅིང་མཛུབ་མོ་རྣམས་འགུལ། །བརྐྱང་བསྐུམ་མི་ཤེས་ཚིགས་མགོ་བེམ་ལ་སྦོམ། །ཁོང་དུ་སྟབ་སེང་བརྒྱད་(འབྲུག་རུས་རུ་རྟ་གི་ཝཾ་ཅུ་གང་གུར་ཀུམ་སྤོས་དཀར་ཨ་རུ་ཀ་ར་སྦྱར་བ་གངས་ཆུས་འཕུལ་ལ་བཏང་)པས་རུས་ཚད་བསད། །རྣག་ཆུ་གང་འོང་འདྲེན་གྱིས་བསུས་ལ་ཆུ་ཡིས་བསྒྲང༌། །ཁྲག་གམ་མཁྲིས་པའི་ནན་(བྱའི་ཟེ་ཁྲག་ར་རོག་གཉའ་ཁྲག་བོང་བུ་གྭ་པའི་གཞུག་ཁྲག་མ་གལ་འགྲེལ་པ་སྐབས་སུ་མི་འབྱུང་བས་སླར་དཔྱོད་ཡོམ་(ཡུམ)འབོག་ཤུག་པའི་ཐང་ཆུ་རྣམས་བསྲེས་ལ་ལེགས་པར་བྱུག་མཁྲིས་སྣ་རམས་ཚོས་མཚལ་བྲག་ཞུན་ཡུང་བ་སྦྲང་ཞོ་བག་ཕྱེ་སྦྱར་ལ་བྱུགས་པའི་)སྟེང་ཕྱིང་དེབ་(རྣག་འཁྱིམ་ཚིགས་མིག་ཏུ་ཉིས་བརྩེགས་གསུམ་བརྩེགས་)བཏང༌། །སྔར་བཤད་པའི་ཆིངས་ཀྱིས་བསྡམས་ལ་དེ་སྟེང་སྔར་བཤད་པ་ལྟ་བུའི་ཤིང་ཆས་བསྐུར། །གཉིས་པ་ནང་ཚིགས་འཁོར་ན་ཅུང་ཟད་འགུལ་ཐབས་མེད། །དཔྱི་ལ་སོགས་པའི་རུས་མགོ་མཐོ་མཐོ་རྡོལ། །རྔ་དང་རང་འཐག་ལ་སོགས་སྐད་ཆེན་སྒྲ། །ནད་པའི་གམ་དུ་ཅུང་ཟད་བྱ་ཐབས་མེད། །གཉིད་མེད་རྣ་བའི་ནང་ནས་གླུ་ལེན་པ་ལྟ་བུ་འབྱུང་ཞིང་སྨྲེ་གཅོང་འདོན་གྱི་སྐད་འབོད་པ། །ཁ་ལྕེ་སྐམ་ཞིང་རིངས་པར་ཟ་འཐུང་བྱེད། །སྔོ་ཚོད་དྭངས་སྙིགས་ཆད་པ་ཚོགས་ཚད་ཤེ་རུལ་རྣག་འཛག་ཁ་རྨ་ཕྱི་ནང་ལོག་ལ་ལྷོགས་དེ་ལ་། །ཁོང་སྨན་ག་བུར་བཟང་པོ་གསུམ་སོགས་གོང་བཞིན་ཁ་ཟས་བསིལ་བ་ལ། །སྐབས་སུ་ཐོར་བུའི་རླུང་སྣ་ཟས་ཀྱིས་གླན། །ཅུ་གང་སྤོས་དཀར་ཀ་རའི་ཆུ་ཡིས་བཀྲུ། །སྒོང་ང་མཁྲིས་སྣ་མཚེའི་་ཁུ་བ་ར་མཉེ་བག་ཕྱེ་དང༌། །སྦང་གར་གླུམ་ར་ཞོ་སྦྱར་ལ་སྙོམས་པར་བྱུག །དེ་སྟེང་ཕྱིང་པ་སྲབ་མཁྲེགས་སྙོམས་པར་བཏང༌། །ཤེའམ་མེན་ཏྲིའི་འཇག་གིས་སྡོམ་ཆིངས་བྱ། །ཆིངས་ཀྱིས་ཚིགས་མལ་ཆས་སུ་གཞུག་པ་གཅེས། །རྨ་ཁ་ཁོལ་དུ་བརྟོལ་ལ་ནང་རེ་སྤོ། །ཁ་ཞུན་ནམ་ཟླ་ཚ་གྲང་དུས་དང་བསྟུན་པའི་བསིལ་དྲོད་ཀྱི་ཞུན་ནན་བྱ། །དེ་ཡི་སྟེང་དུ་ཤིང་ཆས་བསྐུར་བྱ་སྟེ། །སྔར་བཤད་པ་ལྟར་སྒྱོགས་མལ་བཅུད་ལ་བོར་བ་གཅེས་པ་ཡིན། །དུས་དང་སྦྱར་བའི་ཆུ་དང་སྤུ་དང་འབྲུ་ཡི་དབྱར་ཕྱིང་པ་སྟོན་དཔྱིད་འབྲུ་དགུན་གཅན་གཟན་གྱི་སྤུ་འདིང་བཅས་ལ། །མལ་གྱིས་ལུས་པོ་ཆམ་ལ་དབབ་པ་གཅེས། །བརྟས་ནས་ཁ་ཟས་རིམ་གྱིས་གློད་ལ་བཏང༌། །རྣག་ཆུ་ཆད་དཀའ་ཤེད་དམའ་ཡན་ལག་གྱོང༌། །རྒྱུད་ཕྱི་མ་ནས་བཤད་པ་ལྟར་སྨན་མར་སྦྱར་ལ་ལུས་ཟུངས་བརྟས་པར་བྱ། །བཞི་བ་ཆུ་རྒྱུས་རེངས་སམ་འཁུམས་པར་གྱུར་པ་ན༌། བརྐྱང་བསྐུམ་ཡོང་མི་བཏུབ་ན་དེ་ལ་བཅོས་ཐབས་མེད་ལ་། །བརྐྱང་བསྐུམ་ཅུང་ཟད་ཙམ་རེ་བཏུབ་ན་དང་པོར་རང་བྱུང་གི་ཆུ་ཚན་ནང་དུ་སྦང༌། །དེ་ནས་མེ་ཏོག་སྣ་ཚོགས་ལུམས་སུ་གཞུག །ཡང་ན་སྦང་སྐམ་རྟ་རྐྱང་གི་སློ་དང་ལུག་རིལ་ལུམས། །ཡང་ན་ཕུར་མོ་ཙན་དན་སྨུག་པོ་དང༌། །འོམ་བུ་ཆང་དུ་བཙོས་པའི་ལུམས་ཀྱིས་བདུག །མཚན་མོ་ལུམས་ལ་ཉིན་པར་བསྐུ་མཉེ་བྱ། །ཤ་མར་བུར་ཆང་བཅུད་ཀྱིས་ཁོག་ནས་དབུལ། །དེ་རྗེས་བལ་ཚིའི་སྦྱོར་བ་ནི་བལ་ཚི་ཅན་ཆང་ངམ་ཞུ་མཁན་ནང་བཙོས་བས་དྲིལ་བྱས་ལ། །ཆང་གར་པོ་བཟི་བ་འཐུངས་ལ་རྐང་ལག་བརྐྱང་བསྐུམ་མ་བདེ་བ་དེ་ཉིད་རྩེར་གྱིས་རྒྱངས། །དེ་ནས་མ་བུ་དལ་བུས་ཆ་ཡིས་མ་འགྲམས་པར་ཇེ་དྲག་ཏུ་བརྐྱང་བསྐུམ་བྱ་བ་ལ་བསླབ། །བརྐྱང་བསྐུམ་བདེ་ན་སྔར་གྱི་རང་སོར་སོ་རུ་ཚུད་ན་ཆང་ངམ་དྲི་ཆུས་བཀྲུ་ཤུལ་ཚིལ་དང་ལོ་མར་གྱིས་བྱུག་བསྲོ་ཞིང་མཉེ། །འགྲམས་ན་གང་ཉེ་གཏར་ཞིང་ལུམས་སུ་གཞུག །སྤྱིར་ན་བསིལ་གྱིས་མ་ཐུབ་ལོག་གནོན་དྲོད། །དྲོད་ཀྱིས་མ་ཐུབ་དེ་ཡི་ལོག་གནོན་བསིལ། །ལོག་གནོན་དུས་ཚོད་སྦྱོར་ཤེས་མན་ངག་གནད། །དུས་མིན་ལོག་གནོན་འཁྲུལ་སྦྱོར་རྨོངས་པ་ཡིན། །ཞེས་གསུངས་སོ།།
བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཡན་ལག་གི་རྨ་གསོ་བའི་ལེའུ་སྟེ་བརྒྱད་ཅུ་རྩ་དྲུག་པའོ། །དེ་ལྟར་ལེའུ་ལྔ་ནི་མཚོན་རྨ་གསོ་བའི་སྐབས་ཏེ་བཅུ་གཉིས་པའོ། །ལེའུ་ལྔ་པོ་སྐབས་གཅིག་གི་རྨ་གསོ་བའི་ཡན་ལག་སྟེ་ལྔ་པའོ།། །།
མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 3:08 PM
<< སྔ་མ།