སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གྱ་དགུ་པ། རྒྱུ་བ་དང་མི་རྒྱུ་བའི་དུག་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 

ལེའུ་གྱ་དགུ་པ། རྒྱུ་བ་དང་མི་རྒྱུ་བའི་དུག་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །རང་བཞིན་གྱི་དུག་ལ་རྒྱུ་བ་དང་མི་རྒྱུ་བ་གཉིས་ཡོད། །དེ་དག་སྔོན་གྱི་དུས་སུ་ལྷ་དང་ལྷ་མིན་གྱིས། །བདུད་རྩི་འདོད་ནས་རྒྱ་མཚོ་བསྲུབས་པ་ལས། །སྐྱེས་བུ་སྐྲ་སེར་མིག་ནས་མེ་འབར་བ། །འཇིགས་པའི་གཟུགས་ཅན་དོན་ཏེ་ཚངས་པ་ཡིས། །ཧཱུཾ་བརྗོད་པྲ་ཡས་སྐྱེས་བུ་དེ་རྒྱུ་བ་དང་མི་རྒྱུ་བའི་དུག་ལ་ཐིམ་པར་གྱུར་ཏེ། །དེའང་གཉིས་པ་མི་རྒྱུ་བོང་ང་བཙན་དུག་སྤྱང་དུག་དང༌། །ར་དུག་སེ་ཤིང་ཐང་ཕྲོམ་རྟ་སྤུ་སོགས།  གཉིས་པ་རྒྱུ་བ་ཁྱི་སྨྱོན་སྦྲུལ་དང་སྡིག་པ་དང༌། །སྲིན་བུ་བ་ཡི་སྦྲང་བུའི་དུག་ལ་སོགས་པ་ཡིན།།

དེ་ལ་དང་པོ་མི་རྒྱུ་བ་ལ་སྤྱི་དོན་གསུམ་ལས་དང་པོ་བོང་ངའི་རིགས། །རྐྱང་པར་སོང་རྟགས་ལྕེ་མཆུ་བེར་ལ་ཚ། །སེར་ག་འགས་དང་མདོག་ནག་ཁ་དབུགས་གྲང༌། །འགུལ་ན་མུན་སྲོ་བ་སྙམ་བྱེད་དྲན་པ་ཉམས་ཤིང་འགྱེལ། །རྐང་ལག་ན་ཞིང་རེངས་ཏེ་མིག་འབྲས་གྱེན་ལ་ལྡོག །ཕོ་བ་སྦོ་ཞིང་ཁོང་པ་གཏུབ་སྙམ་བྱེད། །དེ་ལ་དང་པོར་དུག་བསྡུད་པ་ནི་མི་ཕྱུགས་ཀྱི་གསོན་ཁྲག་དྲོན་མོ་ཁྱོར་གང་བཏུང་དུ་བཞུག། །ཆུ་ནང་དུ་སྤྱིང་ངམ་སྟེང་ནས་རྒྱུན་དུ་བླུག །དེ་ཡིས་རྩ་རུ་མི་འབྲོས་ཕོ་བར་འཛིན། །དེ་རྗེས་བསད་པ་ནི་བུལ་ཏོག་ཡུང་བ་ཨ་རུ་ར། །ཆུ་སྦྱངས་ཏེ་བླུད་ན་འཕྲལ་དུ་དེ་སྲོག་སྟེར། །ཡང་ན་ཨ་རུ་ར་དང་བོང་ང་དཀར། །བྲག་སྐྱ་ཧ་བོ་ཧ་བོའི་ཚོད་མ་ཟེར་བའང་བཤད་དྲི་ཆུས་སྦྱངས་བཏང་ཞི་བར་བྱེད། །ཡང་ན་ཨ་རུ་བུལ་ཏོག་བོང་ང་དཀར། །མི་རྟ་ཁྱིའི་ཕྱ་ཚན་ཞིབ་བཏགས་ཆུར་སྦྱངས་བཏང་བར་བྱ། །སྦྱོར་བ་ཀུན་ལ་སྦྱར་དུག་སྐབས་ཀྱི་སྔགས་ཀྱིས་ངར་བཏགས་པས། །སྨན་གྱི་ནུས་སྐྱེད་དུག་དབལ་གསོད་པར་ནུས། །མི་མཁས་རྨོངས་པས་བོང་ང་རྐྱང་འདེད་བྱེད། །སྨན་གྱིས་དུག་དེད་སྲོག་རྩར་ཤོར་ཏེ་གསོད། །མན་ངག་འདི་ལྡན་ལས་དབང་མིན་པ་འཚོ།།

སྤྱི་དོན་གཉིས་པ་ཐང་ཕྲོམ་དཀར་ནག་ནད་མེད་ལུས་སྟོབས་འཁྱོལ།  །དབང་པོ་འཁྲུལ་ནས་མིག་སྔར་སྣ་ཚོགས་མཐོང༌། །སྨྲ་བ་འཆལ་ཞིང་གཏད་མེད་བུད་མེད་འདོད། །དེ་ལ་སླེ་ཏྲེས་རེ་རལ་བ་ཤ་ཀ། །ཞིབ་བཏགས་ཞུན་མར་ལ་སྦྱར་བཏང་བས་འཇོམས། 
སྤྱི་དོན་གསུམ་པ་སེ་ནག་གི་ཤིང་དངོས་དང་རྟ་སྤུ་ངང་སེར་གསེབ་ཀྱི་སྤུ་དབྱར་དུས་མིའི་ཁོང་པར་སོང་བའི་སྟེང་དུ་ཆང་སྐྱུར་བཏུངས་ཤིང་ལུས་བྲེལ་པས་འཁྲུགས་ན། རྟ་སྤུ་རྣམས་འབུར་འགྱུར་ནས་ནང་ཁྲོལ་ལ་ཟ་བ་ཡིན་ཏེ་ཚུལ་འདི་སྤུ་དུག་སྦྱོར་བ་དང་མཚུངས་ཤིང་ངན་སྔགས་ཀྱི་རྒྱུད་མང་པོར་ལས་གསུངས་སོ། ཕྱི་ནང་གང་རེག་སྐྲངས། །གྲེ་བ་མིད་པ་ཕོ་བ་གང་སྐྲངས་ཀྱང༌། །རྨ་ཡོད་སྙམ་སེམས་ཟུག་ཆེ་ཧྲིལ་ཧྲིལ་ན། །དེའང་ར་ཤ་ར་ཁྲག་དྲི་ཆུས་སེ་ཤིང་འཇོམས། །འབྲུ་མར་ཚིལ་མར་ཕག་ཚིལ་རྟ་སྤུ་འཇོམས།།

རྩ་བའི་གཉིས་པ་དེ་ནས་རྒྱུ་བའི་དུག་གི་གསོ་ཐབས་ལ། །དང་པོ་ཁྱི་དུག་མཚན་ཉིད་རྟགས་དང་ནི། །གསོ་བའི་ཐབས་དང་རྣམ་པ་གསུམ་ཡིན་ཏེ། །

སྤྱི་དོན་དང་པོ་དུག་ཡོད་པའི་མཚན་ཉིད་ཁྱི་དེ་འོན་ལོང་ཁ་ཆུ་འཛག །ཁ་གདངས་མགོ་བོ་སྨད་ཅིང་མཇུག་མ་ཕབ། །འཁྱོམ་ཞིང་ཕྱོགས་མེད་ཀུན་ཏུ་རྒྱུ་བ་ཡིན།།

སྤྱི་དོན་གཉིས་པ་དེ་ཡི་སྨུགས་པའམ་སོས་ཟིན་པའི་རྟགས་ལ་གསར་རྙིང་གཉིས་ཏེ། །དང་པོ་གསར་དུས་རྨ་ནས་ཁྲག་ནག་འཛག་པ་དང༌། །རྨ་མདོག་སྨུག་ཐིག་དང་ནག་ཐིག་ཅན་མི་སྡུག་ར་རི་འོང༌། །སྐྲངས་ཤིང་རྨ་ཡི་ནང་དུ་རྨེན་བུ་ཆགས། །རྙིངས་ནས་མགོ་བོ་ན་ལ་གྲང་ཤུམ་བྱེད། །འཕྱོ་འདར་སྙིང་ག་ན་ལ་སྐབས་སུ་འབོག །མེ་ལོང་ཆུ་མཐོང་དངངས་ལ་ཁྱིའི་སྤྱོད་པ་བྱེད། །དེ་ནི་ཁྱི་དུག་ལངས་ཤིང་རྒྱས་པའི་རྟགས་སུ་བཤད་པ་ཡིན།།

སྤྱི་དོན་གསུམ་པ་བཅོས་པའི་ཐབས་ཀྱང་གསར་རྙིང་དུས་ཀྱི་སྦྱར། །དེ་དག་གིས་སོས་ཟིན་པའི་རྨ་ལ་དེ་ཁའི་མོད་ལ་རྨ་ཁ་ནས་ཁ་དང་རྔབས་རྭས་ཁྲག་ཆུ་སེར་ཅི་ཐོན་དྲང༌། །རྨ་ཁའི་སོར་བཞིའི་གོང་དུ་རས་འཇག་གིས་བསྡམ་པར་བྱ། །ཞག་ལོན་པ་ལ་རྨ་དེ་ལྕགས་ཀྱིས་ཏེལ་པས་བསྲེག །དེ་འོག་ཞུན་མར་བསྐོལ་བ་དེའང་རྨ་ནང་དུ། །རྒྱ་ཚྭ་སྐྱེར་ཤུན་དུད་པ་བཙོད་ཀྱིས་བྱུག  ཡང་ན་ཡུང་བ་སྐྱེར་པའི་བར་ཤུན་བོང་ང་དཀར་པོ་གླ་རྩི་མར་གྱིས་བྱུག །དེ་སྟེང་རྟ་སྦངས་ཞོ་དང་སྦྱར་བས་རྨ་འཇིབས་བྱ། །དེ་རྗེས་ལྡང་ངམ་མི་ལྡང་ལི་སྡེར་ནང་དུ་ཆུ་གཙང་བླུགས་ལ་ནད་པ་རང་ལ་ལྟ་བར་བཅུག་ཏེ་བརྟག །(ལྕེ་དང་མཚུལ་བ་ཁྱི་འདྲ་བ་དང་ཆུ་གསེབ་དུ་བྱི་བ་བྱུང་སྙམ་པ་བྱེད་པ་དང་དངངས་ན་ལྡང་བ་ཡིན་ནོ) །མི་ལྡང་བ་ལ་འོག་གི་གཉེན་པོ་བསྟེན། །ལྡང་བར་གྱུར་ན་ཁྱི་སྨྱོན་གྱི་མཆེ་བ་དེ་ལྷམ་གྱི་བྲང་ཀྲད་འཐེབ་ཙམ་བསྲེགས་ཐལ་དང༌། །ཁང་པའི་དུད་པ་སྡོམ་བརྒྱད་དྲི་ཆུ་སྦྱར་བཏང་དུག་ཞེན་བསླང༌། །ལངས་ནས་ལུས་སྦྲིད་ཁོལ་བུར་ན་བ་དང༌། །ཁྱི་མཐོང་ཚིག་པ་ཟ་ལ་བཤུལ་ཤ་ན། །འོག་གི་གཉེན་པོ་བསྟེན་ཞེས་པ་དེ་འདི་ཡིན་དེ་ལ་གི་ཝཾ་ཛཱ་ཏི་རྡོ་ཕ་ཝང་ལོང༌བུ། །བུར་དཀར་བཞི་འགྱུར་ཆུ་གྲང་འཕུལ་ལ་བཏང༌། །ཡང་ན་གི་ཝཾ་བཟང་དྲུག་ཐང་ཕྲོམ་པ། །བ་སྤྲུ་གླ་རྩི་ཀ་རས་ཁ་བསླངས་བཏང༌། །རྒྱ་སྤོས་སེང་ཕྲོམ་ཤུ་དག་ཧོང་ལེན་དང༌། །པ་ཐ་གོ་ཡུ་སུག་སྨེལ་གུར་གུམ་ཞུན་མར་སྦྱར་བ་ཁོང་དུ་བཏང་། །བཟའ་ཞིང་ལུས་ལ་བྱུག་པ་མིའི་སྐྲ་ཡུངས་ཀར་བུར་རམ་འོ་སོགས་རྙིང་གི །དུ་བས་བདུགས་པས་རྨ་དང་སྐྲངས་པ་འཇོམས། །ཟླ་དྲུག་ཚུན་ཆད་ཞག་བཅུའི་དུས་སྨན་མར་རེ་བསྟེན། །ཁྱི་དུག་གིས་འོག་ཞབས་བཅོས་པར་ཞག་བཅུ་ཕར་འདས་པ་དང་ཟླ་བ་དང་ལོ་ལོན་པའམ། །ཁྱི་དུག་ལང་པའི་རྟགས་དང་ལྡན་ན་ཁྱི་དུག་རྙིང་ལ་ཟིན་པ་ཡིན་པས་སྨན་གྱིས་ཐུབ་དཀའ་བའི་ཚིགས་པ་དྲུག་པ་དང་བདུན་པ་མེ་ཡིས་བསྡམ། །དུར་བྱིད་ཧོང་ལེན་དྷ་དུ་ར་ཐང་ཕྲོམ་དཀར་པོ་ཡིས་བཤལ་གྱིས་སྦྱང༌། །གུ་གུམ་བཞི་པ་ནི་གུ་གུལ་འོག་ཏུ་གུ་གུལ་བཞི་པ་ཟེར་བ་འདི་ལས་ངོས་འཛིན་པ་མེད་པ་ལ་ལ་ལར་གུར་གུམ་བྱས་པ་མ་དག་གོ་དུད་པ་ཨ་ཤོ་བ་སྤྲུ་གནྡྷ་དང༌། །རྒྱ་སྣེ་སྔོ་སྣེའི་རྒྱབ་དམར་ཆེ་བ་བ་ཆུའི་རིལ་བུ་དྲི་ཆུས་དབུལ། །ཡང་ན་རྡོ་གྲུ་བཞི་ཕ་ཝང་ལོང་བུ་སེར་ནག་དཀར་པོ་རྣམ་པ་གསུམ། །བཟང་དྲུག་གི་ཝཾ་ཙན་དན་དཀར་པོ་ཨ་རུ་ར། །བུ་རམ་དཀར་པོ་བཞི་འགྱུར་སྦྱར་ལ་བཏང༌། །ནད་གོ་ཆོམས་ནས་རྒྱ་སྤོས་ལྔ་བ་ནི་རྒྱ་སྤོས་ན་ལེ་ཤམ། །སུག་སྨེལ་རུ་རྟ་ཤིང་མངར་སྦྲང་རྩི་དང༌། །ཞུན་མར་སྦྱར་བའི་ལྡེ་གུས་ནད་རྗེས་གཅོད། །རྨེན་པ་སྐྲངས་ན་རུས་རྙིང་འབའ་ཆ་དང༌། །ན་བར་ཆགས་པའི་ཉ་ལྕིབས་སྦྱར་བའི་ལུམས་ཞོ་ཙམ་ཀྱིས་མནན་པ་དང༌། །ཁོལ་བུ་ན་སར་ཧོར་གྱི་མེ་བཙའ་བྱ། །མེ་ལོང་ལ་ལྟ་བ་དང་ཁྱི་སྐད་ཐོས་པ་དང་ཆུ་རྒལ་བ་དང་ཞེ་སྡང་སྐྱེད་པ་སེམས་འཁྲུགས་པ་སྤང༌། །དེ་ཡིས་ཁྱི་དུག་གིས་ཟིན་འཚོ་བར་ངེས།།

སྤྱི་དོན་གཉིས་པ་སྦྲུལ་དུག་མཚན་ཉིད་རྟགས་དང་བཅོས་ཐབས་གསུམ། །དང་པོ་མཚན་ཉིད་གདེངས་ཀ་ཅན་དང་ལུས་འཁྱིལ་དང༌། །ཁྲ་བོ་གོ་དྷའི་བུ་བཞིས་འདུ་བ་འཁྲུགས།།

སྤྱི་དོན་གཉིས་པ་རྟགས་ལ་ཟིན་ཚུལ་རིགས་དང་དུག་ཤུགས་གསུམ། །དང་པོ་ལྕེས་བལྡགས་ཁྲག་མེད་པ་དང་སོས་ཟིན་ཁྲག་འབྱུང་བ་བཅད་པ་དང་རྨ་བཞི་ནང་དུ་བཙིར་  གཉིས་པ་ནི་དེ་རིགས་རྟོག་པའི་དུག་དང་སྐྲག་པའི་དུག །མཆེ་བའི་དུག་དང་རྣམ་པ་གསུམ་ཡིན་ཏེ། །གསུམ་པ་སྦྲུལ་དུག་ཁྲག་ལ་བརྟེན་ཏེ་ཏིལ་མཆེད་འདྲ།།

སྤྱི་དོན་གསུམ་པ་གདེངས་ཀ་ཅན་ཤུགས་ཁྲག་རྣག་འཛག་པ་དང༌། །ལུས་ལ་སྲིན་བུ་འགྲོ་སེམས་རྨེན་བུ་སྐྱེ། །མགོ་ལྕི་རྨ་སྐྲངས་ཚ་ལ་སྣབས་དང་མཆིལ་མ་ཚིལ་མང་མིག་འབྱེད་དཀའ། །ཚིགས་ཀྱི་ཁ་གདང་བྱེར་བ་དང་པགས་པ་བྱེར་སྙམ་སེམས་ལུས་ཚ་སྐྱིགས་བུ་འབྱུང༌། །འཁྲུ་ལྕི་སྙིང་ག་རྒྱབ་དང་སྒལ་ཚིགས་ན། །ལུས་འཁྱིལ་ཁྲག་དང་ལུས་སེམས་ཚ་བ་སྐྱེ། །སྐྲངས་པའང་བརྣགས་དང་རིམས་གང་འདེབས་ལུས་ཀུན་ཁྱབ་པར་ཚ། །ཁྲ་བོ་ཁྲག་དང་མདོག་སྐྱ་གྲང་རིམས་འདེབས། །གོ་དྷའི་བུ་ཡི་ཤུགས་ལ་གོང་གི་རྟགས་གསུམ་ཀའི་ཀུན་རྟགས་འབྱུང༌། །ཟིན་དུས་དབུགས་ཐུང་སྐྱུག་ཅིང་སྙིང་གཟེར་སྤང༌། །སྙིང་པོ་བསྡུས་པར། འཁོར་ལོ་བཞོན་དང་གཡུང་དྲུང་གདུགས། །ལྕགས་ཀྱུའི་མཚན་མར་ལྡན་པ་ཡིན། །གདེངས་ཀ་ཅན་ནི་མྱུར་དུ་འགྲོ། །ཐམས་ཅད་གདེངས་ཀ་ཅན་ཞེས་བྱ། །ལུས་འཁྱིལ་སྣ་ཚོགས་པ་ཡི་ནི། །ཟླུམ་པོར་འདུག་པ་ལུས་འཁྱིལ་ཞིང་། །རིང་ཞིང་འགྲོས་ནི་བུལ་བ་ཡིན། །རི་མོ་སྣ་ཚོགས་ལྡན་པ་དང་། །སྣུམ་ཞིང་ཁ་དོག་སྣ་ཚོགས་པས། །ཆུ་ཞེང་བྲིས་གྱུར་ཁྲ་བོ་ཡིན། །གོ་རྡའི་བུ་ནི་གདེངས་ཀ་ཅན། །དུག་གི་གདེངས་ཀ་ཅན་མཉམ་ལ། །རྐང་བཞི་ངོ་བོ་སྦྲུལ་གཞན་ནི། །འདི་དག་ཉིད་ནི་འདྲེས་པ་ལས། །འདྲེས་པའི་མཚན་ཉིད་ཅན་ཏེ་དེས། །འདུས་པའི་ནད་ནི་ལྡང་བར་བྱེད། ཅེས་སོ། མཆེ་བ་གཅིག་ལ་རྗེས་གཉིས་མངོན། །ཁྲག་མེད་གྱུར་པ་ལྡགས་ཞེས་བྱ། །ཤ་བཅད་ཤིན་ཏུ་ཕུག་པ་དང་། །ཁྲག་བྱུང་སོ་ཡིས་ཟིན་ཞེས་བྱ། །མཆེ་བའི་རྗེས་ནི་ཁྲག་བཅས་གཉིས། །བྱུང་ན་རྣམ་པར་བཅད་པའོ། །མཆེ་བའི་རྗེས་ནི་བཞི་སྣང་བ། །དེ་བཞིན་སོས་ཟིན་བརྩིར་བར་བཤད། །རྟོགས་པའི་དུག་ནི། བགྲོད་དཀའ་མུན་པར་ཟུག་གྱུར་པ། །ལ་ལ་རྟོག་པར་ཟིན་པ་དང་། །དུག་གིས་ཤུགས་དང་རླན་དང་རིམས། །རྒྱལ་བའི་ཚ་བ་རྒྱས་སྐྱེས་པའི། །ན་ཞིང་རྨོངས་པར་འཁྲུ་བར་འགྱུར། །དེ་ནི་རྟོགས་པའི་དུགས་ཅེས་བྱ། །སྐྲགས་པའི་དུག་ནི། སྡར་མ་སྦྲུལ་གྱིས་རེག་པ་ལས། །འཇིགས་པས་རླུང་གི་འཇུག་པར་བྱེད། །ལན་འགའ་སྐྲངས་པར་བྱེད་པ་སྟེ། །སྦྲུལ་གྱི་ལུས་ནི་བཅོམ་ཞེས་བྱ། །མཆེ་བའི་དུག་ནི། དུག་བཅས་ནད་ཀྱིས་ཟུག་པ་དང་། །སྐྲངས་དང་གཡའ་དང་རིམས་བཅས་ལ། །།ལ་ལ་ཚ་ཞིང་རྨེན་བུར་བཅས། །ཞེས་སྙིང་པོར་བསྡུས་པར་གསུངས་སོ། སྤྱི་དོན་གསུམ་པ་གསོ་ཐབས་རྨ་ཡི་གོང་དུ་རས་ཀྱིས་བཅིངས། །ལུས་འཁྱིལ་ཡན་ལག་བརྒྱད་པར། ལུས་འཁྱིལ་སོ་རྗེས་མཁྲིས་བསྐྱེད་བྱ། །ཞེས་གསུངས་པས་མི་བསྲེགས་མ་ཡིན་གཞན་གསུམ་པོའི་རྨ་བསྲེག་བྱ། །རྔབས་རྭ་དང་ཀུ་བས་རྨ་ནས་ཁྲག་གཞིབ་དང༌། །ཁྱི་དུག་ལྟར་དུ་རྒྱ་སྤོས་སོགས་ཀྱིས་བྱུག་པ་དང་མི་སྐྲ་སོགས་ཀྱིས་བདུག་རྨ་ཆས་བྱ། །སྦྲུལ་དུག་འདི་ཉིད་ནི་ཁྲག་ལ་གནས་པའི་ཕྱིར་རྨ་དང་གར་ཉེ་བའི་རྩ་ལ་གཏར། །གོང་གི་ཁྱི་སྨྱོན་སྐབས་ཀྱི་གུ་གུལ་བཞི་དང་རྒྱ་སྤོས་ལྔ་པས་གཉིས་ཀྱིས་ནི། །ཁྱི་སྦྲུལ་སྲིན་བུ་བ་ཡི་དུག་རྣམས་འཇོམས། །བྱེ་རུག་རྒྱ་སྤོས་ཐང་ཤིང་ཀ་རཉྫ་འཇམ་འབྲས་། །ཡུང་བ་སྐྱེར་ཤུན་འབྲས་བུ་ཨ་བར་སྐྱུར་གསུམ་དང་ཚ་བ་སྒ་པི་ཕོ་གསུམ། །བ་གཅིན་བཏགས་ཏེ་བཏུང་དང་རྨ་ཚ་ལ་བདར་པའི་སྨན་བྱ། །བ་སྦྲང་བུ་སྦྲུལ་སྲིན་བུ་སྡིག་པའི་དུག་ཀུན་སེལ། །གླ་བའི་རྩི་དང་འཁར་སིལ་དང་གདུགས་ཐོགས་ན་སྦྲུལ་སོགས་འབྱེར། །གསུམ་པ་སྡིག་པའི་དུག་རེག་ཚ་ཞིང་ན་ལ་མཆེད། །དེ་ནི་སྦྲུལ་གྱིས་ཟིན་པའི་གསོ་བ་ཇི་བཞིན་ནོ།།

བཞི་བ་སྲིན་བུའི་དུག་ལ་ནད་རིགས་གསོ་བ་གཉིས། །སྤྱི་དོན་དང་པོ་སྦྲུལ་ལས་གྱུར་དང་སྦྲང་བུ་མཆུ་སྦོམ་གཉིས། །དང་པོ་སྦྲུལ་གྱི་ཤ་དང་ལྕི་བ་དང་ཁ་ཆུ་ལས། །སྐྱེས་པའི་དུག་ཅན་སྲིན་བུ་རྗེས་གསུམ་རྐྱང་པ་དང་འདུས་པ་བཞི། །དེས་ནི་ཟོས་རྗེས་ཚ་གཡའ་སྐྲངས་ཤིང་ཤུ་བ་འབྱུང༌དཔེ་རྙིང་དུངོས་ཟིན་ཚ་བ་སྐྱེ་ཞིང་སྲིམ་བུའོ་ཞེས་འབྱུང་། །རླུང་སྲིན་ཟུག་ཆེ་མཁྲིས་སྲིན་ཚ་བ་སྐྱེ་ལ་མཆེད་པ་སྐྱེན། །བད་སྲིན་གྲང་བ་སྐྱེ་འབྱམས་འདུས་པ་ནི་སྦྲུལ་ཤུགས་དང་འདྲ།།

སྤྱི་དོན་གཉིས་པ་གསོ་ཐབས་བདུག་པ་དང་བྱུག་པ་དང་ཁོགས་སྨན་སོགས་སྦྲུལ་དུག་ལྟར་གསོ། །རླུང་མཁྲིས་བད་ཀན་ཤས་གང་ཆེ་དང་སྦྱར་བའི་རྨ་ཆས་བྱ༌།  །ལྔ་བ་དེ་བཞིན་ཚ་བ་རྣམས་སུ་སྲིན་ཟེར་བ་སོགས་བ་དུག་དབྱེ་བ་བཅུ་དྲུག་ཀྱང༌། །ངེས་མེད་དུག་ཅན་བ་ནི་གཅིག་ཏུ་འདོད།།

སྤྱི་དོན་གཉིས་པ་རྟགས་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས་དང་པོ་སོས་ཟིན་ཁབ་ཀྱིས་བཙག་ལྟར་ཚ་ལ་སྐྲངས་ཤིང་མཐའ་ཐམས་ཅད་འབྲུམ་ཕྲན་འོང་བ་ཤུ་བ་རྣག་ཆུ་འབབ།  །དེ་ཡང་གཉིས་པ་མཁྲིས་གྱུར་ཆུ་བུར་ཚ་ལ་རིམས་ཀྱིས་འདེབས། །བད་ཀན་གྲང་སྐྱ་གཡའ་ལ་གྲང་རིམས་འདེབས། །རླུང་གྱུར་རྩུབ་ནག་རུས་ཚིགས་ན་བར་བྱེད།། 

སྤྱི་དོན་གཉིས་པ་བཅོས་ཐབས་མཁྲིས་གྱུར་སྣོད་སྟེང་གཏར་ཁྲག་དབྱུང༌། །བད་རླུང་གཉིས་པོ་རྨ་གཏོད་བསྲེགས་རྗེས་དུག་སྨན་བྱུག །སྦྲུལ་གྱི་གསོ་བའི་སྐབས་རྣམས་འདིར་སྦྱར་བ་དུག་འཇོམས། །བིལ་པ་རྒྱ་སྤོས་ཙན་དན་དཀར་པོ་ཨུཏྤ་ལ། །བཅའ་སྒ་ནིམ་པ་རུ་རྟ་པི་པི་ལིང༌། །ཤིང་ལྕང་མ་ཆུ་སྲིན་སྡེར་མོ་པོ་སོ་ཆ། །ག་བྲ་ཤིང་ཚ་སྦྱར་བྱུགས་བ་དུག་འཇོམས། །ཞེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རྒྱུ་བ་དང་མི་རྒྱུ་བའི་དུག་གསོ་བའི་ལེའུ་སྟེ་བརྒྱད་ཅུ་རྩ་དགུ་པའོ། །དེ་ལྟར་ལེའུ་གསུམ་ནི་དུག་ནད་གསོ་བའི་སྐབས་ཏེ་བཅུ་གསུམ་པའོ། །དེ་ལྟར་ལེའུ་གསུམ་སྐབས་གཅིག་ནི་དུག་གསོ་བའི་ཡན་ལག་སྟེ་དྲུག་པའོ།། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 3:12 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།