ལེའུ་གྱ་གསུམ་པ། མགོ་རྨ་གསོ་བ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011 |
མན་ངག་རྒྱུད། >> ལེའུ་གྱ་གསུམ་པ། མགོ་རྨ་གསོ་བ། |
ལེའུ་གྱ་གསུམ་པ་མགོ་རྨ་གསོ་བ་ལ་གཉིས། བསླབ་པར་ཞུས་པ་དང༌། དེའི་ལན་ནོ། །དང་པོ་ནི། དེ་ནས་ཞེས་རྐང་པ་ལྔ་དང་འབྲུ་བཞིས་བསྟན་ནོ། །གཉིས་པ་དེའི་ལན་བཤད་པ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་ནོ། །དང་པོ་ནི། དྲང་སྲོང༌། ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་གཞུང་དོན་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཡན་ལག་ཅེས་རྐང་པ་གསུམ་གྱིས་བསྟན་ཏེ། གནམ་ལུགས། ཕོག་པ། བརྟག་ཐབས། བཅོས་ཐབས། ལོག་གནོན་བཤད་པའོ། །གཉིས་པ་རྒྱས་པར་བཤད་པ་ལའང་ལྔ་ལས། དང་པོ། གནས་ལུགས་བསྟན་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དང་པོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། མིའི་རིགས་ལས་མགོ་དབྱིབས་བསྟན་པ། ཤ་རུས་ཀླད་པ་རྩ་རྣམས་ཀྱི་གནས་ལུགས་བསྟན་ནོ། །གཉིས་པ་རྒྱས་པར་བཤད་པ་ལའང༌། མགོ་དབྱིབས་ཀླད་པ་རུས་པ་ཤ་དང་རྩ་དང་ལྔ་ལས། དང་པོ་མིའི་རིགས་ཀྱི་མགོ་དབྱིབས་བསྟན་པ་ལ་གཉིས། རྣམ་གྲངས་བསྟན་པ་དང༌། བཟང་ངན་བཤད་པའོ། །དང་པོ་རྣམ་གྲངས་བསྟན་པ་ནི། མི་རིགས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། མི་རིགས་རླུང་དང་མཁྲིས་པ་དང༌། བད་ཀན་ཏེ་རྐྱང་པ་གསུམ། རླུང་མཁྲིས་ལྡན་པ། བད་མཁྲིས་ལྡན་པ། བད་རླུང་ལྡན་པ་གསུམ། འདུས་པ་དང་བདུན་ལས། མགོ་དབྱིབས་ཀྱང་སྤྱི་རིང་དང༌། ལྟག་འབུར་དང༌། སོག་ག་དང༌། གྲུ་བཞི་དང༌། ཟླུམ་པོ་དང༌། འཕྲེད་ཉལ་དང༌། སྤྱི་ལེབ་དང་བདུན་ལས། སྤྱི་རིང་ནི་བད་ཀན་གྱི་རང་བཞིན་ཅན་གྱི་མགོ་དབྱིབས་སོ། །དེ་བཞིན་དུ་ལྟག་འབུར་ནི་མཁྲིས་པ། སོག་ག་ནི་འདུས་པ། གྲུ་བཞི་ནི་བད་མཁྲིས། ཟླུམ་པོ་ནི་བད་རླུང༌། འཕྲེད་ཉལ་ནི་རླུང་མཁྲིས། སྤྱི་ལེབ་ནི་རླུང་གི་རང་བཞིན་ཅན་ནོ།།
གཉིས་པ་བཟང་ངན་བསྟན་པ་ནི། དེ་དག་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རིམ་བཞིན་དང་པོ་དང་པོ་བཟང་ལ་ཕྱི་མ་རྣམས་གཟེར་རྩ་ཡང་རིམ་བཞིན་མང་བས་ངན་ཏེ། རུས་པ་ངན་ཞིང་གླིང་དང་རྩ་འབུར་མང་ཞེས་འོག་ཏུ་འབྱུང་ངོ༌། །གཉིས་པ་ཀླད་པའི་གནས་ལུགས་བསྟན་པ་ལ་གསུམ། རྣམ་གྲངས་དབྱེ་བ། བཟང་ངན་བསྟན་པ། དམིགས་བསལ་དུ་བཤད་པའོ། །དང་པོ་ནི། རྣམ་གྲངས་དབྱེ་བ་ནི་ཀླད་པ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། འདི་ལ་རྫོང་འཕྲང་དུ། བད་ཀན་གྱི་མི་ལ་ཤ་ཀླད། བད་མཁྲིས་ཀྱི་མི་ལ་མར་ཀླད། འདུས་པའི་མི་ལ་བུང་ཚང་ཀླད་པ། མཁྲིས་པའི་མི་ལ་ཕྲུམ་ཀླད་དེ། དེ་བཞི་བཟང་ངོ༌། །བད་རླུང་གི་མི་ལ་ཞོ་ཀླད། རླུང་མཁྲིས་ཀྱི་མི་ལ་འོ་ཀླད། རླུང་གི་མི་ལ་ཆུ་ཀླད་འབྱུང་སྟེ་དེ་བཞི་ངན་ནོ། །ཞེས་གསུངས་སོ། །གཉིས་པ་བཟང་ངན་བསྟན་པ་ནི། མི་རིགས་ཞེས་རྐང་པ་བཞིས་བསྟན་ཏེ། མིའི་རིགས་མགོ་བོའི་དབྱིབས་དང་ཀླད་པ་སྦྱར་བ་ནི། བཤད་རྒྱུད་ཀྱི་ལུས་དབྱེ་བའི་རང་བཞིན་བསྟན་པ་ལྟར་ཡིན་ལ། འདིར་ཡང་མི་རིགས་བད་ཀན་ཤས་ཆེ་བའི་རང་བཞིན་ཅན་ལ་མགོ་དབྱིབས་སྤྱི་རིང་ཀླད་པ་ཤ་ཀླད་དེ་ཤ་ཙམ་དུ་མཁྲེགས་པ་འབྱུང༌། དེ་བཞིན་དུ་མཁྲིས་པ་ཅན་ལ་དབྱིབས་ལྟག་འབུར་ཀླད་པ་མར་ཀླད། འདུས་པ་ལ་དབྱིབས་སོག་ག་སྟེ་སོག་ཡ་ལྟ་བུ་ཀླད་པ་བུང་ཚང་ཅན་ཏེ་སྦུགས་སོབ་བུང་བའི་ཚང་དང་འདྲའོ། །བད་མཁྲིས་དང་ལྡན་པའི་མི་ལ། མགོ་དབྱིབས་གྲུ་བཞི་ཀླད་པ་ཕྲུམ་ཀླད་དེ་ཕྱེ་སྐྱུར་མོའི་རུ་ཨན་མའམ་གངས་ཚལ་ཞེས་པ་སློང་ཕྲལ་ཙམ་མོ། །བད་རླུང་གི་མི་ལ་མགོ་དབྱིབས་ཟླུམ་པོ་ཀླད་པ་ཞོ་ཀླད་དོ། །རླུང་མཁྲིས་མི་ལ་མགོ་དབྱིབས་འཕྲེད་ཉལ་ཏེ་ལྟག་པ་དང་མཚོག་མ་རིང་བའི་མགོ་འཇོང་ཀླད་པ་འོ་ཀླད་དོ། །རླུང་གི་རང་བཞིན་ཅན་གྱི་མིའི་མགོ་དབྱིབས་སྤྱི་ལེབ་ཀླད་པ་ཆུ་ཀླད་དོ། །འདི་དག་ནི་ཀླད་པའི་འཕྲང་སླ་དང་མཚོ་ཟིན་མིན་ལས་བདུན་དུ་བཞག་སྟེ། ལུས་ཁམས་ཀྱང་དེ་མཐུན་དུ་ལྟའོ། །འདི་དག་རིམ་པས་གོང་བདུན་པོ་འདི་དག་རུས་ཀླད་རིམ་པས་གོང་མ་གོང་མ་བཟང་བས་གསོ་སླ་བར་འདོད་དོ།།
གསུམ་པ་དམིགས་བསལ་དུ་བཤད་པ་ནི། འོན་ཀྱང་ཞེས་རྐང་པ་ལྔས་བསྟན་ཏེ། ཕལ་ཆེར་གོང་དུ་བསྟན་པ་ལྟར་ཡིན་མོད། འོན་ཀྱང་ཁྱད་པར་གྱི་རྟགས། མགོ་རིལ་ཤ་དམར་མིག་ནག་མཚུལ་པ་ཉག་པ་ནི་སྣ་གོང་ཉག་པའོ། སྣབས་ལུད་ཉུང་བ་དང་གཡང་དང་ཆུ་ལ་བཟང་བ་ནི་མི་ཞེད་ཅིང་རྩལ་དང་ལྡན་པའོ། །རྨ་ལ་བཟང་བ་ནི་རྨ་སོས་སྐྱེན་པའོ། །འདི་དག་ནི་རང་རང་གི་རྟགས་སོ། །དེ་འོག་ཏུ་ཕོག་དུས་ལ་བརྟག་པའོ། །གསུམ་པ་རུས་པའི་གནས་ལུགས་བསྟན་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཀླད་ཁྱིམ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། རུས་དམིགས་ཕོ་མོ་མ་ནིང་གསུམ་སྤྱིར་བསྟན་པ། དེ་ལའང་སྒང་རྩིབས་མཐའ་གསུམ་དུ་འབྱུང་བར་བསྟན་པའོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ཕོ་མོ་མ་ནིང་གསུམ་སྤྱིར་བསྟན་པ་ནི། ཕོ་རུས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། གདུང་ནི་སྟེང་དང་འོག་གི་མཁྲེགས་པ་གཉིས། ལྷ་བ་ནི་བར་གྱི་སོབ་པའོ།།
གཉིས་པ་སྒང་རྩིབས་མཐའ་གསུམ་འབྱུང་བར་བསྟན་པ་ནི། ལྟག་པ་ཞེས་རྐང་པ་དྲུག་གིས་བསྟན་ཏེ། དེ་ཡང་སྔ་རབས་མཁས་པའི་དབང་པོ་རྣམས་བཞེད་པའི་མགོ་ཐིག་རིན་ཆེན་གནད་འགྲེལ་ལས། ལྟག་པའི་ཁུང་ནས་མཛོད་སྤུ་སྟེ་སྨིན་དབྲག་ཏུ་གཞུང་ཐིག་གཅིག་འཐེན། རྣ་བ་གཡས་ཀྱི་རྩེ་ནས་གཡོན་གྱི་རྩེར་འཕྲེད་ཐིག་གཅིག་ཐེན་པས་ཐིག་དེ་གཉིས་ཀྱིས་རྒྱ་གྲམ་གར་བབས་པ་དེ་ནི་ཚངས་པའི་བུ་གའོ། །གཙུག་ནས་མཛོད་སྤུའི་དཀྱིལ་དེ་ཉིད་ནི་མཚོག་མདུད་ཀྱི་སྒོ་བོ་སྔར་གྱི་མཚོག་མའི་གཞུང་ཐིག་དེ་ཕྱིས་ནས་གཡས་གཡོན་དང༌། གཙུག་དང་ལྟག་པའི་བར་དེ་འདུས་སོའི་སྲུབས་པའོ། །རྒྱབ་ཀྱི་ལྟག་པའི་ཟུར་གཉིས་ནས་མདུན་གྱི་སྨིན་དཀྱིལ་དུ་ཐིག་རེ་འཐེན་པའི་བར་རང་སོར་བཞི་ཡོད་པ་ནི་ཞུར་པོ་ལྟ་བུའི་སྒང་ནི་རུས་པ་མཐུག་ཅིང་མཁྲེགས་པ་དང༌། ཁྱད་པར་དུའང་སྒྲོན་པ་སྟེ་འཁྲོ་བའོ། །དེའི་གཡས་སུ་རང་སོར་བཞི་དང་གཡོན་དུ་རང་སོར་བཞིའི་སར་རྒྱབ་ནས་མདུན་དུ་ཐིག་རེ་རེ་འཐེན་པའི་བར་ནི། རུས་པའི་རྩིབས་ཏེ་སྔར་གྱི་ཞུར་པོ་སྒང་ལས་ཅུང་སྲབ་ཅིང་ལྷ་བ་དང་གདུང་གཉིས་སྙོམས་པའོ། །དེའི་མཐའ་ནི་རྣ་བ་དང་ལྟག་པའི་རུས་ལྟག་སྟེ། དེ་རྣམས་ལྷ་བ་ཆུང་ཞིང་སྲབ་ལ་སྐྲོན་པར་བཤད་པ་ཡིན་ནོ།།
བཞི་པ་ཤའི་གནས་ལུགས་བསྟན་པ་ལ་གཉིས། གཉན་སའི་ཤ་གནད་བསྟན་པ་དང༌། ལྷག་མ་མི་གཉན་ས་བསྟན་པའོ། །དང་པོ་ཤ་གཉན་བསྟན་པ་ནི། གཡོགས་པ་ཞེས་རྐང་པ་ལྔས་བསྟན་ཏེ། སྤྱི་གཙུག་ལྟག་པ་མཚོག་མ་སྟེ་གསུམ། མུར་གོང་གི་ཤ་གནད་གཉིས་ཏེ་དྲིལ་བས་ལྔའོ། །གཉིས་པ་ལྷག་མ་མི་གཉན་ས་བསྟན་པ་ནི། དེ་ནས་ཞེས་རྐང་པ་གཅིག་གིས་བསྟན་ནོ། །ལྔ་པ་རྩའི་གནས་ལུགས་བསྟན་པ་ལ་གཉིས། །མདོར་རྒྱས་སོ། །དང་པོ་ནི། འགྲེལ་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཀླད་རྩ་དང་རུས་རྩ་དང་ཤ་རྩའོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། གསུམ་པོ་ཀླད་རྩ་བཤད་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། ཀླད་པའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཀླད་པའི་རྩ་དེ་ལ་ཚོ་བྱེད་དར་རྩ་དང༌། ཕྱི་ནང་དུ་འབྲེལ་བའི་ཆུ་རྩ་བཤད་པའོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་འཚོ་བྱེད་དར་རྩ་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དང་པོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། གཉན་གྱིས་རེ་ཐག་བཞི། ཕྱི་ནང་རྒྱུག་པ། གསུམ་འདུས་ཀྱིས་ཚངས་པའི་སྐུད་པའོ། །གཉིས་པ་རྒྱས་བཤད་ལ་གཉིས་ལས། དང་པོ་གཉན་གྱིས་རེ་ཐག་བཞི་ནི། རེ་ཐག་ཅེས་རྐང་པ་གསུམ་གྱིས་བསྟན་ཏེ། རྣ་བ་ལ་སྙན་ཞེས་པ་སྦྱར་བ་དེའི་རེ་ཐག་ལྟ་བུའི་རྩ་དེ་བཞི་ནི། རྒྱབ་ངོས་རྩེ་ནག་གཉིས་དང་མདུན་ངོས་གཉིད་ལོག་གཉིས་ལས་གྱིས་པ་རྣ་བའི་ཕྱི་ནང་གཉིས་ཀྱི་འགྲམ་ནས་ཡར་སོང་སྟེ། རྣ་བའི་བུ་གའི་གཡས་གཡོན་ནས་ཕྱི་ལྟག་པ་དང་ནང་གདོང་ཕྱོགས་གཉིས་ནས་ནང་ལ་སོང་སྟེ་ཀླད་པའི་རྒྱ་དར་གྱི་སྟེང་དང་ཐོད་རུས་གཉིས་ཀྱིས་བར་ལ་ཤིང་ལོའི་འདབ་མ་ལྟར་འབྲེལ་ཏེ། རྩ་དེ་གནས་པ་ཡིན་ནོ། །གཉིས་པ་ཕྱི་ནང་རྒྱུག་གཉིས་ནི། ཕྱི་ནང་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ཕྱི་དང་ནང་དུ་རྒྱུག་པའི་རྩ་གཉིས་ནི་ལྟག་པའི་རུས་པ་འབུར་པོ་ནས། མདུན་གྱི་མཁུར་མཚོས་གཉིས་སུ་སྟེ། དེ་ནས་སླར་ནང་ལ་ལོག་སྟེ་ཀླད་པ་བླངས་ནས་ཡར་ཐོད་རུས་ཀྱི་འདུས་སོ་གསུམ་སྟེ་དབུས་ཀྱི་འདུས་སོ་སྤྱི་གཙུག དེ་ནས་མདུན་དུ་སོར་བཞི་གཞལ་བ་མཚོག་མའི་འདུས་སོ། །སྤྱི་གཙུག་ནས་རྒྱབ་ཏུ་སོར་བཞི་གཞལ་བ་ལྟག་པའི་དུས་སོ་སྟེ་གསུམ་མོ། །དེ་ནས་ཐོད་སྲུབས་རྣམས་ལ་རེ་འགའ་ཕྱིར་དོན། རེ་འགའ་ནང་དུ་ནུབ་ནས་ཕྱི་ནང་གཉིས་ཀ་བཙེམས་ནས་གནས་པའི་རེ་ཐག་བཞི་དང་ཕྱི་ནང་རྒྱུག་གཉིས་དེ་དྲུག་ལ། མཚོ་བྱེད་དར་རྩ་དྲུག་ཅེས་བྱའོ།།
གསུམ་པ་ཚངས་པའི་སྐུད་པ་ནི། ཚངས་པའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཤ་དང་རུས་པ་ཀླད་པ་དང་གསུམ་འདུས་པའི་རྩ་གཅིག་སྟེ་དེ་ནི་སྤྱི་བོའི་གཙུག་ན་གནས་སོ། །གཉིས་པ་གཞན་དང་འབྲེལ་བའི་ཆུ་རྩ་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། གཞན་དང་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཕྱི་ནང་གི་ཤ་རྩའོ། །གཉིས་པ་རྒྱས་པར་བཤད་པ་ལ། ནང་རྩ་དང་ཕྱི་རྩ་གཉིས་ལས། དང་པོ་ནང་རྩ་ནི། ནང་རྩ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། འདིའི་རྒྱས་བཤད་ནི་འོག་ཏུ་བྱང་ཁོག་གི་སྐབས་སུ་འཆད་དོ། །གཉིས་པ་ཕྱི་རྩ་བཤད་པ་ནི། ཕྱི་རྩ་ཞེས་རྐང་པ་དྲུག་གིས་བསྟན་ཏེ། ཕྱི་རྩ་དྲུག་རྐང་ལག་རུས་ཚིགས་དང་འབྲེལ་ཚུལ་ནི་རྩ་དཀར་གྱི་སྐབས་སུ་བཤད་ཟིན་ནོ། །ཟ་འགྲམ་གྱི་སྟེང་གི་སོ་རྩ་ལྡད་བྱེད་གཉིས་ནི། རྣ་བའི་མདུན་ན་འབུར་འབུར་བྱེད་པ་དེའོ། །རྐན་གྱི་དཀྱིལ་ན་དབང་པོ་བཞི་འདོམ་པའི་རྩ་སུམ་མདོ་རིས་ནི། ཡན་ལག་བརྒྱད་པར། ལྕེ་མིག་སྣ་དང་རྣ་བ་ཡིས། །བུ་གའི་བཞི་ནི་འདུས་པ་དག །རྐན་དང་སྒོ་རུ་ཁ་བཞི་སྟེ། །བུ་གའི་གནད་ནི་དེ་རྣམས་ཀྱིས། །གནད་ནི་སུམ་མདོ་རིས་ཞེས་བྱ། །ཞེས་གསུངས་པ་དེའོ། །དེ་ལྟར་ནང་རྩ་དཔྱང་ཐག་བཅུ་གསུམ། ཕྱི་རྩ་དྲུག སོ་རྩ་ལྡད་བྱེད་གཉིས། འདོམས་རྩ་སུམ་མདོ་རིས་གཅིག་སྟེ་ཉི་ཤུ་རྩ་གཉིས་ནི་ཆུ་རྩའི་གནད་དུ་བསྟན་པ་ཡིན་ནོ། །གཉིས་པ་རུས་རྩ་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རུས་རྩ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། མགོ་བོའི་རུས་པའི་རྩ་དེ་ལའང་ཐོད་པ་ལ་དྲང་པོར་ཕུག་པ་མདུང་ཚུགས་པ་དང་འདྲ་བ་དང༌། ལྷ་དཀྱིལ་དུ་འཕྲེད་ལ་ཉལ་བ་ལ་འཕྲེད་ཉལ་དང༌། མ་ངེས་པ་འཁྱམས་པོ་རྣམས་བཤད་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་མདུང་ཚུགས་བཤད་པ་ལ་གཉིས། ངེས་པ་དང་མ་ངེས་པ་གཉིས་ལས། དང་པོ་ནི། མདུང་ཚུགས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ཐོད་པ་ལ་དྲང་པོར་ཕུག་པ་མདུང་ཚུགས་ནི། གཟེར་བཏབ་པ་ལྟ་བུའི་རྩ་སྟེ། སྤྱི་གཙུག་ཏུ་ཚངས་བུག་སྐྲ་མཚམས་ནས་སོར་རེ་འཇལ་བར་མཚོག་མའི་སྒོའམ་གནམ་འཐེན་གཉིས། ལྟག་པའི་སྡུད་སྒོ། །གཡུ་ཐོག་པས། རྣ་དང་རྩེ་མཉམ་སྡུད་སྒོ་སྟེ། ཞེས་རྣ་བའི་རྩེ་མོ་དྲང་ཐད་ཀྱི་རྒྱབ་ཀྱི་ལྟག་པའི་མདུད་སྒོ། དེ་ནས་གཡས་གཡོན་མཚོན་རེ་འཇལ་བ་གཉིས་ཏེ་མདུད་སྒོ་གསུམ། སྨིན་མའི་དཀྱིལ་གཉིས། མཁུར་མཚོས་ཀྱི་རུས་པ་བྱ་སྒོང་གི་དབྱིབས་ཅན་ནི་མཁུར་མཚོས་སྒོ་ང་སྟེ་དེ་གཉིས་སུ་བྱུང༌། གཞུང་ལ་ལར་སྒོ་ལྔ་ཞེས་བྲིས་པ་ལ་ཤེས་བྱེད་མ་མཐོང་ལ། རྫོང་འཕྲང་དུ་མཁུར་མཚོས་ཀྱི་སྒོ་ང་གཉིས་ཞེས་སྣང་ངོ༌། ཞེས་སྒོ་ངའི་དོན་ལ་བླ་རྟའི་འགྲེལ་བར་འདི་བཞིན་གསུངས་འདུག་ཀྱང༌། དེ་ལྟར་ནི་གཞུང་དོན་མིན་ཏེ། གཙུག་དང་མཚོག་མའི་སྒོ་གཅིག ལྟག་པའི་སྡུད་སྒོ་གཅིག དེ་ནས་གཡས་གཡོན་དུ་མཚོན་རེ་བཅལ་བའི་རྣམ་པ་གཉིས། སྨིན་དཀྱིལ་གཉིས་དང་མཁུར་མཚོས་གཉིས་གཅིག་ཏུ་བྱས་པའི་སྒོ་གཅིག་སྟེ་སྒོ་ལྔར་འབྱུང་བའི་དབང་གིས་གསུངས་པ་ཡིན་ནོ། །གཉིས་པ་མ་ངེས་པ་ནི། དེ་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་འཕྲེད་ཉལ་ནི། འཕྲེད་ཉལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། འདི་དོན་ལ་རྫོང་འཕྲང་འཕྲུལ་གྱི་ལྡེ་མིག་ཏུ་འཕྲེད་ཉལ་ནི་རྣ་བའི་རྩེ་མོ་ནས་མཚོན་གང་ཡར་བཅལ་བའི་ལྷ་སེབ་ནས་འཕྲེད་དུ་སོར་བཞི་ཡོད་དོ། །ཞེས་གསུངས་སོ། །རྣ་ལྟག་ནི་རྣ་བའི་གཤོག་པའོ། །གསུམ་པ་འཁྱམས་པོ་ནི། འཁྱམས་པོ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། འཁྱམས་པོ་དེ་ལ་དབྱེ་ན་གཞའ་ཁུག་དང་ཁྱི་ཉལ་དང་བྱི་སྡེར་གསུམ་ཡོད་ཅིང༌། དེ་གསུམ་ནི་འདིར་གནས་ཀྱི་ངེས་པ་མེད་པས་རུས་པ་བརྡར་ཚེ་བྱ་ར་བས་གར་འདུག་སོད་པ་སྟེ་ལྷ་བའི་གསེབ་ན་སྔོ་ཕྲེང་ངེ་ཡོད་པས་དེ་ལ་བྱ་ར་གཅེས་སོ། །གསུམ་པ་ཤ་རྩའི་གནས་ལུགས་བསྟན་པ་ལ་གཉིས། མདོར་རྒྱས་སོ། དང་པོ་ནི། ཤ་ཡིས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ངེས་པ་དང༌། མ་ངེས་པའོ།།
གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ངེས་པ་ནི། ངེས་པ་ཞེས་རྐང་པ་བཅུས་བསྟན་ཏེ། ལྟག་པའི་ཟུར་གྱི་ལྟག་རྩ་ནག་པོ་ནི། ལྟག་པའི་སྡུད་སྒོ་ནས་གཡས་གཡོན་དུ་མཚོན་རེ་བཅལ་བའི་ས་ནས་གྱེན་ལ་མཚོན་གང་བཅལ་བའི་ས་ན་གནས་པའི་རྩ་གཉིས་དང༌། རྣ་བའི་ཕྱི་རྒྱབ་ན་མཚོན་གང་བཅལ་བ་ན་ཕྱི་ལྗོན་གཉིས། རྣ་བའི་ནང་ངོས་ནས་མཚོན་གང་བཅལ་བར་ནང་ལྗོན་གཉིས། མུར་གོང་གི་ཟུར་ན་དབྱིབས་སྐྱེས་པ་སྟག་རལ་བཏག་པ་འདྲ་བས་འཁྱུག་པའི་རྩ་གཉིས། དཔྲལ་བའི་དཀྱིལ་ན་གཡས་ཕྱོགས་ན་གསེར་མདུང༌། གཡོན་ཕྱོགས་དངུལ་མདུང་གཉིས། མཚུལ་པ་སྟེ་སྣའི་བྱ་གཤོག་གི་གཡས་གཡོན་གྱི་འགྲམ་གཉིས་ན་འཕར་རྩ་ཡོད་པ་དེ་ལ་མཚུལ་རྩ་ནག་པོ་ཞེས་བྱ་བ་གཉིས་དང༌། སྨིན་མའི་ཐད་མུར་གོང་གི་གཤོང་ན་མཐོང་བྱེད་ཀྱི་མིག་རྩ་གཉིས་དང༌། མུར་འགྲམ་གྱི་སྟེང་ན་སོ་རྩ་འཕར་བ་གཉིས་ཏེ་འགྲམ་པའི་འཕར་རྩ་དེའོ། །སྤྱི་གཙུག་གི་ཕྱོགས་བཞིར་མཚོན་རེ་བཅལ་བའི་ས་ན་རེ་ཐག་རྣམ་པ་བཞི་གནས་སོ། །དེ་ལྟར་ཀུན་དྲིལ་བས་ཤའི་རྩ་ངེས་པ་ཉི་ཤུའོ།།
གཉིས་པ་མ་ངེས་པའི་རྩ་ནི། དོན་ལྔ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དོན་ལྔ་དང་སྣོད་དྲུག་དང་དབང་པོའི་སྒོ་མིག་རྣ་བ་སྣ་ལྕེ་དང་བཞི་སྟེ། བཅོ་ལྔ་པ་འདི་རྣམས་ཀྱི་རྩ་ལ་གནས་ངེས་པ་མེད་པས་དེ་མཐུན་གྱི་རྟགས་ཅན་ངོས་བཟུང་བ་དང་གསོ་བ་གཅེས་སོ། །གཉིས་པ་ཕོག་ས་བཟང་ངན་བརྟག་པ་ནི། གཉིས་པ་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། ངན་པ་སྡུད་སྒོ་བཞིར་འཕོག་ན་འཆི་བའི་གནས། །ཞེས་གསུངས་པའི་དོན་ནི་ཡན་ལག་བརྒྱད་པར། ཐོད་པ་ཡིས་ནི་མཚམས་ལྔ་པོ། ཐད་ཀར་གྱེན་འགྲོ་མཚམས་ཀྱི་མཐའ། །དེ་བསྣད་པ་ནི་མགོ་འཁོར་དང༌། །སྨྱོ་ཞིང་དྲན་པ་ཉམས་ཏེ་འཆི། །ཞེས་གསུངས་ལ། རྒྱབ་ཀྱི་ལྟག་པའི་སྡུད་སྒོ་མདུན་གྱི་མཚོག་མའི་གནམ་འཐེན་གཡས་གཡོན་གྱི་རྣ་ལྷེན་མདུན་ངོས་གཉིས་ཏེ་བཞིའམ་ཡང་ན་གནམ་འཐེན་གྱི་དོད་དུ་སྤྱི་གཙུག་བསྣན་པ་དང་བཞིའོ། །ཡང་ན་སོ་མ་རཱ་ཛར། ཁྲུ་ཕྱེད་པ་སྟེ་སྤྱི་གཙུག་ནས། །དེ་འཐེན་པ་ནི་ཐོད་པའོ། །དེ་ལྟར་ས་ནི་འདུས་སོ་གསུམ། །རྣ་བའི་ལྟག་ཏུ་སླེབ་པ་ནི། །ལྷ་རྩ་དག་ནི་ཁྱི་ཉལ་ལོ། །དེ་ནས་མི་ཐུར་གང་སྐོར་བ། །མེ་ལོང་གང་སྟེ་མཐེབ་མཚོན་སྒོར། །མཐེབ་ལོང་དག་ཏུ་ཤེས་པར་བྱ། །དེ་ནི་བདུད་སྒོ་བཞི་དག་སྟེ། །ཞེས་གསུངས་པས། སོར་ཉི་ཤུ་རྩ་བཞི་ལ་ཁྲུ་གང༌། སོར་བཅུ་གཉིས་ལ་ཁྲུ་ཕྱེད། སྤྱི་གཙུག་ནས་མདུན་རྒྱབ་ཏུ་འཐེན་པའི་སོ་བཅུ་གཉིས་ཀྱིས་ནི་ཐོད་པའི་ཚད་དོ། །དེ་བལྟབ་པའི་མཚམས་ནི་མདུན་རྒྱབ་ཀྱི་འདུས་སོ། །རྣ་བའི་ལྟག་ནས་མཚོན་གང་ལྷ་རྩ་ཁྱི་ཉལ་གཉིས། དེ་ན་འདུས་སོ་གཉིས་ཁྱི་ཉལ་གཉིས་བཞིའི་མཐེབ་མཚོན་སྒོར་མོ་ཐེབ་ལོང་སྟེ་ཡུལ་སྐད་དུ་མཐེབ་སྐྲང་གང་ནི་སྡུད་སྒོ་བཞིའོ། །གཞན་རྣམས་དཀྱུས་ཀྱི་གསལ་ལོ། གསུམ་པ་རྟགས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བརྟག་པའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཟུག་རྔུ་མཚོན་ལ་བརྟག་པ། རེག་མྱང་རྨ་ལ་བརྟག་པ། རྩ་ཆུ་ཕྱི་ཡུལ་བརྟག་པའོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་ཟུག་རྔུ་མཚོན་ལ་བརྟག་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཟུག་རྔུའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། མདའ་རྡོ་གྲིའོ།།
གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་མདའི་རྨས་པ་བཤད་པ་ནི། མདའ་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། མདའ་ལ་ཝ་ལུང་སྟེ་བུག་པ་ཕུགས་པ་སྡུག་པ་དང༌། བཤོལ་བརྐོས་ཏེ་ཐོང་གཤོལ་གྱིས་ས་རྨོས་པ་དང་འདྲ་བ་དང༌། གཏམ་ཟུག་སྟེ་མདེའུ་ལས་པའམ་ཕུག་པ་གསུམ་བརྟག གཉིས་པ་ནི། གྲི་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། གྲི་སྟེང་ནས་གཞོགས་པ་དང༌། རྫོགས་པའམ་རྫབས་པ་ཤ་རྫབས་རུལ་རྫབས་དང༌། སྟེང་ནས་འོག་ཏུ་བཅད་པ་དང་གསུམ་ལ་བརྟག གསུམ་པ་རྡོའི་རྨས་པ་ལ་གསུམ་མདོར་རྒྱས་མཇུག་གོ། དང་པོ་ནི། རྡོ་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྡོ་འཕོག་པའི་རྐྱེན་གྱིས་གས་པ་དང་ཆག་པ་དང༌། འཐེམས་པ་རྣམས་བཤད་པའོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་སེར་ག་གས་པ་ནི། གས་ལ་ཞེས་པ་གཅིག་གིས་བསྟན་ཏེ། གས་པའི་ཚུལ་དེ་ལའང་སྦོམ་པ་དང་ཕྲ་བ་དང་རིང་བ་དང་ཐུང་བ་སྟེ་རྣམ་པ་བཞིར་བརྟག་གོ་ །གཉིས་པ་ཆག་པ་ནི། ཆག་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཆག་པ་ལ་སྟེང་གདུང་ཆག་པ། འོག་གདུང་ཆག་པ། སྟེང་འོག་གཉིས་ཀ་ཆག་པ་གཉིས་ཀ་བཅས་པར་ཆག་པ། བཅས་པར་ཆག་པ་ལ་ཅུང་ཟད་ཞོམ་པ་གྲུམ་པ་ཆེར་རྡིབས་པ་རྡོལ་བ་དང་བ་ཞིལ་བརྟག་པའོ། །གསུམ་པ་ནི་འཐེམས་པ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། འཐེམས་པ་ཆེན་པོ་ནི། ལུག་གི་རྩིབ་མ་སོས་བཅོམ་པ་ལྟ་བུའོ། །ཆུང་ངུ་ནི་སེན་མོ་རྡོས་སྟེམ་པ་ལྟ་བུ། འབྲིང་བོ་ནི་སྒོ་ང་ལ་རྡོ་བརྒྱབ་བ་ལྟ་བུའོ་ཞེས་དྲེག་མའི་མཆན་དུ་བཤད། ཟུར་མཁར་བའི་སྒམ་ནང་མའི་མཆན་དང་བླ་རྟའི་འགྲེལ་བར། ཆེན་པོ་དང་ཆུང་ངུ་དང་འབྲིང་བོ་གསུམ་རིམ་པ་བཞིན་དུ། ལུག་གི་རྩིབ་མ་སོས་བཅོམ་པ་ལྟ་བུ། སེན་མོ་སྟེམ་པ་ལྟ་བུ། ལྕང་སྡོང་ལ། རྡོ་བརྒྱབ་པ་ལྟ་བུ་སྟེ་རིམ་བཞིན་ནོ། །ཞེས་གསུངས་འདུག་གོ །གསུམ་པ་མཇུག་བསྡུ་བཤད་པ་ལ་གཉིས། རྟགས་དང༌། སྐྱོན་དོགས་སོ། །དང་པོ་རྟགས་ནི། དེ་དག་ཅེས་རྐང་པ་གསུམ་གྱིས་བསྟན་ཏེ། གཉིས་པ་སྐྱོན་དོགས་ནི། ཚུར་འཕོག་ཅེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་རྣམས་ལ་རུས་དང་མ་ཕྲད་ཀྱང་སྐྱོན་འབྱུང་བ་མང་ངོ༌། །གཉིས་པ་རེག་མྱང་རྨ་ལ་བརྟག་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རེག་མྱང་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྨ་ཡོད་མེད་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ། རྨ་མེད་ལ་བརྟག་པ་ལའང་གཉིས། མདོར་རྒྱས་སོ། །དང་པོ་ནི། རྨ་མེད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། འགྲམས་དང་ཆག་པའོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ། འགྲམས་ལའང་སྟེང་གི་སྲུབས་བར་གྱི་ཀླད་རྒྱ། འོག་འཚོ་འགྲམས་པ་དང་གསུམ་ལས། དང་པོ་སྟེང་གི་སྲུབས་འགྲམས་བཤད་པ་ནི། འགྲམས་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་བར་གྱི་ཀླད་རྒྱ་འགྲམས་པའི་རྟགས་ནི། བར་གྱི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་སྟེང་ནི་སྲུབས་འགྲམས་ཀྱི་རྟགས་དེ་སྟེང་དུ་རྩ་ཆུ་ཚ་བ་སོགས་སོ།།
གསུམ་པ་ནི། འོག་གི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། གཉིས་པ་ཆག་པ་ནི། རྨ་མེད་ཅེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་རྨ་ཡོད་ལ་བརྟག་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རྨ་ཅན་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྨ་ཅན་ལ་བརྟག་པ་དེ་ལའང་ཤ་གདན་ཆོད་པ་དང༌། མ་ཆོད་པ་གཉིས་ལ་བརྟག་པ་བཤད་པའོ། །གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ལས། དང་པོ་ནི། ཤ་གདན་ཞེས་རྐང་པ་བཞིས་བསྟན་ཏེ། རུས་ལ་མ་ཐུག་པར་ཤ་གདན་མ་ཆོད་པ་ལ་རས་བལ་ལམ་རས་ཀྱིས་ནང་ཚངས་བཅུག་ལ་ལྟའོ། །གཉིས་པ་ནི། ཤ་གདན་ཞེས་རྐང་པ་ཉེར་གསུམ་གྱིས་བསྟན་ཏེ། ཐིག་ལེ་ཁྱེ་མ་ཅན་ནི་ལྷ་ཁྲག་ལ་ཐིག་ལེ་སྐམ་པ་ལྟ་བུ་སྐྱ་ཁོག་ཆོ་ལེ་འོང་བའོ། །འོག་ཆག་ལ་སྟེང་གདུང་ཞ་ཉེའམ་རྡོ་བེ་སྣབས་ལྟར་ཅུང་ཟད་དཀར་བའོ། །ཨ་ས་ནི་ཟན་དྲོན་སྤོད་བྲན་ནོ། ལྷིང་ནན་ཨ་ས་མ་རེག་ཙམ་བྱེད་པའོ། །ཡང་ན་སྒ་གཡེར་འུ་སུ་སོགས་སྤོད་ཀྱི་ལུམས་དང་འོག་ནས་བཤད་པའི་ཀླད་ལུམས་བྱ། སྤོས་ཞི་ན་ཟུག་མེད་དམ་བྲི་ན་སྐྱོན་མི་འབྱུང་ངོ༌།།
གསུམ་པ་རྩ་ཆུ་ཕྱི་ཡུལ་ལ་བརྟག་པ་ནི། རྩ་ཆུ་ཞེས་རྐང་པ་བཅུ་བདུན་གྱིས་བསྟན་ཏེ། རྩ་ཞ་བ་ནི་གབ་པའམ་ཞན་པའོ། །གཞན་དཀྱུས་ཀྱིས་གསལ་ལོ། །བཞི་པ་བཅོས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བཅོས་པའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱི་དང་བྱེ་བྲག་གི་བཅོས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་སྤྱི་བཅོས་བཤད་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། སྤྱི་བཅོས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་སྤྱིའི་བཅོས་ལ་རྨུ་རྒོད་ལ་རྔན་པ་བྱིན་པ་རིམ་གྱིས་བྲིད་ནས་བཅོས་པའི་ཚུལ་ཅན་ཟླུམ་བཅོས། མགོ་སྐྱོན་གྱིས་གྲོང་ཁྱེར་གང་འཚམ་དུ་གནོད་པའི་ཚུལ་མེ་བཅོས། གནོད་བྱའི་མཁར་ལ་གསོ་དཔྱད་ཀྱི་འོབས་ཀྱིས་བསྐོར་བའི་ཚུལ་ཅན་དྲས་བཅོས་དང་གསུམ་མོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་རྔན་པ་བྱིན་ནས་བྲིད་པ་བཤད་པ་ལ་གསུམ། དང་པོ་ལམ་དུ་གཞུག་པ་དང༌། བར་དུ་སྦྱོར་བ་འཕུལ་འདྲེན། ཐ་མ་ལོག་གནོན་སྐྱོན་སེལ་ལོ། །དང་པོ་ལམ་དུ་གཞུག་པ་བཤད་པ་ནི། དང་པོ་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། གར་པོ་ནི་སྤང་མའི་གར་པོའོ། །རྗེན་ཕྱེ་ནི་ནས་མ་བརྔོས་པར་བཏགས་པའོ། །གཉིས་པ་བར་དུ་སྦྱོར་བ་འཕུལ་འདྲེན་བཤད་པ་ལ་གསུམ། མདོར་རྒྱས་འཕྲོད་རྟགས་སོ། །དང་པོ་ནི། ཞག་གསུམ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ནང་ནས་ཕུལ་བ་དང་ཕྱི་ནས་འདྲེན་པའོ། །དང་པོ་ནང་ནས་ཕུལ་བ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཁོང་ནས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྨན་དང་ཁ་ཟས་སོ། །གཉིས་པ་རྒྱས་བཤད་ལ་ཟས་དང་སྨན་གཉིས་ལས། དང་པོ་ཟས་ནི། རླུང་ཅན་ཞེས་རྐང་པ་བཞིས་བསྟན་ཏེ། གཉིས་པ་སྨན་ནི། ཁོང་སྨན་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། རྡོ་བཞི་ནི་བརྡ་སྤྲོད་གསུངས་པ་ལྟར་རོ། །བྱང་སེམས་དཀར་དམར་གཉིས་ནི་དངོས་བྱུང་ན་རབ། མ་འབྱོར་ན་ཅོང་ཞི་བྲག་ཞུན་ནོ། །གཉིས་པ་ཕྱི་ནས་འདྲེན་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རྨ་ཡིས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྡོ་སྦྱོར་རྩི་སྦྱོར་སྔོ་སྦྱོར་རོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་ནི། རྡོ་སྦྱོར་ཞེས་རྐང་པ་དྲུག་གིས་བསྟན་ཏེ། རྡོའི་མང་སྦྱོར་ཆེན་མོ་ནི་བཤད་རྒྱུད་ལེའུ་ཉི་ཤུ་པར་བཤད་པ་ཚོགས་ཚད་དོ། །རྡོ་སྨན་ཀུན་ལ་འཇུ་རྩི་ནི་ཟེ་ཚྭའོ། །དར་སྨན་ནི་ཚལ་བཏུལ་མ་སྟེ་རྨ་ཁོང་སྨན་གཉིས་ཀ་ལ་གཅེས་སོ། །དར་སྨན་ལ་མཆན་ལ་ལར་ནག་ཚུར་རམ་རྡོ་ཞུན་ཟེར་བའང་སྣང་ངོ༌།།
གཉིས་པ་རྩི་སྦྱོར་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རྩི་སྦྱོར་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྩི་སྨན་གྱི་སྦྱོར་བ་ལ་ཚི་བ་སྟེ་ནགས་མའི་ཐང་ཆུ་དང༌། ཕྱེ་མ་དང༌། ཁནྜ་དང་བཅས་པ་བཤད་པའོ། །གཉིས་པ་རྒྱས་བཤད་ལ་གསུམ་ལས། དང་པོ་ཚི་བ་ནི། ནགས་མའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་ནགས་མའི་ཐང་ཆུ་ནི། རྒྱའི་དུམ་ནག་ལས། མདུང་ཤིང་ནགས་མ་ཞེས་བྱ་བདུད་རྩིའི་རིགས། སྡོང་པོ་ལག་པ་གདེངས་འདྲ་གྱེན་དུ་བསླངས། །འདི་ཡིས་ཤ་རུས་ཐང་ཆུའི་སྣག་ཆུ་འཐུང༌། །ཞེས་མདུང་ནགས་མ་སྐྱེས་ཞེས་པ་དེའི་ཐང་ཆུ་སྟེ་ཤེལ་རྟའམ་གོར་རྒན་ཐང་ཆུ་མ་ཞེས་ཀྱང་བྱའོ། །གཉིས་པ་ནི། ཕྱི་མ་ཞེས་རྐང་པ་བཞིས་བསྟན་ཏེ། ཨ་བྱག་ནི་སྤང་གི་གུར་གུམ། ཚེར་སྔོན་ནི་བརྒྱ་བྱིན་ལྷས་གསུང༌། དར་ཡ་ཀན་ཞེས་ཚེར་མ་དར་སྟུམ་སྟེ་རི་གཉན་མགུལ་སྐྱེས་དར་ཡ་ཀན་ཞེས་ཀྱང་བྱ་བ་དེའོ། །དར་ཡ་ཀན་ནི། འཁྲུངས་དཔེར། ཆུ་མིག་ནང་སྐྱེས་དར་ཡ་ཀན། །ལོ་མ་མེ་ཏོག་སྡོང་པོ་གསུམ། །བྲེ་གའི་དབྱིབས་དང་འདྲ་བ་ཡིན། །ལ་ལ་ཆུ་ལྡུམ་ཞེས་ཀྱང་ཟེར། །ཁྱད་པར་ཆུ་སེར་གང་ཡང་རུང༌། །རིགས་ལ་ངེས་པ་མེད་པ་སྟེ། །ལོ་མ་མེ་ཏོག་དུས་སུ་བཏུས། །ཕྱེ་མ་ཞིབ་བཏགས་དར་ལ་བཙག །དོམ་མཁྲིས་སྐྱེར་ཤུན་སྲུབ་མ་སྦྱར། །མགོ་བོ་ཚབས་ཅན་ཆག་གྱུར་ཀྱང༌། །རྨར་གདབ་སྤང་མས་ཕྱི་ཚས་བྱ། །ཁོང་དུ་བཏང་བས་གསོས་པ་མགྱོགས། །རྩ་ཆད་འཁྲུགས་དང་ཀླད་རལ་གསོ། །ཆུ་བསྡུས་ཁོང་བཏང་མ་ཞུ་སེལ། །རྩ་བ་བརྡུང་ལ་ཆང་དུ་སྐོམ། །འཐུངས་པས་ཨོག་མ་སྐྲངས་པ་བརྡོལ། །བུ་རམ་དང་སྦྱར་གྲང་རླུང་སེལ། །ཉམ་ཆུང་ཕོ་བའི་མེ་དྲོད་བསྐྱེད། །གཞན་ཡང་སྦྱོར་སྡེ་ཀུན་དང་སྦྱར། །ནད་རྣམས་ཐམས་ཅད་སེལ་བར་བྱེད། །ཅེས་གསུངས་སོ། གསུམ་པ་ནི། ཁནྜ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། རྟ་པགས་པ་ནི། རི་སྐྱེས་སྨུག ཀླུང་སྐྱེས་སེར་པོ་བ་གཉིས་སོ། །དེ་གསུམ་སྤྲུག་པ་ནི། ཐོག་མར་ཚི་བ་དེ་སྟེང་ཕྱེ་མ་དེ་སྟེང་ཁནྜ་གདབ་བོ། །པད་མེ་ནི་བྱང་ཁྲའོ། །གསུམ་པ་སྔོ་སྦྱོར་བཤད་པ་ལ་གཉིས། སྔོ་སྦྱོར་རྐྱང་པ་དང༌། གསུམ་འདུས་གཉིས་ལས། དང་པོ་སྔོ་སྦྱོར་ནི། སྔོ་སྦྱོར་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཨ་བི་ཥ་ནི། ཅུ་གང་སྒོང་སིལ་མ། སྤྱི་ལ་ཡི་གུ་སྐྱུར་རུ་ཞེས་པ་དེའོ། །རེ་ཀོན་ནི་རྩི་དམར་རྐང་གཅིག་གོ་ །ཆུ་རྩ་ནི་ཟབ་ལྷག་ཅན་ཏེ་དཔའ་ཆེན་པོའི་རྩ་བ་བསྔགས་སོ། །གཉིས་པ་གསུམ་འདུས་ནི། གསུམ་འདུས་ཞེས་རྐང་པ་བཅུས་བསྟན་ཏེ། སྟབ་སེང་ནི་སྤྱི་ཤུར་རོ། །ཤིས་པ་ནི་བཀྲ་ཤིས་ཏེ་དགེ་བའི་དོན་ནོ། །གསུམ་པ་འཕྲོད་རྟགས་ནི། དེ་ལྟར་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། གསུམ་པ་ལོག་གནོན་ལ་གཉིས། སྐྱོན་བརྟག་དང་གསོ་ཐབས་སོ། །དང་པོ་ནི། ཁ་ཤ་ཞེས་རྐང་པ་གསུམ་དང་འབྲུ་བཞིས་བསྟན་ཏེ། གཏིང་སྐྱོན་གཡོས་པ་ནི་བྱེར་ལྷུང་གི་སྐྱོན་ཡོད་པའོ། །གཉིས་པ་དྲ་ཐབས་ནི། དྲ་ཐབས་ཞེས་འབྲུ་ལྔ་དང་རྐང་པ་དྲུག་གིས་བསྟན་ཏེ། དུས་ཀྱི་རྩད་ནས་དབྱུང་བ་ནི་འོག་ཏུ་སྟོན་ནོ། །དེ་དག་ཟླུམ་བཅོས་རྒྱལ་པོའི་བཅོས་ཚུལ་ཡིན། །ཅེས་པ་གོང་དུ་བཤད་པ་འདི་དག་ནི་གསོ་ཡུལ་ལ་བལྟོས་ན་རྒྱལ་པོ་རྣམས་ཡུལ་གཉན་ཅིང་སྲན་ཆུང་བས་ཟླུམ་བཅོས་ངོ་མཚར་བ་དང༌། བཅོས་ཐབས་ལ་བལྟོས་ན་ཟླུམ་ཆེ་བས་རྒྱལ་པོ་དང་མཚུངས་པ་ཡིན་ནོ།།
གཉིས་པ་མགོ་སྐྱོན་གྱིས་གྲོང་ཁྱེར་གང་འཚམ་དུ་གནོན་པའི་ཚུལ་མེ་བཅོས་བསྟན་པ་ནི། ཕོག་ས་གཉིས་པ་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་རྣམ་པ་བཞི་སྟེ་གདབ་དུས་དང་གདབ་ཐབས་དང་གདབ་ཚད་དང༌། གདབ་དམིགས་མཇུག་བསྡུ་བའོ། །དང་པོ་གདབ་དུས་ནི། ཕོག་དུས་ཞེས་དང་པོ་གསུམ་གྱིས་བསྟན་ཏེ། ཕོག་ནས་ཞག་གཉིས་ཕན་ཆད་ནི་ཆུ་སེར་མི་འདུ། བདུན་ཕར་འདས་ནས་ནི་ཆུ་སེར་ཁ་ཡན་པས་མེས་མི་ཐུབ་པས་རྒྱུ་མཚན་དེའི་ཕྱིར་གསུམ་ཕན་ཚུན་གྱིས་བར་མེས་བསྲེག་པ་བསྔགས་ཏེ། དེ་ནི་འདུས་ཤིང་མ་བྱེར་བའི་དུས་སོ། །གཉིས་པ་གདབ་ཐབས་ནི། གདབ་ཐབས་ཞེས་རྐང་པ་བཞིས་བསྟན་ཏེ། གདབ་ཐབས་གཡས་གཡོན་སངས་སྡོམ་ན་གས་སྟེང་དུ་གདབ་འཐམས་སེད་བྲོས་འགུགས་གཉིས་ལ་ལྷ་ཁྲག་འཕྲོག་པར་བདར་ལ་དེ་སྟེང་གདབ་བོ། །ཆག་པ་སྦྱོར་བ་ལ་རྨ་ཁར་ཆག་མཚམས་སུམ་འཛོམ་དུ་གདབ་བོ། །གསུམ་པ་གདབ་ཚད་ཅེས་རྐང་པ་བཞིས་བསྟན་ཏེ། ཆུ་སེར་རིམ་པ་གསུམ་ཐོན་པ་ནི། དམར་པོ་སེར་པོ་དཀར་པོ་གསུམ་ཐོན་པ་ལ་བྱའོ། །བཞི་པ་གདབ་དམིགས་བཤད་པ་ལ་གཉིས། རྟག་དམིགས་སྤྱིར་བསྟན་པ་དང༌། ནད་དམིགས་དགོས་སུ་བརྟག་པའོ། །དང་པོ་བསེགས་དམིགས་སྤྱིར་བསྟན་པ་ནི་ཀླད་པ་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། དར་རྩ་ཆོད་པ་ནི་འཚོ་བྱེད་དར་རྩ་དང་རྒྱ་དར་གྱི་རྩ་ཆོད་པའི་གསེར་གྱི་མེས་བསྲེག་པ་ནི། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་བསྟན་པའི་བཅལ་ཏེ། སྐུ་མདོག་ཀྱང༌། གསེར་བཙོ་མ་ལྟར་སྣང༌། དངོས་པོ་གྱ་ནོམ་པ་ཐམས་ཅད་དང་ས་བཞི་ཡང་གསེར་དུ་བྱིན་གྱིས་བརླབས་པ་སོགས་ལེགས་པའི་རྟེན་འབྲེལ་མང་པོ་ཚང་བའི་དོན་གྱིས་སམ། ལྕགས་ལས་ཅུང་ཟད་མེའི་ཆ་དང་ཆུང་བར་བསྟན་པའམ། ཁྱད་པར་དུ་གསེར་གྱི་མེ་བཙས་ནི་རྩ་ཆད་པ་འཐུད་ནུས་པ་སྟེ། ཇི་སྐད་དུ་རྩ་ཆད་གསེར་གྱིས་མེས་བཙས་འཐུད། །ཅེས་གསུངས་པའི་དོན་ནོ། །སྣང་ཙམ་བསྲེག་པ་ནི་སྣ་སེར་ཙམ་བསྲེག་པའོ། །དེ་ལྟར་བྱས་པས་ཀླད་པ་འཛག་པ་དང་དར་རྩའི་རླུང་སྲུང་བའོ། །ལར་ཤ་རྩ་རྣམས་ཤས་བཟང་བས་ལྕགས་ཀྱིས་བསྲེག །རུས་རྩ་རྣམས་ལ་མར་སྐོལ་བའི་ནང་དུ་རུས་དམ་པ་བཅུག་ནས་ཚ་མོ་རྨ་ལ་གླན་པས་བསྲེག་དགོས་ཏེ། ལྕགས་ཀྱིས་བསྲེགས་ན་འདུས་པའམ་ཚིག་པར་འགྱུར་བའོ། །ཤ་བྱེར་གྱིས་འདུས་སོ་གསུམ་ནི། སྤྱི་བོ་མཚོག་མ་ལྟག་པ་སྟེ་སྡུད་སྒོ་གསུམ་མོ། །རེ་ཐག་བཞི་ནི་གཙུག་གི་ཕྱོགས་བཞིའི་རེ་ཐག་བཞིའོ། །བྱེར་ཚེའི་འདུས་སོ་གསུམ་ནི་སྤྱི་གཙུག་མཚོག་མ་ལྟག་པ་དང་འདུས་སོ་གསུམ་མོ། །ཆུ་སྒོ་གཉིས་ནི་ཆུ་རྩའི་སྒོ་སྦུ་གུ་ཅན། གཉིས་ཡིན་ཡང་ལྟག་པའི་དུད་ཁུང་དུ་ལྷན་དུ་དོན་པས་དུད་ཁུང་གཅིག་ཏུ་བརྩིས་པའམ་ཡང་ན་དེའི་མགོ་བོ་གཉིས་དང༌། ཨན་སྟོང་ཚིགས་པ་དང་པོ། །རྣ་བའི་མདུན་རྒྱབ་ཀྱི་ལྗོན་ཤིང་བཞི། རྣ་ཤལ་འོག་གཤོང་རཏྣ་གཉིས། ལྟག་ཟུར་སྤུ་འཁྱིལ་འཇའ་བྱེད་གཉིས་ཏེ་དྲིལ་བས་བཅུ་བཞི་ནི་བྱེར་ཚབས་ཆེ་བའི་བསྲེག་དམིགས་སོ། །ནང་རྩར་བྱེར་བའི་དྲུག་པ་ནི་ཚིགས་པ་དྲུག་པའོ།།
འཁོར་ལོ་གསུམ་ནི། གཡུ་ཐོག་པའི་ཕྱག་དྲེག་མ་སོགས་ཁུངས་མ་འགའི་མཆན་བུར་གཙུག་མཐིལ་སྲིན་ལག་ཅེས་གསུངས་འདུག་ལ། བླ་རྟའི་འགྲེལ་པར། འཁོར་ལོ་གསུམ་ཞེས་པ་ལ་ཁུངས་གཞན་ནི་མ་རྙེད། རྒྱུད་སྡེ་རྣམས་སུ། རྩ་འཁོར་ལོ་བཞིའི་རྣམ་གཞག་མཛད་པ་དང་བསྟུན་ན། འདོམས་ཆེ་བ་སྙིང་ག་ཆོས་ཀྱི་འཁོར་ལོ་དཀར་ནག་མཚམས་དང་ཚིགས་པ་དྲུག་པ་བསྲེགས་པས་འཐུས། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་སྤྱི་གཙུག མགྲིན་པ་ལོངས་སྤྱོད་འཁོར་ལོ་སྐེ་སྟོང༌། ལྟེ་བ་སྤྲུལ་པའི་འཁོར་ལོའི་སྒོ་ལྟེ་འོག་སོར་བཞིའི་ས་ཡིན་ནམ་བསམ་སྟེ་བློ་ལྡན་རྣམས་ཀྱིས་དཔྱད་དགོས་སོ། །ཁོ་བོ་ནི་ནམ་དུ་ཡང་རང་བཟོའི་སྤྱི་བརྟོལ་མི་བྱེད་དེ་མཁས་རློམ་གྱིས་མ་དྲེགས་པའི་ཕྱིར་རོ། །གསུངས་པར། འདིར་ནི་རྗེ་གཡུ་ཐོག་པའི་གསུང་བཞིན། སྤྱི་གཙུག་རྐང་མཐིལ་སྲིན་ལག་དང་བཞི་ཡིན་ནམ་བསམ། སྔོན་བུ་ནི་གློ་རྩའོ། །གཉིས་པ་ནད་དམིགས་སྒོས་སུ་བསྲེག་པ་ནི། གཞན་ཡང་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། ཀོས་ཀོ་ནི་མ་མགལ་གྱི་དབུས་མ་མཆུའི་འོག་དེའོ། །རྟིང་པའི་འཛུམ་དུ་སྲེག་པ་ནི། མིག་གང་ལུག་པའི་ངོས་ཀྱི་རྟིང་པའི་དྲེག་མཚམས་སོ། །གཞུང་རེངས་ཀྱི་རྩ་ནག་ནི། སྤྱིར་ཁྲག་རྩ་ཐམས་ཅད་ཡིན་མོད། ཁྱད་པར་ཚིགས་པ་བཅུ་བཞིའི་ཐད་དུ་བྱུང་བའི་མཁལ་མའི་རྩ་ནག་དེའོ། །ལྟག་ཆུ་ནི་འཇའ་བྱེད་གཉིས་སོ། །ཤ་རོ་དང་རུས་རོ་ལ་ནི་བསྲེག་ནན་བསྐྱེད་དེ་དཀར་པོར་མ་སོང་གི་བར་དུ་བསྲེག་གོ །དེ་ཡང་ནད་ལ་བལྟོས་ན་གང་ལ་གང་འཚམ་དུ་སྦྱོར་བ་བསྲེག་གོ །ལྔ་པ་མཇུག་བསྡུ་བཤད་པ་ནི། དེ་དག་ཅེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་ནད་ལ་བལྟོས་ན་གང་ལ་གང་འཚམ་དུ་སྦྱོར་བ་བློན་པོ་དང་མཚུངས་པའོ། །གསུམ་པ་མཁར་ལ་འོབས་ཀྱིས་བསྐོར་བའི་བཅོས་ཚུལ་བསྟན་པ་ནི། དྲ་བཅོས་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་བདུན། དྲ་དུས་དང༌། དྲ་ཐབས་དང༌། བདར་ཐབས་དང༌། བདར་ཚད་དང༌། རྨ་ཆས་ལེགས་རྟགས་དང༌། སྐྱོན་སེལ་དང༌། མཇུག་བསྡུ་བཤད་པའོ། །དང་པོ་དྲ་དུས་ནི། དྲ་དུས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དྲ་བའི་དུས་ནི་གསར་པའི་སྐྱོན་ནི་ཞག་གསུམ་དང་ལྔ་ལ་དྲ་དགོས་ཤིང༌། རྙིངས་པའི་སྐྱོན་ནི་ནམ་ལོག་པའི་སྐྱོན་གྱིས་སྐྱོན་ནི་ནམ་ཟླ་དུས་དང་སྦྱར་ནས་དྲས་ཀྱིས་བཅོས་པའོ།།
གཉིས་པ་དྲ་ཐབས་ནི། དྲ་ཐབས་ཞེས་རྐང་པ་བཅོ་བརྒྱད་ཀྱིས་བསྟན་ཏེ། ཉལ་རལ་ནི་གཉིས་གཤགས་ཏེ་དབུས་ནས་ཕྱེད་མར་གཤགས་པ་དང༌། བོང་ཆུ་སྟེ་རི་བོང་གི་མཚུལ་པ་ལྟ་བུ་ཕྱོགས་བཞི་ནས་གཤགས་ཏེ་གསུམ་གཤགས་དང་བཞི་གཤགས་ཏེ་རྒྱ་གྲམ་དུ་དྲ་བའོ། །སྐྱོན་ཚབས་ཆེ་ན་སྟ་རེས་ཤིང་སྒབ་པ་ལྟ་བུར་བསྐོར་ཞིང་དྲས་ནས་ཤ་གདན་དང་བཅས་པ་མཁྲེགས་ཤིང་སོ་ལེབ་ཀྱིས་བསལ་ལོ། །ཁྲག་ཤོར་ན་སྤྲུ་རྩ་གུར་གུམ་དོམ་མཁྲིས་མི་མཁྲིས་སྦྱར་བ་བཏང༌། སྤྲ་བ་སྟེ་མཁན་པའམ་སྤྲུ་རྩའི་ཕྲལ་བྲུལ་བརྫང༌། ཁྲག་གང་བྱུང་བའི་རྩ་ལ་ཏེལ་པས་བསྲེག་གོ །དྲ་བ་གསར་པའི་སྐྱོན་ཀྱིས་རྨ་འཁྲོས་ན་ཤ་གསར་ཀླད་པ་རྨ་ཁར་བཅུག་ཅིང་ཞག་གཅིག་བཞག་ནས་སང་བལྟའོ། །གསུམ་པ་བདར་ཐབས་བཤད་པ་ནི། བཤང་ཁར་ཞེས་རྐང་པ་བཅུ་དྲུག་གིས་བསྟན་ཏེ། ཁངས་ཡངས་བཏིང་པའི་བཤང་ཁར་མི་བདར་གད་སྐྱིབས་བཅད་པ་ལྟར་བདར་རོ། ལྷ་ཁྲག་གཅོད་སྡོམས་བྱེད་པ་ནི་རེས་འབབས་རེས་མི་འབབས་པའོ། རུས་པ་ཁྱེ་མ་ཅན་ནི་སྐྱ་ཅོལ་ལེ་ཡོད་པའོ། །བྱ་ཝང་རྒྱབ་འདྲ་བ་ནི་ལྷ་ཁྲག་གྲངས་ནས་སྔོ་དཀར་རོ། །བཞི་པ་བདར་ཚད་ནི། སྲུབས་ཤིག་ཞེས་རྐང་པ་བཅོ་ལྔས་བསྟན་ཏེ། འཆིངས་དང་ནན་ནི་འོག་ཏུ་སྟོན་ནོ། །སེང་ཕུག་གི་བྱིའུ་ནས་ཟན་ནི། བྱིའུ་རྒྱབ་དངུལ་ཁ་མདུན་དམར་པོ་སྦུབས་འགྱེ་ཆུང་ཟེར་བ་དེའི་མིག་ཙམ་དུ་ཕུག དེ་བས་ཆེས་ན་ཀླད་པ་འབོ་ཆུང་ན་ཆུ་སེར་མི་ཐོན། ཀླད་ཉུལ་ནི་རྒྱུས་པ་རྩེ་མོ་འདེད་པ་དལ་བུས་བཏང་ལ་རྣག་ཁྲག་ཆུ་སེར་དབྱུང༌། དེ་ནས་སེང་བུག་ཏུ་འགྲོ་བའི་དྲིལ་བའི་འཇིབ་ཚད་གཞུག ཡང་ན་རྐང་མགོ་ནི་ལུག་གི་རྐང་མགོ་བརྡུངས་པའོ། །ལྷ་བས་མནའ་བསྐྱལ་བ་ནི། ནད་པར་ལྟས་བས་ཁྲག་རོ་ལུག་ཤིག་ཙམ་ཅོལ་ལེ་འདུག་ན་ལྷ་བ་མི་བྱེར་བའི་མནའ་བསྐྱལ་བས་ཕྱིར་མི་ལྡོག་གོ ལྔ་པ་རྨ་ཆས་ལེགས་བརྟགས་ནི། སྐྱོན་ཐག་ཅེས་རྐང་པ་བཅུ་གཉིས་ཀྱིས་བསྟན་ཏེ། ཚི་བ་ནི་ནགས་མའི་ཐང་ཆུའོ། །འདི་དུས་ཀྱི་རྨ་ཆས་ནི་སྦང་མ་དང་ཞོ་བཙག་ནི་ཞོ་ཡུན་ལོན་ཆགས་པའམ་བཙག་པ་སྟེ་སྐྱུར་ཞིང་ལྦུ་བ་ཅན་ནོ། །ཤའུའི་གདན་ཐིངས་ནས་སྦང་མ་དྲགས་ན་ཤའུ་བྱེར་འགྲོ་བས་སྦང་མ་བཞག་ཚིལ་བུ་མར་དཀར་སྦྱར་བ་སོགས་བྱའོ། །གླས་བྲན་པ་ལ། བླ་རྟའི་འགྲེལ་པར་མཆན་དུ་གོ་ཕྱེ་ཞེས་འབྱུང་ཡང་གླ་སྒང་ཡིན་ནམ་བརྟག་གོ །གསུངས་པ་དང༌། ཟུར་མཁར་པའི་མཆན་བུར་གོ་བྱེའོ། ཞེས་སོགས། བཞེད་ཚུལ་མཐའ་ཡས་པ་ཞིག་འདུག་ནའང༌། རང་ལུགས་ནི་རྗེ་གཡུ་ཐོག་པའི་ཕྱག་དྲེག་མའི་མཆན་དུ། གླ་རྩི་གསུངས་འདུག་པས་དེའོ། །གྲང་དྲོ་ནི་ནམ་ཟླ་དང་བསྟུན་ནོ། །དྲུག་པ་སྐྱོན་སེལ་བཤད་པ་ནི། བཟོས་བྱས་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། ཤའུ་རྣམ་གསུམ་ནི་ཀླད་པའི་ཉེའུ་མཚམས་མིག་ནས་བྱི་བའི་ནུ་མ་འདྲ། རུས་པའི་སེའུ་ལྷ་མིག་ནས་ཡུངས་ཀར་འཐོར་བ་འདྲ། ཤའི་ཤའུ་ཁ་ཤའི་དབུས་སམ་སྟེང་ནས་དམར་གསལ་བཟོད་པ་ཆུང་བ་གསུམ་ཟམ་དུ་ཐོགས་ནས་འབྲེལ་ན་ནད་བཟློག་མི་སྲིད་པའོ། །ཤའུ་འཛེར་ཐབས་དང་སྲུབས་བྱེ་བ་དང་རྣག་འཁྱིམ་པ་བྱུང་ན་འཁར་བའི་ཐུར་མས་བསྲེག ཤ་འདྲོགས་ཏེ་སྐྲངས་ན་ལྷིང་ཚ་དང་ཀླད་ཞུན་གོང་དུ་བསྟན་པ་ལྟར་བསྟན་ནོ། །བདུན་པ་འཇུག་བསྡུ་ནི། དེ་རྣམས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། གསོ་ཡུལ་དང་གསོ་ཐབས་གཉིས་ཀ་གང་འཐད་སོ་སོར་བསྟན་པ་དང་ཚུལ་མཚུངས་སོ། །གཉིས་པ་བྱེ་བྲག་གི་བཅོས་ཐབས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བྱེ་བྲག་ཅེས་རྐང་པ་གཅིག་གིས་བསྟན་ཏེ། རྨ་ནད་བྱེ་བྲག་ཏུ་བཅོས་ཐབས་དེ་ལའང་ཤ་དང་རུས་དང་ཀླད་པ་དང་རྩ་དང་བཅས་པའི་བཅོས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་ལས། དང་པོ་ཤ་རྨ་གསོ་བ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཤ་ལ་ཞེས་རྐང་པ་གཅིག་གིས་བསྟན་པ་སྟེ། ཤ་རྨ་དེ་ལའང་བཤུས་པ་དང་གཤགས་པ་དང་བཅད་དང་བརྡུངས་པ་དང་རྫོགས་པ་རྣམས་ཀྱི་བཅོས་ཐབས་སོ། །གཉིས་པ་རྒྱས་བཤད་ལ་ལྔ་ལས། དང་པོ་བཤུས་པ་བཅོས་པ་ནི་པགས་པ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། སྐྱ་སྦྱོར་ནི་སྐྲ་བཞར་དེའི་སྟེང་དུ་སྤང་གར་རྗེན་ཕྱེ་སྒོ་ང་རྣམས་ཀྱི་འདག་པ་ཡང་ཡང་བྱུག་པའོ། །ཕྱིང་དེབ་ནི་དེའི་སྟེང་དུ་བཙག་པའོ། །གཉིས་པ་གཤགས་པ་དང༌། གསུམ་པ་བཅད་པ་གཉིས་ནི། གཤགས་པ་ཞེས་རྐང་པ་གསུམ་གྱིས་བསྟན་ཏོ། ཞོ་གཙགས་ནི། ཡུན་ལོན་གྱི་ཞོ་གཙགས་སྐྱུར་པོ་ལྦུ་བ་ཅན་ནོ། །བཞི་པ་བརྡུངས་པ་ནི། བརྡུངས་པ་ཞེས་རྐང་པ་བཞིས་བསྟན་ནོ། །ལྔ་པ་རྫོགས་པ་ནི། རྫོགས་ལ་ཞེས་རྐང་པ་བཞིས་བསྟན་ཏེ། རུལ་གཅོད་གདབ་པ་ནི། རུ་རྟ་ཡུང་བ་དུར་བྱིད་ཅེས་ཕྱག་དྲེག་མ་དང་ཟུར་མཁར་བའི་མཆན་སྒོ་མཐུན་འདི་བཞིན་འདུག་ཅིང༌། བླ་རྟའི་འགྲེལ་པར་དེ་སྟེང་མཁྲིས་སྣ་བསྣན་པར་བཤད་འདུག །ཤའུ་གསོས་སྨན་གདབ་པ་ནི་གོང་བཞིན་ནོ། །གཉིས་པ་རུས་རྨ་བཅོས་ཐབས་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། རུས་པའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྨ་ཅན་དང་རྨ་མེད་ཀྱི་བཅོས་སོ།།
གཉིས་པ་རྒྱས་བཤད་ལའང་གཉིས། རྨ་མེད་བཅོས་པ་དང་རྨ་ཅན་བཅོས་ཐབས་སོ། །དང་པོ། རྨ་མེད་བཅོས་པ་ནི། རྨ་མེད་ཅེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། མཚན་རྡོས་བདུག་པ་ནི་ནང་ནུབ་གླ་སྒང་ལི་ག་དུར་སྤང་སྤོས་སོ། །ཆུ་སེར་འདུས་ནས་མེར་མེར་བྱུང་ན་ཆུ་ཚགས་དང་འདྲ་སྟེ། བརྟོལ་ན་དར་སྟེང་དུ་ཆུ་སེར་འཆོར། མ་བསྡོམས་ན་རྡོལ་ནས་པགས་འོག་ཏུ་འགྲོ་བས་མེས་སྐམས་པ་གལ་ཆེའོ། །གོ་ལོག་ཆག་པ་ནི་ཕོག་པའམ་རྨ་ཡོད་པ་མ་ཡིན་པར་ཆག་པའོ། །དོགས་པར་སྐྲ་བཞར་ལ་ཕྱིང་བ་དྲི་ཆུར་བཙོས་པ་གླན་པས་སྐྲངས་ན་ཆག་པ་ཡིན་པས་ཤ་དྲས་ལ་རུས་པ་བདར་བཟོ་བྱའོ། །རྒྱ་ཆིངས་ནི་འོག་ཏུ་འཆད་དོ། །གཉིས་པ་རྨ་ཅན་གྱི་བཅོས་ནི། རྨ་ཅན་ཞེས་རྐང་པ་ཉེར་བཞིས་བསྟན་ཏེ། ལྷ་ངོ་སྤྲད་པ་ནི་གས་ས་ལྷ་ས་དང་ངོ་སྤྲོད་པར་བདར་བའོ། །མཐིལ་རུས་ནི་འོག་གདུང་དར་དང་འབྲེལ་བའོ། །སྨན་གྱི་རུས་རོ་རང་གོག་བྱ་བ་ནི། རྒྱ་ཚྭ་འབྲུག་རུས་རུ་རྟ་དྭ་བ་ཀ་རའོ། །སྒོང་རྡོལ་གྱི་རུས་ཚབ་ནི། ཟུར་མཁར་པའི་སྒམ་ནང་མའི་མཆན་དུ་སོག་པའི་རུས་པའམ་ཞ་ཉེ་གཞུག་གསུང༌། ཤའུ་ཆགས་ནས་འཕར་གནོན་འབྲོས་འདེད་གཅེས། གསུངས་པ་ལ། དམར་ཁྲིད་དུ། སྒོང་རྡོལ་ལ་སོང་ན་ཞེས་པ་ནས་མི་ཐོན་ན་དགོས་སོ་ཞེས་པའི་བར་གྱིས་རྒྱས་པར་བཀྲོལ་བ་ལས་གསལ། ཟམ་ཐོགས་ཕར་གནོན་ཕྱུང་ལ་རྨ་གསེབ་བཏང་བ་ནི། ཕར་གནོན་ཕྱུངས་རྗེས་རྨ་ལ་སྟོང་གཟེར་འོད་བས་རེ་བལ་གྱིས་གཟེབ་བཏང་ངོ༌། །རུས་པ་ཐེར་པོ་ལྷ་ཁྲག་སྤྲད་པ་ནི། ཐེར་པོ་ལ་ཤའུ་མི་ཆགས་པས་བདར་བར་བྱའོ། །བཤོལ་ནི་མདའ་འོ། །གསུམ་པ་ཀླད་པའི་བཅོས་ཐབས་ལ་གཉིས། མདོར་རྒྱས་སྤྱི་སྡོམས་ཀྱིས་བཅོས་སོ། །དང་པོ་ནི། ཀླད་པའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཀླད་པའི་བཅོས་ལ་མཚོ་འཁྱོམས་པ་དང༌། སྤྲི་བཙན་དང༌། དར་རལ་དང༌། ཕུག་པ་དང༌། རྫོགས་ནས་ལུག་པ་དང་བཅས་པའི་བཅོས་བཤད་པའོ།།
དང་པོ་ནི། མཚོ་འཁྱོམས་བཅོས་པ་ནི། མཚོ་འཁྱོམས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ཀླད་པ་ནི་རི་དྭགས་དང་ར་ལུག་གིའོ། །སྒོ་གསུམ་མེས་མནན་པ་ནི། རྫོང་འཕྲང་དང་ཕྱག་དྲེག་མ་གཉིས་མཐུན་པར་ལྷག་པ་སྤྱི་གཙུག་མཚོགས་ཁ་དང་གསུམ་བསྲེག སྨན་མར་ནི་འབྲས་བུ་གསུམ་གྱི་སྨན་མར་ཕྱི་རྒྱུད་ལྟར་རོ། །གཉིས་པ་སྤྲི་བཙན་གྱིས་བཅོས་ནི། རུས་འཛེར་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། སྤྲི་བཙན་ཞེས་པ་རྒྱ་དར་གོང་འོག་གིས་ཀླད་སྤྲི་མཚོན་ནམ་རུས་འཛེར་གྱིས་བསྣད་པའོ། །ཁྲག་དབལ་ནི་ཁྲག་རོ་འདྲིལ་བའོ། །ཀླད་སྤྲི་མེར་མེར་སྦོས་ན་ཆུ་སེར་བཙག བཙག་ལུགས་ནི་ཀླད་སྤྲི་འཐེན་ལ་ཁབ་རྩེས་བཙག ཆུ་སེར་ཐོན་རྗེས་འཚོ་སྨན་གདབ་བོ། དར་འོག་ཀླད་སྟེང་རྣག་ཞུགས་ན་སྤྲན་འཛིན་གྱིས་འཐེན་ལ་གསེར་གྱི་བཙག་བུས་ནས་ཕྱེད་དབྲལ་ལ་རྣག་ཕྱུངས་སོ། ག་བུར་དང་འོ་མ་འཛིན་ཏེ་ཨ་བྷི་ཥའི་ཆུས་བཀྲུ། སྡོམ་སྨན་ནི་བར་མཆན་ལྟར་རོ། །གསུམ་པ་དར་རལ་ཞེས་པ་ནི། དར་རལ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། བཅད་འབྱོར་ནི་ཡུ་གུ་ཤིང༌། སྦལ་རྒྱབ་ནི་ཕོ་སྦལ། བདུད་རྩི་དཀར་པོ་ནི་རི་བོང་གི་ཆུ། རི་བོང་གི་ཆུ་མ་རྙེད་ན་ཐར་ནུའི་འོ་མས་ཚབ་རུང་བར་བཤད། བདུད་རྩི་སྨུག་པོ་ནི་ཁྱུང་ཕྲུག་སྐྱུགས་པའི་བདུད་རྩི་ཡང་ཟེར་དོན་དུ་ཆ་ག་པའི་ཁ་ཆུ་ཡིན། རེ་རལ་ནི་བཙུན་མོ་རེ་རལ་ཏེ་བྲག་སྤོས་ཡིན། འབྲི་རྐང་ནི་བ་རུ་རའི་ཚིག་གུ་ཡིན་པར་ཕྱག་དྲེག་མ་དང་ཟུར་མཁར་པ་བླ་རྟ་གསུམ་མཐུན་པར་བཞེད། མེ་ལོང་ནི་ལུག་གི་སོག་པ་མེ་ལ་ནུས་ལྡན་དུ་བསྲེགས་པའི་ཐལ་བ་དགོས་པ་ཕྱག་དྲེག་མར་བཤད་པ་ལྟར། དེ་རྣམས་རྩི་བཞིན་བཏགས་པའི་ཕྱེ་མ་བྱུག་གམ་ཡང་ན་དར་ལ་བྱུགས་པ་གླན་ནོ། །བྱའི་ཟེ་ཁྲག་ནི་བྱ་ཕོ་མཚའ་ལུའི་ཟེ་ཁྲག་གོ །བྱང་སེམས་དཀར་དམར་ནི་དངོས་སོ། །བཞི་པ་ཕུག་པའི་བཅོས་ནི། ཕུག་ནས་ཞེས་རྐང་པ་སུམ་ཅུས་བསྟན་ཏེ། ཀླད་ཆུ་འབྱུང་ཞེས་པ་ཤ་ཀླད་ལ་དམར་པོ། །མར་ཀླད་ལ་སེར་པོ། །བུང་ཚངས་ཀླད་པ་ལ་སྔོན་མོ། །དེ་རྣམས་བ་ཐག་ཅན་བྱུང་ན་ཀླད་ཆུ་ཡིན། །བ་ཐག་མེད་ན་ཆུ་སེར་ཡིན་ནོ། །མཚོན་ལམ་རིང་ཐུང་རུས་མདེས་བརྟག་པ་ནི། མདའ་མིག་ཏུ་རྒྱུས་པ་རྩེ་ལྡད་ནས་དལ་བུས་བཏང་བས་མཚོན་ལམ་རིང་ན་ཟབ་ཆེ་ཐུང་ན་ཟབ་ཆུང་ངོ༌། །ཞ་ཉེའི་ཐེམ་བུ་ཞེས་པ་མདེའུ་ལས་མི་རིང་མི་ཐུང་བའི་ཞ་ཉེའི་ཐེམ་བུའོ། །དྭངས་སྙིགས་འབྱེད་པ་ནི་ཆུ་སེར་དང་ཀླད་པ་རང་སར་དྭངས་སྙིགས་འབྱེད་པའོ། །བར་མཆན་གྱི་འབྲི་རྐང་ནི་བ་རུ་རའི་ནང་སྙིང་ངོ༌། །མེ་ཏོག་འཕྲེང་བ་ནི་རིའི་རྟ་པགས་སོ། །ཚེག་སྒྲ་མེད་པ་ནི། རྩེག་རྩེག་ཟེར་ན་ཆུ་སེར་ཐོར་འོང་བས་དེ་མེད་ན་རྒྱ་ཡིས་ཐེབས་སོ། །སྐམས་པས་བསྲོ་བ་ནི་མདེའུའི་སྙིང་བསྲོ་བའོ། །ཐ་མར་གསེད་གཏོད་པ་ནི། མདེའུའི་ཐ་མར་རུས་པ་ནས་རེ་བཞག་བྲུས་ལ་གསེང་བུག་གཏོད་ནས། ནང་དུ་འདྲེན་སྨན་གདབ་པ་ནི། ཡན་ལག་གི་མདེའུ་འདོན་པའི་སྐབས་ཀྱིས་ཁབ་ལེན་བེ་སྣབས་སོགས་སྦྱར་བའམ། སྦྲུལ་ཤ་ཁབ་ལེན་སོགས་སྦྱར་བ་དེ་གཉིས་གང་རིགས་ཀྱི་ཕྱེ་མའོ། །གསེང་བུག་ཏུ་ལྕགས་གཡའ་བྱུང་ན་མདེའུ་འདོན་པའི་དུས་ལ་བབས་ནས་མདེའུ་ཕྱུང་ལ་དེའི་ཤུལ་དུ་མཚོན་ཏེ་མདེའུ་རང་དང་རིང་ཐུང་སྦོམ་ཕྲ་མཐུན་པ་ཞ་ཉེའི་ཐེམ་བུ་ནང་དུ་སྦུབས་ཅན་ལ་གློ་རྩེ་དང་ཕྱོགས་བཞིར་བུག་པ་སྐར་ཆ་ཡོད་པ་ཁ་སྒྱེར་ཕྱོགས་བཞིར་པདྨ་ལྟར་གྱེས་པ་དང་ལྡན་པ་བྱས་པ་དེ་མིའི་དྲི་ཆུར་བཙོས་པས་དུགས་ཕྱུངས་ཏེ། དེ་ལ་གོང་གི་ཀླད་པ་སྡོམ་པའི་རྩི་སྨན་གསོན་གཤིན་མཚམས་སུ་སླེབ་པར་བྱ་རིང་ན་ཀླད་པ་ཟ་ཐུང་ན་ཆུ་སེར་ལུས་པས་མདེའུ་གང་སླེབས་མཚམས་ཤི་གསོན་བར་ཡིན་པས་བསྐྱལ། ཞ་ཉེའི་ཐེམ་བུ་དང་རུས་པའི་བར་དུ་གྲོ་གུས་དཀྲི་ཞིང་བསྡམ། གླ་ཧེལ་བཅགས་པའི་ཐེམ་སྔས་སྲིན་སྐུད་ཀྱིས་ཐེམ་ཐག་དར་ལེ་བརྒན་གྱིས་ཐེམ་ཚངས་རྣམས་དང་ལྡན་པར་བྱ། བཅད་འབྱོར་ནི་ཡུ་གུ་ཤིང་གི་ཁནྜ་འོ། །རྨ་ཆས་རྫི་ཁ་གཡོག་པ་ནི། རྫོང་འཕྲང་དུ། མཁྲིས་སྣ་སྒོ་ང་མར་དཀར་སྦྱར་བའི་ཆས་བྱ། ཞེས་གསུངས་པ་དེའོ། །གཙོད་སྨན་ཐེམ་བུར་འབུད་པ་ནི། ཞུ་མཁན་ཕུར་ཐལ་རྒྱ་ཚྭ་ཐེམ་བུར་བླུག་དབུགས་ཀྱིས་འབུད་དོ།།
ལྔ་པ་རྫོགས་ནས་ཀླད་ལུག་བཅོས་པ་ནི། རྫོགས་ནས་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་སྤྱི་སྡོམས་ཀྱི་བཅོས་ནི། ཀུན་ལ་ཞེས་རྐང་པ་བཅུ་དགུས་བསྟན་ཏེ། ཁོང་སྨན་གྱི་སྟང་ཟིལ་བུར་བའི་མདོག་ཅན་ཞེས་ནག་ལ་འཚེར་བ་སྟང་ཚེ་རོག་པོ་ཞེས་ཀྱང་བྱ་བ་དེ་མར་ལ་འདུལ། འབྲུག་རུས་དངོས་ཏེ་མེར་བསྲེགས་སྦལ་རྒྱབ་མི་ཆུར་བཙོ། ལིག་བུ་མིག་ལ་འདིར་མདུང་རྩེར་འདོད་པས་མདུང་རྩེ་སྨུག་པོ་མི་ཆུར་བཙོ། གཞན་དུ་ནི་འདི་ལྟར་མིན་ཏེ་གང་ལགས་ཤེ་ན་གཟའ་གདོན་སྐབས་སུ་དཀར་ཕྲ་མེན་ལ་ལིག་བུ་མིག་ཏུ་འདོད་ཅིང་ལར་གང་དང་གང་ལ་སྐབས་ཐོབ་ཤེས་པར་བྱ་དགོས་སོ། །ཕག་མགོ་རྡོ་ཕག་མགོ་སྟེ་ཕག་མགོའི་དབྱིབས་ཅན་དམར་སེར་གྱི་སུལ་རིས་ཡོད་པ་དྲི་མནམ་མོ། །དེ་ཡོས་སུ་བརྔོས་ལ་དུག་ཕྱུང༌། དེ་རྣམས་མཚོན་འདུལ་པ་ལྟར་ཆུ་ཐགས་བྱས་པ་བུ་རམ་སྦྱར་བའི་རིལ་བུ་སྲན་མ་ཙམ་གསུམ་གསུམ་བཏང༌། ཨ་བྱག་ནི་སྦང་གི་གུར་གུམ། ཤེལ་རྟ་ནི་ནགས་མའི་ཐང་ཆུ། སྤྱི་བཞུར་ནི་སྟབ་སེང༌། རེ་ཀོན་པ་ནི་རྩི་མར་ཟིལ་བ་ཅན། ཧའུ་པ་བ་ནི་རྟ་པགས་པ། སྨུག་ཆུང་ནི་འདན་ཡོན་ནོ། །ལ་ལར་ཚེར་སྔོན་འདྲ་བ་ལ་མེ་ཏོག་སྔོན་པོ་ཅན་དེའོ་ཞེས་ཀྱང་ཡོད། གསིལ་དུ་བཅོས་པ་ནི་ག་བུར་སོགས་བཏང་ཞིང་རྨ་ཆས་བསིལ་དུ་བྱ། ལར་ཀླད་པ་ལ་སྦང་མ་མི་གཏོང་ངོ༌། །རྩ་རྒྱས་གཏར་བ་ནི་རྩེ་ཆུང་སོགས་གང་རྒྱས་བཏར་རོ།།
བཞི་པ་རྩ་རྨ་བཅོས་པ་ལ་གསུམ། མདོར་རྒྱས་འཚོ་འཆིའོ། །དང་པོ་ནི། རྩ་བཅོས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཤ་རྩ་རུས་རྩ་ཀླད་རྩ་གསུམ་བཅོས་པའོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་ཤ་རྩ་བཅོས་པ་ནི། ཤ་རྩ་ཞེས་རྐང་པ་ལྔས་བསྟན་ཏེ། རྩ་རྒྱུད་གོང་འོག་བསྲེག་པའི་སྒོ་ནི། རྩ་དེའི་མཇུག་གི་རྩ་སྣ། ཉེ་སྒོ་ནི་རྨའི་སོར་བཞིའོ། །གཉིས་པ་རུས་རྩའི་བཅོས་ནི། རུས་རྩ་ཞེས་རྐང་པ་ཉི་ཤུས་བསྟན་ཏེ། འབྲི་རྐང་བདུན་གསུམ་ནི་བ་རུ་རའི་རྩི་གུའི་སྙིང་པོ་བདུན་ནམ་གསུམ་མོ། །མོན་ཆར་ནི་བེ་ནག་ཁྲག་གོ། །མ་བྱུང་ན་འབྲས་བུས་ཚབ་རུང་ངོ༌། །ཁྲག་གཉིས་ནི་ཟེ་ཁྲག་དང་བུད་མེད་ཀྱི་མངལ་ཁྲག་གོ །ལེ་བརྒན་ནི་དར་ལེ་བརྒན་དམར་པོ་ཡིན་ནམ་སྔོ་སྐྱ་རྒྱབ་དམར་ཡིན་བརྟག བླ་རྟ་གསུང་བར་རྒྱ་དར་དམར་པོ་རང་ངོ༌། །རམ་པའི་སེའུ་ནི་རམ་པ་སྟེ་སེའུ་ནི་དེའི་རྩ་བའོ། །དུ་བ་གཉིས་ནི་ཕ་བ་གོ་གོལ་དང་སྙེ་ནག་མའོ། །སྔོ་ཁྲག་གཅོད་ནི་ཁྲག་གཅོད་རལ་པ་ཅན་ཏེ། །བེ་གུ་རྒྱབ་སྐྱའམ་ཀོན་པ་གབ་སྐྱེས་སོ། །མེ་ཏོག་ནི་རྩ་སྣར་དམར་ཙི་མ་པ་ཆགས་པའོ། །ནང་དུ་ཤོར་ན་རྩ་བུག་ཀམ་ཧུ་རེ་འོང་ངོ༌། །རྩ་ཁ་ཟིན་ན་རྨ་བཙུམ་མི་འོང༌། རྩ་མཉེན་པར་བྱ་བའི་དཀར་གསུམ་ནི་ཏིལ་དཀར་སྤང་རྒྱན་དཀར་པོ་ཀྱི་ལྕེ་དཀར་པོ་གསུམ་མོ། །གསུམ་པ་ཀླད་རྩ་བཅོས་པ་ནི། ཀླད་རྩ་ཞེས་རྐང་པ་བཅུས་བསྟན་ཏེ། རྒྱ་རྩ་འགྲམས་ན་མིག་དམར་ལུས་ལྕི་དང་ག་འགག་གདོང་སྣུམ་ཁ་ལྐུགས་ཀླད་པའི་རྒྱ་རྩ་ནག་ལྷང་འགྲོ་དེ་ལ་གང་ཉེ་གཏར་ལ་བསྲེག་གོ །གསུམ་པ་འཚོ་འཆི་བཤད་པ་ནི། ཟུག་ཆེ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །ལྔ་པ་ལོག་གནོན་བསྟན་པ་ནི། བཞི་པ་ཞེས་རྐང་པ་གཅིག་གིས་བསྟན་པ་དེ་རྒྱས་པར་བཤད་པ་ལ་བཞི། ལོག་པའི་རྒྱུ་རྐྱེན། དེའི་དབྱེ་བ། སྤྱི་རྟགས། བྱེ་བྲག་སོ་སོའི་རྟགས་བཅོས་སོ། །དང་པོ་ནི། གདོན་དང་ཞེས་རྐང་པ་གཅིག་གིས་བསྟན་པ་ལ། གདོན་རིམ་གྲོས་མ་ཆུན་པ་དཔྱད་བྱས་ལྷག་མ་ལུས་པ་ཟས་དང་སྤྱོད་ལམ་གོ་ལོག་པ་བསྟན་པའོ། །གཉིས་པ་དབྱེ་བ་ནི། ཤ་ལ་ཞེས་རྐང་པ་བཞིས་བསྟན་ཏེ། ཤ་ལ་གཞའ་འཁྲོས་བྱེར་བ་གསུམ། རུས་ལ་སྐམ་བྱེར་གཤེར་བྱེར་ཁྲ་བོར་བྱེར་བ་གསུམ། རྩ་ལ་བྱེར་དང་ཁྲིད་པ་གཉིས། ཀླད་སྐྱོན་གཞའ་སྤོས་སྨྱོ་ལྐུགས་བཞི་རུ་འགྱུར་བའོ། །གསུམ་པ་སྤྱི་རྟགས་ནི། ལྡོག་རྟགས་ཞེས་རྐང་པ་བཞིས་བསྟན་ནོ། །བཞི་པ་བྱེ་བྲག་སོ་སོའི་རྟགས་བཅོས་བཤད་པ་ལ་ཤ་རུས་རྩ་ཀླད་པའི་རྟགས་བཅོས་བཤད་པ་དང་བཞི་ལས། དང་པོ་ཤ་ལའང་ཤ་གཞའ་དང་ཤ་སྨྱོ་དང་ཤ་བྱེར་དང་གསུམ་ལས། དང་པོ་ནི། ཤ་གཞའ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ།།
གཉིས་པ་ནི། ཤ་སྨྱོ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་ཤ་བྱེར་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བྱེར་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྐྱི་བྱེར་དང་ཤ་བྱེར་རོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་སྐྱི་བྱེར་ནི། སྐྱི་བྱེར་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། མེ་མེད་དུ་བ་གསུམ་ནི། ཕ་བོང་གོལ་གོལ་རྒན་པོ། སྙེ་ནག་མོ། སླང་དྲེག་དང་གསུམ་མོ། ཞེས་ཕྱག་དྲེག་མ་ཟུར་མཁར་བ་བླ་རྟ་གསུམ་མཐུན་པར་འདི་བཞིན་འདུག་ཅིང༌། ལ་ལར་སླང་དྲེག་གི་ཚབ་ལ་ཁོག་མཆུའི་དྲེག་པ་ཟེར་བའང་འདུག ལ་ལར་སླང་དྲེག་གི་ཚབ་ཏུ་ཤོ་མངས་ཀྱི་དུད་པ་ཟེར་བའང་སྣང་ཞིང༌། དྲིན་ཅན་བླ་མ་ཉི་ཐང་ཆོས་རྗེ་ནི། ཕ་བོང་གོལ་གོལ། སྙེ་ནག་མ། ཁྱི་མཇུག་པ་དང་གསུམ་ལ་བཞེད། གཉིས་པ་ཤ་བྱེར་གྱི་རྟགས་བཅོས་ནི། ཤ་བྱེར་ཞེས་རྐང་པ་དགུས་བསྟན་ཏེ། རྩ་ཕྲང་མེས་བསྡམ་པ་ནི་གོང་དུ་བཤད་པའི་བསྲེགས་དམིགས་བཅུ་གསུམ་སོགས་སོ། །སྦུ་དེབ་ནི་རི་བོང་གི་སྤུ་ལ་བྱའོ། །གཉིས་པ་རུས་བྱེར་བཤད་པ་ལ་གསུམ། སྐམ་བྱེར། གཤེར་བྱེར། ཁྲ་བོར་བྱེར་བ་དང་གསུམ་ལས། དང་པོ་སྐམ་བྱེར་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རུས་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། །སྐྱ་སོབ་སྦ་བཅད་པ་ལྟ་བུ་དང༌། དམར་ལྷང་བྲག་མེས་ཚིག་པ་འདྲ་བའི་རྟགས་བཅོས་བཤད་པའོ། །གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ལས།
དང་པོ་ནི། བད་རླུང་ཞེས་རྐང་པ་བཞིས་བསྟན་ཏེ། བད་རླུང་གྲང་བས་བྱེར་ན་སྦུ་གུ་སིབ་སིབ་འོང་སྟེ་དེ་ཡང་སྐྱ་སོབ་སྦ་བཅད་པ་འདྲའོ། །རྣག་ཤ་རུལ་བས་དྲི་མི་ཞིམ་མོ། །རྟ་པགས་གཉིས་ནི་རི་དང་ཀླུངས་ཀྱི་རྟ་པགས་པ་གཉིས་སོ། །བར་མཆན་གྱི་ལྷ་ཞོ་ནི་གངས་ཐིགས་བེ་སྣབས་ནི་རྡོ་བེ་སྣབས་སོ། །གཉིས་པ་ནི། མེས་ཚིག་ཅེས་རྐང་པ་བཅུས་བསྟན་ཏེ། མེས་ཚིག་བྲག་འདྲ་བ་ནི་ཀླད་པ་ཚ་སྦོས་ཀྱིས་ལྷ་རུས་སྐམ་པ་སྟེ། དམར་སེར་སྐམ་པོར་འོང་ངོ༌། །ག་བུར་རྒྱལ་བློན་གསུམ་པ་ནི་ཕྱི་རྒྱུད་ལྟར་རོ། །མ་ཁུགས་ལྷ་ཁྲག་བཀུག་པའམ་དཀྲུག་པ་ནི། སྔར་བཅོས་དེ་དག་གི་ལྷ་ཁྲག་ལྷ་མིག་ཏུ་མ་ཁུགས་ན་ཡན་ལག་བཞི་དང༌། སྣེ་ས་བཞི་ཕུར་ཞིང་བཅིངས། སྐེ་ལ་དར་གྱིས་སྙེལ། རུས་པ་སྦྱང་ཕུགས་སུ་དྲུད་ལ་ལྷ་ཁྲག་ཅི་ཟིན་བྱའོ། །གཉིས་པ་གཤེར་བྱེར་ལ་གཉིས། མདོར་རྒྱས་སོ། དང་པོ་ནི། གཤེར་བྲོས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རློན་བྲོས་སམ་གཤེར་བྲོས་ལ་བ་རྒན་གྱི་ཁ་ཆུ་ལྟ་བུར་བ་ཐག་ཅན་དང༌། བརླན་ཞིང་ལས་དྲོས་མཚམས་སུ་ཐག་ལངས་པའམ། བརླན་གྱིས་ཟོས་པ་ལྟ་བུའི་རྟགས་བཅོས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ལས། དང་པོ་བ་རྒན་ཁ་ཆུ་ལྟ་བུ་བཤད་པ་ནི། ཤའུ་སྐྱེས་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། དོམ་པ་ནི་དྭ་བའོ། །ལ་དང་ནི་ལང་ཐང་རྩེའོ། །ཞེས་བླ་རྟའི་འགྲེལ་པར་བྱུང་ཀྱང༌། ཕྱག་དྲེག་མར་མཁྲིས་པ་ཞེས་མཆན་དུ་འདུག་པས་བརྟག །སྦྲང་ཆང་ནི་ཕྱི་རྒྱུད་ལྟར་རོ།།
གཉིས་པ་ནི། ཐག་ལངས་ཞེས་རྐང་པ་དྲུག་གིས་བསྟན་ཏེ། ཁོང་དུ་ཚས་བཏང་བ་ནི་ཟས་བཅུད་བསྟེན་པའོ། །ཨ་ཟས་བདུག་པ་ནི་ཟན་དྲོན་གྱིས་བདུག་པའོ། །དགུ་སྦྱོར་ཁནྜས་བཟུང་བ་ནི། ཟླུམ་བཅོས་སྐམས་ཀྱི་ཕྱེ་མ་དགུ་སྦྱོར་དང༌། རྟ་པགས་སོགས་ཀྱི་ཁནྜས་ལྷ་བ་བཟུང་བའོ། །འགྲེང་བུ་གཏར་བ་ནི་གློ་མ་གཤམ་ནས་བྱུང་བའི་འགྲེང་བུ་གཉིས། ནུ་མའི་ཐད་བྲང་སྒྲོག་རུས་འོག་ཏུ་འགྲོ། ཞེས་པ་དེའོ། །འདོམ་རྩ་ནི་མཆིན་མཁྲིས་འདོམ་རྩའོ། །ཡེན་ལ་གཏད་པ་ནི། ཟས་སྐོམ་བཀྲེས་ཤས་ཆེ་བར་བྱེད་པའོ། །གསུམ་པ་ཁྲ་བོར་བྱེར་བ་ནི། ཁྲག་བོར་ཞེས་རྐང་པ་བཅོ་ལྔས་བསྟན་ཏེ། དེ་ཡང་ཁྲ་བོ་ནི་སྐམ་གཤེར་འདྲེས་པའི་དོན་ཡིན་ནོ། །རྨའི་ཁ་ཤ་སྟེ་བུ་ཁ་ལྟར་གདངས་པ་དང་ཉྭ་སྒང་པ་སྐྲངས་པ་ལྟར་འབྱུང་བ་ཡིན་པས་དེ་ལ་ཤ་བྲལ་རུས་འཛེར་ཕྱུང་ལ་ཤའུ་ཆགས་སྨན་རྒྱུ་མཚན་བཞིན་ནོ། །གསུམ་པ་རྩ་བཅོས་ལ་གཉིས། བྱེར་བ་དང༌། ཁྲིད་པའོ། །དང་པོ་རྩ་བྱེར་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རྩ་སྐྱོན་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཤ་རྩར་བྱེར་བ་དང༌། རུས་རྩར་བྱེར་བ་དང༌། ཀླད་རྩར་བྱེར་པའི་རྟགས་བཅོས་སོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་ཤ་རྩ་བཅོས་པ་ནི། ཤ་རྩ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། གཉིས་པ་རུས་རྩར་བྱེར་བཅོས་ནི། རུས་རྩ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ཀླད་རྩར་བྱེར་བཅོས་ནི། ཀླད་རྩ་ཞེས་རྐང་པ་བཅུ་གསུམ་གྱིས་བསྟན་ཏེ། དར་སྟེང་ཆུ་སེར་ལྷུང་བའི་རྟགས་ལྡན་ནི། མིག་འཛུམ་མི་ཤེས། སྟོང་སྐྱུགས་འོང༌། ལག་ནོམ་ནོམ་བྱེད། བླ་ཆོལ་སྨྲ། ཡང་ན་ཁ་ལྐུགས། རུས་པ་སྦྲང་འདབ་སྐྱའོ། །དཀར་པོ་འདྲེའོ། །གཉིས་པ་རྩ་ཁྲིད་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རྩ་ཁྲིད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། ཕྱིར་ཁྲིད་དང་ནང་ཁྲིད་དོ།།
གཉིས་པ་རྒྱས་བཤད་ལ་གཉིས་ལས། དང་པོ་ནི། ཕྱི་ཁྲིད་ཅེས་རྐང་པ་བཞིས་བསྟན་ཏེ། བཤུལ་ཤ་ནི་སྒལ་པའི་ཕྱི་བཤུལ་དང་ནང་བཤུལ་ལོ། །ལུམས་ནི་བདུད་རྩི་ལྔ་ལུམས་ཕྱི་རྒྱུད་ལྟར་རོ། །ཕྱི་རྩ་གཏར་བ་ནི་རྩེ་ཆུང་སོགས་གཏར་བ་དང༌། ནང་རྩ་སྦྱང་བ་ནི། རྩ་སྦྱོངས་ཕྱི་རྒྱུད་ལྟར་བྱའོ། །གཉིས་པ་ནང་ཁྲིད་ལ་གཉིས། སྤྱི་དང་བྱེ་བྲག་གོ །དང་པོ་སྤྱི་ཁྲིད་ནི། ནང་རྩར་ཞེས་རྐང་པ་དྲུག་གིས་བསྟན་ཏེ། ཉི་ཤུ་རྩ་ལྔ་ནི་ཕྱི་རྒྱུད་ལྟར་རོ། །གཉིས་པ་ནང་བྱེར་བྱེ་བྲག་ཏུ་བཤད་པ་ནི་བྱེ་བྲག་ཅེས་རྐང་པ་དྲུག་གིས་བསྟན་ཏེ། མེ་གཏར་ཕྱེ་མ་རིག་པ་སྤྱི་དང་སྦྱོར། ཞེས་པ། སྙིང་ལ་བབས་ན་ཚིགས་པ་དྲུག་པ་དང་མཐེབ་སྙིང་བསྲེག གློ་བ་ལ་ཚིགས་པ་ལྔ་པ་དང་མཛུབ་མོ་བསྲེག མཆིན་པར་ཚིགས་པ་དགུ་པ་དང་དགུང་མོ་བསྲེག མཁལ་མར་ཚིགས་པ་བཅུ་བཞི་པ་དང༌། མཐེའུ་ཆུང་བསྲེག གཞན་ཡང་རང་རང་རྩ་ལ་གཏར་རོ། །བཞི་པ་ཀླད་སྐྱོན་གྱི་རྟགས་བཅོས་བཤད་པ་ལ་བཞི། གཞའ་བ་དང༌། སྦོས་པ་དང༌། སྨྱོ་བ་དང༌། ལྐུག་པ་དང་བཞི་ལས། དང་པོ་ཀླད་གཞིའི་རྟགས་བཅོས་ནི། ཀླད་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཤ་ཆང་བརྡེག་པ་ནི་ཆེར་བསྟེན་པའོ། །གཉིས་པ་སྦོས་སྐྱོན་གྱི་རྟགས་བཅོས་ལ་གཉིས། ཚ་སྦོས་གྲང་སྦོས་སོ། །དང་པོ་ཚ་སྦོས་ནི། སྦོས་ན་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ཚ་སྦོས་ལ་ཀླད་རྒྱ་ཆུ་རྩ་རྣམས་ཚ་མགོ་ལྕེ་ཀླད་རྒྱ་དམར་དེ་ལ་རྒྱལ་བློན་ཏེ་ག་བུར་དང་བཅུ་གང་ཁོང་དུ་བཏང༌། རྒྱལ་བློན་དེ་གཉིས་ཀྱི་སྟེང་དུ་ཧོང་ལེན་བསྣན་པ་རྨ་ལ་གདབ་སྲིན་བལ་ག་བུར་ཆུར་བཅུག་པ་རྨ་ལ་དགབ། ཞ་ཉེ་སྲབ་མོས་མནན་ནོ། །གཉིས་པ་གྲང་སྦོས་ནི། གྲང་སྦོས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། གསུམ་པ་ཀླད་སྨྱོའི་རྟགས་བཅོས་ནི། སྨྱོ་ན་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། གཙུག་ནི་སྤྱི་གཙུག །མཐིལ་ནི་རྐང་ལག་གི་མཐིལ་བཞི། དྲུག་བདུན་ནི་ཚིགས་པ་དྲུག་པ་དང་བདུན་པ་དང་སྙིང་ག་རྣམས་བསྲེག་གོ །བཅུད་ཀྱིས་གསོ་བ་ནི་སྒོ་ང་མར་བུར་ཆང་སོགས་སོ། །བཞི་པ་ཀླད་ལྐུགས་ཀྱི་བཅོས་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ལྐུགས་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཀླད་ལྐུགས་དང༌། རུས་ལྐུགས་དང༌། རྩ་ལྐུགས་ཀྱི་བཅོས་བཤད་པའོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་ནི། ཀླད་ལྐུགས་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། ཀླད་ལྐུགས་ནི་ཀླད་པ་འཁྱིམས་པ་ལུག་པ་རྒྱ་ཐོག་ཏུ་ཆུ་སེར་རམ་རྒྱ་ཁུ་ཤོར་བ་གསུམ་ལས་འོང་བ་ཡིན་པ་དེ་ལ་ག་བུར་སོགས་བཏབ། ལྟག་རྩ་གཏར་ལ་སྲེག་པ་ནི་གོང་དུ། ངེས་པ་ལྟག་ཟུར་ལྟག་རྩ་ནག་པོ་གཉིས། ཞེས་པ་དེ་གཉིས་གཏར་ལ་དེ་རྗེས་རྨ་ཁ་གཉིས་བསྲེག་གོ་ །སྣ་ནས་ཁྲག་དབྱུང་ཞིང་ལྕེ་འོག་གི་རྩ་གཉིས་དང་མཇུག་ཐུང་གཏར་རོ། །མགོ་ལུས་ཐམས་ཅད་ལ་ཆུ་ཆགས་བྱས་ཏེ་གན་རྐྱལ་ཉལ་བ་ལ་ཡན་ལག་བཞི་ལ་དུས་གཅིག་ལ་འཐེན་ལ། རྐང་མཐིལ་ཁུ་ཚུར་གྱིས་བརྡུང་བ་རྣམས་སྦྲགས་ལ་བྱ། དེས་ལྐུགས་པ་མ་ཕྱེ་ན་རྒྱུད་ཕྱི་མ་ལྟར་གྱི་སྣ་སྦྱོངས་དང་རྩ་སྦྱོངས་བཏང་ངོ༌། །གཉིས་པ་རུས་ལྐུགས་ཀྱི་བཅོས་ནི། རུས་ལྐུགས་ཞེས་འབྲུ་བཞིས་བསྟན་ཏེ། རུས་ལྐུགས་ནི་ཀླད་རུས་བར་དུ་རུས་དུམ་ཤོར་བ་དང༌། རུས་པ་ལྟེམ་ནས་དར་མནན་པ་ལ་འོང་བས་དེ་ལ་བྲུད་བདར་གྱིས་བཟོ་བྱའོ། གསུམ་པ་རྩ་ལྐུགས་ཀྱི་བཅོས་བཤད་པ་ནི། རྩ་ལྐུགས་ཞེས་འབྲུ་ལྔས་བསྟན་ཏེ། དེ་ཡང་རྩ་ལྐུགས་ནི་རུས་རྩ་ཤོར་བས་ཕྱི་ནང་དུ་ཆུ་སེར་བྱེར་བ་ལས་འོང་བས་བཅོས་ནི་རྩ་དཀར་གྱི་ལེའུར་བསྟན་པ་ལྟར་བཅོས་སོ། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ནས་བརྒྱད་ཅུ་རྩ་གསུམ་པའོ། །ཞེས་པའི་བར་གྱིས་བསྟན་ནོ།།
མཐའ་མའི་འདོན་ཐེངས་།: 23.08.2011 ཉིན། 3:13 PM
<< སྔ་མ།