སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གྱ་གསུམ་པ། མགོ་བོའི་རྨ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 

ལེའུ་གྱ་གསུམ་པ། མགོ་བོའི་རྨ་གསོ་བ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །ཡན་ལག་དང་པོ་མགོ་ལ་མཚོན་ཕོག་ན། །དེ་ལ་རྟགས་དང་བཅོས་ཐབས་ཇི་ལྟར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་དང༌། 

དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག ཡན་ལག་ལྔ་ལ་གཅེས་པ་མགོ་བོ་ཡིན། །དེ་ལ་གནས་ལུགས་ཕོག་ས་བརྟག་པའི་ཐབས། །བཅོས་པའི་ཐབས་དང་ལོག་གནོན་ལྔ་ཡིས་བསྟན།།

སྤྱི་དོན་དང་པོ་མི་རིགས་མགོ་དབྱིབས་བསྟན་པ་དང༌། །ཤ་རུས་ཀླད་པ་རྩ་ཡི་གནས་ལུགས་བསྟན། །དང་པོ་མི་རིགས་རླུང་མཁྲིས་བད་ཀན་རྐྱང་པ་གསུམ་ལྡན་པ་གསུམ་འདུས་པ་གཅིག་སྟེ་བདུན། །གཉིས་པ་མགོ་དབྱིབས་སྤྱི་བོ་འཇོང་མོ་རིང་བ་བད་ཀན་ལྟག་འབུར་བད་མཁྲིས་སོག་ཀ་འདུས་དང༌། །གྲུ་བཞི་མཁྲིས་པ་ཟླུམ་པོ་བད་རླང་འཕྲེད་ཉལ་རླུང་མཁྲིས་སྤྱི་ལེབ་རྒྱབ་མདུན་ནམ་གཡས་གཡོན་དུ་ནར་ནར་མོ་ལྟ་བུ་རླུང་བོ། །དེ་དག་ཀླད་པ་རུས་པ་རིམ་བཞིན་ངན། །དེ་བཞིན་དུ་རྣམ་པ་སྟེ་ཐོ་སྲུངས་གཟེར་བ་དང་རྩ་ཡང་མང་བར་བཤད། །གསུམ་པ་ཀླད་པ་རྒྱ་མཚོའི་གནས་ལུགས་བསྟན་པ་ནི། །བད་ཀན་ཅན་ཤ་ཀླད་བད་མཁྲིས་ཅན་མར་ཀླད་འདུས་པ་བུང་ཚང་ཀླད་པ་དང༌། །མཁྲིས་པ་ཕྲུམ་ཀླད་དེ་བཞི་པོ་བཟང་ཞོ་ཀླད་བད་རླུང་འོ་ཀླད་རླུང་མཁྲིས་ཆུ་ཀླད་རླུང་དང་གསུམ་ངན་བདུན། །བདུན་པ་འདི་དག་ནི་ཀླད་པ་མཁྲང་སླ་དང་ཚོ་ཟིན་མི་ཟིན་ལས་བཟང་ངན་དུ་བཞག་ལ་ལུས་ཀྱི་ཁམས་ཀྱང་དེ་མཐུན་དུ་བལྟའོ། མི་རིགས་མགོ་ཡི་དབྱིབས་དང་ཀླད་པ་སྦྱར། །དེ་དག་རིམ་པས་གོང་མ་བཟང་བར་འདོད། །རྒྱ་དར་སྨུག་ལ་དྭངས་པ་གླ་ཧེལ་ཙམ། །རྩ་ཡི་དྲ་བར་གཏུམས་ནས་གནས་པ་ཡིན་ལ་། །འོན་ཀྱང་མགོ་རིལ་མོ་ལ་མིག་ནག་མཚུལ་སྣ་གོང་པ་ཉེག །སྣབས་ལུད་ཉུང་ཞིང་གཡང་བ་དང་ཆུ་རྨ་རྣམས་མི་འཇིགས་ཤིང་སོས་པ་ལ་བཟང༌། །མཚོན་ཕོག་དུས་ན་འགྱེལ་བུབ་ཟ་ཟི་མེད། །མི་སྐྱུག་མི་ལྐུག་འཆལ་མེད་པ་རྣམས་བཟང་རྟགས་ཡིན། །དེ་ལས་ལྡོག་ཞོ་དང་འོ་མ་ཆུ་ཀླད་འབྱུང༌། །བཞི་བ་ཀླད་ཁྱིམ་རུས་པའི་གནས་ལུགས་བསྟན་པ་ནི། །ཕོ་རུས་མོ་རུས་མ་ནིང་རུས་པ་གསུམ། །དེ་ལ་སྒང་དང་རྩིབས་དང་མཐའ་རུ་འགྱུར། །ཕོ་རུས་གདུང་སྟེང་འོག་གམ་ཕྱི་ནང་མཐུག་ལ་བར་གྱི་ལྷ་བ་སོབ་སོབ་པོ་ཆུང་ལ་མཁྲེགས། །མོ་རུས་ལྷ་གདུང་སྙོམས་ཤིང་སྲབ་ལ་མཉེན། །མ་ནིང་རུས་པ་ལྷ་བ་ཆེ་ལ་གསོབ། །རྒྱབ་ཀྱི་ལྟག་པ་ནས་འདུན་སྨིན་མའི་དཀྱིལ་གྱི་བར་དུ་རང་སོར་བཞི་ཞུར་པོ་ལྟ་བུའི་སྒང༌ཡོད་པའི། །རུས་པ་མཐུག་མཁྲེགས་སྐྲོན་ཁྲོ་བ་ལ་ལྷ་བ་ཆེ། །དེ་ཡི་གཡས་གཡོན་རང་སོར་བཞི་རུས་པའི་རྩིབས་ནི་། །གོང་བས་སྲབ་ལ་ལྷ་གདུང་སྙོམས་པ་ཡིན། །དེ་ཡི་མཐའ་མ་རྣ་བ་དང་ལྟག་པའི་རུས་པ་ལྷག་མ་རྣམས། །ལྷ་བ་ཆུང་ཞིང་སྲབ་ལ་སྐྲོན་པར་ཁྲོ་པར་བཤད། །ལྔ་བ་གཡོགས་པ་ཤ་ཡི་གནས་ལུགས་བསྟན་པ་ནི། །སྤྱི་གཙུག་ཤ་ནི་བཞག་སྒོར་འཁྱིལ་འདྲ་གཉན།  །ལྟག་པའི་ཤ་ནི་ཉ་ལྡང་གཞིབས་གཤིབས་འདྲ་གཉན། །མཚོགས་མའི་ཤ་ནི་གཞུ་ཤུལ་རྒྱབ་ཀྱི་བཟུང་རྒྱུས་བཏང་འདྲ་གཉན༌།  མུར་གོང་ཤ་ནི་ལུག་མཁལ་བརྩེགས་འདྲ་གཉན། །དེ་ལས་གཞན་པ་མི་གཉན་འདག་གཡོགས་འདྲ། །དྲུག་པ་འབྲེལ་པ་རྩ་ཡི་གནས་ལུགས་བསྟན་པ་ནི། །ཀླད་པའི་རྩ་དང་རུས་རྩ་ཤ་རྩ་གསུམ། །ཀླད་པའི་རྩ་ལ་འཚོ་བྱེད་དར་རྩ་དང༌། །ཕྱི་ནང་གཞན་འབྲེལ་ཆུ་རྩ་གཉིས་སུ་བཤད། །དང་པོ་གཉན་གྱི་རེ་བའི་ཐག་སོ་ལྟ་བུའི་རྩ་རྣམ་པ་བཞི། །ཕྱི་ནང་རྒྱུག་པ་ཚངས་པའི་སྐུད་པའོ། །རེ་ཐག་བཞི་ནི་རྣ་བའི་ཕྱི་ལྟག་ཁུང་ངོས་དང་ནང་གདོང་པ་ཕྱོགས་ན། །རྒྱབ་ངོས་རྩེ་ནག་གཉིས་དང་མདུན་ངོས་གཉིད་ལོག་གཉིས་ལས་གྱེས་པ་ཡི། །བྱང་དར་གྱི་སྟེང་དུ་ཤིང་ལོའི་འདབ་མ་ལྟར་འབྲེལ་བར་གནས། །ཀླད་པའི་ཕྱི་ནང་རྒྱུག་པ་ལྟག་རུས་འབུར་པོ་ནས། །མཁུར་ཚོས་བྱུང་སྟེ་སླར་ལོག་ཀླད་པ་རང་ལམ་བླངས། །འདུས་སོ་གསུམ་འབྲེལ་དྲ་སྲུབས་རྣམས་ལ་རེས་ཕྱི་དང་རེས་ནང་དུ་བཙེམས། །ཚངས་པའི་སྐུད་པ་ཤ་རུས་ཀླད་པ་ཡི། །རྩ་གསུམ་འདུས་ཏེ་སྤྱི་བོའི་གཙུག་ན་གནས། །གཞན་དང་འབྲེལ་བའི་ཆུ་རྩ་ཕྱི་ནང་གཉིས། །འདི་ནས་བཟུང་ནང་རྩ་དར་གྱི་དཔྱང་ཐག་བཅུ་གསུམ་སྟེ། །རྗེ་ཞབས་ཏེ་ཀླད་པའི་ནང་རྩ་ལས་བྱུང་རྐེ་ཡི་ནང་ནས་རྒྱུ། །དོན་ལྔ་སྣོད་དྲུག་བསམ་སེར་འབྲེལ་བ་འདིའི་བར་གྱི་གནས་ལུགས་ནི་བྱང་ཁོག་དུ་བསྟན་པ་ལྟར་རོ་ཡིན། །འདི་ནས་ཕྱི་རྩ་ལྟག་པའི་ཆུ་བ་ལ་རྩ་སྦུ་གུ་ཅན་གཉིས། །ལྟག་ཟུར་སྤུ་འཁྱིལ་ཆུ་རྩ་འཇའ་བྱེད་གཉིས། །རྣ་ཤལ་འོག་གཤོང་རཏྣ་གཉིས་ཏེ་དྲུག །རྐང་ལག་རུས་ཚིགས་ཆུ་རྒྱུས་འབྲེལ་བ་ཡིན་འདིའི་བར་རྩ་དཀར་བཅོས་སུ་གསལ་ལོ། །ཟ་འགྲམ་སྟེང་ན་སོ་རྩ་ལྡད་ན་འབུར་འབུར་བྱེད་གཉིས། །རྐན་གྱི་དཀྱིལ་ན་འདོམ་རྩ་སུམ་མདོ་རིས་ ཡན་ལག་བརྒྱད་པར། ལྕེ་མིག་སྣ་དང་རྣ་བ་ཡི། །བུ་ག་བཞི་ནི་འདུས་པ་དག །སྙན་དང་སྒོ་རུ་ཁ་བཞི་སྟེ། །བུ་གའི་གནད་ནི་དེ་རྣམས་ཀྱི། །གནད་ནི་སུམ་མདོ་རིས་རིས་བྱ། །ཞེས་སོ། །དེ་ལྟར་ནང་རྩ་སྤྱང་ཐག་བཅུ་གསུམ་ཕྱི་རྩ་དྲུག་པོ་རྩ་ལྡད་བྱེ་ད་གཉིས་མདོས་རྩ་སུམ་མདོ་རིས་གཅིག་ཉི་ཤུ་རྩ་གཉིས་ཆུ་རྩའི་གནད་དུ་བསྟན།  །རུས་རྩ་མདུང་ཚུགས་དྲང་པོར་ཕུག་པ་འཕྲེད་ཉལ་ལྷ་དཀྱིལ་དུ་ཉལ་པ་འཁྱམ་པོ་མ་ངེས་པ་གསུམ། །ཐད་སོར་མདུང་ཚུགས་གཟེར་བཏབ་པ་ལྟ་བུའི་རྩ་སྤྱི་གཙུག་ཚངས་བུག་དང་མཚོགས་མ་སྐྲ་མཚམས་ནས་མཚོན་རེ་གཞལ་བའི་སྒོའམ་གནམ་འཐེན་གཉིས། །རྗེ་གཡུ་ཐོག་པས་སྣ་རྩེ་དང་མཉམ་སྡུད་སྒོ་སྟེ་ཞེས་གསུངས་པས་རྣ་བའི་རྩེ་མོ་དྲང་ཐད་གཉིས་དང་མཉམ་པའི་ཐད་ཀྱི་ལྟག་པའི་སྡུད་སྒོ་དེ་ནས་གཡས་གཡོན་མཚོན་རེ་བཅལ་བ་གཉིས་ཏེ་སྡུད་སྒོ་གསུམ། །སྨིན་མའི་དཀྱིལ་དེ་གཉིས་དང་མཁུར་ཚོས་ཀྱི་རུས་འབུར་བྱ་སྒོང་གི་དབྱིབས་སྒོ་ལྔར་འབྱུང༌། །དེ་ལས་གཞན་པ་མ་ངེས་གར་ཡང་སྲིད། །རུས་པ་ངན་ཞིང་གླིང་དང་རྩ་ཕུར་མང༌། །འཕྲེད་ཉལ་ནི་རྫོང་འཕྲང་དུ་རྣ་བའི་རྩེ་ནས་མཚོན་གང་བཅལ་བར་ལྷ་བའི་སྲིབ་ན་འཕྲེད་དུ་སོར་བཞི་ཡོད་དོ་ཞེས་འབྱུང་རྣ་བའི་ལྟག་རྩ་སྟེང་ནས་སོར་བཞི་ན། །བོན་སྔོན་པོའི་ཐོད་ཅེས་བྱ་བའི་ལྷ་རྩ་ཡོད། །མ་ངེས་པའི་འཁྱམ་པོ་བཞའ་ཁུག་དེ་དང་ཁྱི་ཉལ་བྱི་སྡེར་དང་གསུམ་མོ། །འདིར་གནས་ངེས་མེད་ལྷ་བའི་གསེབ་ན་གནས་པས། །རུས་པ་བརྡར་ཚེ་གང་ན་འདུག་མིག་གིས་བྱ་རས་སོད་པ་ནང་ནོག་ནོག་པ་གཅེས། །ཤ་ཡི་རྩ་ལ་ངེས་དང་མ་ངེས་གཉིས། །ངེས་པ་ལྟག་ཟུར་དང་མདུད་སྒོའི་སྟེང་ནས་གཡས་གཡོན་གཉིས་སུ་འཕྲེད་ལ་སོར་གསུམ་རེ་དང་དེ་ནས་གྱེན་དུ་མཚོན་རེའི་གཞལ་བའི་སར་ཡོད་པའི་ལྟག་རྩ་ནག་པོ་གཉིས། །རྣ་བའི་ཕྱི་རྒྱབ་ཚོན་གང་ཕྱི་ལྗོན་གཉིས། །རྣ་བའི་ནང་ངོས་ནང་ལྗོན་རྣམ་པ་གཉིས། །མུར་གོང་ཟུར་ན་ལྟག་རལ་འཁྱུག་རྩ་གཉིས། །དཔྲལ་བའི་དཀྱིལ་ན་གསེར་མདུང་དངུལ་མདུང་གཉིས། །མཚུལ་པའི་འགྲམ་ན་མཚུལ་རྩ་ནག་པོ་གཉིས། །མུར་གོང་གཤོང་ན་མཐོང་བྱེད་མིག་རྩ་གཉིས། །མུར་འགྲམ་སྟེང་ན་སོ་རྩ་འཕར་བ་གཉིས། །གཙུག་གི་ཕྱོགས་བཞིར་མཚོན་རེ་ན་གཙུག་གི་རེ་ཐག་རྣམ་པ་བཞི། །དེ་ལྟར་ཉི་ཤུ་ངེས་པར་བཤད་པ་ཡིན། །དོན་ལྔའི་རྩ་་ལ་སྣོད་དྲུག་གི་རྩ་དྲུག་དབང་པོ་སྒོ་མགོ་རྣ་བ་སྣ་ལྕི་བཞིའི་རྩ་བཞི་སྟེ་རྩ་བཅོ་ལྔ་པོ་དེ་ནི། །གནས་གར་ཡོད་ལ་ངེས་པ་མེད་པས་གར་འདུག་ལེགས་པར་བརྟགས་ལ་སོ་སོར་ངོས་བཟུང་གཅེས་སོ།

སྤྱི་དོན་གཉིས་པ་གཉིས་པ་ཕོག་ས་བཟང་ངན་འབྲིང་པོ་གསུམ། །ངན་པ་སྡུད་སྒོ་སོ་རཱ་ཛ་ལས། ཁྲུ་བྱེད་པ་སྟེ་སྤྱི་གཙུག་ནས། །དེ་འཐེན་པ་ནི་ཐོད་པའོ། །དེ་བཏབ་པ་ནི་འདུས་སོ་གསུམ། །སྣ་བའི་ལྟག་ཏུ་སླེབས་པ་ནི། །ལྷ་རྩ་དག་ནི་ཁྱི་ཉལ་ལོ། །དེ་ནས་མེ་ཐུར་གང་བསྐོར་བ། །མེ་ལོང་གང་སྟེ་མཐེབ་མཚོན་བསྐོར། །མཐེབ་ལོང་དག་ཏུ་ཤེས་པར་བྱ། །དེ་ནི་སྡུ་སྒོ་བཞི་དག་སྟེ། །ཞེས་གསུངས་པའི་དོན་རང་སོར་ཉེར་བཞི་ཁྲུ་གང་ཡིན་པས་ཕྱེད་དེ་རང་སོར་བཅུ་གཉིས་ཏེ་སྤྱི་གཙུག་ནས་རྒྱབ་མདུན་དུ་བཞལ་བ་ནི་ཐོད་པའི་ཚད་དང་། དེ་བལྟབ་པ་སྟེ་རང་སོར་དྲུག་རེ་ནི་མདུན་རྒྱབ་ཀྱི་འདུས་སོ། །རྣ་བའི་ལྟག་ན་མཚོན་རེར་ལྷ་རྩ་ཁྱི་ཉལ་གཉིས་ཏེ་འཕྲེད་ཉལ་གཉིས་སོ། བཞི་བོའི་སར་མཐེབ་མཚོན་གང་རེ་བསྐོར་བའི་རྒྱ་ཚད་ནི་སྡུད་སྒོ་ཞེས་བྱ་འོ། །དེ་ལྟར་འདུས་སོ་གཉིས་དང་ཁྱིལ་གཉིས་ཏེ་བཞི་བོའི་སར་མཐེབ་སར་མཐེབ་མཚོན་གང་རེ་བསྐོར་བའི་རྒྱ་ཚད་ནི་སྡུད་སྒོ་ཞེས་བྱའོ། །བཞིར་ཕོག་འཆི་བའི་གནས་ཡན་ལག་བརྒྱད་པར། ཐོད་པ་ཡི་ནི་མཚམས་བཞི་བོ། ཐད་ཀ་གྱེན་འགྲོ་མཚམས་ཀྱི་རྩ། །དེ་བསྣད་པ་ན་མགོ་འཁོར་དང་། །སྨྱོི་ཞིང་དྲན་པ་ཉམས་འགྱུར་ཏེ་ཞེས་སོ།། །ཆག་ཚབས་ཆེ་རུང་ཆུང་རུང་ཤ་རུས་ཀླད་པ་གསུམ་ཀ་ངན་པ་ཡིན། །འཕྲེད་ཉལ་སྲུབས་སྟེང་མིག་ཕོག་མཁུར་ཚོས་དང༌། །ཟ་འགྲམ་སྟེང་རྣམས་ཕོག་ས་གཉན་པའི་འབྲིང་དུ་བཤད། །ཤ་རྩའི་སྟེང་དུ་ཆག་ཚབས་ཆུང་ནའང་ངན། །ཤ་དང་རུས་པ་ཀླད་པ་རྩ་ཡི་རིགས། །ཕྱི་བས་ནང་མ་ནང་མ་གཉན་པ་ཡིན། །ཕོག་ས་བཟང་བ་དཔྲལ་བ་རྭ་ལྡེབས་གཉིས། ཆག་ཚབས་ཆེ་ཆུང་མེད་པར་བཟང་བ་ཡིན། །འདིར་མ་སྨོས་རྣམས་ཕོག་ས་འབྲིང་དུ་བཤད།།

སྤྱི་དོན་གསུམ་པ་བརྟག་པའི་ཐབས་ལ་མཚོན་རྨ་ཕྱི་ཡུལ་གསུམ་ལས། །དང་པོ་ཟུག་རྔུའི་མཚོན་ལ་བརྟག་པར་མདའ་རྡོ་གྲི་དང་གསུམ། །མདའ་ལ་ཝ་ལུང་ཕུག་པ་ཕུག་རྡུག་བཤོལ་བརྐོས་གཤོང་མོར་བརྐོས་པ་གཏམ་ཟུག་རུས་ལ་ཐུག་པར་ཕུག་པ་དང་མདེའུ་ལུས་པ་གསུམ། །གྲི་ལ་སྟེང་ནས་བཞོགས་པ་དང་ཤ་རྫོགས་རུས་རྫོགས་རྒྱུ་རྫོགས་དང་སྟེང་འོག་ཏུ་བཅད་པའོ། །རྡོ་ལ་སེར་ཁ་གས་པ་ཚལ་པར་ཆག་པ་བར་དུ་འཐམས་པ་གསུམ། །གས་ལ་སྦོམ་ཕྲ་རིང་ཐུང་རྣམ་པ་བཞི། །ཆག་པ་སྟེང་གདུང་ཆག་པ་དང་འོག་གདུང་ཆག་པ་དང་སྟེང་འོག་གཉིས་ཀ་ལྷ་བ་དང་བཅས་ནས་ཆག །བཅས་པར་ཆག་པ་དེ་ལ་ཅུང་ཟད་ཙམ་ལ་ཞོམ་པ་དང་གྲུམ་པ་དང་རྡིབ་པ་དང་ནང་དུ་རྡོལ་བ་བཞི། །འཐེམས་ལ་ཆེན་པོ་ཆུང་ངུ་འབྲིང་པོ་གསུམ། །དེ་དག་ལ་ཡང་རྣོ་ཕོག་རྟུལ་ཕོག་དང༌། །ཉེ་ཕོག་རིང་ཕོག་ཤུགས་ཅན་ཤུགས་མེད་དང༌། །ཕར་ཕོག་ཚུར་ཕོག་ལྗིད་ཅན་ལྗིད་མེད་བརྟག །དེ་རྣམས་ལ་ཚུར་ཕོག་པ་དང་ཉེ་བ་དང་ཤུགས་ཆེ་བ་དང་ལྗིད་ཅན་དང༌། །རྟུལ་ཕོག་རུས་དང་ཕྲད་པར་མ་གྱུར་ཀྱང༌། །དེ་རྣམས་ལ་ཕལ་ཆེར་ཉེས་སྐྱོན་འབྱུང་བ་མང༌། །གཉིས་པ་རྨ་ཡོད་པ་ལ་རེག་པ་མྱང་བ་རྨ་ལ་བརྟག་པ་ཡོད་མེད་གཉིས། །རྨ་མེད་པ་ལ་འགྲམས་དང་ཆག་པ་གཉིས། །འགྲམས་ལ་སྟེང་གི་སྲུབས་ཞིག་ན་གོམ་པ་འཁྱོལ། །མིག་འཛུམ་མི་ཤེས་སྐྱུག་ཅིང་མགོ་འཁོར་ཤེས་པ་ཟི། །བར་གྱི་ལྷ་བའི་རྒྱ་བེར་ན་གོང་གི་རྟགས་དེ་སྟེང་རྩ་ཆུ་ཚ། །མིག་དམར་སྣ་ཁྲག་འཛག་ཅིང་དང་ག་འགག །འོག་གི་ཀླད་པའི་མཚོ་འཁྱོམས་དྲན་མེད་ལྐུགས་སམ་ཡང་ན་འཆལ་ཞིང་ལབ། །རྨ་མེད་རུས་པ་ཆག་ན་ལག་པའི་རེག་པས་མྱང༌། །རུས་པ་སྒང་གཤོང་མི་སྙོམས་མནན་ན་བཟོད་པ་ཆུང༌། །ཞག་གསུམ་བཞི་འདས་ནས་ཤ་རུས་བྱེ་ཞིང་མེར། །ཡོད་པ་རྨ་ཅན་(ཆེན)བརྟག་པ་ཤ་གདན་ཆོད་མ་ཆོད། །ཤ་གདན་མ་ཆོད་པ་ལ་རྨའི་ནང་དུ་རས་ཀྱི་ནང་ཚངས་བཅུག་ལ་བརྟག །ཞག་མ་གསུམ་དང་ལྔ་ཡི་བར་དུ་མདོག་མི་འགྱུར། །དམར་མཁྲང་རེག་ན་བརྩེ་བ་སྐྱོན་མེད་དེ། །སྐྱ་སྨུག་སྔོ་ནག་རུལ་ན་ཆག་རྟགས་ཡིན། །ཤ་གདན་ཆོད་ནས་མིག་ལམ་མ་ཐོགས་ན། །ཁབ་མགོ་བཏང་བས་རུས་པ་གས་གྲུགས་ཡོད་ན་ཁབ་མགོ་འཐེན་འཐོག་བྱེད་དུ་འོང༌། །རུས་པ་རྩི་དང་བྲལ་ནས་རྩུབ་ན་སྐྱོན། །སྲུབས་ཀྱི་སྟེང་དུ་ཁྲེད་ཁྲེད་ཁྲལ་ཁྲལ་འོང༌། །ལྷ་བ་འཐེམས་སམ་མགོ་ཆག་ཚབས་ཆེ་ན། །རུས་པ་ལ་ཐུག་ཐུག་བྱས་པས་གོག་སྐད་འོང་བ་ཡིན། །མིག་ལ་ཐོགས་ན་གས་ཆག་དངོས་སུ་གསལ། །ལྷ་བ་འཐེམས་ན་ལྷ་ཁྲག་ཙིམ་ཙིམ་འཛིམ། །ཞག་གསུམ་དང་ལྔ་ནས་ལྷ་ཁྲག་ལ་ཐིག་ལེ་ཁྱེ་མ་ཅན་བསྐམས་པ་ལྟ་བུ་སྐྱ་སོབ་ཆོལ་ལེ་བ། །དམར་སྔོ་ནག་གྲོ་སེར་སྐྱ་སྨུག་པོ་དང༌། །སྔོ་ནག་སྐམས་ན་ལྷ་བ་འཐེམས་པ་ཡིན། །འོག་ཆག་སོ་ཞོའམ་རྡོ་བེ་སྣབས་ཀྱི་ལྟ་བུར་དཀར། །ཐ་མ་དུང་གི་མདོག་ཏུ་འགྱུར་བར་བཤད། །སེན་མོའི་མདོག་ལྟར་སྨུག་དང་རུས་སྐྱོན་མེད། །གལ་ཏེ་ཐེ་ཚོམ་ཟ་ན་སྨན་གྱིས་བརྟག ཁབ་ལེན་བུལ་ཏོག་ར་ཐུག་ཆུ་ཁྱེ་འཐུང་ནུ་ཞོ་བྱུགས་པས་སྐྱོན་ཡོད་ན་ནག་པོར་འགྲོ་སྐྱོན་མེད་ན་མདོག་མི་འགྱུར་བའོ། །རྨ་ཁ་ཤ་མྱག་ཁྱེམ་གཞའ་དང་སྦོས་དང་རྨ་ཁ་ཉྭ་སྒང་ལྟར་སྐྲངས་པ་དང༌། །ཕྱིར་བད་ལྷོགས་རྨ་གསོབ་དང་སྐམ་རུལ་ཆག་པའི་རྟགས། །ནང་རེ་བཞིན་དུ་རྨ་ཁ་མཐེབ་ཀོར་བྱ། །ཤ་རུས་བྱེ་ཞིང་མནན་ཤུལ་འོང་བ་དང༌། །གས་སྣ་ཆག་སྣ་བཟོད་པ་ཆུང་བ་ཡིན། །ཤ་རྩ་མ་ཐུལ་བ་ལ་ངེས་མེད་པས། །ཨ་ས་ཟན་དྲོན་སྤོད་བྲན་ལྷིང་པ་གནན་ཏན་ནན་མ་རེག་ཙམ་བྱས་ཡང་ན་སྤོད་སྒ་གཡེར་འུ་སོགས་ལུམས་ཀླད་ཞུན་འོག་ནས་འབྱུང་བའི་ཀླད་ལུམས་བྱ། །དེས་བྱེ་ཞིང་སྦོས་པའི་ན་ཟུག་བྲི་ན་སྐྱོན་མི་འབྱུང༌། །གསུམ་པ་རྩ་ཆུ་ཕྱི་ཡུལ་སྒོ་ནས་བརྟག་པ་ནི། །རྩ་རྒྱུད་གྲིམས་མགྱོགས་དྲག་དང་ཡང་ན་རྩ་གཞའ་བ་སྟེ་གབ་ནས་ཞན། །ཆུ་དམར་ཀུ་ཡ་རླངས་ཆེ་ཆུ་ཁ་སྙི་འམ་ཡང་ན་ཆུ་སྡོམ། །སྐྲ་ནི་རུས་སྐྱོན་ཡོད་ན་འགྲེང་དང་སྲུབས་མཚམས་བྱེ་ན་སྐྲ་ཉལ་ཉལ་བ་དང་། །ཀླད་སྐྱོན་ཡོད་ན་ཀོ་ལེར་ཚོར་མེད་ལྷ་སྐྱོན་སྨིན་མ་འཛིངས་པ་དང༌། །རུས་པ་ཆག་ན་མིག་མི་ཐེག་ཅིང་ཆེ་ཆུང་ཡོད་པ་དང༌། །མིག་སྤྲིན་ཁྲག་ཤིག་འོང་ཞིང་དར་ཐོག་ཆུ་སེར་བྱུང་ན་འཛུམ་མི་ཤེས། །སྣ་ཁྲག་འཛག་དང་སྣ་སྐམས་སྣ་གོང་རྔུལ། །རུས་སྐྱོན་ཡང་ལྕེ་སྐམས་སེར་ལ་ཐོས་ཀྱིས་དོགས་པ་ལྟར་སྐད་མདངས་ཞུམ་ནས་སྨྲ། །ཟས་ལ་ཡང་འཇབ་ཞིང་ཡང་ན་ཧབ་ཧབ་རྔམ། །ཀླད་སྐྱོན་འགྲངས་དང་བཀྲེས་དུས་ན་ཞིང་རྩ་སྐྱོན་ཡོད་ན་ཟོས་རྗེས་སྐྱུག །ཀླད་སྐྱོན་གཉིད་འཐིབ་ངུར་འཁུན་གཉིད་རྩ་སྐྱོན་སད་ཚེ་ན་དངངས་ལ་ན་། །སྲུབས་སྐྱོན་འགྲོ་ན་འདར་ཞིང་འགྱེལ་ཀླད་སྐྱོན་བུབ་འཁྱོམ་དང་རྩ་སྐྱོན་འཇབ། །འགྲམ་སོས་སྲན་མ་བལྡད་པས་མི་ཆོམས་ཕྱིའི་སྐྲན་གྱིས་ཕྲུམ་སེར་ཁྱེར་བ་དང༌། །མགོ་ཕྱེད་ལ་སྐྱོན་ཡོད་ན་གཡལ་འདར་བྱ་རྨྱང་བྱེད་ཅིང་སྦྲིད་པ་མང༌། །མགོ་ལྕི་དང་ག་མི་བདེ་གློ་རྡོལ་བྱེད། །དེ་རྣམས་མགོ་སྐྱོན་ཡོད་པར་ཤེས་པར་བྱ། །

སྤྱི་དོན་བཞི་བ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་བཅོས་བརྔན་པ་བྱིན་ལ་བྲིད་པ་དང༌། །མཁར་ལ་འོབས་ཀྱིས་བསྐོར་བའི་བཅོས་ཚུལ་དང༌ཚིག་འདི་གཉིས་ས་བཅད་སྐབས་འདི་དང་འོག་ཏུ་འབྲེལ་བའི་སྐབས་གོང་འོག་ནོར་འདུག།། །གྲོང་ཁྱེར་མེ་ཡིས་གཞོམ་པའི་ཚུལ་བཅོས་གསུམ། །དང་པོ་བརྔན་པ་བྱིན་ལ་བྲིད་པ་ནི། །མཚོན་ཕོག་དུས་སུ་སྐྲ་བཞར་སྦང་མ་གར་པོ་གླུམ་རྗེན་ནས་མ་བརྔོས་པར་བཏགས་པའོ་ཕྱེ་ཞོ། །སྤོད་སྣ་སྒ་པི་ཕོ་དང་མར་ནག་བཏབ་ནས་བཙོས་པའི་ཨ་སས་ཟན་དྲོན་བདུག །ལྕ་བའི་འབྲུ་གཡེར་མ་གོ་སྙོད་ཚྭ་དང་ཕབས། །ཆང་འགག་ཆང་མ་བསེངས་པ་སྦང་མ་དྲོད་ཕབ་འཇིབས་སུ་བཏང༌། །ཁྲག་ངན་ཆུ་སེར་འཇིབ་ཅིང་རླུང་བྱེར་འདུལ། །ཞུ་མཁན་གླ་སྒང་སྤང་སྤོས་མར་ནག་རས་གཏུམ་ནང་དུ་བསྐོལ་བའི། །ཚན་རྡོས་སྦོས་པ་དང་འཁྱུག་པ་དང་རྩ་འབྲུམ་བྱུང་བའི་སྟེང་དུ་བདུག །བྱེར་ཆེ་ན་ཀླད་པ་མར་ཆང་ཚྭ་བཏབ་བཙོས་པའི། །ཞུན་གྱིས་བདུགས་པས་ཤ་རྩ་རེམས་རེངས་པ་འདུལ། །དང་པོའི་རྨ་རྒོད་ཞུན་མར་ཆང་གིས་དབབ། །ཞག་གསུམ་ལོན་ནས་རྨ་ལ་ཁོང་ནས་འཕུལ་འདྲེན་བྱ། །ཁོང་ནས་འཕུལ་བ་སྨན་དང་ཁ་ཟས་གཉིས། །རླུང་ཅན་མ་ཡིན་ཞག་གསུམ་བསིལ་དུ་ཕྱེ་ཐུག་ཡོས་བྲལ་ཆུ་གྲོགས་སོགས་བསྟེན། །དེ་ནས་གསར་བཅུད་རྣམ་གསུམ་རིམ་པས་ཉམས་དང་སྦྱར་ལ་བཏང། །ཐ་མ་མི་ལྡོག་པའི་གདེངས་ཐོབ་ན་བཟའ་བཏུང་ཤ་ཆང་སྤྲུག་ལ་བཏང་། །དེ་ཡིས་ཤ་འཕེལ་ཟུངས་གསོ་སྨན་བཅུད་སྐྱེད། །ཁོང་སྨན་སྦལ་རྒྱབ་གངས་ཐིགས་གསེར་རྡོ་དང༌། །གུར་ཀུམ་མི་དོམ་མཁྲིས་པ་ཨ་བི་ཥ། །ཨ་བྱག་ཆུ་རྩ་བུ་རམ་སྦྱར་བ་ཆང་གིས་ཕུལ་ལ་བཏང༌། །ཤིན་ཏུ་སྐྱོན་ཆེ་རྡོ་ཡི་རྒྱལ་པོ་བཞི་སྦལ་རྒྱབ་དཀར་སྨུག་གཉིས་ཆིག་ཐུབ་དཀར་སྨུག་གཉིས་ཡིན། ཆིག་ཐུབ་འདི་མདུང་རྩེ་དཀར་སྨུག་བྱས་པའང་འདུག། །ཁབ་ལེན་འབྲུག་རུས་གསེར་གྱི་བྱེ་མ་དང༌། །འབྲི་ཏ་ས་འཛིན་རེ་རལ་མི་དོམ་མཁྲིས། །གུར་ཀུམ་ཨ་བྱག་བྱང་སེམས་དཀར་དམར་དངོས་མ་མ་རྙེད་ན་ཅོང་ཞི་དང་བྲག་ཞུན་རྣམས། །བུ་རམ་སྦྱར་བ་ཆང་གིས་འཕུལ་ལ་བཏང༌། །རྨ་ཡི་འདྲེན་ལ་རྡོ་རྩི་སྔོ་དང་གསུམ། །རྡོ་སྦྱོར་རྒྱལ་པོ་སྡེ་སྦལ་ཚིག་དཀར་སྨུག་བཞི་ཟེ་ཚྭ་མ་རྙེད་ན་བཙོས་ཚབ་རུང་དང༌། །གུར་ཀུམ་དོམ་མཁྲིས་ཀ་རའི་ཕྱེ་མ་གདབ། །ཡང་ན་རྡོ་ཡི་མང་སྦྱོར་ཆེན་མོ་བཤད་རྒྱུད་ཀྱི་ལེའུ་ཉི་ཤུ་པར་བཤད་པའི་རྡོ་སྨན་ཚོགས་ཚད་སྦྱར། །ཡང་ན་སྦལ་རྒྱབ་གངས་ཐིགས་ཅུ་གང་དང༌། །གུར་ཀུམ་དོམ་མཁྲིས་ཀ་ར་སྦྱར་ལ་གདབ། །རྡོ་སྨན་ཀུན་ལ་འཇུ་རྩི་ཟེ་ཚ་དར་སྨན་ནག་ཚུར་རམ་རྡོ་ཞུན་ཚ་ལ་བཏུལ་མ་སྟེ་ཁོང་གི་སྨན་ཐམས་ཅན་ལ་གཅེས་སོ། །རྩི་སྦྱོར་ཚི་བ་སྦང་ཆུ་ཕྱེ་མ་ཁཎྜ་གསུམ། །ནགས་མའི་འདི་ཡི་ཐང་ཆུ་ཤ་རུལ་རྣག་ཆུ་འཐུང། །ཞེས་པས་མདུང་ངས་ནགས་མའི་སྐྱེ་ཞེས་བྱ་བའི་ཤིང་དེ་ཡིན། ངོ་ཤེས་ན་འདིའི་ཐང་ཆུ་ལ་ཤེལ་ཏ་ཟེར་ཐང་ཆུས་ལྷ་རུས་བཙོན་དུ་འཛིན། །ཕྱེ་མ་ག་བུར་ཅུ་གང་གུར་ཀུམ་དང་། །དོམ་མཁྲིས་ཧོང་ལེན་མཚལ་དཀར་ཀ་ར་སྦྱར། །སྐྱོན་ཆེ་ཨ་བྱག་གཟེར་འཇོམས་དང་ཨ་བྱག་ཚེར་སྔོན་དར་ཡ་ཀན། །འཁྲུངས་དཔེར། ཆུ་མིག་ནང་སྐྱེས་དར་ཡ་ཀན། །ལོ་མ་སྡོང་པོ་མེ་ཏོག་གསུམ། བྲེ་གའི་དབྱིབས་དང་འདྲ་བ་ཡིན། །ལ་ལས་ཆུ་ལྡུམ་ཞེས་ཀྱང་ཟེར། །ཁྱད་པར་ཆུ་སྐྱེས་གང་མང་རུང་། །རིགས་ལྔ་ངེས་པ་མེད་པ་སྟེ། །ལོ་མ་མེ་ཏོག་དུས་སུ་བཏུ། །ཞིབ་བཏགས་ཕྱེ་མ་དར་ལ་བཙགས། །དོམ་མཁྲིས་སྐྱེར་ཤུན་སྤྲུ་མ་སྦྱར། །མགོ་བོ་ཚབས་ཆེར་ཅག་གྱུར་ཀྱང་། །སྨར་བཏབ་སྦང་མས་ཕྱེད་ཚས་བྱ། །ཁོང་དུ་བཏང་ན་སོས་པར་མགྱོགས། །རྩ་ཚད་འཁྲུགས་དང་ཀླད་རལ་སོགས། །ཆུར་གདུས་ཁོང་བཏང་མ་ཞུ་སེལ། །རྩ་བ་བཏུས་པ་ཆང་དུ་བསྐོལ། །འཐུངས་པས་ཨོག་མ་སྐྲངས་པ་བརྡོལ། །གུར་གུམ་སྦྱར་བས་གྲང་རླུང་སེལ། །ཉམས་ཆང་ཕོ་བའི་མེ་དྲོད་སྐྱེད། གཞན་ཡང་སྦྱོར་སྡེ་ཀུན་དང་སྦྱར། །ནད་རྣམས་ཐམས་ཅད་སེལ་བར་བྱེད། །ཅེས་པ་དེའོ།  །གོང་ལ་བསྣན་ཏེ་དགུ་སྦྱོར་རྨ་ལ་གདབ། །ཁཎྜ་རི་ཡི་རྟ་ལྤགས་སེར་པོ་དང་ཀླུང་གི་རྟ་ལྤགས་པ་སྔོན་པོ། །རེ་སྐོན་དར་ཡ་ཀན་རྣམས་དུས་བཏུས་ལ། །ས་མེད་ཆུ་ཆོད་སྣ་མ་འཚིག་པར་བཅད། །དེ་གསུམ་ཐོག་མར་ཚི་བ་དེ་སྟེང་ཕྱེ་མ་དེ་སྟེང་ཁཎྜ་སྟེ་ཕྲུགས་ལ་རྨ་ལ་གདབ་པར་བྱ། །ཡང་ན་རྒྱ་ཚྭ་པདྨེ་བྱང་ཁྲ་ལྡོང་རོས་མཚལ། །ཚ་ལ་སེར་མཚུར་བུལ་ཏོག་སྦྲང་སྦྱར་བཏང༌། །ཡང་ན་ག་བུར་ཅུ་གང་རྒྱ་ཚ་དང༌།  །དོམ་མཁྲིས་ཀ་ར་སྦྱར་བ་གདབ་པར་བྱ། །སྔོ་སྦྱོར་ཚེར་སྔོན་རྟ་ལྤགས་ཨ་བི་ཥ། །རེ་སྐོན་རྩི་དམར་རྐང་ གཅིག་ཆུ་རྩ་དོམ་མཁྲིས་ཀ་ར་སྦྱར། །གསུམ་འདུས་སྦྱོར་བ་སྦལ་རྒྱབ་མཚལ་དཀར་དང༌། །ག་བུར་གུར་ཀུམ་དོམ་མཁྲིས་ཤེལ་ཏ་དང་། །རྟ་ལྤགས་སྟབ་སེང་སྤྱིར་ཞུར་ཀ་ར་སྦྱར་ལ་བཏང༌། །ཆུ་སེར་འདྲོངས་ཆུང་མན་ངག་སྨན་རྒྱ་ཚྭ་བྱང་པ་སྦྲང་རྒོད་དམ་སྦྲང་སྨྱོན་གསུམ་བསྣན། །ཀུན་ལ་སྦང་མ་འཇམ་པོའི་འཇིབ་ཆས་གཅེས། །ཡང་ན་དངུལ་ཆུ་ཟངས་ཐལ་མུ་ཏིག་དང༌། །སྦལ་རྒྱབ་དོམ་མཁྲིས་ཚ་ལ་ཨ་བི་ཥ་ཅུ་གང་སྒོག་སིལ་མ། །རྒྱ་ཚྭ་བྱང་པ་བྲག་སྤོས་སྦྱར་བ་རྨ་ལ་གདབ་ཁོང་དུ་བསྟེན། །རྩ་ཆད་པ་འཐུད་ཁྲག་འཛག་གཅོད་རུས་པ་གས་པ་སྦྱོར་ཞོམ་པ་སྲོང༌། །ཁ་ཞུན་སྦང་སྐོགས་མར་དཀར་ཞོ་བཙགས་ཤིས། །དེ་ལྟར་འཕུལ་འདྲེན་རིམ་པར་བསྟེན་པ་ཡིས། །དང་ག་བདེ་ཞིང་ཟུག་མེད་ཁམས་སྙིང་སེང༌། །རྨ་ཡི་མདོག་ལེགས་རྣག་དཀར་འཇམ་པར་བཞེད། །ཁ་ཤ་ཤི་སྨྱོས་སྐམས་སམ་ཤ་རུས་བྱེ། །རྣག་སླ་ཚ་བ་སྐྱེ་ཞིང་དང་ག་འགག །ཤེས་པ་ལྕི་ཞིང་མགོ་ལུས་ཚུགས་མི་ཐུབ། །བྱེར་ལྷུང་བའི་གཏིང་སྐྱོན་གཡོས་པ་དྲས་ཀྱིས་སྐྱོན་རྩད་ནས་དབྱུང༌། །སྐྱོན་ཐག་ཆོད་ནས་རྨ་ལ་འཚོ་སྨན་(ཅུ་གང་གུར་ཀུམ་མཚལ་དཀར་དོམ་མཁྲིས་ཤིང་མངར་ཆུ་རྩ་བྲག་སྤོས་ཚ་ལ་)གདབ། །རྨ་སྐམས་ཤ་འུ་མི་ཆགས་(གཤེར་རྩི་བ་རུ་རའི་རྐང་མར་དང་)སྦང་མ་གདབ། །རྨ་རློན་ཤ་འུ་མི་ཆགས་སྐམ་རྩི་(ཆུ་རྩ་དང་རེ་བལ་སྣུམ་ལྡན་)གདབ།།ཤ་སྨྱོས་པགས་པ་མི་རྒྱུ་གཅོད་སྨན་(དོམ་མཁྲིས་ཀ་ར་)གདབ། །རྨ་གཞའ་ཤ་མི་སྐྱེ་ལ་རྨ་སོབས་ཤ་ཆང་བཏང༌། །དེ་དག་ཟླུམ་བཅོས་ནི་སོ་སོར་སྤུ་རིས་མ་ཕྱེད་པར་ཚེགས་ཆུང་ངུས་དོན་ཆེན་པོའང་དེ་རྣམས་ཁྱབ་ཆེ་བའི་དཔེ་རྒྱལ་པོ་ལྟ་བུའི་བཅོས་ཚུལ་ཡིན། །གཉིས་པ་གྲེོང་ཁྱེར་མེ་ཡིས་གཞོམ་པ་ནི། །ཕོག་པའི་དུས་ནས་ཞག་གཉིས་པར་ནི་ཆུ་སེར་མི་འདུ་ཞིང༌། །ཞག་བདུན་ཕན་ཆད་འདས་ནས་ནི་ཆུ་སེར་ཁ་ཡན་པས་མེ་ཡིས་ཐུབ་པར་དཀའ། །དེ་ཕྱིར་ཕོག་ནས་ཞག་གསུམ་ཕན་ཆད་དང་ལྔ་པར་ཚུལ་གྱི་སར་བསྲེག་པ་བསྔགས་པ་སྟེ་ཆུ་སེར་འདུས་ནས་མ་བྱེར་བའི་དུས་ཡིན་པས་སོ། །གདབ་ཐབས་གས་པའི་སྡོམ་པ་གས་པའི་སྟེང་གདབ་དུ། །འཐེམས་པ་གསེང་བ་དང་བྲོས་པ་འགུགས་པ་གཉིས། །རུས་པ་བྲད་ནས་ལྷ་ཁྲག་དང་རྨ་ཁའི་ཁ་འཕྲོད་སྤྲད་ལ་དེ་སྟེང་གདབ་པར་བྱ།  །ཆག་པ་སྦྱོར་བ་རྨ་ཁར་ཆག་མཚམས་སུ་གསུམ་ཚོམས་གདབ། །གདབ་ཚད་ཆུ་སེར་རིམ་པ་དམར་གསེར་དཀར་བ་གསུམ་ཐོན་བྱ། །རྨ་མེད་ཆག་ན་གང་དུ་ཆག་པ་དེ་ཡི་སྟེང་དུ་གདབ། །ཀུན་ལ་ཞག་བདུན་གྱི་བར་དུ་མེ་ལན་རེ་རེ་གདབ། །དེ་ཡིས་ཆུ་སེར་སྡོམ་གཏིང་ནས་འདྲེན་ཚོགས་པ་སྐེམས་པར་བྱེད། །ཀླད་པ་འཛག་དང་འཚོ་བྱེད་དར་རྩ་དང་རྒྱ་དར་གྱི་ཆོད་པ་ལ། །ལྕགས་ལ་ངད་ཅུང་ཆུང་ཞིང་རྒྱུ་ཤེས་པས་གསེར་གྱི་ཏེལ་པས་མནར་ཙམ་བསྲེག་པར་གསུངས་ཀླད་པ་འཛག་པ་དང་དར་རྩའི་རླུང་སྲུང་ངོ་། །ཤ་རྩ་རྣམས་ཤས་བཟང་བས་ལྕགས་ཀྱིས་བསྲེག་ལ་རུས་རྩ་མར་བསྐོལ་གྱིས་བསྲེགས་དགོས་ཏེ་ལྕགས་ཀྱིས་བསྲེགས་ན་འདུས་པའམ་ཚིག་པའི་སྐྱོན་ཡོད། །ཤ་བྱེར་སྤྱི་མཚོགས་ལྟག་པའི་འདུས་སོ་གསུམ་དང་སྤྱི་གཙུག་ཕྱོགས་བཞིར་རེ་ཐག་བཞི། །ལྟག་རལ་ལྟག་རྩ་ཕྱི་ནང་ལྗོན་ཤིང་མནན། །རྩ་བྱེར་རྩ་འབྲུམ་གང་བྱུང་སྟེང་དུ་བསྲེག །བྱེར་ཚེ་སྤྱི་གཙུག་མཚོག་མ་ལྟག་པའི་འདུས་སོ་གསུམ་དང་ཆུ་མགོ་སྦུ་གུ་ཅན་གཉིས་ལྟག་པའི་སྡུད་སྒོ་རུ་འཛོམས་ལས་གཅིག་ཏུ་རྩི། །ཨན་སྟོང་ཚིགས་པ་དང་པོ་རྣ་བའི་མདུན་རྒྱབ་ན་ལྗོན་ཤིང་བཞི་རྣ་ཤལ་འོག་གཤོང་ན་རཏྣ་གཉིས།ལྟག་ཟུར་སྤུ་འཁྱིལ་གཉིས་ན་འཇའ་བྱེད་ཏེ་བསྲེག་དམིགས་བཅུ་བཞི་མནན་གཞན་ཡང་སོག་པའི་མེ་ལོང་གི་དབུས་དང་ལག་པའི་མཐེ་བོང་གཉིས་དང་སྲིན་ལག་གཉིས་དང་བཞི་པོའི་མཐེབ་རྙིང་རྣམས་གསེར་གྱི་ཏེལ་པས་ཆུ་བུར་ཐོན་ཙམ་རེ་བསྲེག་གོ། །ནང་རྩ་བྱེར་ན་ཚིགས་པ་དྲུག་པ་དང་དཀར་ནག་མཚམས་འཁོར་ལོ་སྤྱི་བོའི་འཁོར་ལོ་སྤྱི་གཙུག་དང་མགྲིན་པའི་འཁོར་ལོ་སྐེ་སྟོང་དང་ལྟེ་བའི་འཁོར་ལོ་སྟེ་འོག་སེར་བཞི་སྟེ་གསུམ། །སྔོན་བུ་གློ་རྩ་མེ་ལོང་འོག་སྔོན་བུ་དང་དཀར་ནག་མཚམས་སུ་གསེར་གྱིས་ཏེལ་པས་བསྲེག །གཞན་ཡང་སྣ་ཁྲག་མ་ཆོད་སྨིན་དབྲག་བསྲེག །སྐྱིག་བུ་འབྱམས་ན་ཀོས་ཀོ་མ་མཆུའི་འོག་ཀོང་དང་སྤྱི་གཙུག་བསྲེག །མིག་ལུག་ན་གང་ལུག་དེ་ངོས་ཀྱི་རྐང་པའི་རྟིང་པའི་དྲེག་པ་ཡོད་མེད་མཚམས་ཀྱི་འཛུམ་དུ་བསྲེག །གཞུང་རེངས་ལྟག་དགྱེ་རྩ་ནག་ནིི་སྤྱིར་ཁྲག་རྩ་ཐམས་ཅད་ཡིན་ལ་ཁྱད་པར་བཅུ་བཞི་པའི་ཐད་དུ་མཁལ་མའི་རྩ་ནག་ཡོད་པ་དང་ལྟག་པའི་ཆུསྦུ་གུ་ཅན་དང་འཇའ་བྱེད་གཉིས་བསྲེག །ལུས་སྦྲིད་ཟ་ཟི་མང་ན་ལྟེ་བ་བསྲེག །སྒྲེག་ཅིང་དང་ག་འགག་ན་བཅུ་གཉིས་བསྲེག །དྲན་ཉམས་རྐང་བཤལ་རྩ་དཀར་བཅོས་པའི་ནང་ལྟར་བསྲེག །ཤ་རོ་དང་རུས་རོ་ལ་ནི་བསྲེགས་ནད་བསྐྱེད་དེ་བསྲེགས་བཤུལ་དེ་དཀར་པོར་སོང་གི་དུ་བར་བསྲེག །དེ་དག་མེ་བཅོས་གང་ལ་གང་དགོས་སོ་སོར་སྐབས་དང་སྦྱར་ཞིང་ཞིབ་ཚེགས་ཀྱིས་བཅོས་པ་སྟེ་དཔེ་བློན་པོ་ལྟ་བུས་བཅོས་ཚུལ་ཡིན། །གསུམ་པ་དྲ་བཅོས་མཁར་ལ་འོབས་ཀྱིས་བསྐོར་བ་ནི། །དྲ་བའི་དུས་ནི་གསར་བའི་སྐྱོན་ཞག་གསུམ་དང་ལྔ་ལ་དྲ་དགོས། །རྙིངས་པའི་སྐྱོན་སྟེ་ནམ་ལོག་པའི་ཚེ་སྐྱོན་གྱི་དུས་དང་སྦྱར་བ་དྲའོ། །དྲ་ཐབས་རྨ་དེ་སྟེང་ངོས་སུ་བཏོན་སྔས་མཐོར་བཅུག །སྐྱོན་དང་འཚམ་པའི་དྲེས་སྒོར་བལ་གྱིས་དྲིལ་རྩ་དྲེས་མའམ་ཤིང་ལྕུག་མ་བསྒྲིལ་བ་སྒོར་མོར་བལ་གྱིས་དྲིལ་པ་ཆག་ཁ་ཇི་ཙམ་དྲ་དགོས་པའི་ཕྱི་རྒྱ་དང་མཉམ་པ་སྨ་ཁར་བཞག་ལ་དམ་དུ་བསྡམ། །རྩ་སྒོར་དེའི་ནང་ཐམས་ཅད་དུ་བར་མེད་པར་སོར་མོས་ཇེ་དྲག་མནན་པར་བྱ་དེས་ནི། །མདོག་ལོག་མཁྲང་དང་སྦྲིད་པར་གྱུར་པ་ཡིས་དགོངས་པ། །དྲ་བ་སླ་ཞིང་ཚ་ནའི་ཟུག་ཆུང་ཁྲག་མི་འཆོར་བ་ཡིན། །དེ་དུས་དྲས་བར་བྱེད་པའི་གཙགས་བུ་སྲབ་ལ་མཁྲང་ཞིང་རྣོ་བ་ཡིས། །ཆག་སྐྱོན་ཆུང་ཞིང་གནད་ལ་ཉེ་བ་སྐྱོན་ལ། །ཤ་གཉན་ཉྭ་རལ་གནད་ལ་བྱོལ་ཏེ་དབུས་ན་ཕྱེད་མར་བཤགས་པ་བོང་བའི་མཆུ་ལྟ་བུ་སུམ་བཤག་དང་བཞི་རྒྱ་གྲམ་དུ་ཤོར་གར་འོས་དྲ། །སྐྱོན་ཚབས་ཆེ་ན་མགོ་སྐྱོན་ཉིད་ཀྱིས་སྲོག་འདོར་ཕྱིར། །ཤ་ཆེར་དྲས་ཀྱང་དེ་ལ་ཉེས་མེད་པས། །རེངས་ཤིང་སྟ་སྒབ་སྟེའུས་ཤིང་སྒབ་སྐོར་ནས་གཅོད་པ་ལྟར་བསྐོར་ཏེ་མཁྲེགས་ཤིང་མ་བཅོས་པའི་གཟོང་ཁ་ལྟ་བུར་ཤ་རུས་སོ་སོར་ཕྱེ་བའི་དོན་ཡིན་ཤ་གདན་དང་བཅས་པར་ཆོད་པར་དྲ་ཞིང་མཁྲེགས་ཤིང་སོ་ལེབ་ཀྱིས་ཤ་རུས་དབྱེ། །ཁྲག་ཤོར་སྤྲུ་རྩ་གུར་ཀུ་དོམ་མཁྲིས་མི་མཁྲིས་སྤྲ་བའམ་སྤྲུ་རྩའི་བྲལ་བྲུལ་རྨ་ནང་དུ་མར་ཁུར་བཙོས་ལ་བརྫང༌ཁྲག་འཆོལ་བའི་རྩ་སྣེ་ཏེལ་པས་བསྲེགས་སོ། །ཀླད་རྒྱའི་དར་ཐོག་ཏུ་རྣག་ཤོར་འདུག་ན་འགྱངས་པའི་ལོང་མེད་པས། །དེ་ཡི་ཉིན་པར་ཐོད་པ་ལ་གསེང་ཕུག་ཅི་ཐོན་བྱ། །དྲ་བ་གསར་སྐྱོན་གྱིས་རྨ་ཁྲོས་ན་ཤ་གསར་དང་ཀླད་པ་རྨར་བཅུག་ཅིང༌། །ཞག་གཅིག་བཞག་ལ་ནང་པར་བསལ་ལ་རུས་སྐྱོན་གང་འདུག་བརྟག །རྩ་དང་རུས་སྐྱོན་མ་བསལ་ཐེ་ཚོམ་ན། །སྨན་(རྒྱ་ཚྭ་བུལ་ཏོག་ཚྭ་ཚག་པོའི་ཤ་སྦྱར་ནས་དར་ཅིག་བཞག་པས་རྩ་མདོག་མི་འགྱུར་རུས་སྐྱོན་ཡིན་ན་རུས་མདོག་འགྱུར།  ཁྲག་ཡིན་ན་རླངས་པ་འོང་)དང་ཟོ་ཡིས་རུས་སྐྱོན་རྩ་ཁྲག་(དེ་ལྟེ་བར་བཞག་ནས་བྲུས་པས་མ་འགྱུར་ན་རྩ་ཡིན་པས་མེ་བརྡར་འགྱུར་ན་རུས་སྐྱོན་ཡིན་པས་སོ་སོར་)དབྱེ། །ཁ་ཡངས་ལ་གཏིང་དོག་པའི་བཤང་ཁར་མི་བརྡར་གད་པའི་སྐྱིབས་སུ་ལྟར་བཅད་ལ་བྲུད་ཐུར་མས་རྩ་ཆུ་སེར་དབྱུང་བའོ། །ལྷ་བར་སླེབ་ནས་ལྷ་ཁྲག་ཆིར་གྱིས་འབྱུང༌། །རྣག་སླ་སེར་སྔོ་རླངས་ཆེ་གཅོད་སྡོམ་རེས་འབབ་རེས་མི་འབབ་པ་བྱེད། །གང་བྱུང་སྐྱོན་ཡིན་བྲུད་ཅིང་རྩ་བ་བཅད། །བརྡར་ན་ཁྲག་མེད་ལ་བཞག་ན་ཡོད་པ་དང༌། །ཕྱོགས་རེ་ལྷ་ཁྲག་མེད་ལ་ཕྱོགས་རེ་ཡོད་པ་དེ་སེན་མོ་ལ་རི་མོ་བྲིས་པས་མཚལ་འདྲ་ན་སྐྱོམ་མེད། །ལྷ་མིག་མ་ཚང་རུས་པ་ཁྱེ་མ་ཅན་སྐྱ་ཆོལ་ལེ་བ་ཡོད་ན། །མ་བརྡར་བཞག་ན་ལྷ་བ་སྐམ་བྱེར་འགྲོ། །གསོབ་ཅིང་ལྷ་ཁྲག་མང་སླ་ནག་དང་རླངས་པ་ཆེ། །བཞག་ནས་ལྷ་ཁྲག་གྲང་དུས་ན་བྱ་ཝང་རྒྱབ་འདྲ་སྔོ་དཀར་ཅན་གཤེར་ནས་བྱེར་འགྲོ། །དེ་ཕྱིར་བལ་ཡེས་ཕྱིས་ཤིང་བལྟས་ལ་བྲུད་ལ་ཆུ་སེར་གདུ། །རུས་པ་ཉུང་མ་རློན་པ་བཞིན་དུ་རླན་དང་མི་འབྲལ་ཞིང་། །ལྷ་ཁྲག་དམར་དྭངས་ཞག་བཅས་སྙོམས་པར་འབབ་ན་  །སྐྱོན་མེད་གསོན་དང་ཕྲད་པས་བྲུད་འཕྲོ་བཅད། །ཆུ་སེར་དར་ཐོག་ལྷུང་དང་ཆག་སྐྱོན་ཆེ།  །དེ་དག་འོག་གདུང་སྦྲང་གཤོག་ཙམ་དུ་བརྡར། །སྲུབས་ཞིག་ཆིངས་དང་འོག་ནས་འབྱུང་བ་ལྟར་ནན་གྱིས་བསྡམ་པ་གཅེས། །ཀླད་ཚས་རུས་བཟང་སྦྲང་འདབ་ཁྱབ་པར་བཞག །རུས་ཚས་ཤ་བཟང་ཁ་ཤའི་འོག་ཏུ་སྦ། །ཤ་ཚས་རྣག་བཟང་མི་ཕྱི་ཆི་རེ་བཞག །རྣག་ཚས་རླན་བཟང་རྨ་ཆས་རླན་ལྡན་གཡོག །གས་སྣ་རི་ཐང་མཚམས་དང་རྣག་ཆུའི་སྟེང༌། །གསེང་བུག་བྱེའུ་ནས་ཟན་གྱི་རྒྱབ་དངུལ་མདོག་མདུན་དང་མགོ་དམར་པོ་ཅན་གྱི་མིག་ཙམ་དབུག་དེ་ལས་ཆེས་ན་ཀླད་གཅོང་དང་ཆུང་ན་ཆུ་སེར་མི་ཐོན།  །ཀླད་མྱུལ་རྒྱུས་པ་རྩེ་མོ་བལྡད་པ་དལ་བུས་བཏང་ཞིང་རྣག་ཁྲག་ཆུ་སེར་དབྱུང༌། །དེ་ནས་གསེང་བུག་གྲོ་ག་དྲིལ་བའི་འཇིབས་ཚངས་གཞུག །ལྷ་རོ་ཞོ་དང་སྦྱར་བས་ལྷ་མིག་དགང༌། །ཡང་ན་ལུག་གི་རྐང་མགོ་མར་སྦྱར་ལྷ་མིག་དགང་། །སྦང་མ་ཞོ་དང་སྦྱར་བས་རྨ་ནང་དགང༌། །སྦང་མ་ཕབས་དང་ལྡན་པས་ཁ་ཤ་གཡོགས།  ཞག་གཅིག་ཕྱི་དེའི་ནང་པར་བལྟས་ལ་ལྷ་སྐྱོན་ཁྲག་རོ་ཆོལ་ལེ་བ་ཐོན་བུར་བཏུ། །དེ་དུས་ཁྲག་རོ་ལུག་ཤིག་ཙམ་པ་ཆོལ་ལེ་འདུག་ན་ལྷ་བ་མི་འབྱོར་བའི་ལྷ་བས་རྨ་མི་བྱེར་བའི་མནའ་བསྐྱལ་བ་ཡིན་པས་ཕྱིར་མི་ལྡོག །སྐྱོན་ཐག་མ་ཆོད་བར་དུ་ཚི་བ་ནགས་མའི་ཐང་ཆུ་གདབ། །འདིའི་དུས་ཀྱི་རྨ་ཆས་སྦང་མ་ཞོ་བཙགས་ཞོ་ཡུན་ལོན་ནས་ཚགས་པའམ་ཚགས་པ་སྟེ་སྐྱུར་ཞིང་སྤུ་བ་ཅན་ཁོ་ན་བཏང༌། །བཟོ་རྫོགས་རུས་པའི་སྐྱོན་ཐག་ཆོད་པ་དང༌། །ཚི་བ་ཕྱེ་མ་ཁཎྜ་གོང་དུ་རྩི་སྦྱོར་སྐབས་བཤད་མ་ཐག་པ་དེ་གསུམ་ཕྲུགས་གདབ། །ཡང་ན་ག་བུར་ཅུ་གང་གུར་ཀུམ་མཚལ། །མི་དོམ་མཁྲིས་པ་འདམ་བུ་ཀ་ར་གདབ། །ཡང་ན་རེ་སྐོན་རུ་རྟ་བསིལ་ཅུ་གུར་ལི་གསུམ་དང༌། །དོམ་མཁྲིས་མཚལ་དཀར་ཀ་ར་སྦྱར་ལ་གདབ། །གོང་གི་ཟླུམ་འཆོས་སྐབས་ཀྱི་རྨ་སྨན་གང་ཡང་འདིར་བྱས་ན་བཟང༌། །འདི་དུས་རྨ་ཆས་ཤའུའི་གདན་ཐེངས་ནས་སྦང་མ་དྲགས་ན་ཤའུ་བྱེར་འགྲོ་བས་སྦང་མ་བཞག་ལ་ཚིལ་བུ་མར་དཀར་སྦྱར་བའམ། །ཆུ་རྩ་རྗེན་ཕྱེ་ཞོ་མར་ཀར་སྦྱར་བཏང༌། །སྦང་གླུམ་གར་པོའམ་ཡང་ན་ཀླད་པ་དང་ཕབས་སུ་སྦྱར་བ་ལ། །སྤང་སྤོས་ག་དུར་གོ་བྱིའམ་གླ་སྒང་གླས་གླ་རྩི་བྲན་རྨ་ཆས་སྦྱར། །ནམ་ཟླ་དྲོ་དུས་རྨ་ཆས་གྲང་མོ་ནམ་ཟླ་གྲང་དུས་རྨ་ཆས་བསྲོས་ལ་བཏང༌། །བཟོ་བྱས་ཞག་གསུམ་མམ་བཞི་ནས་བལྟས་པས་ཀླད་པ་ཡི། །ལྡེབས་བཟང་མཐིལ་གྱི་རུས་པ་སྐྱ་ལ་སྨུག །ལྷ་བའི་མདངས་སྣུམ་ཁ་རྣག་དཀར་ལ་འཇམ། །ཁ་ཤ་མཐོ་མཁྲང་དམར་ལ་སྙོམས་པ་དང༌། །ལུས་ཡང་ཟས་ཞིམ་ཟུག་མེད་ལེགས་རྟགས་ཡིན། །ཤའུ་རྣམ་པ་གསུམ་ཀླད་པའི་ཉེའུ་ཕྱི་ཚེ་མིག་ནས་བྱི་བའི་ནུ་མ་ལྟ་བུ་དང་རུས་པའི་སེའུ་ལྷ་མིག་ནས་ཡུངས་དཀར་གཏོར་བ་ལྟ་བུ། ཤའི་ཤའུ་ཁ་ཤའི་དབུས་སམ་སྟེང་ནས་དམར་གསལ་སྲན་བཟོད་ཆུང་བ་ཟམ་པ་ལྟར་ཐོག་ནས་འབྲེལ་ན་སླར་ནད་ལྡོག་མི་སྲིད། །སྦང་གར་མར་ནག་བག་ཕྱེ་སྦྱར་བས་གཡོག །རྨ་ཁ་ཟུམ་ན་ར་རེའུ་ཁུ་ལུ་བལ་མར་བཙོས་བརྫང༌། །ཤའུ་མཛེར་ཐབས་སྲུབས་བྱེ་བ་དང་རྣག་འཁྱིམས་པ་བྱུང་ན་འཁར་བའི་ཐུར་མས་བསྲེག །སྐབས་སུ་དོམ་མཁྲིས་ཀ་རའི་ཆུ་ཡིས་བཀྲུ། །ཤ་འདྲོགས་ཏེ་སྐྲངས་ན་ལྷིང་ཚ་དང་ཀླད་ཞུན་གོང་དུ་བཤད་པ་ལྟར་བག་རེ་བཏང༌། །དེ་རྣམས་དྲ་བཅོས་སྐྱོན་དམིགས་སུ་བཀར་བ་དེས་མི་ཕལ་པ་དམངས་ཀྱི་དང་འདྲ་བའི་བཅོས་ཚུལ་ཡིན། །གཉིས་པ་བྱེ་བྲག་བཅོས་ཐབས་ཤ་དང་རུས་དང་ཀླད་པ་དང་རྩ་དང་བཞི། །དང་པོ་ཤ་ལ་བཤུས་པ་དང་གཤགས་པ་བཅད་པ་བརྡུངས་པ་རྫོགས་པ་ལྔ། །དང་པོ་པགས་པ་བཤུས་ན་ཚ་ལ་དུལ་མ་དང༌། །དོམ་མཁྲིས་བཏབ་པ་སྦྱར་ཏེ་ཧེལ་སྲབ་ཅིང༌། །སྐྱ་སྦྱོར་སྐྲ་བཞར་དེ་སྟེང་སྦང་གར་རྗེན་ཕྱེ་སྒོ་ང་རྣམས་ཀྱི་འདག་པ་ཡང་ཡང་བྱུགས་པའོ་ཕྱིང་དེབ་སྟེང་དུ་ཆིངས་མས་སྲས་བུས་བསྡམས། །གཉིས་པ་གཤགས་པ་ཕན་ཚུན་ཟླུམ་པ་གསུམ་པ་བཅད་པའི་ཡས་མས་སུ། །ཕྱིང་པ་སྦྱར་ཞིང་རྨ་སྨན་གང་འོས་གདབ་སྲད་བུས་སྒྲོག །ཞོ་བཙགས་ཡུན་ལོན་པའི་བཙགས་སྐྱུར་སྦུ་བ་ཅན་སྦང་གར་སྦྱར་བའི་ཁ་ཞུན་བྱ། །བཞི་བ་བརྡུངས་ཚབས་ཆུང་བ་ཚན་དོས་གོང་དུ་བཤད་པ་ལྟར་ཐུབ་པ་ཡིན། །ཆེ་ན་ཐུར་མས་བཙགས་ལ་ཨ་སས་བདུག །དེ་རྗེས་ཕྱིང་པ་སྣུམ་ལྡན་གླན་ལ་བསྲོ། །སྐབས་སུ་མཁྲིས་པ་འོ་མ་སྦྱར་ལ་བྱུགས། །ལྔ་བ་རྫོགས་ལ་ཤ་ནས་རུས་ལ་ཐུག་པ་སྦང་འཇིབས་བྱ་ཞིང་རུལ་གཅོད་ཡུང་བ་མཁྲིས་སྣ་རུ་རྟ་དུར་བྱིད་གདབ། །ཆུ་སེར་མཚན་ལངས་མེ་གདབ་རྩ་ཕྲང་བསྡམ། །རྨ་ཡི་རུལ་གཅོད་ཤ་འུ་གསོ་སྨན་གདབ། །རྨ་ཁ་ཁེངས་ན་རེ་བལ་སྣུམ་བཙོས་བཏང༌། །གཉིས་པ་རུས་པའི་བཅོས་ཐབས་རྨ་ཅན་རྨ་མེད་གཉིས། །དང་པོ་རྨ་མེད་རུས་ཆག་སྐྲ་བཞར་མར་ཚིལ་བྱུག །ཚན་དོས་གླ་ལྒང་ལི་ག་དུར་སྤང་སྤོས་སྣུམ་བཙོས་པའི་བདུག་ཅིང་རེ་བལ་སྣུམ་དང་ལྡན་པར་དཀྲི། །ཡང་ན་སྐྱ་སྦྱོར་དེབ་བཏང་རྒྱ་ཆིངས་བྱ། །ཁོང་དུ་སྟབ་སེང་ཐང་དང་རྡོའི་མང་སྦྱོར་བསྟེན། །ཆུ་སེར་འདུས་ནས་སེར་པོར་བྱུང་ན་ཆུ་འཚགས་པ་དང་འདྲ་བརྡོལ་ན་དར་འོག་ཏུ་ཆུ་སེར་འཆོར་བས་མ་བརྡོལ་ན་རང་བརྡོལ་བས་ག་དུར་སྤང་སྤོས་པགས་པའི་འོག་ཏུ་འགྲོ་བས་མེས་བསྐམ་པ་གལ་ཆེ་བརྟོལ་མི་རུང༌། །ཕོག་ས་དང་རྨ་ཡོད་ས་མིན་པར་གཞན་དུ་ཆག་པ་གོ་ལོག་ཏུ་ཆག་ན་དོགས་སར་སྐྲ་བཞར་ཏེ་ཕྱིང་བ་དྲི་ཆུར་བཙོས་པ་གླན་པས་སྐྲང་པ་གཅོག་པ་ཡིན་ཤ་དྲ་རུས་པ་བརྡར་ལ་བཟོ་བྱ། །རྒྱ་སྲུབས་ཞིག་ན་རྒྱ་ཆིངས་ཪྨོག་བཀྲིས་ལྟར་དམ་པར་བསྡམ་པ་གཅེས། །ལྟག་པ་དང་མཚོགས་མའི་སྲུབས་སྟེང་མེ་གདབ་ཁོང་དུ་རྡོ་སྨན་མང་སྦྱོར་བསྟན། །གཉིས་པ་རྨ་ཅན་གས་ངོ་རིང་ན་དབུས་སུ་དང་གས་སྣེ་དང་ལྷ་བ་ངོ་སྤྲད་པར་བརྡར། །གས་སྣའི་སྟེང་དུ་མེ་བཙས་བསྡམ་པར་བྱ། །གས་ཆུང་རྣམས་ལ་སྟེང་གདུང་བྲད་བས་བླངས་པས་ཐུབ། །སྦོས་ན་ཀླད་པ་མི་སྦོ་ན་རུ་ཚབ་གླན་ནོན་མི་དགོས་དར་ལ་སྨན་བྱུགས་ནས་ཨ་ཟ་རྣོ་ན་ལུག་གི་སོག་པའི་མཐིལ་སྲབ་མོ་དེ་ལ་བུག་པ་འགའ་ཤས་ཕུག་པ་རྨ་ཁའི་བུག་པ་ལས་ཁ་དཀྱུས་རིང་ཙམ་བྱས་ལ་དཀྱིལ་དུ་སྲིན་བལ་གྱི་ཐག་པས་བཏགས་ནས་སྐུད་པ་དང་ཐོད་པའི་མཚམས་སུ་གཞུག འདི་དེང་སང་ཞ་ཉེ་ལ་བྱེད་པ་ནི་མེ་ལེགས་སོ། འོག་གདུང་ལ་གཏུགས་པར་བརྡར་ལ་གས་པ་གསང་བུག་ཀྱང་གཏོད། །ཁ་གསུམ་དུ་གས་པ་དང་བཞི་གས་པ་སོགས་ལ་གས་ཀྱི་ཚོམས་སུ་འཛོམས་བརྡར། །སྟེང་ཆག་སྟེང་གདུང་བླངས་ལ་ལྷ་ཁྲག་སྤྲད། །འོག་གདུང་ཆག་པས་གྲུམ་པ་རྒྱ་བསྐྱེད་མཐའ་ནས་རུས་སྦྱང༌ཞིང་། །མཐའ་ཡི་ཆག་སྲུབས་རྣམས་སུ་གསེང་བུག་གཏོད། །འོག་གདུང་མཐིལ་རུས་ཀླད་རྒྱ་དར་དང་འབྲེལ་བ་ནི་བཙན་ཐོན་མི་བྱ་སྟེ་བཙན་འདོན་བྱས་ན་ཀླད་པ་འགྲམས། །དེ་ལ་སྨན་རྒྱ་ཚ་དྭ་བ་འབྲུག་རུས་རུ་རྟ་ཀ་ར་རྣམས་བཏབ་གྱིས་རུས་རོ་རང་གོགས་བྱས་ལ་གདོན། །རྡིབ་པ་གོང་མ་སྣ་བཏུད་འོག་མ་བརྡར། །གཞོམ་པ་མཐའ་དབུས་ཆ་མཉམ་སྲབ་ཏུ་བརྡར། །སྒོང་རྡོལ་ལ་མཐའ་ཡི་རུས་པ་ཁད་མཉམ་པར་བརྡར་ལ་རུས་ཚབ་གཞུག  །ཤའུ་ཆགས་ནས་འཕར་གནོན་འབྲོས་འདེད་ཇེ་ཕྲ་ཇེ་ཕྲར་བཏང་བ་གཅེས། །ཤའུ་ཟམ་ཐོགས་འཕར་གནོན་ཕྱུངས་ལ་རྨ་ལ་རེ་བས་གསེབ་བཏང༌དེ་མིན་ན་སྟོང་ཟེར་འོང་། །འཐེམས་པ་མཚམས་ཆུང་ལ་ལྷ་བ་སྟེང་བླང་ལ་མ་ཆག་པའི་གསོན་དང་སྤྲད། །ལྷ་བ་འཐེམས་ཚབས་ཆེ་ན་འོག་གདུང་ལ་གཏུབ་ལ་བརྡར། །ཤ་མེད་རུས་པ་ཐེར་པོ་བརྡར་ལ་ལྷ་ཁྲག་དམར་ཙེམ་ཙེམ་བརྡར་འཕྲོད་སར་སྤྲད། །གཞོགས་དང་ཝ་ལུང་གཉིས་ལ་ལྷ་ཁྲག་སྤྲད་པས་ཐུབ། །བཤོལ་བརྐོས་ལ་འགྲམས་བཞར་སྦྱར་གཉིས་བརྡར་བཅད་པ་དེ་གས་པ་དང་འདྲ་བར་བཅོས། །དེ་བཞིན་དུ་རྫོགས་པ་ལའང་གྲུམ་པ་ལྟ་བུར་བཅོས། །གཏམ་ཟུག་ལ་ཐ་མའི་རུས་པ་ནས་གང་བཞག་ནས། །དེའི་ཕྱི་འོབས་སུ་བྲུས་ལ་གསེང་བུག་གཏོད། །རུས་མཛེར་མདེའུར་བཅས་པ་ག་ལེ་དབྱུང༌། །གསུམ་པ་ཀླད་པའི་འཚོ་ཐབས་མཚོ་འཁྱོམས་སྤྲི་བཙན་དང༌། །དར་རལ་ཕུག་དང་རྫོགས་ནས་ལུག་པ་ལྔ། །དང་པོ་མཚོ་འཁྱོམས་རྒྱ་ཆིངས་བསྡམས་ལ་རྡོ་སྦྱོར་བསྟེན། །རི་དྭགས་སམ་ར་ལུག་གི་ཀླད་པ་སྨན་སྒ་བུ་རམ་སྦྱར་ལ་བཏང༌། །སྡུད་སྒོ་ལྟག་པ་སྤྱི་གཙུག་མཚོགས་མ་གསུམ་མེས་མནན་རྗེས་ལ་འབྲས་བུ་གསུམ་གྱི་སྨན་མར་སྦྱར། །གཉིས་པ་རུས་མཛེར་རམ་མཚོགས་མའི་སྤྲི་བཙན་རྒྱ་དར་གོང་འོག་གི་ཀླད་སྤྲིས་མཚན་ནམ་རུས་མཛེར་གྱིས་བཙན་ཐབས་སུ་བསྣད་པ་གུར་ཀུམ་ཆིག་ཚུགས་གདབ། །ཁྲག་རོ་འདྲིལ་བའི་དབལ་ཆགས་ན་རྒྱ་ཚྭའི་ཕྱེ་མས་བཞུ། །སྔོའམ་རྣག་ཤ་རུལ་ན་(ཤུ་དག་གླ་སྒང་རུ་རྟ་དོམ་མཁྲིས་རྒུ་དྲུས་མཚལ་ཟངས་གཡའ་ཛཱ་ཏི་སུག་སྨེལ་ཕབས་ཨ་རུ་རའི་)གཅོད་སྨན་གདབ། །རུལ་གཅོད་དར་ཡ་ཀན་ཆུ་མིག་ནང་སྐྱེས་ཆུ་ལྡུམ་མོ་ནམ་གུར་ཀུམ་མམ། །ག་བུར་ཅུ་གང་གུར་ཀུམ་དོམ་མཁྲིས་གདབ། །ཀླད་སྤྲི་མེར་མེར་སྦོས་ན་ཀླད་སྤྲི་འཐེན་ལ་ཁབ་རྕེས་ཕུག་སྟེ་ཆུ་སེར་གཙག །དར་འོག་ཀླད་པའི་སྟེང་དུ་རྣག་ཞུགས་ན་སྤྲ་འཛིན་སྟེ་ལྕགས་ཀྱུས་འཐེན་ལ། །ནས་ཕྱེད་འདྲ་བའི་གསེར་གྱི་གཙགས་བུས་ཕྱུངས་ལ་ག་བུར་ཨ་བི་ཁའི་ཆུས་བཀྲུ་ལ་སྡོམ་སྨན་(མུ་ཏིག་མི་དོམ་མཁྲིས་གི་ཝཾ་གུར་ཀུམ་འོ་མ་འཛིན་ནམ་ཨ་བྷི་ཁ་འོམ་བུའི་བར་ཤུན་བུ་རམ་ནུ་ཞོ་དར་ལ་བྱུགས་ལ་གླན་)གདབ། །གསུམ་པ་དར་རལ་བ་ཡང་གོང་གི་སྤྲི་བཙན་དེ་བཞིན་དུ་བཅོས་ལ་ཡང་ན་ག་བུར་དང༌། །དོམ་མཁྲིས་བཅད་འབྱོར་ཡུ་གུ་ཤིང་ནུ་ཞོ་བྱུགས་ལ་བརྫང་། །(དར་ལ་སྨན་བྱུགས་ནས་དགབ། །སྟེང་དུ་ཞ་ཉེས་མནན། །དེའི་སྟེང་དུ་ཆུ་རྡོས་མཐོ་བར་མནན།  ཐ་མར་ཞོ་བཙགས་བཏང༌།  དེ་སྟེང་ཕྱིང་པ་མར་བཙོས་བཏང་ལ་དམ་དུ་དཀྲི། །ཡང་ན་སྨུག་པོ་སྦལ་རྒྱབ་ཕོ་སྦལ་བདུད་རྩི་དཀར་པོ་རོ་བོང་གི་ཆུ་ཡིན་མ་རྙེད་ན་ཐར་ནུའི་འོ་མ་ལས་བྱ་གསུངས་སྨུག་པོ་ཁྱུང་ཕྲུག་སྐྱུག་པའི་བདུད་རྩི་ཡང་ཟེར་ཆ་ག་པའི་ཁ་ཆུ་ཡིན་གཉིས།  བྲག་སྐྱེས་རེ་རལ་བ་རུ་རའི་ནང་རྐང་འབྲི་རྐང་ལུག་གི་སོག་པའི་མེ་ལོང་ཐལ་བ་དྲུག་ལུག་གི་སོག་པའི་མེ་ལོང་ནུས་ལྡན་བསྲེགས་ཐལ་དང་སྨན་གཞན་རྣམས་ཞིབ་བཏགས་དར་ལ་བྱུགས་པ་གླན་ནམ་སྨན་ཕྱེ་མ་རྨ་ལ་བྱུག་གོ། །ཀླད་པ་འཛག་པ་གཅོད་ཅིང་རྒྱ་ཡིས་འདེབས། །ཡང་ན་ཁྱིམ་བྱ་ཕོ་ཚལ་ལུ་ཡི་ཟེ་ཁྲག་མུ་ཏིག་དང༌། །བྱང་སེམས་དཀར་དམར་ནི་དངོས་དང་མ་རྙེད་ན་ཅོང་ཞི་བྲག་ཞུན་བོང་བུ་གྭ་མ་ཡི། །འོ་མ་བོང་གྭའི་འོ་མ་མ་རྙེད་ན་རྟ་རྒོ་མའི་འོ་མས་ཚབ་རུང་མེ་ལོང་ལ་བྱུགས་པའི་གཡའ་དང་སྦྱར་ལ་བྱུག །བཞི་བ་ཕུག་ནས་མདེའུ་མེད་ན་ཀླད་པ་ངན་ན་ཕྱིེར་ལྡུགས་པའམ་ལགས་ཏེ་གསོ་ཀླག་མེད། །ཀླད་པ་བཟང་ན་རང་སར་འཁྲིགས་ནས་ཆུ་མི་འབྱུང༌། །ཀླད་པ་འབྲིང་ལ་དྭངས་སྙིགས་བྱེ་ནས་ཀླད་ཆུ་འབྱུང༌ཤ་ཀླད་ལ་དམར་པོ་དང་མར་ཀླད་ལ་སེར་པོ་བུང་ཚང་ཀླད་པ་ལ་སྔོན་པོ་འབྱུང་དེ་རྣམས་ལ་གང་ལའང་ཉག་ནལ་ནལ་བའི་བ་ཐག་བྱུང་ན་ཀླད་ཆུ་ཡིན། བ་ཐག་མི་འདུག་ན་ཆུ་སེར་དཀྱུས་མ་ཡིན་ནོ།  །དེ་ལ་མཚོན་ལམ་རིང་ཐུང་རྨ་ཁུང་དུ་རྒྱུས་བལྡད་རྩེ་ལྡན་པའི་དལ་བུས་གཏང་བས་བརྟག་རིང་ན་ཟབ་ཆེ་ཐུང་ན་ཟབ་ཆུང་།མདེའུའི་ཚད་དང་ལྡན་པ་མདེའུ་བས་ཆེ་རིང་མི་ཐུང་བའི་ཞ་ཉེའི་ཐེམ་བུ་(རྩེ་མོ་དང་ཕྱོགས་བཞིར་བུག་པ་རྒྱ་ཁབ་མིག་ཙམ་ཕུག་ལ་སོར་གཅིག་ཕྱི་ལ་ཉུག་གི་ཡོང་བ་བྱས་ལ་)བཙུགས། །ཆུ་སེར་དང་ཀླད་པ་དྭངས་སྙིགས་འབྱེད་ཅིང་ཀླད་པ་མིག་ལུག་པའི་རྒྱ་ཡིས་འདེབས་པའི་སྨན་(སྦལ་རྒྱབ་གངས་ཐིགས་བེ་སྣབས་གྲུ་བཞི་འབྲི་རྐང་བ་རུའི་རྐང་སྙིང་དོམ་མཁྲིས་གི་ཝཾ་གུར་ཀུམ་ཁུར་ཞོ་བྲག་སྤོས་མེ་ཏོག་ཕྲེང་བ་སྟེ་རྟ་ལྤགས་ཉེ་ཤིང་བུ་རམ་སྦྱར་བ་ཁོང་དུ་བཏང༌།  རྨ་ལ་སྒོ་ང་བཙུགས་ལ་མཐའ་ཟན་དྲོན་གྱིས་བསྐོར།  འབྲི་མར་ལྦུ་སྙིགས་ཕྱུངས་པ་དང་སྨན་སྦྱར་བ་བླུག་ལ་ཏེལ་པས་བསྐོལ།  ནང་དུ་དྲོ་བ་སྙམ་བྱེད་ན་འཕྲོ་བཅད།  ནང་ནུབ་གཉིས་བསྟུད་ཀྱིན་བྱ། །རྨ་རུ་བསྐོལ་ཞིང་ཁོང་དུ་བསྟེན་པར་བྱ། །དེ་འོག་འཛག་གཅོད་སྨན་གྱིས་ཁྱི་གུ་མིག་མ་ཕྱེ་བ་རེའུ་མས་མ་ལྡགས་པ་ཅོ་ག་ཟེར་མོ་རྣམས་ཀྱི་ཀླད་པ་ཆུ་ལ་འབྱོངས་པར་དཀྲུགས་ལ་དྭངས་མ་གྲིབ་སྐམས་བྱས་པ་དང་སྦལ་རྒྱབ་ཁབ་ལེན་རྡོ་མཁྲིས་ག་བུར་ཅུ་གང་འབྲི་རྐང་རྙིང་ཛཱ་ཏི་མེ་ཏོག་ཕྲེང་བ་རྟ་ལྤགས་པ་བྲག་སྤོས་དོམ་མཁྲིས་མཁྲིས་ཆེན་མར་ལ་བསྐོལ་བ་དེས་)རྨ་རུ་བསྐོལ། །ཙེག་ཙེག་ཟེར་ན་ཆུ་སེར་འཐོར་འོང་ཚེག་སྒྲ་མེད་ན་རྒྱ་ཡིས་ཐེབས་པ་ཡིན། །མདེ་ཡོད་གཉི་བ་རིང་ན་སྐམ་པས་མདེའུ་རྙིང་བསྲོ། །ལྕགས་གཡའི་དྲོད་ཀྱིས་ཀླད་པ་སྡོམ་པར་བྱེད། །མདེའུའི་ཐ་མར་རུས་པ་ནས་རེ་བཞག་ནས་གསང་བུག་གཏོད་ནང་དུ་འདྲེན་པའི་སྨན་ཡན་ལག་གི་མདེའུ་འདོན་པའི་སྐབས་ཀྱི་ཁབ་ལེན་བེ་སྣབས་སོགས་སྦྱར་བའམ་སྦྲུལ་ཤ་ཁབ་ལེན་སོགས་སྦྱར་བ་དེ་གཉིས་གང་རིགས་ཀྱི་ཕྱེ་མ་གདབ། །བསེ་བུག་ཏུ་ལྕགས་གཡའ་ཆགས་ན་མདེའུ་འདོན་པའི་དུས་ལ་བབ་ནས་མདེའུ་ཕྱུངས་ལ་དེའི་ཤུལ་དུ། །མཚོན་མདེའུ་རང་དང་རིང་ཐུང་ཕྲ་སྦོམ་དང་འདྲ་མཐུན་པ་ཞ་ཉེའི་ཐེམ་བུ་ནང་སྦུབས་ཅན་ལ། །རྩེ་དང་ཕྱོགས་བཞི་གློ་སྐར་ཡོད་པ་ཁ་སྒྱེར་ཕྱོགས་བཞིར་པདྨ་ཁར་གྱེས་པ་དང་ལྡན་པར་བྱས་པ་དེ་མིའི་དྲི་ཆུར་བཙོས་པས་དུག་ཕྱུངས་ཏེ། །དེ་ལ་གོང་གི་ཀླད་པ་སྡོམ་པའི་རྩི་སྨན་གསོན་གཤིན་མཚམས་སུ་སླེབ་པར་རིང་ན་ཀླད་པ་ཟ་མཐུངས་ན་ཆུ་སེར་ལུས་པས་མདེའུ་གང་སླེབ་མཚམས་བར་བསྐྱལ། །ཞ་ཉའི་ཐེམ་བུ་དང་རུས་པའི་བར་དུ་གྲོ་གས་དཀྲི་ཞིང་བསྡམ། །གླ་ཧེལ་བརྕེགས་པའི་ཐེམ་སྔས་སྲིན་སྐུད་ཀྱི་ཐེམ་ཐག་གྲོ་གའི་ཐེམ་ཚངས་རྣམས་དང་ལྡན་པར་བྱ། །ག་བུར་མུ་ཏིག་དོམ་མཁྲིས་བཅད་འབྱོར་ཡུ་གུ་ཤིང་གི་ཁཎྜ་དང༌། །ཀ་ར་ནུ་ཞོ་སྦྱར་བ་ཐེམ་བུར་བླུག །ཐེམ་སྟེང་དར་དགབ་མཁྲིས་སྣ་སྒོ་ང་མར་དཀར་སྦྱར་བའི་རྨ་ཆས་རྫི་ཁབ་གཡོག །རྣག་ཉུང་ཤ་འུ་སྐྱེ་དྲག་ནང་དུ་གཟེར། །ནང་མ་རེ་བཞིན་ཐེམ་བུ་ཉམས་སྦྱར་བསྟུད། །ལྕི་ལ་ཚ་བ་སྐྱེ་ཞིང་དང་ག་འགག  །ཆུ་སེར་ཕུགས་སུ་ལས་པས་ཐེམ་བུ་བསྲེིང༌ལག་ལེན་དམར་ཁྲིད་དུ། ཀླད་པ་ཐེམ་བུའི་དམར་ཁྲིད་ཞ་ཉེ་སྲབ་ཅིང་ལེབ་པ་དབྱིབས་རིང་ཐུང་མདེའུ་དང་འདྲ་བ་དྲིལ་ལ་ཁ་གྱེར་པདྨ་ལྟར་ཕྱོགས་བཞིར་བཀས་ནས་གྱེས་པར་བྱ། དེ་དྲི་ཆུར་བཙོས་ལ་དུག་ཕྱུངས་རྗེས་ཀླད་པ་བསྡོམ་པའི་སྨན་བྱུགས་ལ་གཞུག ཧེལ་གེ་ལ་འཕང་ལོ་འདྲ་བ་གསུམ་བཞི་བརྩེགས་ལ་ཐེམ་སྔས་བྱ། སྲིན་སྐུད་ཀྱི་ཐེམ་ཐག་གདགས། ཚུར་འགྲོས་ཐེམ་ལ་ཐེམ་སྔས་བརྕེགས། འདེད་ཐེམ་ལ་ཐེམ་སྔས་དབྲི། ལྡོམ་ཐེམ་ལ་ནང་དུ་འཛག་གཅོད་བླུག དར་རམ་གྲོ་ག་དྲིལ་བའི་ཐེམ་ཚངས་འཇུག ཅེས་འབྱུང་ངོ་། །ཀླད་མཛེར་སྐྱེས་ན་གཅོད་སྨན་ཞུ་མཁན་ཕུར་ཐལ་རྒྱ་ཚ་ཐེམ་བུར་བླུགས་ལ་འགུགས་གྱེལ་འབུད། །ཡང་ན་འཁར་བའི་ཐུར་མས་བསྲེག་པར་བྱ།།ཐེམ་བུ་མི་འདོད་རྣག་ཆུ་སླ་དུས་དབྱུང༌། །ཀླད་པ་ཤ་འུས་ཁེངས་ནས་མ་བདེ་ན། །ཀླད་འཁོར་ཡིན་པས་གཏིང་རྣག་ལུས་པས་ཐེན་བཤུལ་གསེར་ཐུར་གྱིས་བསྲེགས་ལ་རྣག་ཆུ་གདོན། །ལྔ་བ་རྫོགས་ནས་ལུག་པ་ནི་རྒྱ་དར་རལ་བའི་བཅོས་དང་གཅིག །ཀུན་ལ་ཁོང་སྨན་མར་དུ་བཙོས་པས་འདུལ་དགོས་སོ་སྟང་ཟིལ་ནག་པོ་ཕག་ཟེ་འདྲ་བ་སྟེ་རྡོ་བུང་ལ་ཟེར་འབྲུག་རུས་མར་བསྲེག་པ་དང༌། །སྦལ་རྒྱབ་མིའི་དྲི་ཆུར་བཙོ་ལིག་བུ་དྲི་ཆུར་བཙོ་མིག་མདུང་རྕེ་དམར་པོ་ཡིན་དང་རྡོ་ཕག་མགོ་ཡོས་སུ་བཙོ་བ་རྣམས། །ཆུ་འཐགས་བྱས་ཏེ་བུ་རམ་སྦྱར་ལ་རིལ་བུ་སྲན་མ་ཙམ་གསུམ་གསུམ་བཏང༌། །ཨ་བྱག་གཟེར་འཇོམས་ཤེལ་ཏ་ནགས་མའི་ཐང་ཆུ་སྤྱི་ཞུར་རེ་སྐོན་རྩེ་དམར་ཟིལ་པ་དང༌། །ཧ་འུ་པ་པ་རྟ་པགས་སྨུག་ཆུང་གདན་ཡོན་རྣམས་རྩི་བཞིན་བཏགས། །སྦྲང་སྦྱར་ཁེམ་བུ་རེ་བཏང་ཞིང་ཆགས་སྤྱོད་ལམ་དྲག་ཤུལ་དང༌། །རུལ་སྐྱུར་སྔོ་ངད་འཇིག་ཟས་ཉ་ཕག་སྒོ་ང་སོགས་དང་ཡང་ཀླད་སྐྱོན་ཐམས་ཅད་ལ་སྦང་མ་བཏང་མི་རུང་ངོ་སྤང་བར་བྱ། །ཁ་ཞུན་མཁྲིས་སྣ་སྒོང་མར་སྦྱར་ལ་བཏང་། །ཤའུ་མི་ཆགས་གཡུ་དང་མཆོང་དང་བྱུ་རུའི་མདོག་འདྲ་བའི་ཀླད་ཆུ། །སྤྲི་མ་མེར་བ་དེ་ལ་ཆེ་ཆུང་འབྲིང་པོ་གསུམ་ག་ག་བུར་སོགས་བཏབ་པའི་བསིལ་དུ་བཅོས། །སྔོ་དམར་གྲུ་གསུམ་འདྲ་ན་རྩ་གང་རྒྱས་གཏར། །ཁྲག་དང་ཆུ་སེར་ཀླད་དུམ་ཇེ་མང་འཛག །བླ་འཆོལ་སྨྲ་ཞིང་དབང་པོ་ལོག་པར་འཛིན། །ཚ་བ་སྐྱེ་ཞིང་སྐོམ་སྙེག་དང་ག་འགག །རྩ་ཤེད་ཤོར་ན་མི་ཐུབ་འཆི་བ་ཡིན། །ཀླད་པ་འཛག་པ་ཆོད་ནས་ཤུས་དེ་དམར་ནི་སྦུ་གེ་བ་བྱས་ནས། །ཆུ་རྩ་དྭངས་མའི་ཁམས་ཀྱི་སྙིགས་མའི་ཁུ་བ་བ་གླང་གི་ཁ་ཆུ་འདྲ་བའི་ཀླད་ཆུ་འོང༌།  །ཁམས་བདེ་ཟུག་ཆུང་དང་ག་བདེ་ན་འཚོ། །སོས་ནས་རྨེན་ཆགས་མི་ལྡོག་བརྟན་པར་བྱ། །( དར་ཡ་ཀན་དང་ཚིལ་བུ་བྱུགས་འབྲུ་སྣའི་ལུམས་བྱ་འབྲས་བུའི་སྨན་མར་སྦྱར། །བཞི་བ་རྩ་བཅོས་པ་ལ་ཤ་རུས་ཀླད་པ་གསུམ། །དང་པོ་ཤ་རྩ་ཆོད་ན་རྩ་རྒྱུད་གོང་འོག་རིང་བ་དེའི་སྣ་དང་ཐུང་བ་རྨ་དེའི་གོང་འོག་སོར་བཞིར་བསྲེག  །ཐར་ནུ་སྒོང་ཐོག་སྤྲུ་རྩ་ཞོ་སྦྱར་བརྫང༌། །སྤྲུ་རྩ་ཞོ་དང་སྦྱར་བས་རྨ་ཆས་བྱ། །འཁྱུག་འཕྲེང་རྩ་འབྲུམ་སྟེང་དུ་ཞུ་མཁན་གླ་སྒང་སྤང་སྤོས་རས་ཐུམ་མར་ནག་དུ་བཙོས་ནས་ཚན་དོས་བདུག །གཏར་དང་མེ་བཙའ་གང་དགོས་རིག་པས་དཔྱད། །གཉིས་པ་རུས་རྩ་མདུང་ཚུགས་ཆོད་ན་ཏིལ་དཀར་པོ། །གླ་རྩི་དོམ་མཁྲིས་ཞོ་སྤྲིས་རྩ་མགོར་བསྐུ། །རྒྱུ་མ་རིད་པ་ཚིལ་མེད་བཀབ་ལ་ཟངས་ཏེལ་འོད་བསྲེགས་བདུག །ཡང་ན་ད་ཏྲིག་རྒུན་འབྲུམ་སྤང་སྦྱར་བསྐུས་ལ་ཟངས་ཏེལ་གྱིས་བསྲེག །འཕྲེད་ཉལ་འཁྱམས་པོ་གང་ལ་ཡང་འབྲི་རྐང་བ་རུའི་ཚི་གུ་བདུན་གསུམ་ཉེར་གཅིག་དང༌། །མོན་ཆ་ར་ཤིང་བེ་ནག་གི་ཁྲག་གི་འབྲས་བུ་དང་དོམ་མཁྲིས་སྒོག་སྐྱ་སྦྱར། །ཀུན་ལ་དོམ་མཁྲིས་ལི་ཤི་དར་ཡ་ཀན། །ཁྲག་གཉིས་བྱ་ཕོའི་ཟེ་ཁྲག་དང་བུད་མེད་ཀྱི་མངལ་ཁྲག་མཚལ་དཀར་རིལ་བུ་རྨ་ལ་གླན། །ལེབ་རྒན་དར་དམར་རམ་སྔོ་སྐྱ་མདངས་ཅན་མར་དུ་བཙོས་པས་སྟེང་ནས་མནན། །ཡང་ན་ག་བུར་ཅུ་གང་གུར་ཀུམ་དང༌། །གི་ཝཾ་འབྲི་རྐང་བ་རུའི་ཚི་གུ་དོམ་མཁྲིས་འགྲོན་ཐལ་དང༌། །སྤྲུ་རྩ་རྩ་རམ་པའི་སེའུ་རྩ་རམ་པའི་རྩ་བའི་མིང་ཡིན་དུ་བ་ཕ་བ་དགོ་དགོ་དང་སྙེ་ནག་མ་གཉིས། །སྔོ་ཁྲག་ཆོད་དང་ཁྲག་གཅོད་རལ་པ་ཅན་ཏེ་བྲེ་གུ་རྒྱ་སྐྱའམ་རྡུམ་བུ་རྒྱབ་སྐྱའམ་གབ་སྐྱེས་ཞེས་པའོ། །ནུ་ཞོ་སྦྲང་སྦྱར་གླན། །རྩ་སྒང་མེ་ཏོག་དམར་ཙིམ་ཆགས་ན་རྩ་ཁ་ཟིན་པ་ཡིན། །དབུགས་སྡོམ་སྐད་དྲག་དྲི་མ་འཚིར་བ་སྤང༌། །ནང་དུ་ཤོར་ན་རྩ་་བུག་སྐམ་ཧུ་རེ་ཡོད་དེ་བཟུང་བ་ནི་སྦལ་རྒྱབ་ཕོ་སྦལ་རེ་རལ་བྲག་སྐྱེས་དང༌། །བྲག་སྤོས་བྲེ་གུ་གསེར་ཐིག་སྦྲང་རྩི་སྦྱར་བ་ཏེལ་པས་བསྲོ། །ཡང་ན་རྒྱ་ཚྭ་བྱང་པ་དོམ་མཁྲིས་གླན་རྩ་ཁ་ཟིན་ན་རྨ་བཙུམ་འོང་། །རྩ་མཉེན་པར་བྱ་བ་ལ་དཀར་ཏིལ་དཀར་པོ་སྤང་རྒྱན་དཀར་པོ་ཀྱི་ལྕེ་དཀར་པོ་གསུམ་ཞོ་སྤྲིས་སྦྱར། །རྩ་མགོར་བསྐུས་ལ་རྒྱུ་རིང་སྟེང་དུ་བསྲོ། །གསུམ་པ་ཀླད་རྩ་ཆེན་པོ་ཆོད་ན་བཅོས་སུ་མེད།  །རྩ་ཕྲན་ག་བུར་གུར་ཀུམ་མི་དང་དོམ་མཁྲིས་པ་། །བུ་རམ་རྣམས་སྦྱར་བ་གླན་སྟེང་ཏེལ་པས་བསྲེག །རྒྱ་རྩ་འགྲམས་ན་མིག་དམར་ལུས་ལྕི་དང་ག་འགག་གདོང་སྣུམ་ཁ་ལྐུགས་ཀླད་པའི་རྒྱ་རྩ་ནག་ལྷང་འགྲོ་བས་དེ་ལ་གང་ཉེའི་རྩ་ལ་གཏར་ལ་བསྲེག་པ་དང༌། །སྣ་ནས་(རྒྱ་ཚྭ་བྱང་པ་ལྡུམ་བུ་རེ་རལ་སྡིག་སྲིན་མཚལ་ཨ་རུ་ར་ཉི་དགའ་པི་པི་ལིང་དྲི་ཆུ་སྦྱར་བས་)སྦྱང་ཞིང་སྣ་ཁྲག་དབྱུང་བར་བྱ། །ཕྱི་ནང་ཆུ་རྩ་བཅད་བརྡུངས་རྩ་དཀར་ལེའུར་ལྟོས། །རྡོ་བཞི་མཁྲིས་བཞི་རྩི་བཞི་སྔོ་སྣ་བཞི།  །(རྡོའི་རྒྱལ་པོ་སྦལ་རྒྱབ་དང་ཆིག་ཐུབ་དང་མདུང་རྩེ་དཀར་སྨུག་སྡེ་བཞི་མཁྲིས་པ་བཞི་མི་དོམ་བྱ་རྒོད་ཉ།  རྩི་བཞི་ག་བུར་ཅུ་གང་གུར་ཀུམ་ཙན་དན་དམར་པོ།  སྔོ་བཞི་དར་ཡ་ཀན་སྟག་ཤ་འདམ་བུ་ཀ་ར་སྤང་རྩི་དོ་བོ། །རིལ་བུ་ལྡེ་གུ་ཞོ་སྦྱར་ཁོང་དུ་བཏང༌། །རྩ་ནད་ཀུན་ལ་བདུད་རྩི་ལྟ་བུ་ཡིན། །རྩི་གསུམ་སྔོ་གསུམ་(གུར་ཀུམ་དོམ་མཁྲིས་སྤྲུ་འབྲུ་རྩེ་གསུམ་དང་། སྔོ་གསུམ་གཉན་ཐུབ་ལྷོག་དུག་ལྕགས་ཀྱུ་བ་ཡིན་ལྷ་རྗེ་ལྟེས་དབང་ལས་བྱུང་ཚོས་ཨེ་གོ རྟ་མིག་རྒོ་བ་རྟ་རྨིག་ཅེས་པ་མེ་ཏོག་སེར་པོ་རྟ་མིག་པ་འདྲ་བ་དེའོ་སྤྱི་ཞུར་ཁོང་ནས་སྡོམ་པའི་མཆོག །ཟུག་ཆེ་བླ་འཆོལ་སྨྲ་ལ་ཁྲག་མི་ཆོད། །ཡང་ན་སྣ་བུག་ཧར་གྱིས་སྐམས་ན་འཆི། །ཁྲག་ཆོད་རྩ་ཟིན་མེ་ཏོག་རྩ་སྣེར་དམར་ཙག་ཆགས་ན་འཚོ།།

སྤྱི་དོན་བཞི་(ལྔ་)པ་བཅོས་རྗེས་ལོག་གནོན་བསྟན་པ་ནི། །གདོན་རིམ་གྲོས་མ་གྲོལ་བ་དང་དཔྱད་བྱས་ཀྱང་ནད་ལྷག་ལུས་པ་དང་ཟས་དང་སྤྱོད་ལམ་ལོག་པ་ཡིས། །དང་པོ་ཤ་ལ་གཞའ་ཁྲོས་བྱེར་བ་གསུམ་དུ་འགྱུར། །རུས་ལ་སྐམ་བྱེར་གཤེར་བྱེར་གཉིས་སུ་འགྱུར། །རྩ་ལ་བྱེར་དང་ཁྲིད་པ་གཉིས་སུ་འགྱུར། །ཀླད་སྐྱོན་གཞའ་སྦོས་སྨྱོ་ལྐུགས་བཞི་རུ་འགྱུར། །ལྡོག་རྟགས་དང་པོ་རླུང་གིས་སྣ་འདྲེན་པས། །གཡལ་འདར་རྙོང་སྦྲིད་གྲང་ཤུམ་བྱེད་པ་དང༌། །མགོ་ལུས་ལྕི་ཞིང་རྔུལ་མང་དང་ག་འགག །སྐོམ་སྙེག་ཚིག་པ་ཟ་ན་ལྡོག་པའི་རྟགས། །དང་པོ་ཤ་གཞའ་རྨ་སྐམ་མདོག་སྐྱ་ཁ་ཤ་ཤི། །ཨ་སས་བདུག་ཅིང་ཁོང་ནས་ཟས་སྐོམ་བརྡེགས། །སྦང་མ་ཤུལ་ཆགས་ཀྱི་ཚིལ་སྤོད་སྒ་པི་སོགས་སྣ་ཆང་བཙོས་གླན། །གཉིས་པ་ཤ་སྨྱོ་སེར་སྨུག་རྨ་ཁ་མཐོ་བར་འོང༌།  །ཁྲག་དབྱུང་ག་བུར་ཆུས་བཀྲུ་ཀ་ར་དང་དོམ་མཁྲིས་གདབ། །རྨ་ཁོང་གཉིས་ཀ་བསིལ་གྱིས་བཅོས་པར་བྱ། །གསུམ་པ་བྱེར་ལ་སྐྱི་བྱེར་བ་དང་ཤ་བྱེར་གཉིས། །དང་པོ་སྐྱི་བྱེར་ཤ་ལྤགས་བྱེ་ཞིང་སྤུ་རྩ་ཀུན་ནས་ཆུ་སེར་འཛག །བུལ་ཏོག་ཆུས་བཀྲུས་མེ་མེད་དུ་བ་ཕ་བ་དགོ་དགོ་སྙེ་ནག་མ་སླ་ངའི་དྲེག་པ་གསུམ། །ཆུ་རྩ་མར་དཀར་ཞོ་སྤྲིས་སྦྱར་བས་བྱུག །གཉིས་པ་ཤ་བྱེར་དང་པོ་རྨ་ཡི་ཐོ་སྐོར་སྐྲངས། །དེ་རྗེས་སྲུབས་སྣ་རྩ་མཁྲང་སྐྲངས་འགྱུར་ཏེ། །ཐ་མར་མགོ་ཀུན་སྐྲངས་འགྱུར་ཤ་རུས་འབྱེ། །མ་བཅོས་ནང་དུ་ཐིམ་ནས་བྱེར་ཁྲིད་འབྱུང༌། །དེ་ལ་ཐུར་མས་བཙགས་རུས་ལ་ཐུག་པར་བཙགས་ལ་ཨ་སས་བདུག །ཀླད་སྣ་ཚྭ་སྦྱར་སྤོད་བསྲོས་ཞུན་དུ་གཞུག །ཡང་ན་རྩ་བ་བཞི་ཡི་(ལྕ་བ་འབམ་པོ་སྤྲུ་རྩ་ཏང་ཀུན་རྩ་བ་ཕབས་དྲི་ཆུ་སྦྱར་ལ་བསྲོས་པའི་)ལུམས་ཀྱིས་བདུག །རྩ་འཕྲེང་མེས་བསྲེགས་དམིག་བཅུ་གསུམ་སོགས་བསྡམ་སྒོ་ང་སོགས་སྐྱ་སྦྱོར་རི་བོང་སྤུ་དེབ་བཏང་། །མགོའི་རྒྱ་སྲུབས་སྟེང་རྣམས་སུ་ཕྱིང་པས་མནན་ལ་ཆིངས་ཀྱིས་བསྡམ། །གཉིས་པའི་དང་པོ་རུས་པ་སྐམ་བྱེར་སྤའམ་སྦ་བ་བཅད་པ་ལྟ་བུ་སྐྱ་བོ་སྦུ་གུ་སིབ་སིབ་བ་དང༌། །མེས་འཚིག་པའི་བྲག་ག་བུར་ཅུ་གང་དོམ་མཁྲིས་ཧོང་ལེན་ཀ་ར་རྣམས་རྨ་ལ་བཏབ་ལྟར་དམར་ལྷང་བ་བྱེར་བ་རྣམ་པ་གཉིས། །བད་རླུང་གྲང་བས་བྱེར་ན་སྦུ་གུ་སིབ་སིབ་སྤའམ་སྦ་བ་བཅད་པ་འདྲ། །ལྷ་ཁྲག་སྤྲད་ལ་སྨན་གྱིས་(ཅུ་གང་གུར་ཀུམ་ལི་ཤི་བྱའི་ཟེ་ཁྲག་མི་དོམ་མཁྲིས་པ་ཛཱ་ཏི་འོ་མ་འཛིན་པ་ཨ་བྷི་ཁའམ་ཐར་ནུ་ཡིན་ཡང་ཟེར་སྦྱར་ལ་བཏབ་པས་)ལྷ་བ་བཟུང༌། །ཁོང་དུ་རྟ་ལྤགས་རི་ཀླུང་གཉིས་བཏང་(ལུག་གི་རྐང་མགོ་རྒུན་འབྲུམ་བུ་རམ་མར་བརྫང༌། །ཡང་ན་རུས་པ་ཆང་བཙོས་གླན་ལྷ་ཞོ་གངས་ཐིགས་རྡོ་བེ་སྣབས་རྡོ་མཁྲིས་དོམ་མཁྲིས་རེ་རལ་ཁུར་ཞོ་ཅུ་གང་སྦྲང་གི་ལྡེ་གུ་བྱུགས་པས་)རུས་ཁུགས་བྱ། །ཤ་གསར་ཆང་གསར་ལྷ་བའི་མེ་དྲོད་སྐྱེད། །མེས་འཚིག་བྲག་ལྟར་བྱེད་ན་ཚ་བ་ཀླད་པ་ཚ་སྦོས་ཀྱིས་ལྷ་རུས་སྐེམ་པ་སྟེ་དམར་སྐྱ་སྐམ་པོར་འོང་བ་ཡིན། །ག་བུར་རྒྱལ་བློན་བཞི་(ག་བུར་ཅུ་གང་གུར་ཀུམ་ཧོང་ལེན་ཀ་ར།  ཡང་ན་ཙན་དན་སྨུག་པོ་སྟེ་དམར་པོ་ཧོང་ལེན་སྣུར་བ་ར་ཞོ་སྦྱར་ལ་བྱུག)པ་དང་ཙན་དན་(སྨུག་པོའམ་དམར་པོ་རྡོ་རྒྱུས་ཅུ་གང་ཛཱ་ཏི་གུར་ཀུམ་རུ་རྟ་མཁྲིས་ཆེན་ནུ་ཞོ་སྦྱར་བ་བྱུག་གོ)བདུན། །རྨ་ལ་བཏབ་ལ་བསིལ་བའི་ཆས་སུ་གཞུག །རྒྱུད་ཕྱི་མའི་ག་བུར་རྒྱལ་བློན་གསུམ་པ་ཁོང་དུ་བཏང༌། །རྩེ་ཆུང་གཏར་ཞིང་ཟས་སྐོམ་བསིལ་དུ་བྱ། །དེས་ལྷ་ཁྲག་ལྷ་མིག་ཏུ་མ་ཁུགས་ཁྲག་བཀུག་པ་ནི་ཡན་ལག་བཞི་དང་སྣེ་ས་བཞི་བཅིང་ཞིང་ཕུར་སྐེ་ལ་དར་གྱིས་བཅིངས་ལ་ལྷ་ཁྲག་ཅི་ཟིན་བྱ་རུས་པ་བཅད་ཕུགས་བྲུད། །སྐམ་བྲོས་འགུགས་པའི་སྨན་བརྒྱད་(ཅུ་གང་གུར་ཀུམ་ལི་ཤི་དོམ་མཁྲིས་ག་དུར་འོ་མ་འཛིན་ནམ་ཨ་བྷི་ཥའམ་ཐར་ནུ་ཡིན་པར་ཡང་བཤད་ཀྱི་ཀྱི་ལྕེ་བྱའི་ཟེ་ཁྲག་བུ་རམ་ལ་གཞི་བླངས་ལ་)ལྷ་སྟེང་གདབ།  (རྐང་མགོ་དཔྱི་སེར་བ་རུས་གསུམ་མར་ཚིལ་བསྲེས་ལ་ཁ་ཤ་གཡོག །བུ་མོ་ལོ་ཉི་ཤུ་ལོན་པའི་མངལ་ཁྲག་དང་་ལུག་གཡག་གི་གསོན་)ཁྲག་གསུམ་བུར་རྙིང་སྦྱར་བ་ལྷ་སོས་བཏང༌། །གཤེར་བྲོས་ནི་བ་རྒན་ཁ་ཆུ་ལྟ་བུ་དང༌། །རླན་ཞིང་ལ་ཆུ་ཐག་ལངས་པ་སྟེ་ཆུས་ཁྱབ་པ་ལྟ་བུར་བྱེར་བ་གཉིས། །ཤའུ་སྐྱེ་དྲག་གཙེས་པའམ་རེག་ན་ཁྲག་ནག་འོང༌། །ཅུང་ཞིག་བཞག་ན་བྱ་ཝང་རྒྱབ་ལྟར་འགྱུར། །བ་ཡི་ཁ་ཆུ་འདྲ་ལ་རུས་སྦལ་སྙིང༌། །དོམ་པ་ལ་ཚེར་སྔོན་གྱི་མིང་ཡིན་ཞེས་བརྡའ་སྤྲོད་ལྔ་པ་དང་བཤད་རྒྱུད་ཀྱི་འགྲེལ་པ་ལེགས་བཤད་རྒྱ་མཚོར་བཤད་པ་དང་དྭ་བ་དང་ལང་ཐང་རྩེ་ཞེས་འགྲེལ་པ་འདོད་འཇོར་བཤད་པ་དང་རྩངས་པའི་ཀླད་པ་གདབ། །ཕྱི་ནས་(གོ་སྙོད་ལྕམ་འབྲུམ་སྦང་ཉེ་མར་ནག་གི་)དུགས་བྱ་ཁོང་དུ་སྡུད་སྨན་(གསེར་མདོག་ན་ལེ་ཤམ་བུ་རམ་ཆང་སྦྱར་)བཏང༌། །དེས་མ་ཐུབ་ན་རྨ་ལ་འདྲེན་རྩི་(རྒྱ་ཚྭ་གཙོད་ཁྲག)གདབ། །ཕྱི་རྒྱུད་ལྟར་སྦྲང་ཆང་བཏང་ཞིང་མགོ་ལ་(སྨན་རུ་རྟ་བྲག་སྤོས་པི་པི་ལིང་མར་ནག་)གྱིས་བྱུག །དེས་མ་ཁུགས་ན་བྲུད་ལ་སྦལ་པའི་ཁྲག་བྱུགས་(ཡང་ན་རྒྱ་ཚྭ་རུ་རྟ་ཤུ་དག་དབྱི་མོང་)གདབ། །ཚིལ་ནན་སྤོད་ནན་བྱ་གདབ། །ཞིང་ཐག་པ་ལ་ཆུས་ལངས་པ་ལྟར་རླང་ཆེ་ཁོང་དུ་ཚས་བཏང་ཨ་སས་ཟན་དྲོན་སྤོད་བྲན་བདུག །ཟླུམ་བཅོས་ལྟར་བྲད་བརྡར་གྱིས་གསོན་དང་སྤྲད་ལ་ཟླུམ་བཅོས་གྱི་ཕྱེ་མ་དགུ་སྦྱོར་དང་རྟ་ལྤགས་སོགས་ཀྱི་ཁཎྜས་བཟུང་། །ཡང་ན་གཤེར་གཉིས་ཀར་ལྷ་བ་བརྡར་བྲད་ཀྱིས་གསོན་དང་སྤྲད། །གཉིས་པ་གཤེར་བྲོས་འགུགས་པའི་སྨན་(རྒྱ་ཚྭ་ཁ་རུ་ཚྭ་གུར་ཀུམ་དོམ་མཁྲིས་འོ་མ་འཛིན་སྦྲང་བུ་རམ་)བདུན་ལྷ་སྟེང་གདབ། །ཚིལ་ནན་སྤོད་ནན་བྱ་ཞིང་བྱེ་སྟེང་བསྲེག །འབྲེང་བུ་སྙིང་རྩ་འདོམ་རྩ་མཆིན་མཁྲིས་གཏར་ཞིང་ཁ་ཟས་ཡེན་ལ་གཏད། །སྐམ་གཤེར་འདྲེས་མ་ཁྲ་བོར་བྱེར་ན་རྨ་ནང་སྡུད་སྨན་(རུས་པ་རྔུལ་ཙིག་ཙིག་བྱེད།  ཕྱིས་ན་ཆུ་སེར་མི་རྙེད། །དེ་ལ་རེ་རལ་ཅུ་གང་འོམ་བུའི་མེ་ཏོག་མངར་གསུམ་འབྲི་མར་ལྦུ་སྙིགས་ཕྱུངས་པ་དང་སྦྱར་ལ་)བསྐོལ། །རྡོ་དགུ་རྩི་གསུམ་སྔོ་ལྔ་(ཆིག་ཐུབ་དཀར་སྨུག་གཉིས་སྦལ་རྒྱབ་གཉིས་གྲུ་བཞི་ཅོག་ལ་མ་རྡོ་ཀླད་བེ་སྣབས་བྱེ་མགོ ཅུ་གང་གུར་ཀུམ་གི་ཝཾ།  རེ་རལ་བྲག་སྤོས་འབྲི་ཏ་ས་འཛིན་ཀྱི་ལྕེ་ལུག་མིག་)བུ་རམ་སྦྱར། །ཁོང་དུ་བཏང་བས་ལྷ་བའི་བྱེར་ཀུན་འགུགས། །ལྷ་བ་བྲོས་པར་མགྱོགས་པ་རྟས་ཀྱང་རྗེས་མི་སླེབ་ན་དེ་རྒྱུ་གསུམ། །ལེགས་པར་བརྟགས་ལ་སོ་སོའི་སྐྱོན་དང་དབྲལ་ཏེདེའི་རྒྱུ་གསུམ་ནི(ཡང་ན་)དར་ཐོག་ཏུ་རྣག་ཞུགས་པས་འདོན།  ཡང་ན་ལྷ་རྩ་ཤོར་བས་མར་གྱིས་བསྲེག །ཡང་ན་ཤ་རུས་སྐྱོན་རྒྱ་ཆེར་ཡོད་པས་ཤ་ཤུན་དབྱེ་རུས་པ་མཐའ་ཆོད་པར་བྲུད།  །ལྷ་མིག་རྣག་གིས་གང་ན་སྔོ་ལ་གསོབ། །ཇི་ཙམ་བྲུད་ཀྱང་ལྷ་ཁྲག་སྐམས་ནས་མེད། །ཤེད་ཆུང་གྲང་འདར་དང་ག་འགགས་ན་འཆི། །བྲོས་ཁུགས་རླན་རྙེད་ཤའུ་སྐྱེས་པ་དང༌། །ཁ་ཤ་དམར་འདྲུབ་ནད་ཟོ་བདེ་ན་འཚོ། །གལ་ཏེ་རུས་པ་བྲུད་པ་འཁྲུན་མ་ཆོད་གྱུར་ན། །ཤ་རུས་བར་དང་རུས་པའི་སྲུབས་ནས་ཤའུ་ལྕེ་ཐབས་སྐྱེ། །རྨའི་ཁ་ཤ་དྲེའུ་ཁ་ལྟར་གདངས་པ་དང་ཉྭ་སྒང་ལྟར་སྐྲངས་པ་འབྱུང་བ་ཡིན་པས། །དེ་ལ་ཤ་དྲལ་རུས་མཛེར་ཕྱུངས་ཤེའུ་ལ་ཆགས་སྨན་(མངལ་ཁྲག་རྒུ་དྲུས་རྒུན་འབྲུམ་ཟེར་བའང་འདུག་དོམ་མཁྲིས་གསུམ་)གདབ། །བཟོ་ལྷག་ལུས་ན་ཀྱོང་བུས་ཆོད་པར་བྲུད། །གསུམ་པ་རྩ་སྐྱོན་བྱེར་ལ་ཤ་རུས་ཀླད་རྩ་གསུམ། །དང་པོ་ཤ་རྩ་བྱེར་ན་སྐེ་མཇིང་འགྱུར་བ་དཀའ། །འཁྱུག་ཅིང་སྐྲངས་ལ་ཟུག་ཆེ་གཟེར་བ་ཡིན། །གང་གཟེར་གྱི་རྩ་སྟེང་མེས་མནན་ལུམས་སྣ་གསུམ་(མེ་ཏོག་སྣ་ཚོགས་བདུད་རྩི་ལྔ་འབྲུ་སྣ་ནས་གྲོ་སྲན་མ་སོ་བ་ཡུངས་དཀར་ལྔ་)གྱིས་བདུག །གཉིས་པ་རུས་རྩ་བྱེར་ན་ལྷ་བ་བྲོས་པ་ཡིན། །དེ་ལ་སྨན་དང་མར་སྦྱར་ཏེལ་པས་གོང་དུ་བསྟན་པ་ལྟར་བསྐོལ། །གསུམ་པ་ཀླད་རྩ་བྱེར་ན་དང་ཆུ་སེར་དར་ཐོག་ལྷུངས་པའི་རྟགས་ནི་མིག་འཛུམ་མི་ཤེས་སྟོང་སྐྱུགས་འོང་ལག་པ་ཞོམ་ཞོམ་བྱེད་བླ་འཆོལ་སྨྲ་ཡང་ན་ཁ་ལྐུགས་རུས་པ་སྐྲང་འདབས་སྐྱའམ་དམར་པོར་འགྲོ། །རྨ་དང་སྣ་སྒོ་ཆུ་ལམ་ཆུ་སེར་(རྒྱ་ཚྭ་ཁ་རུ་ཚྭ་ཟེ་ཚྭ་གསུམ་བྱང་པ་ཉ་ཕྱིས་དོམ་མཁྲིས་གསུམ་ནད་མ་ཚེར་སྔོན་ཨ་བི་ཥ་གསུམ་སྦྱར་ལ་)དྲང༌། །མ་ཐུབ་རུས་མཐོངས་ཕྱེ་ལ་རྣག་ཆུ་འདོན། །རྣག་འཐོར་ན་གསོ་དཀའ་གཅིག་ཏུ་འཁྱིལ་ན་འཚོ། །དར་བཙགས་ལ་རྣག་ཕྱུངས་རྗེས་ལ་གསོ་སྨན་གདབ།  དར་(ཐར)སྟེང་ཆུ་སེར་ལྷུང་བའི་རྟགས་ལྡན་ཞིང༌། །རྨ་མེད་གཞན་དུ་རྒྱུན་དུ་ཐིག་ལེར་ན། །དོགས་སར་སྐྲ་བཞར་ཆུ་ལྕག་རྒྱབ་པ་ཡིས། །རླངས་དང་དྲོད་ཆེ་མནན་ན་གང་ན་སར། །ཤ་དྲ་རུས་བརྡར་རྒྱུས་ལྡད་རྣག་ཆུ་བཙལ། །ལོག་གནོན་བྱེད་དུས་སྙིང་ཁམས་མ་ཆུང་བར། །ལྷ་བ་བྱེར་བ་གསོན་གཤིན་སྤྲད་པ་དང༌། །ཀླད་རུས་མཚམས་ནས་རྣག་ཆུ་ཅི་ཐོན་གྱིས། །རྩ་ཁྲིད་པ་ལ་ཕྱི་ཁྲིད་ནང་ཁྲིད་གཉིས། །ཕྱི་ཁྲིད་བཤུལ་ཤ་སྒལ་པའི་ཕྱི་བཤུས་ནང་བཤུལ་ཁྲིད་ཅིང་མཇུག་རྡོ་སྐྲངས། །ཡན་ལག་བཤལ་སྦྲིད་ཚོར་བ་ཆུང་བ་དང༌། །སྤྱི་བྱེ་བྲག་གཉིས་ལས་དང་པོ་ལུས་སྤྱིར་ཚ་བ་སྐྱེས་ན་ཕྱི་རྒྱུད་ལྟར་བདུད་རྩི་ལྔའི་ལུམས་སུ་གཞུག །ཕྱི་རྩེ་ཆུང་སོགས་གཏར་ནང་ཕྱི་རྒྱུད་ལྟར་རྩ་སྦྱོང་ག་བུར་ཉེར་ལྔ་ཕྱི་རྒྱུད་ལྟར་བཏང༌། །ནང་རྩར་ཁྲིད་ན་སྟོད་ལྕི་ཚ་བ་སྐྱེ། །ལུས་ལྕི་ཕྲུམ་སེར་ཁྱེར་ལ་དབུགས་མི་བདེ། །གློ་ཆུང་སོར་ན་ཕྱི་རྒྱུད་ག་བུར་ཉི་ཤུ་རྩ་ལྔ་ལ། །མུ་ཏིག་ཉ་སྐྱོགས་མི་དོམ་མཁྲིས་པ་བསྣན། །འབྲས་བུ་ཨར་བར་སྐྱུར་གསུམ་གྱི་ཁུ་བས་འཕུལ་ལ་བཏང༌། །སྔར་བཤད་པའི་བསྲེག་དམིགས་བཅུ་གསུམ་བཞི་མེ་ཡིས་མནན་པར་བྱ། །གཉིས་པ་བྱེ་བྲག་སྙིང་ལ་བབས་ན་ཛཱ་ཏི་ལྔ།  (སྙིང་འདར་ཡན་ལག་སྤྲུག་ཁ་མིག་སླེ་སྨྲ་བ་ལུགས་ན་ག་བུར་ཨ་རུ་ཙན་དན་ཨ་བྱག་གམ་ཛཱ་ཏི་གུར་གུམ་ཙན་དན་དཀར་པོའི་ཐང་ཀ་ར་སྦྱར་ལ་བཏང་ཚིགས་པ་དྲུག་པ་དང་མཐེབ་སྙིང་སྟེང་བསྲེག་གློ་ལ་བབས་ན་ཅུ་གང་ལྔ་པ་(སྟོད་གཟེར་དབུགས་ཐུང་རྔམ་པ་ཆེ་ན་ཤིང་མངར་རྒུན་འབྲུམ་ག་དུར་གྱི་ཐང་བཏང་བའམ་གི་ཝཾ་ཨུཏྤལ་རྒུན་འབྲུམ་སྲོལ་དཀར་ཀ་ར་)སྦྱར་ཚིགས་པ་ལྔ་དང་མཛུབ་སྟེང་བསྲེག། །མཆིན་པར་བབས་ན་གུར་ཀུམ་བཞི་པ་(ལུས་དང་ཤེས་པ་བྱིང་མིག་འཛུམ་དཀའ་ན་གུར་གུམ་བ་ལེ་ཀ་བ་ཤ་ཀའི་ཐང་བཏང་བའམ་འབྲི་རྐང་བ་རུའི་ནང་སྙིང་ཀཎྜ་ཀ་རི་གསེར་གྱི་མེ་ཏོག་ཀ་ར་)སྦྱར་ཚིགས་པ་དགུ་པ་དང་གུང་མོ་བསྲེག   །མཆེར་པར་བབས་ན་ལི་ཤི་ལྔ་པ་(མཆུ་འཕྱང་ལུས་སྦྲིད་ལ་བརྐྱང་བསྐུམ་མི་ཤེས་ན་ལི་ཤི་ཨུཏྤལ་མཉྫུ་ཐང་བཏང་བའམ་ད་ལིས་རུ་རྟ་ལི་ག་དུར་ཧོང་ལེན་ཀ་ར་)སྦྱར་བཅུ་བཞི་དང་སྲིན་ལག་བསྲེག། །མཁལ་མར་བབས་ན་འབྲས་བུའི་སྨན་མར་(དཔྱི་མིག་བརླ་སྒང་ཟུག་ཚང་ར་མི་ཐེག་རྐང་པ་བཤལ་དྲི་ཆུ་སྡོམ་དགྱེ་དགུ་མི་ཤེས་ན་སྡིག་སྲིན་སུག་སྨེལ་ལྕམ་པའི་ཐག་བཏང་བའམ།   སུག་སྨེལ་ད་ལིས་ལི་ཤི་ཨུཏྤལ་མ་ནུའི་ཐང་བཏང་ཤིང་ཚ་སྡིག་སྲིན་དོམ་མཁྲིས་གསེར་བྱེ་སྦྲང་རྣམས་དང་འབྲས་བུ་གསུམ་སྨན་མར་དང་སྦྱར་ཚིགས་པ་བཅུ་བཞི་དང་མཐེའུ་ཆུས་བསྲེག། །ཁྲག་ཤས་ཆེ་ན་རང་རང་རྩ་ལ་མེ་གཏར་ཕྱེ་མ་རིག་པས་སྤྱི་དང་སྦྱོར།  །ཀླད་པ་གཞའ་ན་ཤིང་ཀུན(་ཁ་རུ་ཚྭ་སྒ་)གསུམ་པ་བཏང་། །ཤ་ཆང་བརྡེག་ཆེར་བསྟེན་ཅིང་ཨ་ས་བ་ཟན་དྲོན་ཡིས་བདུག །སྦོས་ན་ཚ་སྦོས་ལ་རྨ་དང་ཀླད་རྒྱ་ཆུ་རྩ་རྣམས་མགོ་ལྕི་ཀླད་རྒྱ་དམར་དེ་ལ་ག་བུར་ཅུ་གང་རྒྱལ་བློན་ཁོང་དུ་བཏང༌། །ག་བུར་རྒྱལ་བློན་ལ་ཧོང་ལེན་བསྣན་ལ་རྨར་གདབ་ཞ་ཉེས་སྲབ་མོས་བསྣན་མནམ། །རྩེ་ཆུང་གཏར་ཞིང་རྨ་ཆས་ཟས་བསིལ་བསྟེན། །གྲང་སྦོས་གཞའ་འདྲ་སྲིན་བལ་མར་བཙོས་མནན། །རྣག་སྦོས་ཕུག་ལ་རྒྱུས་བལྡད་ཀྱིས་མྱུལ་བ་བཏང་ཀླད་ཁྲུས་བྱ་བ་ནི  །དང་ག་མི་བདེ་གཉིད་བྲོ་ལུས་ལྕི་རྨྱང་འདོད་མིག་སྤྲིན་དམར་གློ་མང་བྲང་འདབ་སྐྱ་ལ་སྐམ་པ་ན་སེང་བུག་ཏུ་ཚང་བས་རྣག་དར་ཐོག་ཏུ་འཁྱིམས་པ་ཡིན་ཤའུ་མཛེར་ཐབས་སུ་སྐྱེ་བས་རྒྱ་ཚྭ་ཕུར་མོའི་ལོ་མ་དནྡ་རུ་རྟ་གདབ་ཞག་གཅིག་ལྟོ་བཀུག་ལ་ཀླད་མྱུལ་བཏང་དེས་མ་ཐོན་ན་རྒྱ་ཚྭ་དོམ་མཁྲིས་གུར་ཀུམ་ཆང་སྦྱར་ལྒང་ཕུག་ཏུ་བླུག །ཟངས་ཀྱི་གཅེའུ་ཁ་ལེབ་ཀྱིས་བཏང་དེས་རྣག་ཆུ་ཁྲིད་ནས་འོང༌། །གཏོང་ས་མ་རྙེད་ན་འཛག་སྒོ་བདེ་སར་གསང་བུག་གཏོད་ལ་དབྱུང་། །(ཀླད་མཛེར་ཆུ་སེར་མི་བཅད་ཐུར་མ་དང་མར་ཁུ་བཙག་བཅད་ཀྱིས་བསྲེག  སྨྱོ་ན་སྤྱི་གཙུག་དང་རྐང་ལག་མཐིལ་དྲུག་བཞི་དང་ཚིགས་པ་དྲུག་པ་དང་བདུན་པ་དང་སྙིང་ག་རྣམས་བསྲེག །སྙིང་ཞོ་ཤ་(ག་བུར་ཛཱ་ཏི་ཨ་ག་རུ་གུར་ཀུམ་རྒྱ་ཚྭ་སྒོ་ང་དང་།)བདུན་སྦྱར་ཁ་ཟས་ཤ་ཆང་བུར་ཆང་སོགས་བཅུད་ཀྱིས་གསོ། །ལྐུགས་ལ་ཀླད་ལུགས་རུས་ལུགས་རྩ་ལུགས་གསུམ།  །ཀླད་ལྐུགས་ནི་ཀླད་པ་ལུག་པ་འཁྱམས་པ་ཀླད་རྒྱའི་ཐོག་ཏུ་ཆུ་སེར་རམ་རྒྱ་ཁུ་ཤོར་བ་དང་གསུམ་ལས་བྱུང་བ་ཡིན་པས་དེ་ལ་ག་བུར་ཅུ་གང་གུར་ཀུམ་དང༌། །ཙན་དན་དཀར་པོ་མུ་ཏིག་ཉ་སྐྱོགས་དོམ་མཁྲིས་དང༌། །ཀ་ར་སྦྱར་བཏང་ལྟག་རྩ་ངེས་པ་ལྟག་ཟུར་ལྟག་རྩ་ནག་པོ་གཉིས་ཞེས་པ་དེ་གཏར་ལ་དེ་འཕྲལ་རྨ་ཁ་བསྲེག །སྣ་ནས་ཁྲག་དབྱུང་ལྕེ་འོག་རྩ་གཉིས་དང་མཇུག་གུ་ལ་གཏར། །མགོ་ལུས་ཐམས་ཅད་ཆུ་ཆགས་བྱས་ཏེ་གན་རྐྱལ་ཉལ་བ་ལ། །ཡན་ལག་བཞི་ནས་དུས་གཅིག་ལ་འཐེན་ལ་རྐང་མཐིལ་ཁུ་ཚུར་གྱིས་བརྡུང༌པ་རྣམས་སྦྲགས་པར་བྱ། །དེས་ལྐུགས་པ་མ་ཕྱེད་ན་སྣ་སྦྱོངས་རྩ་སྦྱོངས་ཕྱི་རྒྱུད་ལྟར་བཏང་། །རུས་ལྐུགས་ནི་ཀླད་རུས་བར་དུམ་བུ་ཤོར་བ་དང་རུས་པ་ལྟེབ་ནས་རྒྱ་དར་མནན་པ་ལས་འོང་བས་དེ་ལ་ནི་བྲུད་བརྡར་གྱིས་བཟོ་བྱ་རྩ་ལྐུགས་ནི་རུས་རྩ་ཤོར་བས་ཕྱི་ནང་དུ་ཆུ་སེར་བྱེར་བ་ལ་འོང་བས་དེ་ནི་རྩ་དཀར་གྱི་ལེའུར་བཤད་པ་ལྟར་བཅོས། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མགོ་བོའི་རྨ་གསོ་བའི་ལེའུ་སྟེ་བརྒྱད་ཅུ་རྩ་གསུམ་པའོ།  །བར་འདིེར་གོང་གི་སྡོམས་སུ་མགོ་དང་བྱང་ཁོག་ཡན་ལག་སྐེ་གསུངས་ཀྱང་ལེའུ་འདིར་བྱུང་བ་གོ་རིམ་འཁྲུགས་སྣང་ངོ་།། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:58 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།