ལེའུ་གྱ་གཉིས་པ། རྨ་སྤྱིའི་གསོ་ཐབས་བསྟན་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023 |
མན་ངག་རྒྱུད། >> ལེའུ་གྱ་གཉིས་པ། རྨ་སྤྱིའི་གསོ་ཐབས་བསྟན་པ། |
ལེའུ་གྱ་གཉིས་པ། རྨ་སྤྱིའི་གསོ་ཐབས་བསྟན་པ།
ཀླུ་གདོན་གསོ་བའི་ལེའུ་གསུངས་པའི་མཇུག་དེ་མ་ཐག་དེ་ནས་སླར་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཞེས་འབོད་ཚིག་གིས་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། རྨ་གསོ་བའི་སྐབས་དེ་ལ་བདག་ཅག་རྣམས་ཅི་འདྲ་ལྟར་དུ་བསླབ་པར་བགྱི་ཞིང༌། རྨ་ཞེས་བྱ་བའི་རྒྱུ་དང་རྐྱེན་ཡང་གང་ཅི་ལས་བྱུང་དང༌། ངོ་བོ་དང་རྒྱུ་མཚན་ཅི་འདྲ་ཞིག་ལས་མཚོན་བྱེད་ཀྱི་མིང་དུ་བཏགས། དེ་ལ་གཅིག་ཏུ་གནས་པའི་ས་ལྟ་བུ་དང་དབྱེ་བ་ཕྱེ་ན་དུ་ཡོད་དང༌། ངེས་པའི་རྟགས་དང༌། དེ་དག་བཅོས་པའི་ཐབས་དང་ལོག་གནོན་དང་རྗེས་མི་ལྡང་བར་གཅོད་པ་རྣམས་འགྲོ་སྲོག་འཚོ་བར་མཛད་པ་སྨན་པའི་རྒྱལ་པོ་ཉིད་ཀྱིས་ཡིད་ལས་སྐྱེས་བདག་ལ་བཤད་དུ་གསོལ་ཞེས་ཞུས་པ་དང༌། དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་ལན་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ལེགས་པར་ཉོན་ཅིག
དང་པོ་ལྷན་སྐྱེས་ཀྱི་རྨའི་རྒྱུ་དང་རྐྱེན་ནི་རླུང་དང་མཁྲིས་པ་དང་བད་ཀན་སོགས་ལ་ཟས་སྤྱོད་དམན་ལྷག་ལོག་པ་མི་འཕྲོད་པ་དང་གདོན་སོགས་ཀྱིས་རྐྱེན་པས། ལྷན་ཅིག་སྐྱེས་པའི་རྨ་རུ་འགྱུར་བ་ཡིན་ལ། གཞན་ཡང་གློ་བུར་བའི་རྨའི་རྒྱུ་རྐྱེན་ནི་མདའ་རྡོ་གྲི་མདུང་རྭ་ཤིང་མཆེ་བ་མེ་སོགས་མཚོན། བརྒྱད་ཀྱིས་ལུས་ལ་བསྣད་པས་གློ་བུར་བ་རྐྱེན་གྱི་རྨར་འགྱུར་རོ། །
ཁྲག་དང་རྣག་ལ་སོགས་པ་འཛག་པ་དྲི་ང་ལ་ཚོར་བ་དྲག་པོའི་སྡུག་བསྔལ་དང་བཅས་ཏེ། རང་གི་ལུས་ལས་འཕྲལ་དུ་སྟོབས་ཉམས་ཤིང་རྨ་བར་འགྱུར་ལ། ཕྱི་དང་ནང་གི་པགས་ཤ་གདན་རལ་བའི་ཕྱིར་རྨ་ཞེས་བྱ་ལ།
རྨའི་གནས་ས་པགས་པ་དང་ཤ་དང་ཆུ་རྒྱུས་དང་རྩ་དང༌། ཚིགས་པ་དང་རུས་པ་དང་དོན་སྣོད་དེ་བརྒྱད་ལ་གནས་ཤིང༌།
དབྱེ་བ་ནི་ལྷན་ཅིག་སྐྱེས་པ་དང་གློ་བུར་བ་གཉིས་སོ། །དེ་ཡང་ལྷན་ཅིག་སྐྱེས་པའི་རྨ་ལ་སྤྱི་དང་བྱེ་བྲག་ཏུ་ཕྱེ་བ་གཉིས་ལས། སྤྱི་ལ་ཕྱི་རྨ་རྡོལ་བ་དང་ནང་གི་རྨ་ཟ་ཁུ་དང་བར་གྱི་རྨ་ཟུག་པ་ཞེས་བྱ་བ་གསུམ་དུ་འགྱུར་རོ། །བྱེ་བྲག་ཏུ་ཕྱེ་ན་ཕྱི་ནང་གི་འབྲས་དང་གཞང་འབྲུམ་དང་མེ་དབལ་དང་སུརྱ་དང་རྨེན་བུ་དང་རླིག་རླུགས་དང༌། རྐང་བམ་དང་མཚན་བར་རྡོལ་དང་བརྒྱད་དུ་བཤད་དོ། །
གློ་བུར་དུ་འབྱུང་བའི་རྐྱེན་གྱི་རྨ་དེ་ལའང་རིགས་དང་གནས་གཉིས་སུ་ཡོད་པ་ལས། དེ་ཡང་རིགས་གྱིས་དབྱེ་ན་པགས་པ་ཤུས་པ་དང༌། གྱེན་ཐུར་དུ་གཤགས་པ་དང༌། ཤ་འཕྲེད་ལ་བཅད་པ་དང༌། རུས་ལ་ཐུག་པའི་བར་རྣམ་པར་བཅད་པ་དང༌། རུས་པ་བཅད་ནས་ཤ་རབ་ཏུ་ལྷབ་ལྷབ་པོར་འཕྱང་བ་དང༌། ཤ་རུས་གཉིས་ཀ་བཅད་ནས་ལྷུ་ཚིགས་བྲལ་བ་ལྷུང་བ་དང༌། རུས་པ་སོགས་གྲུམས་པ་དང༌། མཚོན་རྩེས་ཕུག་པ་དང་བརྒྱད་པོ་འདི་ཡིན་ནོ། །དེ་ཡང་ཡན་ལག་བརྒྱད་པར། རྨ་ནི་བསྣད་པའི་འཕྲལ་དུ་ནི། །འབྱུང་འགྱུར་གློ་བུར་རྨ་ཞེས་བྱ། །དེ་ནི་མཐའ་ཡས་ཡིན་ཟིན་ཀྱང༌། །ཡན་ལག་རྣམ་པ་བརྒྱད་དུ་བཤད། །བསྡུས་དང་བཅད་དང་རྣམ་པར་བཅད། །རབ་ཏུ་འཕྱང་དང་ལྷུང་བ་དང༌། །ཕུག་དང་གཤགས་དང་གྲུམས་པའོ། །དེ་ལ་བསྡུས་པ་ཆུ་སེར་རོ། །ཁྲག་ནི་ཅུང་ཟད་འབྱུང་འགྱུར་ཞིང༌། །པགས་པ་ཆོད་པས་ཚ་འགྱུར་ཡིན། །དེ་ལས་ཆོད་འགྱུར་བཅད་པ་ཡིན། །དེ་ལ་ཆོད་པ་རྣམ་བཅད་ཡིན། །རབ་འཕྱང་རུས་པར་ལྷག་མ་ལུས། །ལྷུང་བ་ལུས་ལས་ཐོག་པ་ཡིན། །ཟུག་རྔུ་ཕྲ་མོ་བུག་པ་ཕུག། ཁོང་པ་མ་གཏོགས་བསྣུན་པ་ཡིན། །སྔ་མ་ལས་གཞན་གཤགས་པ་ཡིན། །ཁྲག་དང་རྐང་ནི་འདྲེས་གྱུར་པར། །མཚོན་གྱིས་དྲག་ཏུ་བསྣུན་པ་ཡིན། །རུས་བཅས་རྒྱ་ཆེར་གནད་གྲུམ་པ། །ཞེས་དང༌། རྨ་དེ་ཡང་གནས་ཀྱི་སྒོ་ནས་དབྱེ་ན་མགོ་རྨ་དང་བྱང་ཁོག་གི་རྨ་དང༌། ཡན་ལག་རྨ་དང་གསུམ་གར་གདུས་པ་སྐེའི་རྨ་དང་བཞི་ནི་ལེའུ་བཞིའི་བདག་ཉིད་ཅན་དུ་ངེས་དགོས་སོ། །
དེ་རྣམས་ཀྱི་རྟགས་ལ་གསོ་བ་དཀའ་སླ་བརྟག་པ་དང༌། གནད་ལ་སོང་བ་དང་མ་སོང་བ་བརྟག་པ་དང༌། རེད་པ་དང་མ་རེད་པ་བརྟག་པ་དང་རྣམ་པ་གསུམ་མོ། །དེ་ཡང་དང་པོ་གསོ་དཀའ་བའི་རྨ་དེ་ལའང་གནས་ཀྱིས་དཀའ་བ་དང༌། རང་བཞིན་གྱིས་དཀའ་བ་དང༌། རྐྱེན་གྱིས་དཀའ་བ་དང༌། གསུམ་ལ་བརྟག་དགོས་ཏེ། རྨའི་གནས་མིག་དང༌། རྣ་བ་དང༌། སོ་དང༌། སྣ་དང༌། མུར་གོང་དང༌། རྩིབ་ལོགས་དང༌། བྲང་དང༌། ལྟེ་བ་དང༌། ནུ་མ་དང༌། མཆན་ཁུང་དང༌། རླིག་པ་དང༌། རུས་མགོ་དང༌། སྒལ་ཚིགས་དང༌། ཆུ་རྒྱུས་དང༌། ལས་བྱེད་ཅེས་བྱ་བ་བྱེད་པའི་ཚིགས་མཚམས་རྣམས་སུ་བྱུང་ན་གསོ་དཀའོ། །རྨའི་རང་བཞིན་སྟེང་ནས་ཐུར་དུ་ཕུགས་ལ་ཁད་པ་ལྟར་ཚང་འཆས་ནས་རྣག་ཁྲག་ཕྱིར་མི་ཐོན་པ་དང༌། མདེའུ་སོགས་ཟུག་རྔུ་ལས་པ་དང༌། ཉྭ་ཁྲོས་པ་དང༌། ཆུ་རྒྱུས་རུལ་བ་དང༌། རྩ་ཆད་པ་དང༌། ཚིགས་འཁོར་བ་དང༌། འབུ་ཞུགས་པ་དང༌། རུས་འཛེར་ཡོད་པ་དང༌། ནད་ཀྱི་སྐྱོན་མ་སྦྱངས་པ་དང༌། རེད་བཅས་གསོ་དཀའ་བ་ཡིན་ནོ། །རྐྱེན་ནི་སྣུམ་དྲགས་པ་དང༌། ཟས་དམན་སྨྱུང་བ་སྟེ་ཟས་ཉུང་བར་འདུག་པ་དང༌། དུས་མིན་པའི་ཉིན་པར་གཉིད་ལོག་པ་དང༌། ཉལ་པོ་སྟེ་འཁྲིག་པ་སྤྱད་པ་དང༌། མ་རན་བསྒུལ་བ་དང༌། བསྐྱོད་སྔས་པ་རྣམས་ནི་འཚོ་བ་དཀའ་བར་བཤད། སླ་བ་ནི་དེ་ལྟར་བཤད་པ་དེ་ག་ལས་གོ་ལྡོག་པར་གྱུར་པའི་རྨ་ནི་གང་ཡང་གསོ་བ་སླའོ། །ཉེན་ཆེ་བའི་གནད་དུ་བབས་པ་འཕྲལ་གསོས་ལ་རེས་གསོ་བ་ཙམ་ཀྱང་དོན་འཚོ་བར་མི་འགྱུར་རོ། །
གནད་ལ་སོང་བའི་རིགས་ནི་ཤ་དང༌། ཚིལ་དང༌། རུས་པ་དང༌། ཆུ་རྒྱུས་དང༌། དོན་དང༌། སྣོད་དང༌། རྩ་གནད་དང་རྣམ་པ་བདུན་དུ་ངེས་དགོས་ཏེ། དེ་ཡང་སོ་སོའི་རྟགས་ནི་ཤ་གནད་ལ་སོང་ན་སྐྲངས་ཤིང་བྱེར་ལ་ཁྲོ་བར་འགྱུར་བ་ཡིན་ལ། ཚིལ་བུའི་གནད་ལ་སོང་བར་གྱུར་ན་ལྷོག་ཐབས་སུ་སྐྲངས་པ་དང༌། རུས་པའི་གནད་ལ་སོང་ན་ན་ཞིང༌། རུས་ཚད་རྐུན་བུར་སྐྱེ་ཞེས་མ་ཚོར་བར་བགས་ཀྱིས་སྐྱེ་བ་དང༌། ཆུ་རྒྱུས་ཀྱི་གནད་ལ་སོང་བའི་ཚེ་ན་ཞ་ཞིང་རེངས་པར་འགྱུར་ལ་དོན་གྱི་གནད་ལ་སོང་བ་དེའི་ཚེ་ཟུག་གཟེར་ཆེ་ཞིང་གཟི་བརྗིད་དང་བཞིན་ཀྱི་མདངས་འཆོར་བ་སྟེ་ཉམས་པ་དང༌། སྣོད་ཀྱི་གནད་ལ་སོང་ན་དྲག་པོར་སྦོ་ཞིང་འཁྲུག་ལ་དྲི་མ་དང་ཆུ་སྡོམ། རྩའི་གནད་ལ་སོང་ན་རྩ་ཚད་སྐྱེ་ཞིང་ལུས་ཀྱི་འདུ་བ་འཁྲུག་པར་འགྱུར་ལ། མདོར་བསྡུས་ན་ལུས་ངག་ཡིད་ཀྱི་སྒོ་གསུམ་པོ་གནད་ལ་ཕེབས་པ་སྟེ་བྱ་བ་ཉམས་པར་འགྱུར་ཞིང་གནད་དམ་ཉེན་ལ་མ་སོང་ན་ཟུག་མེད་ཅིང་དང་ག་བདེ་ལ་ལུས་ཡང་ཞིང་བྱ་བའི་ལས་གང་ལའང་བློ་མི་ལྡོག་པ་སྟེ་བྱ་བ་བྱེད་པར་འདོད་པའོ། །
རྨ་རེད་ནི་སྤྱིར་རེད་ཅེས་པ་ནད་གཞན་དང་འདྲེས་པའི་དོན་ཡིན་ལ། མ་རེད་པ་ནི་གནོད་པ་གཞན་མེད་པ་སྟེ། ཡན་ལག་བརྒྱད་པར། ནད་དང་འདྲེས་པ་རེད་པ་ཡིན། །དེ་དག་མེད་པ་མ་རེད་ཡིན། ཞེས་གསུངས་པས། དེ་རྟགས་ལ་སྤྱིའི་རྟགས་དང་ཁྱད་པར་གྱི་རྟགས་གཉིས་ལས། དེ་ལ་སྤྱི་རྟགས་ནི་རྨའི་ཁ་ཕྱིར་རྒྱས་པ་དང༌། ནང་དུ་ཞུམ་པ་དང༌། ཤིན་ཏུ་སྲ་བ་སྟེ་མཁྲེགས་པ་དང༌། སྙི་བ་དང༌། མཐོའམ་ཡང་ན་དམའ་འམ་ཆེས་ཚའམ་དྲོད་མེད་པ་དང༌། དམར་རམ་ནག་གམ་སྔོན་པོའམ་སྐྱ་ལ་དྲི་མ་མནམ་ལ་རྣག་དང་ཁ་ཤ་འདྲུལ་ཞིང་ཤའུ་མི་ཆགས་པ་རྣམས་ནི་འཆོར་མི་འདོད་པའོ། །
བྱེ་བྲག་ལ་ཡང་རེད་པའི་རྟགས་ལ་ནད་གཞན་དང་འདྲེས་པ་དང་ཕྱིའི་རྐྱེན་གྱིས་དབང་པོའི་གནས་སུ་རྐྱེན་སྐྱེས་པ་འགྲམས་པ་དང་བྱེར་བ་དང་རང་སྟོབས་བྲི་བ་གབ་པའམ་གཞའ་བ་དང༌། ལྷག་པར་འཕེལ་བ་སྨྱོ་བ་དང༌། རུས་ཟན་ཟུག་རྔུ་ཅན་རུས་པ་ཟ་བ་དང་རྣམ་པ་དྲུག་གོ།
དེ་ལ་ཡང་འདུ་བས་རེད་པ་དང་ཟས་ཀྱིས་རེད་པ་དང་སྤྱོད་ལམ་གྱིས་རེད་པ་དང་གསུམ། དེ་ཡང་རྨ་དེ་ཉིད་རེད་པ་ལའང་འདུ་བ་རླུང་དང་མཁྲིས་པ་དང་ཁྲག་དང་བད་ཀན་དང་བཞི་ལས་རླུང་ལས་གྱུར་པ་སྔོའམ་ནག་གམ་དམར་རམ་སྨུག་གམ་སྐྱ་བ་ལ་པགས་པ་རྩུབ་ཅིང་ཙེག་པ་གས་སྙམ་རྣག་ཆུ་སླ་ལ་ཉུང་དུ་འཛགམཁྲིས་པ་ལས་གྱུར་པ་རྨའི་ཁ་དོག་དམར་རམ་སེར་ལ་ཚ་ཞིང་འབྲབ་པར་བྱེད་ལ་ཟུག་གཟེར་ཆེ་བ་དང་མྱུར་དུ་འདྲུལ་ཞིང་དྲི་ཆེ་ན་རྣག་ཆུ་མང་དུ་འཛག ཁྲག་ལས་གྱུར་པ་བྱུ་རུའི་མདོག་འདྲ་དམར་ཞིང་ཚ་འཁྱུག་བྱེད་ལ་ཁྲག་ཏུ་འཛགབད་ཀན་ལས་གྱུར་པ་རྨ་ཁ་མཐུག་ཅིང་ཟུག་ཆུང་བད་ཀན་སྐྱེས་པས་རྨ་ལ་འདྲད་འདྲོད་མང་ལ་ཁ་དོག་སྐྱའོ། །ཟས་ཀྱིས་རེད་པ་ལ་ཟས་རེད་དང་སྐོམ་རེད་གཉིས་ལས། ཟས་ཀྱིས་རེད་པ་ནི་རྨ་སྐམས་པ་དང༌། སྦོས་སམ་འཇིག་པར་བྱེད། སྐོམ་གྱིས་རེད་པ་མལ་ས་ནས་ལུས་རྔུལ་ཞིང་རྨ་གཤེར་བས་རྣག་ཆུ་མང་ངོ༌། །སྤྱོད་ལམ་རྐྱེན་གྱིས་རེད་པ་ལའང་ཉི་མ་དང་ལྷགས་པ་དང་གཉིད་དང་ཆགས་པ་དང་འཇིགས་པ་དང་ལྔ་ལས་ཉི་རེད་ནི་རྣག་སྔོ་ཞིང་རྨ་ཧྲིད་པ་ཞེས་རྙིང་ལ་གཉེར་མ་འབྱུང་བ་དང༌། ལྷགས་རེད་ནི་མདོག་སྔོ་སྐྱ་གྲང་འབྲུམ་འོང་བ་ཡིན། གཉིད་རེད་ནི་དབང་པོ་མི་གསལ་ཞིང་ཟས་ཟ་ལ་མི་འདོད། ཆགས་རེད་ནི་རྨ་ཁ་འབྱེ་ཞིང་ཁུ་ཚིགས་འོང་ངོ༌། །འཇིགས་པས་རེད་པ་ནི་སྐྲངས་ཤིང་རང་ལ་དགའ་བའི་ཟླ་བོ་གྲོགས་པོ་འདོད་ཅིང་རྨ་ཁ་སྐམ་མོ། །
འགྲམས་པའི་རྐྱེན་དེ་ལ་ཞེ་སྡང་དང་དྲག་ཤུལ་དང་ཉི་མ་དང་རྟ་དང་ཟས་དང་གདོན་རྐྱེན་རྣམས་ཀྱིས་འགྲམས་པ་དང་རྣམ་པ་དྲུག་ལས། ཞེ་སྡང་གིས་དྲན་པ་ཁྲོ་ཞིང་ཚིག་པ་ཟ་ལ་ཆུ་སེར་དང་ཚ་བ་སྐྱེ་ཞིང་དྲག་ཤུལ་གྱིས་འགྲམས་པ་དྲག་པོར་སྐྲངས་ཤིང་ཁྲག་ཚད་སྐྱེ། ཉི་མས་འགྲམས་པའི་ཚེ་ན་རྨ་སྐམས་ཤིང་ཆུ་བུར་འོང་ལ་ཁ་དོག་སྨུག་པོར་སྐྲངས་ཤིང་རྣག་གི་མདོག་དམར་རྩ་འབྱུང༌། རྟས་འགྲམས་ན་འགྲོ་བར་འདོད་ཅིང་མདོག་སྐྱ་རྔུལ་ཞིང་ཚ་བ་དང༌། ཟས་བཟའ་བ་དྲགས་ནས་འགྲམས་ན་རྨའི་མདོག་ལོག་ལ་ཚ་བ་སྐྱེ། གདོན་གྱིས་འགྲམས་ན་ཁོང་ནས་ཚིག་པ་ཟ་ལ་ཐོར་པ་འོང་ངོ༌། །
བྱེར་བ་ལ་པགས་པ་དང་ཤ་དང་ཚིལ་དང་རྩ་དང་རུས་དང་ཚིགས་བྱེར་བ་དང་དྲུག་ལས། པགས་པ་བྱེར་བ་ནི་པགས་པའི་འོག་རྣག་ཆུས་ཟོས་པ་ཡིན་ཏེ་ཞེས་པ་འོག་མ་འདྲེན་ཚིག་གོ། ཤ་བྱེར་བ་ནི་ཉྭ་སུལ་བྱེ་ནས་རྣག་བྱེར་བ་ཡིན་ལ། ཚིལ་བྱེར་བ་ནི་དྲེག་དང་པགས་པར་རྣག་བྱེར་བ་ཡིན། མདོར་བསྟན་དབང་གིས་ས་བཅད་བཞི་པ་འབྱུང་རིགས་ཀྱང༌། རྒྱུད་ལ་རྒྱས་བཤད་དྲུག་པ་བབས་པ་དགོངས་དོན་བཞིན་བཞིར་བཞག་སྟེ། རུས་པ་བྱེར་བ་ནི་ཤ་རུས་བར་དུ་རྣག་ཞུགས་པ་ཤ་རུས་དབྱེ་བ་དང༌། ཚིགས་བྱེར་བ་ནི་ཕྱི་ཚིགས་ཡན་ལག་བཞི་ནང་ཚིགས་སྒལ་ཚིགས་བཅས་ལ་རྣག་འཁོར་བའོ། །རྩ་བྱེར་བ་ནི་རྩ་ནང་ལ་ཆུ་སེར་གྲམས་པས་འཁྱུག་ཅིང་སྐྲངས་ལ་རྩ་འབྲུམ་འབྱུང་བ་ཡིན་ནོ། །
གཞའ་བ་ལ་ཤ་གཞའ་དང༌། རུས་གཞའ་དང༌། ཚ་གཞའ་དང༌། གྲང་གཞའ་སྟེ་རྣམ་པ་བཞི་ལས། དང་པོ་ཤ་གཞའ་བའི་དོན་ནི་ཤའུ་སྐྱེར་མི་འདོད་པ་དང༌། རུས་པ་གཞའ་བ་ནི་རུས་པའི་སྟེང་ནས་ཤ་མི་སྐྱེ། ཚ་གཞའ་ནི་རྨ་ཁ་ཤི་ཞེས་པ་ཞིག་ཅིང་གཞོམས་ལ་རླངས་པ་ཆེ་བ་དང༌། གྲང་གཞའ་ནི་དྲོད་བྲལ་རྨ་ཁ་ཤི་བ་ཞིག་ཅིང་ཞོམ་རྡིབ་ཏུ་ཡོད་པའོ། །
སྨྱོ་ལ་ཤ་སྨྱོ་དང་ཁྲག་སྨྱོ་དང་རུས་པ་སྨྱོ་བ་དང་རྣག་སྨྱོ་སྟེ་བཞིའི་ཤས་སྨྱོ་བ་ནི་ཤའུ་མཐུག་ཅིང་སྦོས་པ་རྨ་ཁར་ལུད་པ་དང༌། ཁྲག་གིས་སྨྱོ་བ་ནི་ཁ་དོག་སྨུག་ནག་རེག་ན་ཁྲག་ནག་འཛག་ཅིང༌། རུས་ཀྱིས་སྨྱོ་བ་ནི་རུས་པའི་སྟེང་དུ་ཤའུ་འཛེར་ཐབས་སྐྱེ། རྣག་གིས་སྨྱོ་བ་ནི་རྣག་ཆུ་མང་ལ་རྨའི་ཁ་མཐོའོ། །
རུས་ཟན་རུས་པ་ལས་ཏེ་རུལ་བ་དང་ཟུག་རྔུ་ལས་པ་དང་རྣག་ཤ་མ་ཐོན་པ་དང་རྨའི་རུས་ཟན་དང་བཞིའོ། །དེ་ལ་རུས་པའི་རུས་ཟན་ནི་རྨ་ཁ་མཐོ་ལ་སྦོ་བ་དང༌། རྣག་ཆུ་ཆད་དུ་མི་འདོད་པར་རྣག་གི་དཀྱིལ་དུ་སྲོ་མ་འདྲ་བ་མང་པོ་འོང་བ་ལ་ཅན་ཞེས་བྱ་ལ། ཟུག་རྔུའི་རུས་ཟན་ནི་རྨ་ཁ་བྱེའུའི་འཕོངས་ལྟ་བུར་དམར་ཁུངས་སུ་ཆགས་རྣག་མདོག་ཙན་དན་དམར་པོའི་མདོག་ལྟ་བུ་མི་ཆད་ཁྲག་ཅན་འཛག་པ་དང༌། རྣག་གི་རུས་ཟན་ནི་སྐྲངས་པ་མདོག་སྐྱ་ལ་བེམ་ཞིང་རྣག་ལ་སྐྱེ་བ་དང༌། འབྲི་བའི་སྟེང་ཤོད་ཆེ་ལ་དྲི་མ་ངད་ཚ་བར་མནམ། རྨའི་རུས་ཟན་ནི་རྨའི་ཁར་སྨན་བཏབ་པ་དྲོད་དང་བྲལ་ནས་མི་འཇུ་བའམ། ཡང་ན་རྨའི་ཁ་ཕྱིད་ནས་ཤིན་ཏུ་རློན་པར་འགྲོའོ། །རེད་འབྱོངས་སྐྱོན་མེད་ནི་རྨ་མདོག་དམར་ཞིང་རེག་པར་མི་བཟོད་པས་བརྩེ་བ་དང༌། རྣག་གི་མདོག་སྐྱ་ལ་འཇམ་ཞིང་ཤའུའི་འབྲུམ་ཕྲན་དམར་ཙེམ་བཅས་པ་དང༌། རྨ་ཁ་ལྕགས་ཀྱི་གཡས་བསྐོར་བ་ལྟར་འོང་ཞིང་ནང་དུ་བསྡུ་ལ་བླ་གཉན་ཞེས་བརྡ་རྙིང་གི་སྣོན་མའི་མིང་སྟེ། རྨ་ལ་གཞན་གཉེན་པའི་ནད་གདོན་གྱི་སྣོན་མ་མེད་པའོ། །
གསོ་བའི་ཐབས་ལ་དང་པོ་སྐྲངས་པ་གཞོམ་པ་དང་བར་དུ་རེད་པ་སྦྱང་བ་དང་ཐ་མར་ཤའུ་གསོ་དགོས་ཏེ་དེ་གསུམ་གྱི་སྐབས་ཀུན་དུ་ཟས་དང་སྤྱོད་ལམ་འཕྲོད་པ་དང་མི་འཕྲོད་པ་ཅི་རིགས་པ་བསྟེན་པ་རྣམས་ནི་རྨ་གསོ་བའི་དང་པོ་དང་བར་དང་ཐ་མ་དང་ཀུན་དུ་ཤེས་པར་བྱའོ། །
དེ་ཡང་དང་པོ་རྨ་གསར་པ་ཞག་གསུམ་གྱི་བར་སྦང་མའི་འཇིབ་ཀྱིས་གདུལ་བར་བྱ་སྟེ་ཆུས་མ་བསིངས་པའི་སྦང་གླུམ་ལ་ཆང་འགག་ཅེས་གྲགས་པའི་སྦང་མས་རླུང་འདུལ་ཞིང་ཆུ་སེར་འཇིབ་ལ་ཁུ་བ་བཏོན་ཟིན་པའི་སིངས་པོའི་སྦང་མས་རྨའི་བད་ཀན་སེལ་ཞིང་ཆུ་ནས་བཏོན་པ་བྲོ་བ་གང་ཡང་མེད་པའི་སྦང་མས་ཁྲག་མཁྲིས་ཀྱི་ཚ་བ་འཇོམས་པ་སོགས་སྦང་མའི་རྨ་ཆས་ཐལ་དྲགས་ན་རྨ་འབྱེར་ཞིང་རྨའི་ཤའུ་འདོན་པ་དང་ཁྱད་པར་དུ་རླིག་པའི་རྨ་ལ་ཐལ་དྲགས་ན་འབྲས་བུ་ཕྱིད་ཅིང་ཕྱིར་འབྱིན་ཞིང༌། བྱད་དང་རྐང་ལག་གི་མཐིལ་བཞི་དང་ཆུ་རྒྱུས་ཀྱི་རྨ་ལ་སྦང་མ་ཐལ་དྲགས་ན་འདྲུལ་བར་བྱེད། བྱང་ཁོག་གི་ནང་བརྟོལ་བའི་རྨ་ལ་སྦང་མ་ཐལ་དྲགས་ན་ཁོང་པའི་ཚ་བ་སྡུད་ཅིང་རུལ་ཆུ་སེར་གྱི་མགོར་མྱགས་ཀྱིས་མཆེད་པར་འགྱུར་བས་དེའི་ཕྱིར་ན་སྦང་མའི་གནས་དུས་ཚད་ཤེས་པ་ངེས་པར་གཅེས་སོ། །དེ་འོག་དང་པོ་སྐྲངས་པ་ཤོར་བའི་ཚེ་ན་འཇིབ་འདུལ་བྱ་སྟེ། དེ་ལ་བསིལ་འཇིབས་དང་དྲོད་འཇིབས་གཉིས་རྨའི་ཚ་གྲང་རྩ་ཆུ་ལ་དྲིས་ལ་བྱའོ། །འོན་ཀྱང་རྨའི་རིགས་རྣམས་ཕལ་ཆེར་ཚ་བར་གཏོགས་པ་འབྱུང་བ་ཡིན་ཏེ། འདི་ལ་གྲང་བ་འབྱུང་བ་ནི་དཀོན་པ་ཉིན་མོའི་སྐར་མ་བཞིན་ཡིན་པས། བསིལ་བས་སྐྲངས་པའི་ཐོག་བླུག་ཅིང་བྱུག་པ་དང་དུགས་ཀྱིས་བདུགས་པར་བྱས་ན་མེའི་ཐོགས་ལ་ཆུ་བླུགས་པ་ལྟར་སྐྲངས་པ་ཞི་བར་འགྱུར་རོ། །དེ་ཡང་ཚ་བའི་རྒྱུ་མཁྲིས་པ་ཡིན་ཅིང༌། དེ་ཁྲག་ལ་གནས་པའི་ཕྱིར་ན་རྨ་དང་གང་ཉེ་བའི་རྩ་དང་གང་རྒྱས་ཀྱི་རྩ་ལ་གཏར་བས་ཁྲག་ཤེད་སྨད་པས་མི་ངན་པ་སྡོད་པའི་རྟེན་གནས་དང་བྲལ་ན་གནོད་མི་ནུས་པ་དང་མཚུངས་སོ། །ཤ་རུས་རྩའི་གནད་ལ་ཟེམ་ཞེས་དྲག་ཤུལ་སོགས་མེད་པས་དལ་བུའི་ནད་ལ་གནད་མེད་པར་གཙགས་བུས་གཙགས་ལ་ཇུ་ཙེ་ཞེས་རྒྱ་འཇང་ནས་འོང་བའི་འབྲུ་བྱུགས་ལ་ཐུར་མ་ལྟ་བུས་སྐྲངས་སར་ཞལ་ཞལ་བྱ་ལ་རུས་པའི་སྟེང་གི་རྩ་རྣམས་ལ་རུས་པ་ལ་ཐུག་པར་ཐུར་མའམ་གཙགས་བུ་བརྡེགགནད་ཀྱི་སྟེང་དུ་པགས་པ་གྱེན་དུ་ཡར་འཐེན་པ་ལ་གཙགས་བུས་འཕྲེད་དུ་ཕུག་ལ་གཙག་ཅིང་ཤའི་མེར་དང་སྟོང་ཡོད་པ་སོགས་ཆུ་སེར་འདུས་སར་དབུག་པར་བྱ་བ་ཤིས་ལ། ཕུག་པ་དེའི་སྟེང་དུ་ཆུ་གྲང་མོས་ཚུགས་ཚད་བསྒྲེང་བར་བྱ་ཞིང་དེའི་རྗེས་ལ་ཅུ་གང་སིནྡྷུ་ར་ཤོ་མང་སོགས་རྨ་ལ་ཕན་ཞིང༌། བསིལ་བའི་རིགས་ཀྱི་ཞུན་ཞེས་སྨན་རྣམས་ཞིབ་བཏགས་ཚོས་པར་བཙོས་པ་སྐ་སླ་འོ་ཟན་ཙམ་འདག་པ་ལྟར་བྱུགས་ལ་ཧེལ་སྲབ་སོགས་ཀྱི་སྟེང་དཀྲིས་མས་དཀྲི་བ་དང༌། ནན་ནི་སྨན་རྣམས་ཞིབ་བཏགས་བྱས་པའི་སྐ་སླ་ལུག་ཞོ་ཙམ་རྩེ་འཇམ་བསྲོས་པ་བྱུགས་སྟེང་ཤོག་དེབ་བམ་སྤུ་དེབ་བཏང་བ་ཤིས་པ་ཡིན་པས་འོག་ཏུ་འཆད་པ་རྣམས་ཀྱི་ཞུན་ནན་སྦྱོར་ལུགས་ཀྱང་འདི་ལྟར་རོ། །ཡང་ན་རྔབས་རྭ་བཙུགས་ལ་འབུར་ཏེ་འབུར་བ་དང༌། རྨའི་ཁ་གཙགས་བུས་དྲིལ་ཏེ་ཆུ་སེར་ཡང་ཡང་དུ་གཞིབ་ཅིང་བཤད་མ་ཐག་པའི་ཇུ་ཙེ་དང་བཤད་རྒྱུད་དུ་ཇི་ལྟར་བཤད་པའི་ཚད་དང་ལྡན་པའི་རྔབས་རྭས་ཤ་ལྤགས་ཀྱི་ཆུ་སེར་འདུས་པ་འདྲེན་ལ་འཕྲལ་ཉིད་དུ་ནད་ཟུག་གཅོག་ཅིང་སྐྲངས་པ་རྣག་ཏུ་མི་འཆོར་བར་བྱེད་ཀྱང༌། དེ་ལས་སྔས་ན་སྐྲངས་ལ་འཕར་ཞིང་གདོན་གྱི་སྐྲངས་ཡིན་ན་བྱེར་བར་འགྱུར་བས་སྤང་བ་དང༌། དེ་རྣམས་ཀུན་གྱིས་ཞི་བར་དཀའ་ན་རྩའམ་ལྟོ་ནས་ཕྱི་རྒྱུད་ལྟར་སྦྱང་དགོས་ཏེ། གང་ཞེ་ན་ནད་ཀྱི་རྒྱུ་ཉིད་མཁྲིས་པ་ཡིན་ཞིང་རྩད་ནས་སྦྱོངས་ཀྱིས་འདོན་པའི་ཕྱིར་ན་དཔྱད་ཀྱི་མཆོག་ཡིན་ཞིང༌། ཟུག་མེད་ཅིང་སྐྲངས་པ་སྲ་ལ་རླུང་ཤས་ཆེ་བ་ན། ཆུར་གནས་ཀྱི་སྲམ་དང་ཉ་སྦལ་སོགས་ཀྱི་ཤའི་ལུམས་ཀྱང་བསྔགས་པ་ཡིན་ནོ། །སྲ་ཞིང་བརྟན་ལ་ཟུག་ཆུང་ན་བད་རླུང་འཇོམས་པའི་སྨན་ཆེན་ཐང་ཤིང་བྱེ་རུག་རྒྱ་སྤོས་ཤུ་དག་ལྷོག་དུག་གུ་གུལ་བཅས་ཀྱིས་བྱུགས་པའི་སྟེང་དུ་སྤུ་དང་རྡེའུ་ཆང་བྲན་སོགས་དྲོ་བའི་དུགས་ཀྱིས་བདུག་ཅིང་དེ་འོག་འབྲུ་བཙོས་ནི་གྲོ་ནས་སྲན་གསུམ་སོགས་འབྲུ་ཚོགས་ཚད་བཙོས་ནས་ཞིབ་པར་བཏགས་པའི་ལྡེ་གུས་འཇོམས་སོ། །ན་ཚ་ཟུག་གཟེར་ཆེ་ན་ཟར་མ་དང་ཏིལ་ལམ་ཡང་ན་ནས་དང་ཏིལ་ཆ་མཉམ་ནས་མེ་ལ་སེར་ཙམ་བརྔོས་པའི་ཕྱེ་འོ་མར་སྦྱར་བ་བྱུག་ཅིང༌། ཤུག་པའི་འབྲུ་དང་རུ་རྟ་དང་རྒྱམ་ཚྭ་དང་ཟར་མ་དང་ཏིལ་དང་ཕབས་དང་ནས་རྗེན་ཕྱེ་རྣམས་ཞོར་བཙོས་ཏེ་ཞུན་ཞེས་བྱུག་པར་བྱས་ན་ཞི་བར་དཀའ་བའི་སྐྲངས་པ་གང་ཡང་རྣག་ཏུ་འགུགས་ནུས་སོ། །
བར་དུ་རེད་སྦྱང་ལ་སྤྱི་དང་བྱེ་བྲག་གཉིས་ཀྱི་དང་པོ་སྤྱི་བཅོས་ལ་འབའ་ཆའི་ལུམས་དང་རུས་པའི་ཞུན་ནི་མི་རྟ་ཁྱི་ལ་སོགས་པའི་རུས་པ་བཙའ་མ་སྣ་ཚོགས་ཀྱི་སྐྱོ་མ་བྱུག་ཅིང་སྦང་གར་རྟ་བོང་འོ་མ་ཤིང་མར་བཙོས་པའི་འོ་ཟན་གྱིས་བདུག་གོ། ཡང་ན་དུག་སྣ་རེ་ལྕག་རི་ཤོ་ཀྱི་ལྕེ་ནག་པོ་སྦང་གར་རྗེན་ཕྱེ་མར་ནག་སྦྱར་བའི་ལུམས་སམ་ཞུན་ཞེས་གོང་བཤད་ལྟར་སྐྱོ་མ་དང་ནན་འཕྲོད་སྦྱར་བའམ། ཡང་ན་ས་མྱག་གམ་བྱི་ཁུང་ཤར་ལྟའི་ས་ཁྲུ་གང་འོག་ས། ས་རུལ་ལམ་གྱོ་མོ་ཆུ་རྩ་ཡུང་བ་གོང་བྲུན་སྦང་གར་རྣམས་སྦྱར་བའི་ནན་གྱིས་རྨ་རྒན་གདུལ་རྨའི་རེད་པ་སྦྱང་བ་ལ་དུར་བྱིད་དང་དནྡ་དང་ཡུང་བ་དང་སྐྱེར་པ་དང་ནིམ་པ་དང་ཤིང་མངར་དང་པ་ཏོ་ལ་སྟེ་རྒྱ་ཁུར་དང༌། རྒྱམ་ཚྭ་དང་ཏིལ་རྣམས་ཀྱི་ལྡེ་གུས་རེད་པ་སྦྱོངས། ཡང་ན་རུ་རྟ་དུར་བྱིད་ཡུང་བ་རྒྱ་ཚྭ་བཞི་འམ་དངུལ་ཐལ་ནི་དངུལ་ཆུ་བཏོན་ཤུལ་གྱི་ཐལ་བ་སྟེ། རྒྱ་ཚྭ་དུར་བྱིད་ཐར་ནུ་དོམ་མཁྲིས་མཚལ་དྲུག་དང་ཞ་ཉེ་དང་དུར་བྱིད་ཀྱི་གཙོས་པའི་སྨན་རྣམས་གང་རུང་དང་སྦང་འཇིབས་ཀྱིས་ཤ་རོ་གཅོད་ཅིང་དེ་ལྟར་བྱས་ཀྱང་ཡུན་རིང་དུ་འཚོ་བར་དཀའ་ན་ཤ་རོ་ལྕགས་ཀྱིས་བསྲེག་གོ།
བྱེ་བྲག་གི་དང་པོ་རླུང་གིས་རེད་པ་སྦྱོང་བ་ལ། གླུམ་སྦང་ཚ་བ་སྒ་པི་ཕོ་གསུམ། སྣུམ་འབྲུ་མར་ཞུན་མར་རྐང་མར་ཚིལ་དང་བཞི། ར་མཉེ་ཉེ་ཤིང་ལྕ་བའི་ཆས་དེབ་ཆིངས་དང་སྒྱོགས་སོགས་བྱ་བ་དང༌། བསིལ་མི་གཏོང་ཞིང་ཁྱི་ལ་བ་ཞེས་འཕྲལ་སྐད་སྟོད་ཇའི་ཐལ་བ་སོགས་སྐམ་རྩི་བྱུག་པ་དང༌། མཁྲིས་པས་རེད་ལ་ག་བུར་མཁྲིས་སྣ་ཅུ་གང་ཀ་ར་སོགས་གདབ་ཅིང༌། ཤོ་མང་ངམ་ཞོ་གླན་གྱི་བསིལ་ཆས་བྱ་ཞིང་སྣུམ་མི་བཏང༌། ཁྲག་གིས་རེད་པ་ལ་མཁྲིས་སྣ་གདབ་དམར་པོ་བཙོད་ཞུན་རམས་ཚོས་རྡོ་དྲེག་དམར་པོ་བཅས་ཀྱི་ཆས་བྱ་བ་དང༌། གཏར་ག་གདབ་ཅིང་བྱ་བྲུན་དུགས་སོགས་མི་བྱ་བ་དང༌། བད་ཀན་གྱིས་རེད་པ་ལ་སྔོའི་ཚ་བ་ལྕེ་དབྱི་སྲུབ་གསུམ་མཁྲིས་སྣ་མི་དོམ་ཉ་གསུམ་དང་བཅད་འབྱོར་ཞེས་ཡུ་གུ་ཤིང་སྟག་ཤ་རྒུ་དྲུས་སོགས་གདབ་ཅིང་སྦང་གར་ཚ་བ་སྒ་པི་ཕོ་གསུམ་ཕབས་ཀླད་པ་གཡེར་མ་ཞོ་བཅས་པའི་ཆས་བྱ་ཞིང༌། སྣུམ་དང་སྒོ་ང་མི་བཏང་བ་དང༌། ཟས་ཀྱིས་རེད་པ་ལ་ཉ་ལྕིབས་ཏེ་ཆུ་བལ་རློན་པ་ནད་མ་གཡུ་ལོ་ཞོ་བཙགས་ཤ་ཆང་བཅས་བཏང་ཞིང༌། འཇིག་ཟས་བསྡམ། སྐོམ་གྱིས་རེད་པ་ལ་དོམ་མཁྲིས་རྒྱ་ཚྭ་ཕག་མགོ་ལིག་བུ་མིག་སོགས་བྱུག་ཅིང་འོམ་བུ། བ་ལུ། ཤུག་པ་ཞོ་དང་སྦྱར་བ་གླན། ཉི་མས་རེད་པ་ལ་ཀ་ར་ཤིང་མངར་རའི་འོ་མ་བཅས་བྱུག་ཅིང་བཤད་མ་ཐག་པའི་ཉ་ལྕིབས་གླན། ལྷགས་པས་རེད་པ་ལ་མཁན་པ་སྦང་མ་ཚ་བ་སྒ་པི་ཕོ་སུམ་ལྕམ་འབྲུམ་ཞུན་ཞེས་བྱུག་པར་བྱ་ཞིང༌། སྔར་བཤད་ལྟར་འོལ་སྐོམ་གླན་པ་དང༌། གཉིད་ཀྱིས་རེད་པ་ལ་ག་བུར་གྱི་ཆུ་བྱུག་ཅིང་ཆུ་རྩ་བག་ཕྱེ་ཞོ་སོགས་གླན་པ་དང༌། ཆགས་པས་རེད་པ་ལ་མར་ནག་ལ་སྒ་པི་སོགས་ཀྱི་སྤོད་བྲན་བྱུག་ཅིང་ཤ་ཆང་བཏང༌། འཇིགས་པས་རེད་པ་ལ་གླ་རྩི་གུ་གུལ་སོགས་བྱུག་ཅིང་ཞོ་སྦང་གླན་པ་གྲོགས་བསྟེན་པ་སོགས་ཀྱིས་ནད་སྦྱང་ངོ༌། །
ཞེ་སྡང་གིས་འགྲམས་པ་ལ་ཅུ་གང་སིནྡྷུ་ར་བསིལ་སྨན་གྱི་རིགས་དང་བསིལ་ཆས་ཞེས་ཤོ་མང་རྨར་གླན་པ་སོགས་བྱ་ཞིང་ཡིད་འོང་གི་གཏམ་དང་གྲོགས་བསྟེན་པ་དང༌། དྲག་ཤུལ་གྱིས་འགྲམས་པ་ལ་ཤོ་མང་གླན་ཞིང་གཏར་ག་བྱ་བ་དང་དལ་བར་བསྡད་དོ། །ཉི་མས་འགྲམས་པ་ལ་ཧོང་ལེན་དང་གོང་བཤད་ཉ་ལྕིབས་དང་བྲ་བོ་ཞོ་སྦྱར་བཏང་བ་དང༌། རྟས་འགྲམས་པ་ལ་ཀ་རའི་ཐང་བཏང་ཞིང་འབྲི་ཏ་ས་འཛིན་རྟ་སྦངས་བཅས་བྱུག་པ་དང༌། ཟས་འགྲམས་ལ་བསིལ་ཟས་བཏང་ཞིང་བཅུད་ཟས་བསྡམ་པ་དང༌། གདོན་གྱིས་འགྲམས་པ་ལ་གུ་གུལ་གླ་རྩི་མུ་ཟི་སྤང་སྤོས་ཤ་ཆེན་ཡུངས་ཀར་སོགས་བྱུགས་པས་གསོ།
པགས་པ་བྱེར་བ་ལ་རྨར་མཁྲིས་སྣས་བཀྲུ་ཞིང་ཆུ་སེར་བཙག་པ་དང༌། ཤ་བྱེར་གྱི་ཆུ་བཙགས་ལ་སྐྱ་སྦྱོར་ཞེས་སྦང་གར་རྗེན་ཕྱེ་སྒོ་ངའི་དཀར་པོ་བཅས་བྱུག་ཅིང་ཕྱིང་དེབ་བྱ། ཚིལ་བྱེར་བ་ལ་ཕྱིང་དུགས་བྱ་ཞིང་སུག་པ་བོང་དཀར་རེ་སྐོན་ཆུ་རྩ་དྲེས་རྙིང་ཕུར་ཡོག་དཀར་པོར་བསྲེགས་པ་མར་དཀར་དང་བཅས་པའི་ཐལ་བའི་སྐམ་རྩི་བྱུག་པ་དང༌། རྩ་བྱེར་ལ་འཕར་རྩ་བསྲེག་ཅིང་ཁྲག་རྩ་གཏར་དོམ་མཁྲིས་དང་སྟབས་སེང་གི་ཐང་བཏང་ཞིང་མཁྲིས་ནན་བྱ། རུས་བྱེར་ལ་ལྷ་བ་བྲུད་ཅིང་དོམ་མཁྲིས་སྟབས་སེང་རུ་རྟ་ཚེར་སྔོན་སོགས་གདབ། ཚིགས་བྱེར་ལ་ཐུར་མས་ཕུག་ལ་ཚིགས་བཤལ་སོགས་ཀྱི་འཁྲུས་དང་རྨ་ཆས་རིགས་ཀྱི་ནན་གྱིས་བསྡུ་བར་བྱ།
ཤ་གཞའ་ལ་ཆང་དང་ལུག་ཤ་བཏང་ཞིང་གཅོད་སྨན་དོམ་མཁྲིས་གདབ། རུས་གཞའ་ལ་ཁོང་དུ་ཤ་ཆང་བཏང་ཚ་བ་སྒ་པི་ཕོ་གསུམ་གྱིས་བཀྲུ་བ་དང་དོམ་མཁྲིས་ཡུང་མཚལ་བཅས་གདབ། ཚ་གཞའ་ལ་བསིལ་གྱིས་བཀྲུ་བ་དང་ག་བུར་གདབ། གྲང་གཞའ་ལ་གསར་བཅུད་བཏང་ཞིང་དྲོད་ལུམས་བྱ་བ་དང༌།
ཤ་མྱོས་ལ་དོམ་མཁྲིས་ལི་ཁྲི་ཡུང་བ་སོགས་ཀྱིས་རུལ་གཅོད་གདབ་ཅིང་མེས་བསྲེག ཁྲག་མྱོས་ལ་རྨ་ལ་ཁྲག་འདོན་ཞིང་གཅོད་སྨན་དོམ་མཁྲིས་སྤྲུ་མའི་འབྲུ་མཁན་པ་དང་སྲད་ནག་སོགས་གདབ། རུས་མྱོས་ལ་བསྲེག་གམ་བྲུད་པ་སྟེ་བྲད་ལ་སྨན་སྦལ་རྒྱབ་ཆིག་ཐུབ་ལི་ཁྲི་རྡོ་ཆུ་སོགས་གདབ། རྣག་མྱོས་ལ་མེ་བཙའ་གདབ་ཅིང་རྣག་དབྱུང་ལ་བཅད།
རུས་པའི་རུལ་ཟན་ལ་ཁོང་དུ་བྱ་དང་རི་བོང་གི་ཤ་གཏོང་ཞིང་མི་རུས་འབྲུག་རུས་མགྲོན་ཐལ་རུ་རྟ་གདབ་ཅིང་དེས་མ་ཐོན་ན་ཤ་དྲས་ལ་རུས་མཛེར་གདོན། ཟུག་རྔུའི་རུལ་ཟན་ལ་ཁོང་དུ་ཉ་ཤ་བཏང་ཞིང་རྨ་ལ་ཟུག་རྔུ་འབྱིན་པའི་སྨན་ཡུ་མོ་མདེ་འབྱིན་སྦྲུལ་ཚིལ་གྱི་ཞུན་ཞེས་སྐྱོ་མ་བྱུག་པར་བྱ། རུལ་གཅོད་བཤད་མ་ཐག་པ་ལྟར་གདབ་ཅིང་རྣག་འཁྱིམས་པ་འདོན་པ་དང༌། རྣག་ལ་རྣག་བཤལ་མི་འདྲ་བ་མང་ཙམ་འབྱུང་ཡང༌། རྗེ་ཟུར་མཁར་བས། ཡང་ན་ཐར་ནུ་དུར་བྱིད་དང༌། །དན་རོག་ཆུ་རྩ་རེ་ལྕག་པ། ཁྲོན་བུ་སྔོན་བུའི་རྩ་བ་དང༌། །ལྕུམ་རྩ་ཆ་མཉམ་ཁཎྜ་བྱས། །དེ་གཉིས་མཐེབ་ཆེན་ཚད་ཙམ་ལ། །ཟངས་ཐལ་བཟང་པོ་ཐུན་བཟང་གཅིག། ཚ་ལ་ཤིང་མངར་རྒུན་འབྲུམ་དང༌། །རྒྱམ་ཚྭ་ཤིང་ཚ་ཐུན་ཚད་རེ། །བྱང་པ་དམར་ཁྲ་དུག་ཕྲལ་དགུ། །ཞིབ་བཏགས་སྟར་བུའི་ཁུ་བ་ལ། །འདམ་བཏགས་བྱས་པའི་རིལ་བུ་དེ། །སྦྱོངས་ཀྱི་ལག་ལེན་ཇི་བཞིན་བཏང༌། །གསང་བ་སྦུབས་འདྲེན་ཞེས་བྱ་བས། །རྣག་རྣམས་མ་ལུས་ཐུར་དུ་འདྲེན། །རྣག་བཤལ་འདི་འདྲ་གཞན་ན་མེད། །ཅེས་པ་ལྟར་བྱ་བ་དང༌། རྨའི་རུལ་ཟན་དབྱུང་བ་ལ་རྨ་ལ་ཞོ་བཙགས་གླན་ཞིང་བ་རུ་རའི་ཚི་གུ་གདབ། རྨ་ཕྱིད་ན་ཞོ་ཕྲུམ་གླན་ཞིང་ཆུ་རྩ་གདབ་པ་དང་སྦང་མ་སྦང་བར་བྱའོ། །དེ་ལ་སོགས་པའི་རྨ་རེད་བླ་གཉན་གང་བྱུང་དེ་ལྟར་དུ་བསལ་ལ། ཐ་མ་སྐྱོན་སོལ་ཞིང་དག་ནས་རྨ་རྩིས་གསོ་ཞིང་དེ་ཡང་ལུག་གི་མཁྲིས་པ་ཚང་མ་བདུན་ཆུ་ཕུལ་ལྔ་ལ་གདུས་ནས་བྱའི་ཟེ་ཁྲག་བྲག་སྤོས་མི་དོམ་ཉ་མཁྲིས་སྟག་ཤ་དར་ཡ་ཀན་སྦྱར་བ་གསར་རྙིང་མེད་པའི་རྨ་རྩིར་བཟང་ངོ༌། །
དང་པོ་གསོ་བ་དང་གཅོད་པ་དང༌། སྦྲགས་མར་སྦྱར་བ་དང་དེའི་རྗེས་སུ་འཚོ་སྨན་ཆིག་ཚུགས་སྦྱར་བའོ། །དང་པོ་གསོ་གཅོད་ལ་ལི་ཁྲི་དང་མཚལ་སེར་མཚུར་ཨ་རུ་སོ་ཆ་སྤོས་དཀར་སྦང་མ་མར་གསར་བཅས་བརྒྱད་དང༌། བཅད་འབྱོར་གཞན་དུ་རིགས་མང་ཡང་འདི་སྐབས་ཡུ་གུ་ཤིང་གི་ཁཎྜ་གཙོ་བོ་བྱས་པའི་བཅད་འབྱོར་ལ་སྔོའི་ཚ་བ་ལྕེ་དབྱི་སྲུབ་གསུམ་མི་དོམ་ཕག་མཁྲིས་གསུམ་དང་བདུན། སེར་པོ་རྒུ་དྲུས་དང་ཆུ་རྩ་དང་དོམ་མཁྲིས་དང་བྲག་སྤོས་དང་ཆུ་མ་རྩི་དང་ཀ་ར་སྟེ་ལྔ་པ་སོགས་གང་འཛོམ་གྱིས་གསོ་ཞིང་གཅོད་པར་བྱེད་དོ། །ཐ་མ་ལ་མཁྲིས་སྦྱོར་ནི་གོང་བཤད་རྨ་རྩིས་གསོ་བ་ལྟར་ལུག་མཁྲིས་བདུན་གོང་བཞིན་ཆུ་ཕུལ་ལྔ་ལ་གདུས་ལ་བྱའི་ཟེ་ཁྲག་བྲག་སྤོས་མི་དོམ་ཉ་མཁྲིས་སྟག་ཤ་དར་ཡ་ཀན་སོགས་སྦྱར་རོ། །སྔོ་སྦྱོར་ལ་དར་ཡ་ཀན་སེར་འདབ་ལྔ་པ་ཞེས་ལྕེ་ཚ་དང་སྐྱེར་ཤུན་སྙི་བ་ཁུར་རྩ་ཤེལ་ཏ་ནི་ནགས་མའི་ཐང་ཆུ་དང་པ་ཡག་འབྲུ་ཀ་ར་སོགས་སྦྱར་བ་རྨ་ཀུན་ལ་བཟང༌། སྦྱོར་ལ་ཀྱི་ལྕེ་དཀར་པོ། བྲག་ལྕམ། སྟག་ཤ་ནག་པོ། ཕག་ལང་པ་སྟེ་རྒུ་དྲུས་ཡུ་གུ་ཤིང་གི་ཁཎྜའི་བཅད་འབྱོར་ཆུ་རྩ་བྲག་སྤོས་མཁྲིས་སྣ་མཚལ་དཀར་ཅུ་གང་གུར་ཀུམ་ཀ་ར་སོགས་སྦྱར་བ་ནི་གསར་རྙིང་ཀུན་གྱི་རྨ་རྩི་དང༌། བྱེ་བྲག་ཤ་ལ་སྟག་ཤ་དོམ་མཁྲིས་བྲག་སྤོས་སོགས་གདབ་པ་དང༌། རུས་ལ་སྟབ་སེང་ཨ་བྱག་དོམ་མཁྲིས་ཚེར་སྔོན་ཨ་བ་སོགས་གདབ་པ་དང༌། པགས་པ་ལ་སླང་དྲེག་སྙེ་ནག་ཕ་བ་དགོ་དགོ་དུད་པ་བྱ་བལ་མ་ཞེས་ཆུ་བལ་དང་མར་གསར་སོགས་བྱུགདྲེག་ཅེས་རྐང་པའི་མཐེ་བོང་དང་ལག་པའི་གྲུ་མོ་ལ་ཁུར་མང་ཁུར་ཆུང་སུམ་ཅུ་ཏིག་སོགས་འདི་དག་གི་རྨ་རྩིར་བསྟུན་པ་དང༌། དེའི་རྗེས་སུ་རྨེན་པ་བརྟས་པར་བྱ་བ་ནི་རྨེན་པ་ཆགས་ནས་ཕྱེ་མར་གླན་པ་དང་ཡང་ན་ཤུ་དག་རྒྱམ་ཚྭ་སྒ་པི་ཕོ་གསུམ་ཞུན་མར་རྐང་མར་རེ་བལ་ཏེ་རའི་ཁེའུ་བཙོས་ལ་གླན་པ་དང༌། གདོང་པའི་པགས་པའི་མདོག་པདྨ་ལྟ་བུར་མཛེས་པར་བྱེད་པ་ལ་ལྡོང་རོས་ཚོས་བཙོད་བ་བླ་ཡུང་སྐྱེར་སྦྲང་སོགས་སྦྱར་བ་བྱུགས་ཤིང་མགོའི་རྨེན་པ་སྐྲ་ལོ་སྐྱེད་པར་བྱེད་པ་ལ་ནི་བ་ལང་གི་རྭ་རུས་པ་རྨིག་པ་སྤུ་ལྤགས་ཐལ་བ་སོགས་ཏིལ་མར་དང་སྦྱར་བ་བྱུག་ཅིང༌། ཡང་ན་ཡན་ལག་བརྒྱད་པར། བ་སོ་དུད་པ་མ་ཤོར་བསྲེགས། །སྐྱེར་ཁཎྜ་དང་ཏིལ་མར་སྦྱར། །བསྐུས་ན་སྤུ་ནི་སྐྱེ་བར་བྱེད། །དེ་བཞིན་རྐང་བཞིའི་སེན་མོའི་སྤུ། །རུས་པ་པགས་པ་རྟ་རྨིག་བསྲེག། སྣག་ཚ་ཏིལ་མར་དང་སྦྱར་བ། །བྱུགས་ན་སྤུ་ནི་སྐྱེ་བར་བྱེད། །ཅེས་ཀྱང་རིགས་སོ། །དེ་ཡང་རྨ་སྤྱིར་ཟས་དང་སྤྱོད་ལམ་འཕྲོད་པ་བསྟེན་པ་དང་མི་འཕྲོད་པ་སྤང་བ་ནི་རྨ་གསར་པའི་དུས་ན་གནད་ལ་སོང་བ་ན་ཁྲག་མི་འཆོར་ཞིང་མི་སྐྲངས་པའི་ཕྱིར་དུ་ཆུ་དང་རྩམ་པ་བཀུག་པ་སྟེ་སྤངས་ནས་སྨྱུང་བར་བྱ་ཞིང་རྨ་དེ་གནད་པར་མེད་ན་རྨ་དྲོན་ལ་ཆང་ཞིམ་པོ་དང་མར་གསར་གྱི་ཁུ་བ་འཐུངས་པས་རྨ་གནད་ལ་དབབ་ནས་དེས་རྨ་ནད་ཟུག་ཆུང་ཞིང་རང་བཞིན་གྱིས་འབྱོར་བར་བྱེད་པ་ཡིན་ཀྱང་གནད་དང་གནས་སྐབས་བལྟ་དགོས་སོ། །རྨ་རྣམས་སྐྲངས་ཆག་ཀྱང་མཐེབ་རྗེས་ལེན་ལ་ཚ་བ་སྐྱེ་ཞིང་ལུས་ཟུངས་ངན་ལ་དམའ་ན་ཤ་གསར་པ་དང་ཀར་བུར་སྦྲང་སོགས་བཅུད་ཟས་དང་སྤྱོད་ལམ་སྐྱིད་པ་སོགས་ཀྱིས་ལུས་ཟུངས་གསོ་བ་ལ་བསྔགས་པ་དང༌། ཞོས་ཚད་པའི་ནད་ཟུག་གཅོག་ཅིང་ཁ་ཟས་ལེན་ལ་འོན་ཀྱང་ནན་ལྟར་དུ་བཏང་ནས་རྣག་བུངས་ཆེ་བར་གྱུར་ན་ཞོས་གནོད། རྔ་བྲན་ཞེས་སྐོམ་པོའི་ཤ་དང་སེམས་ཅན་རྔ་མ་ཅན་གཞོན་ནུར་བཞེད་པ་སོགས་མཆིས་རུང་དོན་རྔ་མོའི་རྔེའུ་མ་དེར་ཐོག་མར་སྐྱེས་པའི་ཤ་གསར་གྱིས་ཤའུ་འཕྲལ་དུ་སྐྱེ་ན་ཡང་ཕོ་བ་ངན་ཞིང་འབྱང་བ་སྟེ་འཁྲུ་ན་དེ་ཡང་གནོད་པར་འགྱུར་ལ་མར་གསར་གྱིས་རྨ་རེད་པ་དང་འཚོ་དཀའ་བའི་རྩ་ཁ་སྡོམ་ན་ཤིས་སོ། །ཆང་གི་ནུས་པས་ནི་ཁྲག་དང་ཆུ་སེར་དང་རྣག་སྐྱེད་དེ་འོན་ཀྱང་རྨ་གཞའ་བ་དང་ཆུ་རྒྱུས་རེངས་པ་དང་འཁུམས་པ་སོགས་འདུལ་ན་ཆང་ཉིད་བསྔགས་པ་དང་ཆུ་ཉིད་ཀྱིས་ཚ་བའི་ནད་གཅོག་ཅིང་དང་ག་འབྱེད་ན་ཡང་སྐྲངས་སུ་ཤོར་བ་དང་གདོན་དང་ཕོ་བའི་མེ་དྲོད་ངན་པ་ལ་དུག་དང་འདྲ་བས་སྤང་ངོ༌། །ཉ་དང་ཕག་པའི་ཤས་རྨ་ཀུན་བཤིག་པར་བྱེད་པས་སྤང་དགོས་ལ་འོན་ཀྱང་མདེའུ་དམ་པོར་ཟུག་པ་དང་རྨ་འབྲས་འདུལ་བ་ལ་བཏང༌། རི་བོང་གི་ཤ་དང་བྱའི་ཤས་རྨ་འབྱེར་ཞིང་རུས་མཛེར་འགོག་ལ་ཤ་རྙིང་པ་དང་མར་རྙིང་དང་ནང་ཁྲོལ་གྱི་རིགས་དང་སྒོ་ང་དང་རྗེན་སོགས་ཀྱིས་རྨ་རྣམས་ཀུན་ལ་གནོད་པ་ཡིན་པས་དེ་དག་སྤང་བར་བཤད་ཅིང་རྨའི་སྐྲངས་པོ་དང་ཚ་བ་ཆོགས་པ་དང་རྣག་ཤ་ཐོན་པ་སོགས་ཀྱིས་དུས་དེར་རེད་པ་རྣམས་འབྱོངས་པར་གྱུར་ནས་ཤ་གསར་མར་བུར་ཀར་སྦྲང་ཆང་གསར་འཇམ་དང༌། རླུང་ཅན་ལ་ཤ་སྐམ་ཆང་རྙིང་གཏོང་བ་སོགས་ཟས་བཅུད་སྤྲུག་གོ།
བྱེ་བྲག་མགོ་ཡན་ལག་བྱང་ཁོག་གང་ཡིན་ཡང་པགས་པ་བཤུས་པ་ལ་ཟན་དྲོན་ཨ་སས་བདུག་ཅིང་ཚ་ལ་དོམ་མཁྲིས་གུར་ཀུམ་སོགས་གདབ་པ་དང་པགས་པ་སྦྱར་ཏེ་ཧེལ་སྲབ་དང་སྤྱིན་ཆུས་སྦྱར་ལ་དེ་སྟེང་སྐྱ་སྦྱོར་ཡན་ལག་གི་དུས་བཤད་པའི་རྒྱས་འབྲིང་བསྡུས་གསུམ་གང་རུང་ངམ་ཡང་ན་སྦང་གར་རྗེན་ཕྱེ་སྒོ་ངའི་དཀར་པོ་རྣམས་ཕྱིང་པའི་དེབ་བཏང་ལ་བཅིང༌། ཡང་ན་སྨན་སོགས་མེད་པར་པགས་པ་སྦྱར་ཏེ་ཧེལ་སྲབ་དང་སྤྱིན་ཆུས་སྦྱར་ལ་དེ་སྟེང་བཤད་མ་ཐག་པའི་སྐྱ་སྦྱོར་ཕྱིང་དེབ་བཏང་ལ་བཅིང༌། ཡང་ན་པགས་པའི་སྟེང་དུ་མར་དཀར་སྦྲང་རྩི་བསིལ་བའི་སྨན་ཅུ་གང་སིནྡྷུ་ར་ཤོ་མང་སོགས་བྱུགས་ལ་ཕྱིང་པ་བཏང་རས་ཀྱིས་བཅིངས་པས་སྦྱར་ཞིང་གཤགས་པ་ལ། ཤ་གང་ཡང་གྱེན་ཐུར་དུ་གཤགས་ན་ཕར་ཚུར་གཉིས་སུ་སྐྱ་སྦྱོར་ཕྱིང་པ་སྦྱར་ཏེ་རྨའི་སྟོད་སྨད་བར་གསུམ་དུ་དྲུ་བུ་ལྟ་བུར་ཆག་ཆིངས་བྱས་བསྡམས་ལ་དེ་ནས་བསྡོམས་ཞག་གསུམ་གྱི་ཐོག་བཤིག་སྟེ་བཤད་མ་ཐག་པའི་རྨ་རྩི་གདབ་ཅིང་རྨ་ཁར་སྦང་རོ་གླན། རླིག་པ་རལ་ན་བཙེམས་ལ་སྐ་རགས་བཅིང་པ་དང་དུགས་ལུམས་སྤང༌། ཤ་ཉིལ་ན་དར་སྐུད་ཀྱིས་བཙེམ་ཕྱིང་དེབ་བཏང་ཤིང་བྱང་གིས་བསྡམ་བཅད་པའི་རྨའི་ཤ་གང་ཡང་འཕྲེད་དུ་བཅད་ན་རྨའི་སྟོད་སྨད་དུ་ཕྱིང་པ་སྦྱར། གཞན་བཅོས་ལུགས་གཤགས་པ་བཞིན་དང་རྣམ་པར་བཅད་པ་རུས་པ་ལ་ཐུག་པར་ཆད་ན་ཧེལ་གེ་སྤྱིན་སྦྱར་གྱིས་ཟམ་བུ་བཏང༌། དེའི་སྟེང་དུ་བཤད་མ་ཐག་པའི་སྐྱ་སྦྱོར་ཕྱིང་དེབ་བཏང་ལ་བཅིངས་ཏེ་མཐུད་འཕྱང་བ་བཅད་པ་རུས་པ་ཆོད་ནས་ཤ་ཁམ་ཙམ་ལས་པ་དེ་བཅད་ནས་ཁད་སྤུ་གཞུག་ལ་སྣུམ་སྲེག་བྱེད་ཅིང་ལྷུང་ན་ཁད་སྤུ་གཞུག་པ་ཤ་ལ་སྐྱ་སྦྱོར་ཞེས་སྦང་གར་རྗེན་ཕྱེ་སྒོ་ང་དང་ཕྱིང་དེབ་བཏང༌། དེའི་སྟེང་དུ་ཤིང་བྱང་སྲབ་ལེབ་ལྔ་དྲུག་ཇི་ཙམ་དགོས་རིང་ཐུང་འཚམ་པར་བསྒྲིགས་འབྲེང་པས་བསྡམས་བསྣོལ་མཚམས་སུ་ཀྱི་གུ་བསྣོལ་ནས་བརྒྱབ་སྟེ་གཅུས་ལ་མར་ཙག་བཅད་པ་བྱུགདེ་ནས་ཁ་ཞུན་དང་རྨ་རྩི་ཚུལ་བཞིན་བྱ་བ་དང་རྩ་རྒྱུད་རྣམས་མེས་མནན་ནོ། །གྲུམས་པ་བཅིང་བ་ལ་འོ་མ་བསྐོལ་བ་འབྲས་ཐུག་སྐམ་པའི་ཤ་ཁུ་སོགས་བྱིན་ཞིང་གཞན་མ་ཆག་ཆིངས་དང་འདྲ་ཕུག་པའི་བཅོས་ཀླད་པ་ཕུག་པ་དང་བྱང་ཁོག་ཕུག་པ་གཉིས་རང་རང་གི་ལེའུའི་གཤམ་དུ་གསལ་ལ་འདིར་ཡན་ལག་ཤ་འདམ་ཆེ་སར་ཐུར་དུ་ཕུག་ཆེས་ན་རྨར་ཤེལ་ཏ་ཞེས་སྒྲོན་ཤིང་གི་ཐང་ཆུའི་རེང་བུ་གཞུག་ཅིང་རྒྱབ་ནས་ཆུ་ལྕག་བྱ། རྨ་ཕུག་ན་ཕྱིང་པ་བསྒྲིལ་བས་གསང་བ་སོགས་མདོར་ན་རྨ་གཏིང་དུ་ཆུ་སེར་མི་འཁྱིམ་པར་བྱའོ། །རྣག་ཕུགས་ཆེས་ན་ཛཱ་ཏི་པུཥྤ་སྟེ་མེ་ཏོག་མར་དང་སྦྱར། ཡང་ན་ཛཱ་ཏི་པུཥྤ་ནིམ་པ་པ་ཏོ་ལ་སྟེ་རྒྱ་ཁུར། ཡུང་སྐྱེར་བ་སྤྲུ་ཧོང་ལེན་སྤྲ་ཚིལ་སྦང་མ་བཙོད་ཤིང་མངར་ཀ་རཉྫ་ཨ་རུ་ར་བཅས་པའི་སྨན་མར་ཟ་བྱུག་དང་རྨ་ནང་བླུགས་པས་ཁ་ཆུང་གཏིང་རིང་ཕུག་པ་བཅས་ཀྱི་རྣག་འཛག་སེལ་ལ་ཆུ་སེར་དྲངས་ཞེས་གསུངས་སོ།།
བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གྱི་རྒྱུད་ལས་རྨ་སྤྱིའི་གསོ་ཐབས་བསྟན་པའི་ལེའུ་སྟེ་བརྒྱད་ཅུ་རྩ་གཉིས་པའོ།། །།
མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 4:43 PM
<< སྔ་མ།