ལེའུ་གྱ་གཉིས་པ། རྨ་སྤྱིའི་གསོ་ཐབས་བསྟན་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022 |
མན་ངག་རྒྱུད། >> ལེའུ་གྱ་གཉིས་པ། རྨ་སྤྱིའི་གསོ་ཐབས་བསྟན་པ། |
ལེའུ་གྱ་གཉིས་པ། རྨ་སྤྱིའི་གསོ་ཐབས་བསྟན་པ།
དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། །རྨ་གསོའི་སྐབས་ལ་ཇི་ལྟར་བསླབ་པར་བགྱི། །རྨ་ཞེས་བྱ་བའི་རྒྱུ་རྐྱེན་གང་ལས་བྱུང༌། །ངོ་བོ་རྒྱུ་མཚན་ཅི་ལས་མིང་དུ་བཏགས། །དེ་ལ་གནས་པའི་ས་དང་དབྱེ་བ་དུ། །རྟགས་དང་བཅོས་ཐབས་ལོག་གནོན་རྗེས་གཅོད་རྣམས། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་དང༌། དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག
རྒྱུ་རྐྱེན་རླུང་དང་མཁྲིས་པ་བད་ཀན་ལ། །ཟས་སྤྱོད་མི་འཕྲོད་གདོན་གྱིས་རྐྱེན་པ་ཡིས། །ལྷན་ཅིག་སྐྱེས་པའི་རྨ་རུ་འགྱུར་བ་ཡིན། །མདའ་རྡོ་གྲི་མདུང་རྭ་ཤིང་མཆེ་བ་མེ། །ལུས་ལ་བསྣད་པས་གློ་བུར་རྐྱེན་རྨར་འགྱུར།།
འཛག་པ་དྲི་ང་ཚོར་བ་སྡུག་བསྔལ་བཅས། །ལུས་ལས་འཕྲལ་དུ་ཉམས་ཤིང་རྨ་བ་ལ། །པགས་པ་ཤ་གདན་རལ་ཕྱིར་རྨ་ཞེས་བྱ།།
གནས་ས་པགས་པ་ཤ་དང་ཆུ་རྒྱུས་རྩ། །ཚིགས་དང་རུས་པ་དོན་སྣོད་བརྒྱད་ལ་གནས།།
དབྱེ་བ་ལྷན་ཅིག་སྐྱེས་དང་གློ་བུར་གཉིས། །ལྷན་སྐྱེས་རྨ་ལ་སྤྱི་དང་བྱེ་བྲག་གཉིས། །ཕྱི་མ་རྡོལ་དང་ནང་རྨ་ཟ་ཁུ་དང༌། །བར་མ་ཟུག་པ་ཞེས་བྱ་གསུམ་དུ་འགྱུར། །བྱེ་བྲག་ཕྱི་ནང་འབྲས་དང་གཞང་འབྲུམ་དང༌། །མེ་དབལ་སུར་ཡ་རྨེན་བུ་རླིག་རླུགས་དང༌། །རྐང་བམ་མཚན་བར་རྡོལ་དང་བརྒྱད་དུ་བཤད། །གློ་བུར་རྐྱེན་གྱི་རྨ་ལ་རིགས་དང་གནས། །རིགས་ཀྱིས་དབྱེ་ན་བཤུས་གཤགས་བཅད་པ་དང༌། །རྣམ་པར་བཅད་དང་རབ་ཏུ་འཕྱང་བ་དང༌། །ལྷུང་དང་གྲུམས་དང་ཕུག་པ་བརྒྱད་ཡིན་ནོ། །གནས་ཀྱིས་དབྱེ་ན་མགོ་དང་བྱང་ཁོག་དང༌། །ཡན་ལག་རྨ་དང་གསུམ་འདུས་རྐེ་རྨ་བཞི།།
དེ་རྟགས་གསོ་བ་དཀའ་སླ་བརྟག་པ་དང༌། །གནད་ལ་སོང་དང་མ་སོང་བརྟག་པ་དང༌། །རེད་དང་མ་རེད་བརྟག་པ་རྣམ་པ་གསུམ། །གསོ་དཀའ་བ་ལ་གནས་དང་རང་བཞིན་རྐྱེན། །རྨ་གནས་མིག་དང་རྣ་བ་སོ་དང་སྣ། །མུར་གོང་རྩིབ་ལོགས་བྲང་དང་ལྟེ་བ་དང༌། །ནུ་མ་མཆན་ཁུང་རླིག་པ་རུས་མགོ་དང༌། །སྒལ་ཚིགས་ཆུ་རྒྱུས་ལས་བྱེད་ཚིགས་མཚམས་དཀའ། །རྨ་ཡི་རང་བཞིན་ཐུར་དུ་ཕུགས་འཆས་དང༌། །ཟུག་རྔུ་ལས་དང་ཉྭ་ཁྲོས་ཆུ་རྒྱུས་རུལ། །རྩ་ཆད་ཚིགས་འཁོར་འབུ་ཞུགས་རུས་མཛེར་ཡོད། །ནང་སྐྱོན་མ་སྦྱངས་རེད་བཅས་གསོ་དཀའ་ཡིན། །རྐྱེན་ནི་སྣུམ་དྲགས་ཟས་དམན་སྨྱུང་བར་འདུག །ཉིན་པར་གཉིད་ལོག་ཉལ་པོ་སྤྱད་པ་དང༌། །བསྒུལ་བསྐྱོད་སྔས་པ་འཚོ་བ་དཀའ་བར་བཤད། །དེ་ལས་གོ་ལྡོག་རྨ་ནི་གསོ་བ་སླ། །གནད་དུ་བབས་པ་གསོས་ཀྱང་འཚོ་མི་འགྱུར། །གནད་ལ་སོང་བ་ཤ་ཚིལ་རུས་པ་དང༌། །ཆུ་རྒྱུས་དོན་སྣོད་རྩ་གནད་རྣམ་བདུན་ཏེ། །ཤ་གནད་སྐྲངས་ཤིང་བྱེར་ལ་ཁྲོ་བ་ཡིན། །ཚིལ་བུའི་གནད་ལ་སོང་ན་ལྷོག་ཐབས་སྐྲངས། །རུས་གནད་ན་ཞིང་རུས་ཚད་རྐུན་བུར་སྐྱེ། །ཆུ་རྒྱུས་གནད་ལ་སོང་ན་ཞ་རེངས་འགྱུར། །དོན་གནད་ཟུག་གཟེར་ཆེ་ཞིང་གཟི་མདངས་འཆོར། །སྣོད་གནད་དྲག་པོར་སྦོ་འཁྲུག་དྲི་ཆུ་སྡོམ། །རྩ་གནད་རྩ་ཚད་སྐྱེ་ཞིང་འདུ་བ་འཁྲུག །མདོར་ན་སྒོ་གསུམ་གནད་ལ་ཕེབས་པར་འགྱུར། །གནད་ལ་མ་སོང་ཟུག་མེད་དང་ག་བདེ། །ལུས་ཡང་བྱ་བའི་ལས་ལ་བློ་མི་ལྡོག །རྨ་རེད་རྟགས་ལ་སྤྱི་དང་ཁྱད་པར་གཉིས། །སྤྱི་རྟགས་རྨ་ཁ་རྒྱས་དང་ཞུམ་པ་དང༌། །ཤིན་ཏུ་སྲ་སྙི་མཐོ་འམ་དམའ་བ་འམ། །ཚ་འམ་དྲོད་མེད་དམར་ནག་སྔོ་འམ་སྐྱ། །དྲི་མནམ་འདྲུལ་ཞིང་འཚོར་མི་འདོད་པའོ། །བྱེ་བྲག་རེད་དང་འགྲམས་དང་བྱེར་བ་དང༌། །གཞའ་སྨྱོ་རུས་ཟན་ཅན་དང་རྣམ་པ་དྲུག །དེ་ལ་འདུ་བས་རེད་དང་ཟས་སྤྱོད་རེད། །འདུ་བ་རླུང་མཁྲིས་ཁྲག་དང་བད་ཀན་བཞི། །རླུང་གྱུར་སྔོ་ནག་དམར་སྨུག་སྐྱ་བ་ལ། །པགས་པ་རྩུབ་ཙེག་གས་སྙམ་རྣག་ཆུ་སླ། །མཁྲིས་གྱུར་དམར་ལ་ཚ་འབྲབ་ཟུག་གཟེར་ཆེ། །མྱུར་དུ་འདྲུལ་ཞིང་རྣག་ཆུ་མང་དུ་འཛག །ཁྲག་གྱུར་མདོག་དམར་ཚ་འཁྱུག་ཁྲག་ཏུ་འཛག །བད་གྱུར་ཟུག་ཆུང་འདྲད་འདྲོད་མང་ལ་སྐྱ། །ཟས་ཀྱིས་རེད་པ་ཟས་རེད་སྐོམ་རེད་གཉིས། །ཟས་རེད་རྨ་སྐམས་སྦོས་སམ་འཇིག་པར་བྱེད། །སྐོམ་རེད་ལུས་རྔུལ་རྨ་གཤེར་རྣག་ཆུ་མང༌། །སྤྱོད་རེད་ཉི་ལྷགས་གཉིད་ཆགས་འཇིགས་པ་ལྔ། །ཉི་རེད་རྣག་སྔོ་རྨ་ཧྲིད་གཉེར་མ་འབྱུང༌། །ལྷགས་རེད་སྔོ་སྐྱ་གྲང་འབྲུམ་འོང་བ་ཡིན། །གཉིད་རེད་དབང་པོ་མི་གསལ་ཟས་མི་འདོད། །ཆགས་རེད་རྨ་ཁ་འབྱེ་ཞིང་ཁུ་ཚིགས་འོང༌། །འཇིགས་པས་སྐྲངས་ཤིང་གྲོགས་འདོད་རྨ་ཁ་སྐམ། །འགྲམས་པ་ཞེ་སྡང་དྲག་ཤུལ་ཉི་མ་རྟ། །ཟས་དང་གདོན་གྱིས་འགྲམས་པ་རྣམ་པ་དྲུག །ཞེ་སྡང་ཁྲོ་ཚིག་ཆུ་སེར་ཚ་བ་སྐྱེ། །དྲག་ཤུལ་དྲག་པོར་སྐྲངས་ཤིང་ཁྲག་ཚད་སྐྱེ། །ཉི་མས་འགྲམས་ན་རྨ་སྐམས་ཆུ་བུར་འོང༌། །སྨུག་པོར་སྐྲངས་ཤིང་རྣག་མདོག་དམར་རྩ་འབྱུང༌། །རྟ་འགྲམས་འགྲོ་འདོད་མདོག་སྐྱ་རྔུལ་ཞིང་ཚ། །ཟས་འགྲམས་རྨ་མདོག་ལོག་ལ་ཚ་བ་སྐྱེ། །གདོན་འགྲམས་ཚིག་པ་ཟ་ལ་ཐོར་པ་ཡོང༌། །བྱེར་པ་པགས་པ་ཤ་ཚིལ་རྩ་རུས་ཚིགས། །ལྤགས་བྱེར་པགས་འོག་རྣག་ཆུས་ཟོས་པ་སྟེ། །ཤ་བྱེར་ཉྭ་སུལ་བྱེ་ནས་རྣག་བྱེར་ལ། །ཚིལ་བྱེར་དྲེག་དང་པགས་པ་བྱེར་བ་ཡིན། །རུས་བྱེར་ཤ་རུས་བར་དུ་རྣག་ཞུགས་པ། །ཚིགས་བྱེར་ཕྱི་ཚིགས་ནང་ཚིགས་འཁོར་བའོ། །རྩ་བྱེར་རྩ་ལ་ཆུ་སེར་གྲམ་པ་ཡིས། །འཁྱུག་ཅིང་སྐྲངས་ལ་རྩ་འབྲུམ་འབྱུང་བ་ཡིན། །གཞའ་ལ་ཤ་རུས་ཚ་གྲང་རྣམ་པ་བཞི། །ཤ་གཞའ་བ་ནི་ཤའུ་སྐྱེར་མི་འདོད། །རུས་གཞའ་རུས་པའི་སྟེང་ནས་ཤ་མི་སྐྱེ། །ཚ་གཞའ་རྨ་ཁ་ཤི་ལ་རླངས་པ་ཆེ། །གྲང་གཞའ་དྲོད་བྲལ་རྨ་ཁ་ཤི་བའོ། །སྨྱོ་ལ་ཤ་ཁྲག་རུས་པ་རྣག་སྨྱོ་བཞི། །ཤ་སྨྱོ་ཤ་འུ་མཐུག་སྦོབ་རྨ་ཁར་ལུད། །ཁྲག་སྨྱོ་སྨུག་ནག་རེག་ན་ཁྲག་ནག་འཛག །རུས་སྨྱོ་རུས་སྟེང་ཤ་འུ་མཛེར་ཐབས་སྐྱེ། །རྣག་སྨྱོ་རྣག་ཆུ་མང་ལ་རྨ་ཁ་མཐོ། །རུས་ཟན་རུས་པ་ལས་དང་ཟུག་རྔུ་ལས། །རྣག་ཤ་མ་ཐོན་རྨ་ཡི་རུས་ཟན་བཞི། །རུས་པའི་རུས་ཟན་རྨ་ཁ་མཐོ་ལ་སྦོ། །རྣག་ཆུ་ཆད་དུ་མི་འདོད་སྲོ་མ་ཅན། །ཟུག་རྔུའི་རུས་ཟན་ཁ་བྱེ་འཕོངས་སུ་ཆགས། །རྣག་མདོག་ཙན་དམར་མི་ཆད་ཁྲག་ཅན་འཛག །རྣག་གི་རུས་ཟན་སྐྲངས་པ་སྐྱ་ལ་བེམ། །རྣག་ལ་སྐྱེ་འབྲི་ཆེ་ལ་དྲི་མ་མནམ། །རྨ་ཡི་རུས་ཟན་རྨ་ཡིས་སྨན་མི་འཇུ། །ཡང་ན་རྨ་ཁ་ཕྱིད་ནས་རླན་པར་འགྲོ། །རེད་འབྱོངས་སྐྱོན་མེད་དམར་ཞིང་རེག་མི་བཟོད། །རྣག་མདོག་སྐྱ་འཇམ་ཤ་འུ་འབྲུམ་ཕྲན་བཅས། །རྨ་ཁ་ལྕགས་གཡས་བསྐོར་ཞིང་བླ་གཉན་མེད།།
གསོ་ཐབས་སྐྲངས་གཞོམ་རེད་སྦྱང་ཤ་འུ་གསོ། །ཟས་དང་སྤྱོད་ལམ་འཕྲོད་དང་མི་འཕྲོད་བསྟེན། །དང་པོ་བར་ཐ་ཀུན་ཏུ་ཤེས་པར་བྱ། །དང་པོ་རྨ་གསར་ཞག་གསུམ་སྦང་མས་གདུལ། །ཆང་འགག་སྦང་མས་རླུང་འདུལ་ཆུ་སེར་འཇིབ། །སིངས་པོའི་སྦང་མས་རྨ་ཡི་བད་ཀན་སེལ། །ཆུ་ནས་བཏོན་པས་ཁྲག་མཁྲིས་ཚ་བ་འཇོམས། །དྲགས་ན་རྨ་འབྱེར་ཤའུ་རླིག་པ་འཕྱིད། །བྱད་དང་མཐིལ་བཞི་ཆུ་རྒྱུས་འདྲུལ་བར་བྱེད། །ནང་བརྟོལ་ཚ་བ་སྡུད་ཅིང་རུལ་མྱགས་མཆེད། །དེ་ཕྱིར་སྦང་མ་གནས་དུས་ཤེས་པ་གཅེས། །དེ་འོག་སྐྲངས་པ་ཤོར་ན་འཇིབ་འདུལ་བྱ། །བསིལ་འཇིབས་དྲོད་འཇིབ་རྨ་ཡི་ཚ་གྲང་དྲིས། །འོན་ཀྱང་རྨ་རྣམས་ཕལ་ཆེར་ཚ་བ་སྟེ། །འདི་ལ་གྲང་བ་འབྱུང་བ་ཉིན་སྐར་བཞིན། །བསིལ་བས་བླུག་ཅིང་བྱུག་དང་བདུགས་བྱས་ན། །མེ་ལ་ཆུ་ལྟར་སྐྲངས་པ་ཞི་བར་འགྱུར། །ཚ་རྒྱུ་མཁྲིས་པ་ཁྲག་ལ་གནས་པའི་ཕྱིར། །གང་ཉེ་གང་རྒྱས་རྩ་ལ་ཁྲག་ཤེད་སྨད། །མི་ངན་རྟེན་བྲལ་གནོད་མི་ནུས་དང་མཚུངས། །གནད་ལ་ཟེམ་ལ་ཇུ་ཙེས་ཞལ་ཞལ་བྱ། །རུས་སྟེང་རྣམས་ལ་རུས་ལ་ཐུག་པར་བརྡེག །གནད་ཀྱི་སྟེང་དུ་པགས་པ་འཐེན་ལ་གཙག །མེར་དང་སྟོང་སོགས་ཆུ་སེར་འདུས་སར་ཤིས། །དེ་སྟེང་ཆུ་ཡིས་ཚུགས་ཚད་བསྒྲེང་བར་བྱ། །རྗེས་ལ་བསིལ་བའི་ཞུན་ནན་ཤིས་པ་ཡིན། །ཡང་ན་རྔབས་རྭ་བཙུགས་ཏེ་འབུར་བ་དང༌། །གཙགས་བུས་དྲལ་ཏེ་ཆུ་སེར་ཡང་ཡང་འཇིབ། །ཇུ་ཙེ་རྔབས་རྭས་ཤ་ལྤགས་ཆུ་སེར་འདྲེན། །འཕྲལ་དུ་ཟུག་གཅོག་སྐྲངས་པ་རྣག་མི་འཆོར། །སྔས་ན་འཕར་ཞིང་གདོན་སྐྲངས་འབྱེར་བས་སྤང༌། །ཀུན་གྱིས་ཞི་དཀའ་རྩ་འམ་ལྟོ་ནས་སྦྱང༌། །རྒྱུ་ཉིད་རྩད་ནས་འདོན་ཕྱིར་དཔྱད་མཆོག་ཡིན། །ཟུག་མེད་སྐྲངས་པ་སྲ་ལ་རླུང་ཆེ་ན། །ཆུར་གནས་ཤ་ཡི་ལུམས་ཀྱང་བསྔགས་པ་ཡིན། །སྲ་བརྟན་ཟུག་ཆུང་བད་རླུང་འཇོམས་པ་ཡི། །སྨན་གྱིས་བྱུགས་སྟེང་དྲོ་བའི་དུགས་ཀྱིས་བདུག །དེ་འོག་འབྲུ་བཙོས་བཏགས་པའི་ལྡེ་གུས་འཇོམས། །ན་ཚ་ཟུག་གཟེར་ཆེ་ན་ཟར་མ་ཏིལ། །ཆ་མཉམ་བརྔོས་ཕྱེ་འོ་མ་སྦྱར་བ་བྱུག །ཤུག་པ་རུ་རྟ་རྒྱམ་ཚྭ་ཟར་མ་ཏིལ། །ཕབས་དང་རྗེན་ཕྱེ་ཞོ་བཙོས་ཞུན་བྱས་ན། །ཞི་དཀའི་སྐྲངས་པ་གང་ཡང་རྣག་ཏུ་འགུགས། །བར་དུ་རེད་སྦྱང་སྤྱི་དང་བྱེ་བྲག་གཉིས། །སྤྱི་བཅོས་འབའ་ཆའི་ལུམས་དང་རུས་སྣའི་ཞུན། །ཡང་ན་དུག་སྣ(རེ་ལྕག་རི་ཤོ་ཀྱི་ལྕེ་སྦང་གར་རྗེན་ཕྱེ་མར་ནག་སྦྱར་བ་)འི་ལུམས་ཞུན་ནན་འཕྲོད་སྦྱར། །ཡང་ན་ས་ཡི་ནན་གྱིས་རྨ་རྒན་གདུལ། །རྨ་ཡི་རེད་སྦྱང་དུར་བྱིད་དནྡ་དང༌། །ཡུང་སྐྱེར་ནིམ་པ་ཤིང་མངར་པ་ཏོ་ལ། །རྒྱམ་ཚྭ་ཏིལ་གྱི་ལྡེ་གུས་རེད་པ་སྦྱོང༌། །ཡང་ན་རུ་རྟ་(དུར་བྱིད་ཡུང་བ་རྒྱ་ཚྭ་)བཞི་འམ་དངུལ་ཐལ་(རྒྱ་ཚྭ་དུར་བྱིད་ཐར་ནུ་དོམ་མཁྲིས་མཚལ་)དྲུག །ཞ་ཉེའི་(དང་དུར་བྱིད་)གཅོད་སྨན་སྦང་འཇིབས་ཤ་རོ་གཅོད། །ཡུན་རིང་འཚོ་དཀའ་ཤ་རོ་ལྕགས་ཀྱིས་བསྲེག །བྱེ་བྲག་རླུང་གིས་རེད་པ་སྦྱང་བ་(གླུམ་སྦང་ཚ་བ་གསུམ་སྣུམ་བཞི་ར་མཉེ་ཉེ་ཤིང་ལྕ་བའི་ཆས་བྱ། བསིལ་མི་བཏང༌། ཐལ་བའི་སྐམ་རྩི་བྱུག་པ་)དང༌། །མཁྲིས་པ་(ག་བུར་མཁྲིས་པ་ཅུ་གང་ཀ་ར་གདབ། ཤོ་མང་ངམ་ཞོ་གླན། བསིལ་ཆས་བྱ། སྣུམ་མི་བཏང་(ཁྲག་མཁྲིས་སྣ་གདབ་དམར་ཆས་བྱ། གཏར་ག་བྱ་བྱི་བྲུན་དུགས་མི་བྱ་)དང་བད་ཀན་རེད་པ་(སྔོའི་ཚ་བ་གསུམ་མཁྲིས་སྣ་བཅད་འབྱོར་གདབ། སྦང་གར་ཚ་བ་གསུམ་ཕབས་ཀླད་པ་གཡེར་མ་ཞོའི་ཆས་བྱ། སྣུམ་དང་སྒོ་ང་མི་བཏང་བ་)དང༌། །ཟས་(ཉ་ལྕིབས་གཡུ་ལོ་ཞོ་བཙགས་ཤ་ཆང་བཏང༌། འཇིག་ཟས་བསྡམ་)སྐོམ་(དོམ་མཁྲིས་རྒྱ་ཚྭ་ཕག་མགོ་ལིག་བུ་མིག་བྱུག འོམ་བུ་བ་ལུ་ཤུག་པ་ཞོ་སྦྱར་གླན་)ཉི་མ་(ཀ་ར་ཤིང་མངར་རའི་འོ་མ་བྱུག་ཉ་ལྕིབས་གླན་ལྷགས་པས་རེད་པ་མཁན་སྦང་ཚ་བ་གསུམ་ལྕམ་འབྲུ་ཞུན་བྱ། འོལ་སྐོམ་གླན་དང་། །གཉིད་ག་བུར་ཆུ་བྱུག་ཆུ་རྩ་བག་ཕྱེ་ཞོ་གླན་)དང་ཆགས་པ་(མར་ནག་སྤོད་བྲན་བྱུག་ཤ་ཆང་བཏང་)འཇིགས་པས་རེད་པ་(གླ་རྩི་གུ་གུལ་བྱུག་ཞོ་སྦང་གླན་གྲོགས་བསྟེན་པས་)སྦྱང༌། །ཞེ་སྡང་(བསིལ་སྨན་དང་བསིལ་ཆས་བཏང་ཡིད་འོང་གཏམ་དང་གྲོགས་བསྟེན་)དྲག་ཤུལ་(ཤོ་མང་གླན་གཏར་ག་བྱ་དལ་བར་སྡོད་)ཉི་མས་འགྲམས་པ་(ཧོང་ལེན་ཉ་ལྕིབས་བྲ་བོ་ཞོ་སྦྱར་བཏང་བ་)དང༌། །རྟ་(ཀ་རའི་ཐང་བཏང་འབྲི་ཏ་ས་འཛིན་རྟ་སྦངས་བྱུག)དང་ཟས་(བསིལ་བཏང་བཅུད་བསྡམ་)དང་གདོན་གྱིས་འགྲམས་པ་(གུ་གུལ་གླ་རྩི་མུ་ཟི་སྤང་སྤོས་ཤ་ཆེན་ཡུངས་ཀར་བྱུགས་པས་)གསོ། །པགས་པ་བྱེར་(རྨ་མཁྲིས་སྣས་བཀྲུ་)དང་ཤ་བྱེར་(ཆུ་བཙགས་ལ་སྐྱ་སྦྱོར་ཕྱིང་དེབ་བྱ་)ཚིལ་བྱེར་(ཕྱིང་དུགས་བྱ་ཐལ་བའི་སྐམ་རྩི་བྱུག་པ་)དང༌། །རྩ་བྱེར་(འཕར་རྩ་བསྲེག་ཁྲག་གཏར་དོམ་མཁྲིས་སྟབ་སེང་ཐང་བཏང་མཁྲིས་ནན་བྱ་)རུས་བྱེར་(ལྷ་བ་བྲུད་དོམ་མཁྲིས་སྟབ་སེང་རུ་རྟ་ཚེར་སྔོན་གདབ་)ཚིགས་བྱེར་(ཕུག་ལ་ཁྲུས་ནན་གྱིས་)བསྡུ་བར་བྱ། །ཤ་གཞའ་(ཆང་དང་ལུག་ཤ་བཏང་)རུས་གཞའ་(ཁོང་དུ་ཤ་ཆང་བཏང་ཚ་བ་གསུམ་གྱིས་བཀྲུ་དོམ་མཁྲིས་ཡུང་མཚལ་གདབ་)ཚ་གཞའ་(བསིལ་གྱིས་བཀྲུ་ག་བུར་གདབ་)གྲང་གཞའ་(གསར་བཅུད་བཏང་དྲོད་ལུམས་བྱ་བ་)དང༌། །ཤ་མྱོས་(རུལ་གཅོད་གདབ་མེས་བསྲེག་)ཁྲག་མྱོས་(རྨ་ལ་ཁྲག་དོན་གཅོད་སྨན་གདབ་)རུས་མྱོས་(བསྲེག་གམ་བྲུད་ལ་སྨན་གདབ་)རྣག་མྱོས་(མེ་བཙའ་གདབ་རྣག་དབྱུང་)བཅད༌། །རུས་པའི་རུལ་ཟན་(ཁོང་དུ་བྱ་དང་རི་བོང་གི་ཤ་བཏང་མི་རུས་འབྲུག་རུས་འགྲོན་ཐལ་རུ་རྟ་གདབ་དེས་མ་ཐོན་ན་ཤ་དྲས་ལ་རུས་མཛེར་གདོན་)ཟུག་རྔུའི་རུལ་ཟན་(ཁོང་དུ་ཉ་ཤ་བཏང་རྨ་ལ་ཟུག་རྔུ་འབྱིན་པའི་ཞུན་བྱ་རུལ་གཅོད་གདབ་རྣག་འཁྱིམས་པ་འདོན་)དང༌། །རྣག་(ལ་རྣག་བཤལ་བྱ་)དང་རྨ་ཡི་རུལ་ཟན་དབྱུང་(རྨ་ལ་ཞོ་བཙགས་གླན་སྨན་མི་གདབ་བ་རུ་རའི་ཚི་གུ་གདབ་རྨ་ཕྱིད་ན་ཕྲུམ་གླན་ཆུ་རྩ་གདབ་སྦང་མ་སྤང་)བར་བྱ། །དེ་སོགས་རྨ་རེད་བླ་གཉན་གང་བྱ྄ུང་བསལ། །ཐ་མ་སྐྱོན་སོལ་དག་ནས་རྨ་རྩིས་གསོ། །དང་པོ་གསོ་གཅོད་སྦྲགས་མར་སྦྱར་བ་དང༌། །དེ་རྗེས་འཚོ་སྨན་ཆིག་ཚུགས་སྦྱར་བའོ། །དང་པོ་ལི་གྲི་(མཚལ་སེར་མཚུར་ཨ་རུ་སོ་ཆ་སྤོས་དཀར་སྦང་མ་མར་གསར་)བརྒྱད་དང་བཅད་འབྱོར(་སྔོའི་ཚ་བ་གསུམ་མི་དོམ་ཕག་མཁྲིས་གསུམ་)བདུན། །རྒུ་དྲུས་(ཆུ་རྩ་དོམ་མཁྲིས་བྲག་སྤོས་ཆུ་མ་རྩི་)ལྔ་པ་གང་འཛོམ་གསོ་གཅོད་བྱེད། །ཐ་མ་མཁྲིས་སྦྱོར་(ལུག་མཁྲིས་བདུན་ཆུ་ཕུལ་ལྔ་ལ་བསྡུས་ལ་བྱའི་ཟེ་ཁྲག་བྲག་སྤོས་མི་དོམ་ཉ་མཁྲིས་སྟག་ཤ་དར་ཡ་ཀན་སྦྱར་བ་རྨ་རྩིར་བཟང་)སྔོ་སྦྱོར་(དར་ཡ་ཀན་སེར་འདབ་ལྔ་པ་སྐྱེར་ཤུན་སྙི་བ་ཁུར་རྩ་ཤེལ་ཏ་པ་ཡག་འབྲུ་ཀ་ར་སྦྱར་བ་རྨ་ཀུན་ལ་བཟང་)ཤ་སྦྱོར་(ཀྱི་ལྕེ་བྲག་ལྕམ་སྟག་ཤ་ཕག་ལང་པ་དཀར་པོ་བཅད་འབྱོར་ཆུ་རྩ་བྲག་སྤོས་མཁྲིས་སྣ་མཚལ་དཀར་ཅུ་གང་གུར་ཀུམ་ཀ་ར་གསར་རྙིང་ཀུན་གྱི་རྨ་རྩི་)དང༌། །ཤ་(སྟག་ཤ་དོམ་མཁྲིས་བྲག་སྤོས་གདབ་)རུས་(སྟབ་སེང་ཨ་བྱག་དོམ་མཁྲིས་ཚེར་སྔོན་ཨ་བ་)པགས་པ་(སླང་དྲེག་སྙེ་ནག་ཕ་བ་དགོ་དགོ་དུད་པ་བྱ་བལ་མར་གསར་བྱུག་)དྲེག་གི་(ཁུར་མང་ཁུར་ཆུང་སུམ་ཅུ་ཏིག་)རྨ་རྩིར་བསྟུན། །དེ་རྗེས་རྨེན་པ་བརྟས་པར་བྱ་བ་(རྨེན་པ་ཆགས་ནས་ཕྱེ་མར་གླན་ཡང་ན་ཤུ་དག་རྒྱམ་ཚྭ་ཚ་བ་གསུམ་ཞུན་མར་རྐང་མར་རེ་བལ་བཙོས་ལ་གླན་པ་)དང༌། །གདོང་པའི་པགས་མདོག་པད་མ་ལྟར་མཛེས་(ལྡོང་རོས་ཚོས་བཙོད་བ་བླ་ཡུང་སྐྱེར་སྦྲང་སྦྱར་བྱུགས་)ཤིང༌། །མགོ་ཡི་རྨེན་པ་སྐྲ་ལོ་སྐྱེད་པར་བྱེད།(བ་ལང་གི་རྭ་རུས་པ་རྨིག་པ་སྤུ་ལྤགས་ཐལ་ཏིལ་མར་སྦྱར་བ་བྱུག་གོ།) །རྨ་སྤྱིར་ཟས་སྤྱོད་འཕྲོད་དང་མི་འཕྲོད་པ། །རྨ་གསར་དུས་ན་ཁྲག་འཆོར་སྐྲངས་པའི་ཕྱིར། །ཆུ་དང་རྩམ་པ་བཀུག་སྟེ་སྨྱུང་བར་བྱ། །གནད་མེད་རྨ་དྲོན་ཆང་དང་མར་གྱིས་དབབ། །དེ་ཡིས་ཟུག་ཆུང་རང་འབྱོར་བྱེད་པ་ཡིན། །རྨ་རྣམས་ཚ་བ་སྐྱེ་ཞིང་ཟུངས་དམའ་ན། །གསར་བཅུད་ཟས་ཀྱིས་ལུས་ཟུངས་གསོ་བ་བསྔགས། །ཞོ་ཡིས་ཚད་པ་གཅོག་ཅིང་ཁ་ཟས་ལེན། །འོན་ཀྱང་ནན་ལྟར་རྣག་བུངས་ཆེ་ན་གནོད། །རྔ་བྲན་ཤ་གསར་ཤ་འུ་སྐྱེ་ན་ཡང༌། །ཕོ་བ་ངན་ཞིང་འབྱང་ན་དེ་ཡང་གནོད། །མར་གྱིས་རྨ་རེད་རྩ་ཁ་སྡོམ་ན་ཤིས། །ཆང་ནི་ཁྲག་དང་ཆུ་སེར་རྣག་སྐྱེད་དེ། །རྨ་གཞའ་ཆུ་རྒྱུས་རེངས་འཁུམས་འདུལ་ན་བསྔགས། །ཆུ་ཉིད་ཚ་བ་གཅོག་ཅིང་དང་ག་འབྱེད། །སྐྲངས་ཤོར་གདོན་དང་ཕོ་བ་ངན་ལ་དུག །ཉ་ཕག་ཤ་ཡིས་རྨ་ཀུན་བཤིག་པར་བྱེད། །མདེའུ་དམ་དང་རྨ་འབྲས་འདུལ་ལ་བཏང་། །རི་བོང་བྱ་ཤ་རྨ་འབྱེར་རུས་མཛེར་འགོགས། །ཤ་རྙིང་མར་རྙིང་ནང་ཁྲོལ་སྒོ་ང་རྗེན། །རྨ་རྣམས་ཀུན་ལ་གནོད་དེ་སྤང་བར་བཤད། །རྨ་ཡི་སྐྲངས་དང་ཚ་བ་ཆོགས་པ་དང༌། །རྣག་ཤ་ཐོན་སོགས་རེད་འབྱོངས་ཟས་བཅུད་སྤྲུག །བྱེ་བྲག་ཤུས་པ་(མགོ་ཡན་ལག་བྱང་ཁོག་གང་ཡིན་ཡང་པགས་པ་བཤུས་པ་ལ་ཨ་སས་བདུག་ཚ་ལ་དོམ་མཁྲིས་གུར་ཀུམ་གདབ་པགས་པ་སྦྱར་ཏེ་ཧེལ་སྲབ་དང་སྤྱིན་ཆུས་སྦྱར། །དེ་སྟེང་སྐྱ་སྦྱོར་ཕྱིང་དེབ་བཏང་ལ་བཅིང༌། །ཡང་ན་པགས་པ་སྦྱར་ཏེ་ཧེལ་སྲབ་དང་སྤྱིན་ཆུས་སྦྱར། །དེ་སྟེང་སྐྱ་སྦྱོར་ཕྱིང་དེབ་བཏང་ལ་བཅིང༌། ཡང་ན་པགས་པའི་སྟེང་དུ་མར་དཀར་སྦྲང་རྩི་བསིལ་བའི་སྨན་བྱུགས་ལ་ཕྱིང་པ་བཏང་རས་ཀྱིས་བཅིང་པས་)སྦྱར་ཞིང་གཤགས་པ་(ཤ་གང་ཡང་གྱེན་ཐུར་དུ་གཤགས་ན་ཕར་ཚུར་གཉིས་སུ་སྐྱ་སྦྱོར་ཕྱིང་པ་སྦྱར་ཏེ་སྟོད་སྨད་དུ་སྒྲོ་ལུ་བྱས་ལ་བསྡམ་ཁ་ཕྱེ་ལ་རྨ་རྩི་གདབ་རྨ་ཁར་སྦང་རོ་གླན། རླིག་པ་རལ་ན་བཙེམས་ལ་རྐེད་པ་ལ་བཅིང་དུགས་ལུམས་སྤང༌། ཤ་ཉིལ་ན་དར་སྐུུད་ཀྱིས་བཙེམས་ཕྱིང་དེབ་བཏང༌། ཤིང་བྱང་གིས་བསྡམ། །)བཅད་པའི་རྨ་(ཤ་གང་ཡང་འཕྲེད་དུ་བཅད་ན་རྨ་སྟོད་སྨད་དུ་ཕྱིང་པ་སྦྱར་གཞན་བཅོས་ལུགས་གཤགས་པ་བཞིན་)དང་རྣམ་པར་བཅད་པ་(རུས་པ་ལ་ཐུག་པར་ཆད་ན་ཧེལ་གེ་སྤྱིན་སྦྱར་གྱིས་ཟམ་བུ་བཏང་དེའི་སྟེང་དུ་སྐྱ་སྦྱོར་ཕྱིང་དེབ་བཏང་ལ་བཅིངས་ཏེ་)འཐུད། །འཕྱང་བ་བཅད་(རུས་པ་ཆོད་ནས་ཤ་ཁམ་ཙམ་ལས་པ་དེ་བཅད་ནས་ཁད་སྤུ་གཞུག་)ཅིང་ལྷུང་ན་ཁད་སྤུ་གཞུག(ཤ་ལ་སྐྱ་སྦྱོར་དང་ཕྱིང་དེབ་བཏང་དེའི་སྟེང་དུ་ཤིང་བྱང་ལྔ་དྲུག་བཏང་འབྲེང་པས་བསྡམ་བསྣོལ་མཚམས་སུ་ཀྱི་གུ་བསྣོལ་བས་གཅུས་ལ་མར་དུ་བཙོ་དེ་ནས་ཁ་ཞུན་དང་མ་རྩི་ཚུལ་བཞིན་བྱ་རྩ་རྒྱུད་རྣམས་མེས་མནན་ནོ། །)གྲུམས་པ་བཅིང་(འོ་མ་བསྐོལ་བ་འབྲས་ཐུག་སྐམ་སའི་ཤ་ཁུ་སྦྱིན་གཞན་ཆག་པ་འཆིང་བ་དང་འདྲ་)ཞིང་ཕུག་པའི་ཆུ་སེར་དྲང་། (ཀླད་པ་ཕུག་པ་དང་བྱང་ཁོག་ཕུག་པ་གཉིས་རང་རང་གི་ལེའུར་གསལ། ཡན་ལག་ཤ་འདམ་ཆེ་སར་ཐུར་དུ་ཕུག་ཆེས་ན། རྨར་ཤེལ་ཏའི་རེང་བུ་གཞུག རྒྱབ་ནས་ཆུ་ལྕག་བྱ་རྨ་ཕུག་ན་ཚུར་ལ་ཕྱིང་པས་གཅུས་ལ་རྨ་བཅར་ལ་གདབ། མདོར་ན་རྨ་གཏིང་དུ་ཆུ་སེར་མི་འཁྱིམ་པར་བྱའོ། །རྣག་ཕུགས་ཆེས་ན་ཛཱ་ཏི་པུཥྤའི་མར་སྦྱར། ཛཱ་ཏི་པུཥྤ་ནིམ་པ་པ་ཏོ་ལ་ཡུང་སྐྱེར་བ་སྤྲུ་ཧོང་ལེན་སྤྲ་ཚིལ་སྦང་མ་བཙོད་ཤིང་མངར་ཀ་རཉྫ་ཨ་རུའི་སྨན་མར་བཟའ་བྱུག་རྨ་ནང་བླུག །ཁ་ཆུང་གཏིང་རིང་ཕུག་བཅས་རྣག་འཛག་སེལ་ལོ། །)ཞེས་གསུངས་སོ།།
བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རྨ་སྤྱིའི་གསོ་ཐབས་བསྟན་པའི་ལེའུ་སྟེ་བརྒྱད་ཅུ་རྩ་གཉིས་པའོ།། །།
མཐའ་མའི་འདོན་ཐེངས་།: 21.12.2022 ཉིན། 10:22 AM
<< སྔ་མ།