ལེའུ་གྱ་གཅིག་པ། ཀླུ་གདོན་གྱི་ནད་གསོ་བ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011 |
མན་ངག་རྒྱུད། >> ལེའུ་གྱ་གཅིག་པ། ཀླུ་གདོན་གྱི་ནད་གསོ་བ། |
ལེའུ་གྱ་གཅིག་པ་ཀླུ་གདོན་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། གཉིས་པ་ལ་གཉིས། མཛེ་ནད་འབྱུང་བའི་རྒྱུ་མཚན་བསྟན་པ་དང༌། དེའི་གསོ་ཐབས་ལེགས་པར་གདམས་པའོ། །དང་པོ་ལ་ལྔ། དུས་དང་དུས་ཀྱི་སྐྱོན་བསྟན་པ་དང༌། གདོན་དང་འགྲས་པའི་རྒྱུ་རྐྱེན་བསྟན་པ། གནོད་བྱེད་གདོན་གྱི་བྱེད་པ་བསྟན་པ། དེས་ཟིན་སྡུག་བསྔལ་གྱི་གནས་ཚུལ་བསྟན་པ། བྱམས་བརྩེས་གསོ་ཐབས་ཉན་པར་བསྐུལ་བ་དང་ལྔའོ།།
དང་པོ་ནི། ལན་ཅིག་ཅེས་རྐང་པ་གསུམ་གྱིས་བསྟན་ཏེ། ལྔ་བརྒྱ་ཐ་མའི་དུས་ཞེས་པ་སངས་རྒྱས་ཀྱི་བསྟན་པ་ལོ་ལྔ་སྟོང་དུ་གནས་པ་ལ་ལྔ་བརྒྱ་ཕྲག་བཅུ་རུ་བྱས་པའི་ལྔ་བརྒྱ་པ་དང་པོ་གསུམ་ལ་འབྲས་བུའི་དུས་དང༌། བར་མ་གསུམ་ལ་བསྒྲུབ་པའི་དུས་དང༌། ཐ་མ་གསུམ་ལ་ལུང་གི་དུས། དེ་རྗེས་ལྔ་བརྒྱ་ཕྲག་གཅིག་གིས་རྟགས་ཙམ་འཛིན་པའི་དུས་ཞེས་འབུམ་ཊིཀ་ཏུ་བཤད། དེང་སང་ལུང་དུས་ཡིན་ཡང་ལྔ་བརྒྱ་ཐ་མ་དང་ཉེ་བའོ། །འདི་བས་ཀྱང་དམན་དུ་སོང་ནས་དུས་ལན་ཅིག་ལྔ་བརྒྱའི་ཐ་མར་འགྱུར་ངེས་པའོ། །བསྐལ་བའི་ཆ་ཉམས་འབྱུང་བའི་བཅུད་ཤོར་བས་ཞེས་པ་བསྐལ་བ་ལ་སྤྱིར་སངས་རྒྱས་བྱོན་པ་སྒྲོན་བསྐལ་དང༌། སངས་རྒྱས་མི་འབྱོན་པ་མུན་བསྐལ་དུ་བཤད་ལ། སྒྲོན་བསྐལ་བཟང་པོ་འདི་ལ་ཡང་ཡར་འཕེལ་རྫོགས་ལྡན་ལ་ཐུག་གི་བར་དུ་ནི་འབྱུང་བའམ་བཅུད་ཐམས་ཅད་ཡར་འཕེལ་ཞིང་མི་རྣམས་ཀྱིས་ཀྱང་ཆོས་ཀྱི་རྐང་པ་བཞི་ཀ་རྫོགས་པར་བྱེད་དོ། །དེ་ནས་ལོ་རེ་བཞིན་བསྐལ་པའི་ཆ་ཉམས་འབྱུང་བའི་བཅུད་བྲི་ཞིང་ཕར་ཤོར་བས་སོ། །མི་རྣམས་ཟ་ཐང་བཅུད་ཐམས་ཅད་བྲི་ཞིང་དབུལ་པོར་འགྱུར་ཞེས་པ་མི་རྣམས་ཀྱིས་ཉོན་མོངས་ཇེ་རགས་སུ་སོང་ནས་ཆོས་ཀྱི་རྐང་པ་ཆ་གཅིག་ཤོར་བ་སུམ་ལྡན། གཉིས་ཤོར་བ་གཉིས་ལྡན། གསུམ་ཤོར་བ་རྩོད་ལྡན། བཞི་ཤོར་བ་རྟགས་ཙམ་འཛིན་ནམ་ཐ་མའོ། །དེ་མཐུན་རིམ་གྱིས་དབང་ཐང་ཟ་ཐང་ཀྱང་བྲི་སྟེ་ཐང་ཞེས་པ་བཀོད་ཚད་དེ་ལ་བྱ་སྟེ་མངའ་ཐང་ངམ་རྒྱུ་ཐང་ཞེས་པ་ལྟ་བུའོ། །དེ་ན་དབུལ་པོར་གྱུར་པ་ནི་དུས་ཀྱིས་མ་ཐུབ་ཅིང་ངན་པའི་ལས་ཀྱིས་སྡུག་པའོ། །གཉིས་པ་ནི། ས་གཉན་ཞེས་རྐང་པ་དྲུག་གིས་བསྟན་ཏེ། དེ་ཡང་གཉན་ཞེས་པ་རང་རང་ལ་གཅེས་ཤིང་དེ་ལ་ཐུག་རེག་བྱུང་ན་བཟོད་ཐབས་མེད་པའོ། །མི་གཙང་བ་ནི་གྲི་བ་རྐྱེན་ནོ། །ཐབས་ནི་མེ་ཐོག་ཏུ་ཆུ་ཤོར་ནས་མེ་བསད་ན་ནག་ཐབ། དེ་བཞིན་དཀར་ཤོར་ན་དཀར་ཐབ། ཁྲག་ཤོར་ནད་མར་ཐབ་སོ་གཞོབས་ནི་ཚིག་པའི་དུད་པ་མ་རུངས་པའོ། །ཤན་དམར་ཞེས་པ་ནི་སེམས་ཅན་གཉན་སར་བཤས་པའི་ཤ་ཁྲག་གི་དམར་རོ། །འཇོལ་ཉོག་སྤྱོད་ཅེས་པ་ཉེས་པ་ཉེས་དམིགས་མི་ཤེས་པ་གང་སྙམས་བབ་ཆོལ་དུ་བྱེད་པའོ། །གཉན་ས་དཀྲུགས་ཞེས་པ་མནན་གཏད་སོགས་ཀྱི་དོན་དུ་ཆུ་ཤིང་བྲག་སོགས་ལ་ཐུབ་ཚོད་བྱེད་པའོ།།
གསུམ་པ་ནི། དེ་ཚེ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེའི་ཚེ་ཀླུ་ནི་འགའ་ཞིག་ལྷ་རིགས་དང་ལྷ་མ་ཡིན་དང་ཡི་དྭགས་སུ་གཏོགས་པ་ཡོད་ལ། ཕལ་ཆེར་ནི་དུད་འགྲོའི་རིགས་སུ་གཏོགས་ཤིང་ནང་ཚན་དུ། རྒྱལ་རིགས། རྗེ་རིགས། བྲམ་ཟེའི་རིགས། དམངས་རིགས། གདོལ་རིགས་དང་བཅས་པའོ། །གཉན་ནི་བོན་ལུགས་ལ་སྲིད་པ་ཆགས་པའི་ཐོག་མར་བྱུང་བ། གཉན་དུང་མགོ་གཡུའི་སྨིན་མ་ཅན་ཞེས་པ་ལས་གྱེས་པ་ནི་ཉི་ཟླ་གཟའ་སྐར་ནུབ་ཏུ་འདྲེན་པ་དང༌། སྤྲིན་བྱང་དུ་འདྲེན་པ་དང༌། གནམ་གཉན། ས་གཉན། རྡོ་གཉན། ཆུ་གཉན་སོགས་ལེགས་ཉེས་མང་པོ་སྟོན་པ་དཔག་ཏུ་མེད་པ་ཡོད་ཟེར་རོ། །ས་བདག་ནི་སའི་ལྷ་མོ་བསྟན་མ་དང༌། དེའི་འཁོར་དུ་གཏོགས་པ་ས་དང་ལྷན་དུ་བྱུང་བས་གཉུག་མར་གནས་པ་ཞེས་བྱ་སྟེ། སའི་བདག་པོར་རློམ་པ་དང༌། ལྷ་སྲིན་ནི་མི་རྣམས་ལ་སྐབས་འགའ་རུ་ཕན་པའི་ལས་བྱེད་པ་ལ་མགོན་དང་ལྷ། གནོད་པ་ལ་འདྲེའོ་སྲིན་ཞེས་པ་དུ་མ་ལ་གནས་ལ། འགའ་ཞིག་ནི་རང་དེའི་རྣམ་པར་གྱུར་སྙམ་པ་དང༌། འགའ་ཞིག་ནི་རང་གི་ཡོ་བྱད་དང་གནས་སུ་བཟུང་ནས་ཐོག་མར་རང་ལ་མི་བདེ་བ་སྣ་ཚོགས་བྱུང་ནས་ཁྲོས་ཤིང་འཁྲུག་པར་གྱུར་པ་ལས་རེག་དུག་མཐོང་དུག་ཁ་རླངས་ཀྱི་དུག་བསམ་པའི་དུག་རྣམས་འཕྲོས་པས་ཙི་ཙི་ཛྭ་ལ་འབར་བའི་བསྐལ་བ་དར་བའོ། །བཞི་པ་ནི། མཐོང་བས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །ལྔ་པ་ནི། དེ་འདིའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་གསོ་ཐབས་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི་འདི་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་གསོ་ཐབས་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི་འདི་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་མཛེ་ནད་ཀྱི་རྒྱུ་དང་རྐྱེན་དང་མཚན་ཉིད་དང་དབྱེ་བ་དང་རྟགས་དང་བཅོས་ཐབས་དང་དྲུག་གོ་ །གཉིས་པ་རྒྱས་བཤད་ལའང་དྲུག་ལས། དང་པོ་ནི། རྒྱུ་ནི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེའི་རྒྱུ་ཆུ་སེར་ལུས་ལ་གནས་ཚུལ་ནི། གོང་གི་ལེའུ་ང་དགུ་པར། དང་པོ་འགྱུར་ཚུལ་ཁ་ཟས་དྭངས་མ་དེ། །མཁྲིས་པ་དམར་སྐྱུར་ལས་ཀྱིས་ཁྲག་ཏུ་འགྱུར། །ཁྲག་གི་སྙིགས་མ་མཁྲིས་པའི་ནང་དུ་གསོག །མཁྲིས་པའི་དྭངས་མ་ཆུ་སེར་ཉིད་དུ་འགྱུར། །གནས་ནི་དོན་སྣོད་ཕྱི་ནང་ཤ་རུས་ཁྱབ། ཁྱད་པར་ཤ་མདངས་བར་དང་ཚིགས་པར་གནས། །ཚད་ནི་རང་གི་སྙིམ་པ་བཞི་རུ་བཤད། །ཅེས་ཉེ་བར་ལེན་པའི་རྒྱུ་ནི་འདི་ཡིན་ལ།
གཉིས་པ་ལྷན་ཅིག་བྱེད་པའི་རྐྱེན་ནི། དེ་རྐྱེན་ཞེས་རྐང་པ་བཞིས་བསྟན་ཏེ། སྔོན་མི་དགེ་བ་སྤྱད་པའི་མྱོང་གྱུར་གྱི་ལས་དང༌། འཕྲལ་གདོན་རྐྱེན་དང་ཟས་སྤྱོད་ཀྱི་དབང་གི་གནོད་བྱ་ལ་བརྟེན་པའི་འདུ་བ་ནད་གཞི་ཉེས་པ་འཁྲུགས་པ་ལས་ཆུ་སེར་དེ་རྣམ་པར་གྱུར་ནས་ཁྲག་མཁྲིས་དང་སྡོངས་པའི་ནག་པོར་གྱུར་པ་ལུས་ཀུན་ཏུ་རྒྱས་པ་ཡིན་ནོ། །དེའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། གསུམ་པ་ནི། མཚན་ཉིད་ཅེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་དག་ཐུན་མོང་དུ་ཡན་ལག་བརྒྱད་པར། ཁ་ཟས་སྤྱོད་ལམ་ལོག་པ་དང༌། །ཁྱད་པར་དུ་ནི་མི་འཕྲོད་བསྟན། །དམ་པ་སྨོད་དང་སྲོག་གཅོད་དང༌། །གཞན་གྱི་ནོར་ཕྲོགས་སོགས་བསྟེན་དང༌། །སྡིག་པའི་ལས་ནི་ཕྲལ་བྱས་དང༌། །སྔོན་ཆད་བྱས་པས་ནད་སླངས་ནས། །རྩ་ལ་ཐད་ཀར་གྲམས་ནས་ནི། །ཤ་དང་པགས་པ་ཆུ་སེར་ཁྲག །གནོད་བྱས་སླ་བར་གྱུར་ནས་ནི། །དེ་ནས་ཕྱིར་ནི་འབྱུང་འགྱུར་ཏེ། །པགས་པའི་མདོག་ནི་མི་སྡུག་བྱེད། །མི་བཟད་དེ་ནི་མཛེ་རུ་བཤད། །གང་ཕྱིར་དུས་འདས་ཡལ་བར་བོར། །དེ་ནི་ལུས་ཀུན་མ་རུངས་འགྱུར། །ལུས་ཟུངས་ལ་ཞུགས་ནང་དུ་ཁྱབ། །ཐམས་ཅད་སྲུལ་བར་བྱེད་པར་འགྱུར། །རྡུལ་བཅས་རུལ་ཞིང་རྣག་པ་དང༌། །སྲིན་བུ་ཕྲ་མོ་མི་བཟད་སྐྱེ། །སྤུ་པགས་ཆུ་བ་རྩ་ཆེན་དད། །རུས་པ་རྙིང་པ་རིད་བཞིན་ཟ། །དེ་བས་ཤ་བཀྲ་ཕྱི་རོལ་ཏེ། །མཛེ་ལས་གཞན་ནི་མིན་པར་བཤད། །ཅེས་ནང་གནས་མཛེ་དང་ཕྱིར་ལུས་ནས་ཤ་བཀྲར་བཤད་དོ། །དེ་ལ་ནང་ཚན་ཇི་ལྟར་ཞེ་ན། བཞི་པ་དབྱེ་བ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དབྱེ་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། གནས་ཀྱིས་དབྱེ་བ་བཅོ་བརྒྱད་དང༌། རིགས་ཀྱིས་དབྱེ་བ་བཅོ་བརྒྱད་དེ་སུམ་ཅུ་སོ་དྲུག་ཏུ་འགྱུར་བའོ།།
གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ལས། དང་པོ་གནས་ཀྱི་དབྱེ་བ་ནི། ཞུགས་ཚུལ་ཞེས་རྐང་པ་བཞིས་བསྟན་ཏེ། དེ་ཡང་གནས་སོ་སོར་དབྱེ་ན། སྐྱི་ཞེས་ཏེ་པགས་པའི་ཕྱི་ཤུན་དང༌། པགས་པ་དང་རྩི་སྟེ་མདངས་དང༌། མདོག་དང་སྟོབས་དང་ཤ་དང་ཚིལ་དང་ཆུ་བ་དང༌། རྩ་དང་ཁྲག་དང་ཆུ་སེར་དང་རུས་པ་དང་ཚིགས་དང་ལྷ་བ་དང་ཀླད་པ་དང་རྐང་དང་ཁུ་བ་དང་དོན་ལྔ་ལ་ཞུགས་པ་དང་བཅོ་བརྒྱད་དོ། །གཉིས་པ་རིགས་ཀྱི་དབྱེ་བ་ནི་རིགས་ཀྱི་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། རྐྱང་པ་ལྡན་འདུས་བདུན་ཞེས་པ་རྐྱང་པ་རླུང་མཁྲིས་བད་ཀན་གསུམ་ལྡན་པ་གསུམ་འདུས་པ་དང་བདུན་ལ་གྱེས་པ། ཐོད་འདྲ་ཟླུམ་པོ་གླང་ཤུ་ཨུ་དུམ་ཝ་ར་འདྲ་བ་རི་ཤའི་ལྕེ་འདྲ་པགས་མཛེ་གཅིག་པུ་འབྲུམ་ཕྲན་ཤ་བཀྲ། འབྲས་བྱེར་སེར་ག ཤུ་བ་ཁ་བརྒྱད། པདྨ་དཀར་པོ། འབྲུམ་བུ། གཡན་པ། པགས་མྱགས། འོལ་མོ་སེ་འདྲ་བ་བཅོ་བརྒྱད་དེ་དྲིལ་བས་སུམ་ཅུ་རྩ་དྲུག་གོ་ །གཞན་ཡང་པནྜི་ཏ་གོ་དཱ་ལའི་གསར་འགྱུར་ལས། བསྡུ་ཚུལ་འདི་ལྟར་བཤད་དེ། མཛེ་ལ་རིགས་བདུན་ཏེ། མུ་ཏ་ཀུཥྠ་ཞེས་པ་ཆུ་རླུང་འཐབ་པ་ལ་བརྟེན་པའི་མཛེ་དང༌། སརྦེ་དྷཱ་རུ་ཀུ་ཞེས་པ་མཁྲིས་རླུང་ལ་བརྟེན་པའི་མཛེ་དང༌། གི་ཙི་ཏྲ་ཀུཥྠ་ཞེས་གྲང་རླུང་ལ་བརྟེན་པའི་མཛེ་དང༌། ལ་ལཱ་ཀུཥྠ་ཞེས་ཁྲག་ལ་བརྟེན་པའི་མཛེ་དང༌། སུརྱ་ཀུཥྠ་ཞེས་ཁྲག་མཁྲིས་ལ་བརྟེན་པའི་མཛེ་དང༌། ཙནྜ་ཀུཥྠ་ཞེས་གྲང་མཛེ་དང༌། ཥ་ཥ་ནྡྲརི་ཀུ་ཞེས་ཁྲག་མཛེ་དང༌། དེ་ཡང་ཆུ་རླུང་གི་མཛེ་རྟགས་ལ་ཐོག་མར་ཤ་པགས་ཁོལ་བུར་ཟ་ཞིང་བྲད་ན་ཆུ་སེར་མང་དུ་དོན་ཡོང༌། མཁྲིས་རླུང་ལ་གཞན་མ་གོང་དང་འདྲ་བ་ལ་དྲེད་ཤིན་ཏུ་ཆེ་ཞིང་མདོག་ཀྱང་ཅུང་ཟད་དམར་ལ་བྲད་ན་ཁྲག་ཀྱང་འབྱུང་བའོ། །གྲང་རླུང་ལ་ཐོག་མར་ལུས་ཁོལ་བུར་སྐྲངས་ཤིང་མདོག་ཀྱང་ཁྲ་བོར་ཡོང་ལ་རྗེས་སུ་ཚིགས་ཆེ་ཆུང་ཐམས་ཅད་སྐྲངས་ཤིང་ཆུ་སེར་འཛག་པའོ། །ཁྲག་མཛེ་ལ་ཡན་ལག་དང་སྣ་སོགས་ཆད་ཅིང་རྣག་ཁྲག་འཛག་ལ་མདོག་ཀྱང་དམར་པོར་འོང་ངོ༌། །ཁྲག་མཁྲིས་ལ་བརྟེན་པ་གཞན་མ་གོང་དང་འདྲ་བ་ལ་དྲོད་ཤིན་ཏུ་ཆེ་བའོ། །གྲང་མཛེ་ལ་མདོག་དཀར་ཞིང་རྣག་ཁྲག་ཆུ་སེར་མང་དུ་འཛག་པའོ། །ཤ་བཀྲ་ནི་རྟོགས་པར་སླའོ། །ལྔ་པ་རྟགས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བརྟག་ཐབས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་བརྟག་ཐབས་ལ་ནད་ངོས་བཟུང་བ་དང༌། གསོ་བའི་ལས་ལ་འཇུག་པའི་ཚེ་སྤང་བླང་མུ་བཞིར་བརྟག་པ་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ནད་ངོས་བཟུང་བ་ལ་གསུམ་མོ། །མདོར་རྒྱས་མཇུག་གསུམ་མོ། །དང་པོ་ནི། ངོས་བཟུང་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱི་རྟགས་དང་བྱེ་བྲག་གི་རྟགས་གཉིས་ལས། དང་པོ་ནི། སྤྱི་ལ་ཞེས་རྐང་པ་གཅིག་གིས་བསྟན་པ་ལའང་གསུམ། ཕྱི་ནང་གསང་གསུམ་མོ།།
གཉིས་པ་རྒྱས་པར་བཤད་པ་ལའང་གཉིས། མདོར་རྒྱས་སོ། །དང་པོ་ནི། ཕྱི་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཕྱིའི་རྟགས་ལ་དང་པོར་སྔོན་པའི་ཚུལ་རྨི་ལམ་བརྟག་པ་ལྷས་ཚོར་གྱི་དུས་དང་བརྟེན་པ་ནད་ཀྱི་མཚན་མ་ཁོ་ན་ཉིད་བསྟན། ལུས་ངག་ཡིད་ལ་བརྟག་པ་རང་ཚོར་གྱི་དུས་གཉིས་ཀྱིས་བསྟན་པའོ། །དང་པོ་ནི། རྨི་ལམ་ཞེས་རྐང་པ་དགུས་བསྟན་ཏེ། སྤྱིར་རྨི་ལམ་ནི་སེམས་ཀྱི་སྣང་ཆ་རླུང་དང་བསྡོངས་པ་ལུས་ཀྱི་ཁམས་རྣམས་སུ་སོང་བ་ལས་ཕྱི་ནང་དབྱེར་མེད་ཀྱི་རྟེན་འབྲེལ་ལས་ནད་གདོན་གྱི་བྱེད་པ་སྣ་ཚོགས་པ་མཐོང་བའམ་མྱོང་བར་གྱུར་པ་སྟེ། ཡན་ལག་བརྒྱད་པར། ནང་ནི་སྟོབས་དང་ལྡན་པ་ཡི། །ཡིད་འཇུག་བུ་ག་བཀག་པའི་ཕྱིར། །མི་བཟང་རྨི་ལམ་མཐོང་བར་འགྱུར། །ཞེས་སོ། །གཉིས་པ་ལ་གསུམ་ལུས་ངག་ཡིད་གསུམ་ལས། དང་པོ་ནི། ལུས་ལ་ཞེས་རྐང་པ་བདུན་གྱིས་བསྟན་ནོ། །གཉིས་པ་ནི། ངག་ལ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་ནི། ཡིད་ལ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ལྟར་སྔ་མ་རྨི་ལམ་གྱི་དུས་ནི་འདེབས་པའི་རྟགས་ཞེས་གདོན་གྱིས་གནོད་པ་མགོ་རྩོམ་དུས་དང༌། ཕྱི་མ་སྒོ་གསུམ་གྱི་རྟགས་ནི་གནོད་པའི་དབང་དུ་གྱུར་པ་སྟེ་ཐེབས་ཟིན་པའི་རྟགས་སོ།།
གཉིས་པ་ནད་རྟགས་ལ་གཉིས། གདོང་ལ་བརྟག་པ་དང་མིག་ལ་བརྟག་པ་གཉིས་ལས། དང་པོ་ནི་ནང་གི་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། མེ་ཏོག་ནི་མཛེ་ལ་མེ་ཏོག་ཅེས་གདོང་མདོག་དྭངས་པའི་སྟེང་དུ་སྐྱ་སྨུག་དམར་བ་སོགས་ཀྱི་ཐིག་ལེ་འོང་བའོ། །གཉིས་པ་མིག་ལ་བརྟག་པ་ནི། གསལ་བར་ཞེས་རྐང་པ་བཞིས་བསྟན་ཏེ། དེ་ཡང་ནད་གདོན་གྱི་རྟགས་གསལ་བར་སྟོན་པ་དབང་རྟེན་ལ་དབང་པོའི་མིང་གིས་བརྟགས་པ་མིག་ཡིན་ཏེ། མིག་ལ་ཡང་དཀར་པོའི་སྟེང་གི་རྩ་རིགས་ལ་བརྟག་དགོས་པས། ཐོག་མར་འཁྱོག་པོ་བརྟག་པ་ལ་ཐིག་དྲང་པོར་འདེབས་དགོས་པ་ལྟར་ནད་ལ་བརྟག་པ་ལ་མི་གནོད་པའི་རྩ་ཤེས་དགོས་པས་གནོད་མི་གནོད་བརྟག་པ་ནི། མི་གནོད་པའི་རྩ་ནི་སྤྱིར་མིག་བཀྲག་མདངས་ལེགས་ཤིང་ལྷག་པར་མིག་རྩ་རང་ན་དམར་སིང་ངེ་པ་སྟེང་དུ་དོན་པའམ། མིག་མདངས་ལོག་པ་ཁྲག་ཁྲུག་མི་འོང་བའོ།། གནོད་པའི་རྩ་ནི་སྤྱིར་མིག་མདངས་ཉམས་མཆི་མ་འཛག ལྷག་པར་རྩ་དམར་ནག་གཏིང་དུ་བྱིང་ངེ་བ་རྩེ་མོ་གུག་པའམ་རྒྱལ་མོ་ལ་ཁ་བལྟས་ནག་ནོག་བསྙལ་བའོ། །གདོན་རིགས་བརྟག་པ་ནི། རད་རོད་བྲད་པ་རྐོས་པ་གསུམ་བྱུང་ན་རྒྱལ་རིགས་ཡིན་བརླ་གཡས་ནས་འཛིན། གྲུ་མོ་གཡས་ལ་ཤ་རོ་ཡོད། བཟབ་ཤར་གང་རིགས་ཀྱི་ཡི་གེ་ར་ལ་ད་བཏགས་པ་འདྲ་ན་རྗེ་རིགས་ཡིན། གྲུ་མོ་གཡོན་ལ་ཤ་རོ་ཡོད། མདུང་འདྲ་ན་བྲམ་ཟེ་ཡིན། བྱིན་པ་གཡས་ན་ཤ་རོ་ཡོད། བཟབ་ཤར་གང་རུང་གི་ཡི་གེ་ག་མགོ་ཕྱེ་བ་འདྲ་ན་དམངས་རིགས་ཡིན། བྱིན་པ་གཡོན་ནས་འཛིན། པུས་མོ་གཡོན་ལ་ཤ་རོ་ཡོད། སྲོག་ཆགས་ཉའམ་ཡི་གེ་ཉ་འདྲ་ན་གདོལ་བ་ནག་པོ་ཡིན། རྐང་མཐིལ་གཉིས་ལ་འཛིན། ལྟེ་བ་ལ་ཤ་རོ་ཡོད་དོ། །ཞུགས་ཚུལ་ལྔ་གང་ཡིན་བརྟག་པ་ནི། ཡི་གེ་ག་ལ་ཡ་བཏགས་པ་འདྲ་ན་མི་གཙང་བསྣོལ་བ་ཡིན། མགོ་དང་ཡན་ལག་དུ་མའི་རྣམ་པ་འདྲ་བ་ལ་མགོ་ཉམས་ཡན་ལག་ཉམས་པ་ལྟར་སྣང་ན་རེ་འདོད། མིག་མགོ་གཉིས་ཀ་ནག་ལ་ཉིལ་ན་ཀུ་རེ་ཀྱལ་ཀ་ཐང་ཤིང་འགྱེལ་བ་འདྲ་ན་བསད་འདོད་དོ་བསྡོ། རྒྱལ་མོ་ལ་སླེབས་ན་རྣམ་སྨིན་ནོ། །ལུས་ཀྱི་ཞུགས་པ་བརྟག་པ་ནི། ཡས་སྟོད་ནས་འཛིན་ན་ཡ་ཕུགས་དང་མིག་མགོ་ལ་རྩ་སྐྱོན་འོང༌། མས་སྨད་ནས་ཞུགས་ན་མ་མཆུ་དང་མིག་མཇུག་ལ་རྩ་སྐྱོན་འོང༌། རྒྱལ་མོ་ཕྱོགས་ནང་རྩ་སྐྱོན་བྱུང་ན་མདུན་ངོས་དང་དོན་ལ་ཞུགས། མིག་ཕྱི་ཕྱོགས་སུ་རྩ་ལ་བྱུང་ན་རྒྱབ་དང་ཕྱི་ས་པགས་ལ་ཞུགས་སོ། །གཡས་གཡོན་གང་བྱུང་ལ་དེ་ཕྱོགས་ནས་ཞུགས་པར་ཤེས་པར་བྱའོ། །ནད་གདོན་བཅོས་པས་ཐུབ་མི་ཐུབ་བརྟག་པ་ནི། ཐུབ་པ་ལ་དང་པོ་ནས་བཅོས་ཐུབ་པ་དང༌། བཅོས་པས་ཐུབ་པའི་རྟགས་གཉིས་ལས་དང་པོ་ནི་རྩའི་རྩེ་མོ་བར་གྱི་མཚོ་ལ་མ་སླེབས་པ་དང་གྲངས་ཉུང་བ་ནི་གསོ་སླ་སྟེ་ཐུབ་བོ། །གཡས་པའི་རྩ་ལེགས་ན་གཞན་མང་ཡང་ཐུབ་བོ། །གནོད་པའི་རྩའི་མཐའ་ནས་ཡལ་རྩ་ཆད། རྩེ་མོ་གུག་ན་བཅོས་བྱས་པས་ཐུབ་པའི་རྟགས་ཏེ་ནད་གདོན་ཞི་བར་ངེས་པའོ། །རྩའི་རྩེ་རྒྱལ་མོའི་མདངས་ལ་སླེབས་ན་མི་ཐུབ་བཅོས་པས་མས་རྩ་ལ་བསྐྱེད་བྱུང་ཀྱང་ཡས་རྩ་ལ་བསྐྱེད་མི་འདུག་ན་མི་ཐུབ་བོ། །ལོ་གྲངས་བརྟག་པ་ནི། དཀར་ནག་མཚམས་ནས་ཆུ་རིགས་དྲུག་ཡོད། གདོན་རྩ་ཕུག་པ་ལ་རྒྱ་གྲམ་དུ་ཡོད། དེ་འདྲ་དུ་འཇུག་ལས་ལོ་གྲངས་ཙམ། ཕྱིའི་མཚོའི་རྩ་ཚིགས་ལ་ཡང་བརྩི་སྟེ། ཚིགས་རེ་ལ་ལོ་རེ་སོང་བའོ། །འདི་དག་ནི་རྗེ་གཡུ་ཐོག་པ་རང་གི་མཆན་དུ་ཅུང་ཟད་གསལ་དུ་བྱས་པ་ཡིན་ནོ། །གསུམ་པ་གསང་བའི་རྟགས་ནི། གསང་བ་ཞེས་རྐང་པ་དྲུག་གིས་བསྟན་ཏེ། འདི་ལ་རྫོང་འཕྲང༌། མུ་ཟི་གསེར་མདོག་གུ་གུལ་གླ་རྩིཤུ་དག་དང་བཞི་སོས་ཀའི་སྲུབ་ཀ་འབུར་དང་ཆ་མཉམ་ལ་རྩི་བཞིན་བཏགས་ལ་རས་སུ་ཕུར། དཀྱིལ་དུ་རྒྱམ་ཚྭ་དུམ་ཞིག་བཅུག་ལ་རང་གི་ཆུས་སྦངས་པ་ཞག་གསུམ་སྐོམ་དུ་བཏུང༌། ཐ་མ་བཙིར་གྱིན་ཁུ་བ་ཐོན་པར་བྱས་ལ་བཏུང་སྐོམ་གཞན་སྤང༌། དེ་ལ་དྲི་ཆུ་མདོག་མ་གྱུར་ན་གདོན་མི་གནོད་པ་ཡིན། ཆུ་སེར་སོགས་སྣ་ཚོགས་བྱུང་ན་གནོད་པ་ཡིན། ཁྲག་ཏུ་བྱུང་ན་མི་ཐོན་པ་ཡིན་པས་བྱུང་བ་ལས་ཤེས་པར་བྱའོ། །གཉིས་པ་བྱེ་བྲག་གི་རྟགས་ལ་གཉིས། མདོར་རྒྱས་སོ།།
དང་པོ་ནི། བྱེ་བྲག་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་དུག་རིགས་དང༌། གདོན་རིགས་དང༌། ཞུགས་ཚུལ་དང༌། བབས་ས་གནས་དང༌། ཉེས་པའི་རིགས་ཀྱི་རྟགས་དང་ལྔར་བསྟན་པའོ། །གཉིས་པ་རྒྱས་བཤད་ལའང་ལྔ་ལས། དང་པོ་ནི། དང་པོ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་འབྱུང་བ་རང་རང་གི་མཚན་ཉིད་འཛིན་པའི་དུག་འབྱུང་བའོ། །གཉིས་པ་གདོན་རིགས་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། གདོན་རིགས་ཞེས་རྐང་པ་གཅིག་སྟེ། རྩ་བའི་རིགས་དང་ཡན་ལག་གི་རིགས་གཉིས་སོ།།
གཉིས་པ་རྒྱས་པར་བཤད་པ་ལ་ཡན་ལག་གི་རིགས་དང༌། རྩ་བའི་རིགས་གཉིས་ལས། །དང་པོ་ནི། ཡན་ལག་ཅེས་རྐང་པ་གསུམ་གྱིས་བསྟན་ཏེ། སྟོབས་ཆུང་བའི་སྡོངས་ཟླ་ཡིན་པས་ཡན་ལག་གི་གདོན། ཐེའུ་རང་དང་འགོང་པོ་ནི་སྐྱི་ལ་བར་པ་སྤུ་བརྩེ་གཡའ་གྲང་སིང་བྱེད། དམ་སྲི་པགས་པ་ལ་བབ་ཐོར་ཕྲན་འོང༌། གདོང་བ་དམར་སྦེམ་བྱེད་པགས་རོ་འོང༌། ས་བདག་ཤ་ལ་འཛིན་པས་ཀོ་ལེར་ན་འགུལ་འཕྲིག་ཤ་སྦེམ་དང་ཤ་རོ་འོང༌། གཉན་ནི་རྩ་ལ་བས་པས་འཁྱུག་ཟ་འཕྲུག་བྱེད་ཁྲག་སྐྱ་མིག་སླེའོ། །བཱ་སུ་རིགས་ནི་ཀླུ་བྱེ་བྲག་པ་སྟེ་ཆུ་རྒྱུས་ལ་འཛིན་པས་རྐང་ལག་ཞ་འཁུམས་ལུས་གྱོང་རྐང་པ་ལྟབས་སོ། གཉིས་པ་ནི། རྩ་གདོན་ཞེས་རྐང་པ་དྲུག་གིས་བསྟན་ཏེ། རྩ་བའི་གདོན་ཀླུ་རྒྱལ་རིགས་ནི་ཡིད་ཀྱི་དུག་སྟེ་སྤྱི་གཙུག་ནས་འཇུག གཙུག་ཏུ་ཤ་རོ་འོང་དཀར་ལ་སྲེད་འབྱུང་གཞི་འདུས་པ་ཡིན་པས། སྲོག་ཆགས་རྒྱན་སོགས་སྣ་ཚོགས་སམ་དཀར་པོ་རྨི། རྗེ་རིགས་ནི་མིག་ནས་དུག་སྤྲོ་བ་མཐོང་བའི་དུག་སྟེ་མེའི་དུག་མཆིན་པར་བབ་དམར་པོ་རྨི། བྲམ་ཟེ་ནི་ཁ་རླངས་ཀྱི་དུག་ལ་ཆུ་དུག་ཤས་ཆེ་མཁལ་མ་གཡོན་དུ་འབབ་སེར་ཤས་ཆེ་བ་རྨི། དམངས་རིགས་རེག་པའི་དུག་སྟེ་རླུང་གི་དུག་ཤས་ཆེ་ལུས་སྤྱིར་བབ། ཡན་ལག་སོར་མོ་རྣམས་བྱིན་གཞུག་དང་འདྲ། སྐད་འཛེར་སྔོན་པོ་ཤས་ཆེ་རྨི། གདོལ་བ་མཆེ་བ་ལས་འཕྲོས་དུག་སྟེ། ས་དུག་ཤས་ཆེ་མཆེར་བབ། ཡུལ་ས་སྲོག་ཆགས་རྒྱན་སོགས་ནག་པོ་རྨི། གཞུག་ཏུ་ཐམས་ཅད་དོན་ལ་བབ་ནས་དེ་ནས་འབྲེལ་བའི་ལྕེ་སོགས་དབང་རྟེན་རྣམས་ཉམས་པར་གྱུར་རོ། །གསུམ་པ་ནི་འཇུག་ཚུལ་ཞེས་རྐང་པ་དྲུག་གིས་བསྟན་ཏེ་ལྔ་ལས་བརྟག་ཅེས་རེས་འོང་རེས་མི་འོང་བ་ཀུ་རེ་ཀྱལ་ཀའི་ཚུལ་ཏེ་ཟས་སྤྱོད་གཟབ་གདོན་ཆོག་བྱ་གློ་བུར་དུ་འོང༌། རྨི་ལམ་ཟ་ཟི་གདོན་རྨི་བ་ལོངས་སྤྱོད་རེ་འདོད་དེ་རིམ་གྲོ་འདོན། གདོན་བཅོས་བྱ། གློ་བུར་དུ་ལྡང་ཤེས་པ་བྱིང་བ་མི་གཙང་བ་བསྣོལ་ཏེ་ཁྲུས་དང་བསངས་དང་བྱད་འགྲོལ་བྱ། གནད་ལ་འཐིབ་པ་ནི་དོ་བསྔོ་བསད་པ་སྟེ་བསྙེན་སྨན་ལྟག་སྤྲད་བྱ། སྤང་རྟགས་ཤར་བ་ནི་ལས་ཀྱི་རྣམ་སྨིན་ཏེ་ཚོགས་གསོག་སྒྲིབ་སྦྱོང་ལ་འབད་དོ། །བཞི་པ་བབས་ས་གནས་ཀྱི་སྒོ་ནས་བརྟག་པ་ལ་གཉིས། རྒྱས་པར་ཉེར་གཉིས་ལ་བརྟག་པ་དང༌། མདོར་བསྡུས་བཅུ་གསུམ་ལ་བརྟག་པ་གཉིས་ལས་དང་པོ་རྒྱས་པ་ཉེར་གཉིས་ལ་བརྟག་པ་ནི། བབས་ས་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། དེ་ཡང་སྐྱི་ལ་བརྟག་པ་སྤུ་བྱི་ཞིང་བེར་བ་ལ་གཉེར་ཆུང་མང༌། པགས་ལ་གཡའ་སྐྱི་གྱོང་མདོག་མི་སྡུག རྩི་ལ་སོ་བྱད་པགས་མདངས་ཉམས། མདོག་ལ་གདོང་མདོག་འགྱུར། མིག་གཟི་འདྲའོ། །སྟོབས་ལ་ཤེད་མེད་སྒྱིད་སྐྱུར་ཤ་དང་ཚིལ་འགུལ་འཕྲིག་བེམ་ཞིང་ཚོར་བ་ཆུང༌། ཆུ་བ་གྱོང་ཞིང་ན། རྩ་སྦྲིད་བཤལ་ཐང་འཁྱུག་བྱེད། ཁྲག་གདོང་དམར་ལུས་ལྕི་སྣ་ཁྲག་འཛག་རེས་གཏར་ཁྲག་མེད། ཆུ་སེར་ཟ་འཕྲུག་བྱེད་ཆུ་སྒང་ཤུ་བའོ། །རུས་པ་ཤ་སྐམ་ཀོ་ལེར་ན་སྣ་ཞོམ། ཚིགས་པ་འཁོར་ཞིང་སྐྲངས། ལྷ་བ་ལུས་གྲང་སིལ་བྱེད་སྒྱིད་པ་འཁྲོལ། ཀླད་པར་ཞུགས་པ་མགོ་ཐོམ་སྐྲ་བྱི། རྐང་སྐད་འགགས་ཡན་ལག་བཞིའི་མཐིལ་དང་མིག་དམར། ཁུ་བ་སྐམས་སམ་ལུག་དབང་པོ་མི་གསལ། དོན་ལ་རྟགས་སྙིང་ཞུགས་ཡེམ་ཡེམ་བྱེད་ལྕེ་དམར་ཐོར་པ་འོང༌། གློ་བ་སྟོད་ལྕི་སྐད་འཛེར་སྣ་ཆུ་སྐྱ་མོ་འོང༌། མཆིན་པར་གཉིད་ཆེ་ཤེས་པ་འཐིབ་མཆིལ་མ་མང་མིག་དམར་ལ་སླེ། མཚེར་པ་མཆུ་ལ་བད་ཀན་ཆགས་ལྕེ་ཁྲ་གདོང་པ་གྲོ་བོར་འགྲོ་ཁོང་སྦོ། མཁལ་མར་རྣ་བ་འོན་རྐང་པ་བཤལ་འབྲས་བུ་སྐྲངས་སོ། །དེ་ལྟར་ཉེར་གཉིས་ལ་བརྟག་པར་བྱའོ། །འདི་ལ་སྙིང་པོ་བསྡུས་པར། ངེས་པར་པགས་ལ་གནས་པའི་མཛེ། །ནག་ཅིང་རྩུབ་ལ་མདོག་མི་སྡུག །ཁྲག་གནས་རུལ་འགྱུར་གཉིད་ཆེ་སྐྲངས། །ཤ་ལ་གནས་པ་རྐང་པ་དང༌། །ལག་པར་འབྲུམ་བུ་འབྱུང་བར་འགྱུར། །ཚིགས་གནས་ལྷག་པར་འདྲུལ་པ་སྐྱེན། །རྐང་པ་རྫས་འགྱུར་ཚིལ་གནས་པ། །ཡན་ལག་སྐྲང་བར་བྱེད་པར་འགྱུར། །རུས་པ་རྐང་གནས་སྣ་ཞོམ་ཞིང༌། །མིག་དམར་སྐད་ནི་འགགས་པ་དང༌། །རྨ་ལ་འབུ་ཞུགས་ཁུ་བར་གནས། །བུ་དང་ཆུང་མར་བཅས་ལ་འབྱུང༌། །ཞེས་འབྱུང་ངོ༌།།
གཉིས་པ་ནི་མདོར་བསྡུས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། བབས་ས་དེ་དག་མདོར་བསྡུས་པ་ནི། ལུས་གནད་སྤྱི་བོ། ངག་གནད་མགྲིན་པ། ཡིད་གནད་སྙིང་ག སྙིང་གནད་ལྕེ། གློ་གནད་སྣ། མཆིན་གནད་མིག མཆེར་གནད་མཆུ། མཁལ་གནད་རྣ་བ། ཡན་ལག་གནད་ཚིགས་པ། ཚིལ་གནད་དྲེག་བཞི་སྟེ་རྐང་པའི་མཐེབ་རྩ་ལག་པའི་གྲུ་མོ། རུས་གནད་སོ། ཤ་གནད་མཐེ་བོང༌། རྩ་རྒྱུས་གནད་མཚན་མའོ། །བཅུ་གསུམ་དེ་དག་མ་བདེ་ན་གདོན། ན་ན་ཞུགས་ཤ་རོ་བྱུང་ན་ཞེན་པ་ཡིན་ནོ། །ལྔ་པ་ཉེས་པའི་སྒོ་ནས་མཛེ་རིགས་བཅོ་བརྒྱད་བཤད་པ་ནི། ཉེས་པའི་ཞེས་རྐང་པ་དགུས་བསྟན་ཏེ། དེ་ཡང་བཅོ་བརྒྱད་པོ་འདི་ལ་ཡན་ལག་བརྒྱད་པར། ནད་གཞི་ཐ་དད་འདྲེས་པ་དང༌། །ལུས་གྱུར་མཛེ་ནད་རྣམ་པ་བདུན། །ཀུན་ཀྱང་ཉེས་གསུམ་ལས་བྱུང་ཡང༌། །དེ་ལས་ལྷག་པ་ལས་མིང་འདོགས། །ཞེས་དང༌། དང་པོ་རླུང་མཛེ་ཐོད་འདྲ་ལ། །ཐོད་པ་ལྟ་བུར་ནག་ཅིང་སྨུག །ཅེས་སོ། །མཁྲིས་མཛེ་ཨུ་དུམ་ཝཱ་ར་ལ། །ཨ་དུམ་ཝ་ར་སྨིན་པ་ལྟར། །པགས་སྤུ་སྨུག་རྩ་དཀར་བས་ཁྱབ། །ཤས་ཆེར་ཐུག་དང་ཤས་ཆེར་འདྲུལ། །ཚ་བའི་ནད་དང་ཁྲག་ཤས་ཆེ། །ཞེས་འབྱུང༌། བད་གྱུར་གཉིས་ལས་ཟླུམ་པོ་ལ། །གཡའ་ཞིང་རྣག་ཆེ་འབུས་གང་བ། །ཐ་མ་འཇམ་ཞིང་སེར་པོར་སྣང༌། །ཀོར་ཀོར་པར་གནས་ཟླུམ་པོ་ཡིན། །ཞེས་སོ། །བད་གྱུར་གླང་ཤུ་ལ། གཡའ་ཞིང་ཕྲ་ཚགས་རྣགས་པ་དང༌། །ཆུ་སེར་མང་བ་གླང་ཤུ་ཡིན། །ཞེས་སོ། །རླུང་མཁྲིས་ལྡན་པ་འདྲ་བ་ལ་བཏགས་པ་རི་ཤིའི་ལྕེ་ནི། ཟུག་ཅིང་ཚ་ལ་ན་ཞིང་རྣགས། །འབྲུམ་བུ་རྩུབ་མོས་ཁྱབ་པ་དང༌། །འབུ་མང་རི་ཤིའི་ལྕེ་འདྲ་བཤད། །ཅེས་སོ། །བད་མཁྲིས་ལས་གྱུར་པའི་པགས་མཛེ་ལ། །གླང་པོའི་པགས་འདྲ་རེག་རྩུབ་པགས། གཅིག་བུ་བཤད་ལ་ཅེས་སོ། །འབྲུམ་ཕྲན་ལ། གཞི་ཆེ་མི་རུ་ཉ་པགས་འདྲ། །འབྲུམ་བུ་ཕྲ་མོ་ཐུག་ཐུག་པོ། །ཞེས་སོ། །ཤ་བཀྲ་ལ་ཤ་བཀྲ་ནང་རྩུབ་ཕྱི་རོལ་འཇམ། །སྐྱུ་བའི་མེ་ཏོག་ལྟར་དམར་དཀར། །འཕྲུགས་ན་གློག་པར་འབྱུང་བ་དང༌། །ཞེས་སོ། །འབྲས་བྱེར་ལ། རྨེན་བུ་དམར་པོ་གཡའ་དང་ལྡན། །ཁྱད་པར་བྱེར་བའི་འབྲས་ཞེས་བྱ། །ཞེས་སོ། །སེར་ཀ་ལ། རྐང་པ་ལག་པ་གས་པ་དང༌། །མི་ཟད་ན་ཞིང་གཡའ་བབ་ཆུང༌། །རྐང་ལག་ཞིག་པ་ཞེས་བྱའོ། །ཞེས་སོ། །བད་མཁྲིས་ལས་གྱུར་དྲུག་ལས་ཤུ་བ་ལ། །ཐོར་པ་དམར་པོས་ཁྱབ་པ་དང༌། །པགས་པ་ཟར་མའི་མེ་ཏོག་འདྲ། །ཟླུམ་པོར་བྱུང་བ་ཤུ་བ་ཡིན། །ཞེས་སོ། །རྨ་ཁ་བརྒྱད་ཅེས་ཀྱང་རྩ་བ་སྦོམ་ཞིང་རྩ་བཅས་ནས། །དམར་ཞིང་སྨུག་ལ་རྨ་ཁ་མང༌། །རྣགས་ཤིང་འབྲུ་མང་རྨ་ཁ་བརྒྱད། །པད་དཀར་ལ། ཐ་ལ་དམར་ཞིང་དབུས་ན་དཀར། །རྩུབ་ཅིང་ཆུ་སེར་ཁྲག་མང་བ། །ཕལ་ཆེར་ཉུང་རྡོལ་པད་དཀར་ཡིན། །ཞེས་སོ། །འབྲུམ་བུ་ལ། པགས་པ་སྲབ་པའི་འབྲས་བུ་དཀར། །དམར་བས་གང་བ་འབྲུམ་བུ་ཡིན། །ཞེས་སོ། །གཡན་པ་ལ། གཡན་པ་ནད་ནི་གཡའ་བ་དང༌། །འདྲུལ་ཞིང་ལྷག་པར་ན་བ་དང༌། །འབྲུམ་བུ་ཕྲ་མོ་མང་པོ་ནི། །ཕལ་ཆེར་རྐུབ་ལག་གྲུ་མོར་འབྱུང༌། ཞེས་སོ།།
པགས་མྱགས་ལ། ཐུར་བུ་བཅའ་ཤིང་རེག་མི་བཟོད། །གཡའ་ཞིང་དྲོ་ཚེ་ན་དང་བཅས། །དམར་བ་པགས་པ་མྱགས་པ་ཡིན། །ཞེས་སོ། །འདུས་འགྱུར་འོལ་མོ་སེ་འདྲ་ལ། །འོལ་མ་སེ་ནི་རབ་ཚ་ནང༌། །སྟོད་ནི་དམར་ཞིང་ནག་པོ་ནི། །འོལ་མོ་སེ་ཡི་འབྲས་བུ་འདྲ། །ཞེས་དང་གཞན་ཡང༌། མཛེ་ཡི་མཚན་མ་ཀུན་དང་ལྡན། །ངེས་པར་ཁ་དོག་དུ་མར་གྱུར། །ཞེས་སོ། འདི་དག་ནི་སྙིང་པོ་བསྡུས་པ་ལས་བཏུས་པ་སྟེ་རྒྱས་པར་འདོད་ན་དེར་བལྟའོ། །གསུམ་པ་མཇུག་བསྡུ་བ་ལ་གསུམ། ལེགས་པར་བརྟག་པར་གདམས་པ་དང༌། །ནོར་རེའི་འཕྲང་བསྟན་པ་དང༌། །སྲུང་བ་གཅེས་པར་གདམས་པའོ། །དང་པོ་ནི། ནད་འདི་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་ནི། ཉྭ་རྩ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། དེ་ཡང་ཉྭ་རྩ་རླུང་གདོན་བཞི་ག་འཕྲིག་པར་མཚུངས་པས་དེ་བཞི་ནོར་རེ་སྟེ་ནོར་ལ་ཁད་དམ་ནོར་ཉེན་ཆེའོ། འཕྲང་བསལ་བ་ནི་མི་ནོར་ཏེ། ཉྭ་འཕྲིག་ནི་ཉ་ཡོད་སར་འོང༌། རྩ་འཕྲིག་ནི་སྙིང་རྩ་ཡོད་སར་འོང༌། རླུང་འཕྲིག་ནི་ལུས་ཁྱབ་པར་འོང་འདི་གསུམ་ནི་ནད་གཞན་ལ་ཡང་འོང༌། གདོན་འཕྲིག་ནི་ཞུགས་ས་དང་གཉན་སར་འོང་བའོ། །དེ་བཞིན་དུ་ཤ་འབུར་ནི་ཤུ་བར་རུལ་འགྲོ སྲིན་འབུར་ནི་རང་ཞིར་འགྲོའམ་རྣག་ཏུ་འགྲོ་ནུས། རུས་འབུར་ནི་རུས་ལ་འབྱར་ནས་ཆེར་སྐྱེའོ། །ཤ་སྒང་ནི་ཉལ་ལེ་ཉོལ་ལེ་འོང་ཁ་རླངས་ཡིན། ཉྭ་སྒང་ནི་མདོག་དམར་ན་ཚ་མེད། ཆུ་སྒང་ནི་ཆུ་བུར་འོང་མེ་ཏོག་ཡིན། པགས་རོ་ཕྱི་རུ་འབྱུང་ལོ་གཉིས་ལོན། ཤ་རོ་བར་དུ་འོང་ལོ་གསུམ་ལོན། རུས་རོ་གཏིང་སྐྱེས་ཡིན་ལོ་བཞི་ལོན། རོ་ཞེས་པ་ཚོར་བ་མེད་པའི་དོན་ནོ། །ཁ་ཡོ་བ་དང་མིག་སླེ་བ་ཁད་ཀྱིས་བྱུང་ན་སྐམ་མཛེ། གློ་བུར་དུ་བྱུང་ན་རློན་མཛེའོ། །ཡང་ན་ཁ་ཡོ་མིག་སླེ་ཁད་ཀྱིས་བྱུང་ན་ཞེན་ཆེ་བས་གསོ་དཀའ། གློ་བུར་དུ་བྱུང་ན་ཡས་འདོད་དེ་གསོ་སླའོ། །ནད་ཀྱི་སྡུག་བསྔལ་ནི་ཟུག་རྔུ་དང་བཅས་ཁམས་འདུས་ནི་ཡེངས་ན་མི་ཚོར། གདོན་ནི་ཁྲོ་ཚིགས་སྙིང་མི་དགའ་འོ། །ཀྱལ་ཀ་ནི་རྩེད་མོ་ལྟ་བུ་སྟེ་སྙིང་དགའ་རྟགས་རྣམས་རེས་ཡོང་རེས་མི་འོང༌། དེ་ལ་མ་ཚོར་བ་ལྟར་བྱ། རེ་འདོད་ནི་ཟ་འདོད་དེ་གློ་བུར་དུ་ཁ་ཡོ་མིག་སླེ་ཡོང་བས་ཡས་བྱིན། རྣམ་སྨིན་ནི་ལས་འབྲས་སྨིན་པས་མི་ལྡོག་འཆི་ལྟས་འོང༌། ཚོགས་གསོག་བསྐུལ། དོ་བསྔོ་བ་ནི་ཁོ་དང་འགྲས་པས་ཁོང་ཁྲོ་སྐྱེས་ནས་བསད་འདོད་དེ་གློ་བུར་ཡིན་ལ་ཟིན་ཀྱང་སྔགས་སྨན་གཉིས་ཀ་བྱའོ། །གསུམ་པ་ནི། ཟས་སྐོམ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཟས་སྐོམ་ཟ་འཕྲོ་སྤྱོད་ལམ་འདྲེས་པ་གནས་མལ་ས་གོས་སོགས་ཁོངས་ནས་མཐུན་འཇུག་འདྲེས་པ་ཐམས་ཅད་བསྡུས་ཏེ། མདོར་ན་དྲི་དང་རེག་པ་ལ་སོགས་པའི་ཕྱིར་སྲུང་བ་གཅེས་ཏེ། རབ་སྟོང་ཉིད་དང་བདག་གཞན་མཉམ་བརྗེའི་བྱུང་སེམས། འབྲིང་ཡི་དམ་གྱི་བསྐྱེད་རིམ། ཐ་མ་རྗེས་སྔགས་ཀྱིས་སྲུང་ངོ༌། །བརྒྱད་པའི་སྙིང་པོ་བསྡུས་པར། ནད་རྣམས་ཕལ་ཆེར་ཟས་དང་ནི། །མལ་གཅིག་རེག་སོགས་ལ་བརྟེན་པས། །ཐམས་ཅད་འགོ་སྟེ་མིག་ནད་དང༌། །མཛེ་ནི་ལྷག་པར་འགོ་བ་ཡིན། །ཞེས་འབྱུང་ངོ༌། །གཉིས་པ་སྤང་བླང་མུ་བཞིའི་བརྟག་པ་ལ་གཉིས་མདོར་རྒྱས་སོ།།
དང་པོ་ནི། གཉིས་པ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྟགས་དེ་དག་ཐམས་ཅད་ཀྱང་མདོར་དོན་སྒྲིལ་ནས་བཅོས་མི་ཐུབ་པར་སྤང་བ་དང༌། བཅོས་ཐུབ་པ་ལ་ཡང་གསོས་ཙམ་པ། གསོ་དཀའ་བ་གསོ་སླ་བ་སྟེ་དེ་བཞི་ལས་ཕན་དུ་འགྲོ་ས་མེད་པས་མུའམ། མཐའ་བཞིའི་སྒོ་ནས་བརྟག་པ་ནི། གཉིས་པ་རྒྱས་བཤད་ལའང་བཞི་ལས། དང་པོ་ནི། མཁར་བརྒྱད་ཅེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། མཁར་བརྒྱད་ནི། སྤྱི་གཙུག སྨིན་འབྲག སྣ་རྩེ། ཡ་རྐན། སྙིང་ག ལྟེ་བ། མཚན་མ། རྐང་མཐིལ་བརྒྱད་དུ་ཤ་རོ་བྱུང་བའོ། །སྙིང་པོ་བཞི་ལ་ཞུགས་པ་ནི། ཡན་ལག་གི་མཐེ་བོའི་རྩ་བ་བཞི་ལ་ཤ་རོ་བྱུང་བའོ། །རྩེ་མོ་གསུམ་ལ་ཟིན་པ་ནི། ལུས་ཀྱི་རྩེ་མོ་ཀླད་པར་ཟིན་པས་སྤུའམ་སྐྲ་བྱི་བ། སྣའི་རྩེ་མོར་ཟིན་པས་སྣ་ཞོམ་པ། ཡན་ལག་གི་རྩེ་མོ་སོར་མོར་ཟིན་པ་མཛུབ་མོ་བྱིན་མཇུག་ཏུ་སོང་བ་གསུམ་ཡིན་ནམ་བསམ་གཞན་ཁུངས་མ་རྙེད། མཆན་ལ་ལར་སྣ་རྩེ་མཚན་མའི་རྩེ་ལ་ཤ་རོ་བྱུང་བ་ཞེས་འབྱུང་ངོ༌། །ཚིགས་ཆེན་མཁར་ནས་ཕབ་པ་ནི། སྒལ་ཚིགས་དང་ཡན་ལག་གི་ཚིགས་ཆེན་བཅུ་གཉིས་ལ་ཞུགས་པའམ། བསྡུ་ན་དཔུང་པ་གྲུ་མོ་གཉན་གོང་ཤ་རོ་བྱུང་བའོ། །དུག་བཞི་ལུས་ལ་རྒྱས་པ་ནི། ས་ཆུ་མེ་རླུང་སྟེ་འབྱུང་བཞིའི་དུག་ལུས་ལ་རྒྱས་པའོ། །མདངས་གསུམ་ཡལ་བ་ནི། མིག་མདངས་ཡལ་ཏེ་གཟི་འདྲ། བྱད་མདངས་ཡལ་ཏེ་གློ་བ་འདྲ། སོ་མདངས་ཡལ་ཏེ་དུང་འདྲ་བའོ། །སྤུ་གསུམ་བྱི་བ་ནི། སྐྲ་སྨིན་མ་བ་སྤུ་གསུམ་བྱི་བའོ། །ཆུ་གསུམ་བོ་བ་ནི། ཁ་ཆུ་མིག་ཆུ་སྣ་ཆུ་གསུམ་མི་ཐུབ་པའོ། །རྒྱ་མཚོའི་རླངས་མཆེར་པར་རྒྱས་ན་མཆུས་མི་ཕལ་ཆེར་ཁ་ཆུ་མི་ཐུབ། མཁལ་མར་རྒྱས་ན་རྣ་བ་འོན་ཁུ་བ་སྐྱོན་པར་ལུག་གོ །མཐིལ་བཞིའི་རླངས་པ་ཡལ་བ་ནི་རྐང་ལག་གི་མཐིལ་ཁ་སྤྲད་ནས་བསྡད་པས་རྔུལ་མེད་ན་ཤ་རོ་ཡོད་ཅིང་རླངས་པ་མེད་པའོ།།
ས་བདག་གི་སྨེ་བ་ཆགས་པ་ནི། ཤ་རོ་ལུས་ལ་སླེབས་པས་རྨ་ཁྲོན་པ་ལྟ་བུར་ཁ་ཆུང་གཏིང་རིང་སམ། རུས་པའི་ཐོག་ནས་ཐོར་སྨྱོན་གཟེར་བཏབ་པ་ལྟ་བུ་ཤ་རོ་ཁྲག་མེད་འབྱུང་ངོ༌། །དེ་རྣམས་ནི་གསོ་རུ་མི་རུང་བའམ་གསོ་མི་ནུས་པས་སྤང་བར་བྱའོ། །འདི་ལ་བསྡུས་པར། ནད་ཀུན་རྒྱས་པ་ལས་བྱུང་དང༌། །གང་ཡང་འཆི་ལྟས་བཤད་པ་དང༌། །རུས་རྐང་ཁུ་ཆུ་ལ་གནས་སྤང༌། །ཞེས་རིག་བྱེད་པའི་ལུགས་ལ། ཐོག་མ་ཁོ་ནར་ནད་བརྟགས་ལ། །དེ་ནས་གསོ་བ་བརྩམ་བྱ་སྟེ། །གཞན་དུ་རང་དོན་ཉམས་པ་དང༌། །གྲགས་པ་ཉམས་པ་ཉིད་ཐོབ་འགྱུར། །ཞེས་བཤད་མོད་སངས་རྒྱས་པའི་ལུགས་ལ་ནི། སེམས་ཅན་སྡུག་བསྔལ་ཅན་བསམ་པ་དང་སྦྱོར་བས་སྤང་བའི་སྐབས་མེད་དེ། སྨན་དང་སྨན་པ་ཉིད་དང་ནི། །དེའི་ནད་གཡོག་བྱེད་པར་ཤོག །ཅེས་དང༌། ནད་པ་དང་ནི་ཆོས་སྨྲ་དང༌། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པ་ཡིན། །ཞེས་སོ། །དེས་ན་བཅོས་ཀྱིས་ལུས་ལ་མ་ཕན་ཀྱང༌། །ཆོས་ཀྱིས་སེམས་ལ་ཕན་པར་བྱའོ། །གཉིས་པ་ནི། དེ་འདྲེས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྟགས་དེ་དག་གསོ་སླ་བའི་རྟགས་དང་འདྲེས་པ་ཙམ་ལ་གསོ་བ་ཙམ་སྟེ་སྲིད་པ་ཙམ་མོ། །བརྒྱད་པར། ཚིལ་ལ་གནས་པ་འཚོ་བ་ཙམ་མོ། །ཞེས་འབྱུང་ངོ༌། །གསུམ་པ་ནི། རྒྱལ་པོ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། རྒྱལ་པོའི་ཕོ་བྲང་བཏབ་པ་ལྟར། ཀུན་དུ་ཁྱབ་ཅིང་ནད་གཞི་ཆེ་བར་གྱུར་པ་ལ། སྔོན་ལས་ཀྱི་འབྲས་བུ་སྨིན་པའི་རྟགས་མེད་ན་དེ་ནི་གསོ་དཀའ་བ་ཡིན་ཏེ། ཐབས་མང་ཡུན་བསྲིང་དགོས་པའོ།།
ཟླ་ཟེར་ལས། མཁྲིས་འདྲེས་ཤ་ཁྲག་གནས་གསོ་དཀའ། ཞེས་འབྱུང་ངོ༌། །བཞི་པ་ནི། དམངས་ནི་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དམངས་ནི་གྲོང་ཁ་ཡན་པ་ལ་ཕྱོགས་མང་བོར་བཏབ་ཀྱང་འཕོ་སླ་བ་ལྟར། ནད་གཞི་ཆུང་ན་ན་ལུགས་ཀྱི་རྟགས་པ་སྣ་ཚོགས་པ་གྲངས་མང་ཡང་གོང༌། རྟགས་གསུམ་པོ་ལས་སྤང་རྟགས་ལས་གོ་ལོག་པ་ནི་གསོ་བར་སླ་བའོ། །ཡན་ལག་བརྒྱད་པ་ལས། རླུང་དང་བད་ཀན་ལས་གྱུར་དང༌། །པགས་གནས་ནད་ཅིག་གྱུར་གསོ་སླ། །ཞེས་འབྱུང་ངོ༌། །རྒྱུ་རྐྱེན་སོ་སོར་བྱས་པའི། དྲུག་པ་བཅོས་ཐབས་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ལྔ་པ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་གནོད་པ་བསྲུང་བ། ཞུགས་པ་དབྱུང༌། ལུམས་དུས་ཚེ་བསྲིང་བའོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་བསྲུང་བ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། དང་པོ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཡི་དམ་གྱི་བསྒོམ་བཟླས་ཀྱིས་བསྲུང་བ་དང༌། བཅུད་ལེན་གྱིས་བསྲུང་བའོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ནི། མ་རུངས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང༌། སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་གང་ལ་གང་འདུལ་སྟོན་པ་ལ། མཁྱེན་པའི་ཆ་ལས་འཇམ་དབྱངས། བརྩེ་བའི་ཆ་ལས་སྤྱན་རས་གཟིགས། ནུས་པའི་ཆ་ལས་ཕྱག་རྡོར་དུ་གསུངས་ལ་ཁྱད་པར་ཀླུ་གདོན་ཐམས་ཅད་ཀྱི་གཉེན་པོ་ཕྱག་ན་རྡོ་རྗེ་ཡིན་པས་དེའི་རིགས་གང་མོས་ཡི་དམ་དུ་བཟུང་ཞིང་སྐུ་སྒོམ་སྔགས་བཟླས་པས་ནི་ཀླུའི་དུག་རྣམས་སེལ་ལོ། །གཉིས་པ་ནི། ས་རྡོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྨན་ནི་མུ་ཟི་སོགས་དང༌། རྡོ་སྨན་ཅོང་ཞི་སོགས་དང༌། མཱུ་ལ་རྩ་བ་སྟེ། དབང་ལག་དང་རྩ་བ་ལྔ་སོགས་དང་བདུད་རྩི་སྟེ་གྲུབ་ཐོབ་ཀྱི་བདུད་རྩི་མེ་ཏོག་འབྲས་བུ་སོགས་རྩི་སྨན་སོགས་གང་ལ་གང་འཚམ་གྱི་བཅུད་ལེན་སོ་སོའི་ཁུངས་རྣམ་དག་ལས་འབྱུང་བའམ་གཞུང་འདིའི་གོང་འོག་ནས་བྱུང་བ་བཞིན་བསྟེན་ནོ།།
གཉིས་པ་ཞུགས་པ་དབྱུང་བ་ལ་གཉིས། ཞུགས་པ་དབྱུང་ཐབས་ལག་ཏུ་བླང་བ་དང༌། །རྒྱབ་བཅོས་ཆོས་སྤྱོད་ལམ་གྱི་རིམ་པའོ། །དང་པོ་ལག་ཏུ་བླང་ཐབས་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། བར་དུ་ཞེས་རྐང་པ་དྲུག་གིས་བསྟན་ཏེ། དེ་ཡང༌། སྔོན་འགྲོ་དང་དངོས་གཞི་དང་རྗེས་གཅོད་གདོན་ཐབས་དང་རྟེན་འབྲེལ་བདས་པ་དང༌། བཏབ་རན་བཟུང་ཚད་བསྟན་པ་ལྔ་ལས། དང་པོ་ནི། དང་པོ་ཞེས་རྐང་པ་ཉི་ཤུས་བསྟན་ཏེ། ལྟོ་སྲའི་བཀྲུ་སྨན་ལ་གཞུང་ལ་ལར་པ་ར་ཤྲིའ་ཁནྜ་རྟག་ལྡེ་གུ་ཞེས་འབྱུང་ལ་ལར་པ་ཏ་ཧྲི་ཀ་ཧ་བཏགས་པའི་ལྡེ་གུ་ཞེས་འབྱུང་བ་གཉིས་ཀའི་ཁུངས་ནི་བརྒྱད་པའི་སྙིང་པོ་བསྡུས་པར། འབྲས་བུ་གསུམ་དང་ཚ་བ་གསུམ། །དུར་བྱིད་ཀནྜ་ཀ་རི་གཉིས། །དན་ད་དོང་ག་པུ་ཙེ་ཤེལ། །ཤུ་དག་བོ་ང་ཙི་ཏྲ་ཀ །པ་ཊ་བཅས་པ་ཞོ་དོ་དོ། །སྣུ་ཧའི་ལོ་མ་སྲང་གང་དང༌། །བྲེ་གང་མར་སྐོལ་ལྟོ་སྲ་བའི། །སྣུམ་འཆོས་བཀྲུ་སྨན་དག་ཏུ་སྦྱར། །མཛེ་དང་ཤ་བཀྲ་འཆར་བ་དང༌། །རྒྱུ་ལུག་རྡེ་འགགས་སྐྲན་རྣམས་འཇོམས། །འདི་ནི་རྡོ་རྗེ་ཆེན་པོར་བཤད། །ཅེས་བྱུང་བ་དང༌། སྣུ་ཧ་དང་ཧྲི་ན་ཏ་མིང་གི་རྣམ་གྲངས། །དངོས་བསེ་དཀར་གྱི་ཞོ་སྟེ་ཤྲིའ་ཁནྜ་ཡིན་ནོ། །སྦྱར་ཚུལ་སྨན་རྣམས་ཞོ་དོ་དོ་ཆ་གཉན་ཤྲིའ་ཁནྜ་ཞོ་བརྒྱད་རྣམས་བཏགས་པའི་ལྡེ་གུ་ལ་སྨན་མར་ཚུལ་བཞིན་བྱས་པ་བསྟེན་ཏེ། ཤིན་ཏུ་ལྟོ་སྲ་སྐྱུགས་ལང་ཡོད་པ་ལ། །སྨན་མར་སྦྱར་ཏེ་གསང་ལ་རྒྱུན་སྦྱོང་བྱ། །ཞེས་པ་ལྟར། ཡན་ལག་བརྒྱད་པར། མཛེ་ཅན་ཀུན་ལ་ཐོག་མར་ནི། །སྣུམ་བླུགས་པས་ནི་གསོས་པར་བྱ། །ཞེས་པ་དང་ཡང་མཐུན་ནོ། །རྩ་ནས་སྦྱང་བའི་སྤྱི་སྨན་ལ་གཅེས་པའི་སྤྱི་སྨན་ནི་རྒྱུད་ཕྱི་མའི་རྩ་སྦྱོངས་ལྟར་ལ་བྱང་པ་ནི་རྗེ་ཟུར་མཁར་བ་མཉམ་ཉིད་རྡོ་རྗེའི་མན་ངག་དུ་མའི་གསང་གཏམ་དུ་བྱང་ནག་སྨན་གྱི་མཆོག་ཏུ་གསུངས་ཞེས་པ་ལྟར་མཛེ་ལ་བྱང་ནག་མཆོག་ཏུ་བསྔགས་སོ། །མདེ་ཁ་བསྒྱུར་བ་ནི་གདོན་ལ་གུ་གུལ་གླ་རྩི་ཨར་ནག་བྱིན་རླབས་རྫས་སོགས་དང༌། ཆུ་སེར་ལ་ཆུ་སེར་སྨན་གསུམ་བསྣན་པའམ། ཡང་ན། ཆུ་སེར་སྨན་གསུམ་ཆུ་སེར་དང༌། གུ་གུལ་གླ་རྩི་གདོན་ལ་བསྒྱུར། གང་བབས་ནད་སྟེང་འཁྲིད་པའི་ནང་ཡན་ནི། གློ་ལ་ཅུ་གང་སྦལ་རྒྱབ། སྙིང་ལ་ཛཱ་ཏི་གངས་ཐིག །མཆིན་པར་གུར་གུམ་མཉྫིར། མཆེར་པར་ཀ་ཀོ་ལ་དང་པ་ཏོ་ལ། མཁལ་མར་སུག་སྨེལ་གསེར་བྱེ། ཤ་ལ་འབྲི་ཏ་ས་འཛིན། རུས་ལ་སེང་ལྡེང༌། རྩ་ལ་མོན་ལྕམ་སྟེ་ནུས་ཐོག་ཏུ་ཁྲིད་པ་སྟེ། ཕྱི་ནས་དགྲ་རྐུན་འོང་བ་ནང་མིས་སྣ་འཁྲིད་པ་ལ་ནང་ཡན་ཞེས་བྱའོ། །ར་བ་བཞི་ནི་ཟླ་བ་ར་འབྲིང་ཐ་ཆུང་གི་ཐ་སྙད་བྱས་ཏེ། དབྱར་དགུན་སྟོན་དཔྱིད་ཀྱི་ར་བ་བཞི་སྟེ། དབྱར་ར་གྲོ་བཞིན་དགུན་ར་མགོ སྟོན་ར་སྨིན་དྲུག་དཔྱིད་ར་དབོའི་ཟླ་བ་བཞི་ལ་འཁོར་རེ་སྦྱང་བ་གཅེས་ཏེ། ནད་ཀྱི་རྒྱུ་གདོན་རྐྱེན་གྱིས་བརྟེན་ཆུ་སེར་སོགས་བུ་གའི་མི་གཙང་བ་མེད་ན་འབྲས་བུ་མཛེ་ནད་འབྱིན་པར་ག་ལ་ནུས་ཞེས་ཡུས་དང་བཅས་ཏེ་བཤད་པའོ།།
གཉིས་པ་དངོས་གཞི་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། གཉིས་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཟས་དང་སྤྱོད་ལམ་དང་སྨན་དང་དཔྱད་དང་བཞིར་བསྟན་ནོ། །གཉིས་པ་རྒྱས་བཤད་ལའང་བཞི་ལས། དང་པོ་ཟས་ལའང་གཉིས་སྤང་བྱ་དང་བླང་བྱ་གཉིས་ལས། དང་པོ་ནི། ཁ་ཟས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། འཇིག་ཟས་ཞེས་པ་ནི་ལུས་ཟུངས་འཇིག་པ་སྟེ་ཉ་ཕག་ཤ་བྲ་བོ་རྣམས་ཏེ། དཀར་དམར་གྱིས་སྲིན་བསྐྱེད། རུལ་བས་ནི་མི་འཇུ། སྐྱུར་གྱིས་ཆུ་སེར་བསྐྱེད། ཚྭས་ཁྲག་བསྐྱེད། སྔོ་ངད་ཀྱིས་རྩ་སྒོ་འགག་སྨན་ནུས་འཕྲོག་རླུང་བསྐྱེད། འཇིག་ཟས་ཀྱིས་ལུས་སྐྱོན་ཅན་འཕྲལ་དུ་མ་རུངས་པར་བྱེད་པའོ། །གཉིས་པ་ནི། འབྲུ་རྙིང་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། འབྲུ་རྙིང་ཞེས་པ་སྐམ་སའི་འབྲུ་ལོ་ལོན་པ། གསར་ཤ་ནི་ཤ་གསར་སྐམ་ཡིབས་ཞེས་སྐམ་སང་དེ་དགོས། ཡིབ་རུལ་རུལ་ཕྱོགས་མཐུན་པས་མི་ཉན། ཆབ་ཚ་ནི་ཕྱེ་ཐུག་སླ་མོ་ཚྭ་སྡོར་ཞན་པའོ། །སིང་པོ་བརྡའ་བྲོ་ནི། ཆང་གི་གཡའ་ཡོད་ཙམ་པའོ། །གཉིས་པ་སྤྱོད་ལམ་བཤད་པ་ནི། སྤྱོད་ལམ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། མི་གཙང་ཞེས་པ་གྲིབ་ཀྱི་རིགས་དང༌། གཉན་སའི་ཐུབ་ཚོད་ཅེས་པ་གཉན་སར་རྩིབ་སྤྱོད་བྱེད་པ་སྟེ། དེ་ལྟར་མི་བྱེད་པར་གཟབ་དགོས་པའོ།།
གསུམ་པ་སྨན་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྨན་སྦྱོར་ཞེས་རྐང་པ་གཅིག་དང་འབྲུ་བཞིས་བསྟན་ཏེ། དེ་ཡང་ཐང་དང་ཕྱེ་མ་དང༌། རིལ་བུ་དང་ལྡེ་གུ་དང༌། སྨན་མར་དང་ལྔར་བསྟན་ནོ། །གཉིས་པ་རྒྱས་བཤད་ལའང་ལྔ་ལས། དང་པོ་ནི། དང་པོ་ཞེས་འབྲུ་ལྔ་དང་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་ནི། ཕྱེ་མ་ཞེས་རྐང་པ་བཅུ་གཉིས་ཀྱིས་བསྟན་ཏེ། ཆིག་ཐུབ་གཉིས་ནི། དཀར་པོ་ཆིག་ཐུབ་དང་སྨུག་པོ་ཆིག་ཐུབ་སྟེ། འབྲུམ་པ་ཡོད་པ་ལ་སྦལ་རྒྱབ་དང་མེད་པ་ལ་ཆིག་ཐུབ་ཅེས་བྱའོ། །བེ་སྣབས་ནི་དཀར་དམར་སྣ་རིངས་མཉེན་ནོ། །གྲུ་བཞི་ནི་སེར་གྲུ་བཞི་ཕ་ཝང་ཆོ་ལོ་ཞེས་སོ། །རྡོ་རྒྱུས་ནི་དཀར་པོ་རྒྱུས་པ་ལྟ་བུའོ། །མཉྫིར་ནི་དབྱིབས་ལུག་གི་རྭ་འདྲ་བ་དང་ཕུབ་སྐོར་འདྲ་བ་གཉིས་ལ་རི་མོའི་སུལ་ཡོད་པ་མདོག་མ་ངེས་པ་ཞིག་གོ གསེར་རྡོ་དངུལ་རྡོ་ཐངས་རྡོ་ལྕགས་རྡོ་ནི་རང་རང་གི་ཁ་དོག་དང་འདྲ་བའོ། །གསེར་རྡོ་མ་གཏོགས་གཞན་གསུམ་བཞུ་ཉན་པའོ། །ཚ་ལ་ནི་རྡོ་འཛུ་རྩི་བྱེད། སྐྲ་བཟང་ནི་སྐྲ་བཟང་ཟིལ་པ་སྟེ་པརྤ་ཏའོ། །གསུམ་པ་རིལ་བུ་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རིལ་བུའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་བྱ་ཁྱུང་རྣམ་པ་ལྔའི་རིལ་བུ་དང༌། རིན་པོ་ཆེའི་རིལ་བུ་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ལ་གསུམ་སྦྱར་ཚད་དང་སྦྱོར་ཚུལ་དང༌། བསྟེན་ཐབས་དང་གསུམ་ལས། དང་པོ་སྦྱར་ཚད་ལའང་གཉིས་སྤྱི་དོན་དང་གཞུང་དོན་གཉིས། དང་པོ་སྤྱི་དོན་ནི་རྒྱས་པར་ཕྱི་མ་རྒྱུད་ཀྱི་རིལ་བུའི་སྐབས་སུ་བསྟན་ཡོད་ལ། འདིར་ཡང་ཅུང་ཟད་བརྗོད་ན། སྔོན་རྒྱལ་པོ་སངྒཱ་པཱ་ལའི་ཡུལ་དུ་ཀླུའི་ནད་གདོན་སྣ་ཚོགས་བྱུང་བ་ལ། དེའི་གཉེན་པོ་ཡེ་ཤེས་ཀྱི་ཁྱུང་ལྔ་བྱུང་སྟེ། དེ་མཐོང་ཐོས་དྲན་རེག་ཐམས་ཅད་ནད་གདོན་ལས་གྲོལ་ལོ། །རེ་ཞིག་ནས་ཁྱུང་དེ་མྱ་ངན་ལས་འདའ་བར་བརྩམ་པ་ན་མི་རྣམས་ཀྱིས་ཀྱེ་ནམ་མཁའ་ལྡིང་ཁྱེད་འདས་ན་བདག་ཅག་གིས་ཇི་ལྟར་བྱ་ཞེས་སྨྲས་པ་ལས། ཁྱུང་དེས་ང་འདས་ནས་ལུས་འདི་རིལ་བུར་དྲིལ་ནས་བསྟེན་ན་ནད་གདོན་ལས་གྲོལ་བར་འགྱུར་རོ། །དེ་ཡང་ཟད་ན་མི་རུང་བས་བདག་གིས་རྗེས་ལ་བྱིན་གྱིས་བརླབས་པར་བྱའོ་ཞེས། ཨ་རུ་ར་ཤ་རུ་བྱིན་གྱིས་བརླབས། དེ་བཞིན་དུ་རུ་རྟ་རུས་པར། ཤུ་དག་རྒྱུས་པར། སྨན་ཆེན་སྙིང་དུ། གླ་རྩི་ཁྲག་ཏུ་བྱིན་གྱིས་བརླབས་པ་ལས། དེང་སང་བྱ་ཁྱུང་རྣམ་ལྔ་ཞེས་གྲགས་སོ། །གཉིས་པ་གཞུང་དོན་རྒྱས་བཤད་ལ་གསུམ་ལས། དང་པོ་ནི། དང་པོ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ཤ་ཁྱུང་ཨ་རུ་རུ་རྒྱ་གར་མ་སྟེ་གསེར་མདོག་ཞོ་བཞི། རུས་ཁྱུང་རུ་རྟ་ཞོ་གང༌། རྒྱུས་ཁྱུང་ཤུ་དག་ནག་པོ་སུམ་གཉིས། སྙིང་ཁྱུང་བཙན་དུག་དང་བོང་ང་ཞེས་པ་སྤྱི་མིང་ཡིན་ལ་བོང་ང་རིགས་ལྔ་ལ་འདིར་ནག་པོ་སྟེ་བོང་ང་ནག་པོ་ཞོ་ཕྱེད་དང༌། ཁྲག་ཁྱུང་གླ་རྩི་འབྲུམ་པ་ཅན་སུམ་ཆ་སྟེ་ཞོ་གང་གི་སུམ་ནམ་གཅིག་རྣམས་སྦྱོར། སྨན་བོང་ཆེ་བར་སྦྱར་ཡང་འདི་ལྟར་གྱི་སྐྱེད་ལུགས་བྱེད་དགོས་སོ་ཞེས་བླ་རྟས་གསུངས་པས་མཁས་པའི་བཞེད་ལུགས་མི་འཐད་པ་ཅི་ལ་སྲིད། རང་ལུགས་ནི་རྗེ་ཟུར་མཁར་བས་མཛད་པའི་ཁྱུང་ལྔ་མདོག་བཞིའི་ཞལ་གདམས་ལྟར་རོ། །གཉིས་པ་སྦྱོར་ཚུལ་ནི། ཨ་རུ་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། ཨ་རུ་བཙན་དུག་རིམ་པས་ཞེས་པ་ཐོག་མར་ཨ་རུ་ར་འཐག དེ་ནས་རུ་རྟ། དེ་ནས་ཤུ་དག དེ་ནས་སྨན་ཆེན། དེ་ནས་གླ་རྩིའོ། གཞན་རྣམས་ལོ་བརྒྱད་ཆུས་ཉིན་གསུམ་འཐག བྱང་ནས་གླ་རྩི་རིལ་བུར་བྱེ་ཀར་ཆུ་སྦྱང་བསྣན་ནོ། །གི་ཧང་དང་ནག་པོ་ཚན་དེ་ཞེས་དྲོད་སྨན་པི་པི་ལིང་ཚ་གྲང་མདེ་ཁ་བསྒྱུར་བ་ནི། ཚ་ཤས་ཆེ་ན་གི་ཧང་གྲང་ཤས་ཆེ་ན་དྲོད་སྨན་བསྟེན། གུ་གུལ་ནག་པོ་ནི་ནམ་ཡང་གཅེས་སོ། །རིལ་བུའི་མཚན་ཉིད་ནི། དུག་གིས་གཙོ་བྱས་སྲན་མ་ཆུང་ཤོས་ཙམ་ཞེས་པས་དེ་ཙམ་བྱའོ། །གསུམ་པ་བསྟེན་ཚུལ་ནི། འབྲུ་ལྔ་ཞེས་རྐང་པ་བདུན་གྱིས་བསྟན་ཏེ།
འབྲུ་ལྔ་ཏིང་འཛིན་ལྡན་པས་ཟ་བ་ནི། རང་ཡི་དམ་ཕྱག་རྡོར་དུ་བསྒོམས་པའི་ཀླད་པ་དུད་ཁང་གི་གཞལ་ཡས་སུ་པདྨ་དམར་པོ་ཐུར་དུ་ཕུག་པའི་དབུས་སུ་ཨོཾ་མདུན་དུ་ཨཱཿ གཡས་སུ་ཧྲིཿ རྒྱབ་ཏུ་ཁ། གཡོན་དུ་ཧྲིཿ འདི་རྣམས་དཀར་ཁྲོམ་མེ་མགོ་ཐུར་དུ་བསྟན་པར་བསམ་ལ། ཡིག་འབྲུ་ལྔ་པོ་བརྒྱ་རྩ་བཟླས། ཡིག་འབྲུ་འོད་དུ་ཞུ་བདུད་རྩིར་གྱུར་པ་རིལ་བུ་ལ་ཕོག་པས་རིལ་བུ་རྣམས་འོད་དུ་ཞུ་བ་བདུད་རྩིར་གྱུར་པར་བསམ་རིལ་བུ་ལ་བཏབ་ལ་བཟའ། དེ་ཟོས་པས་ལུས་བདུད་རྩིས་གང་ནས་ནད་གདོན་དག་པར་བསམ་ཞེས་མཆན་དུ་འབྱུང་ལ། སྤྱི་དང་སྦྱར་ན་དབུས་སུ་རྣམ་སྣང་གི་ས་བོན་ཨོཾ། མདུན་དུ་རྡོར་སེམས་ཀྱི་ས་བོན་བྷྲུཾ། གཡས་སུ་རིན་འབྱུང་གི་ས་བོན་ཏྲཾ། རྒྱབ་ཏུ་སྣང་མཐའི་ས་བོན་ཧྲིའ། གཡོན་དུ་དོན་གྲུབ་ཀྱི་ས་བོན་ཨ་རྣམས་བསྒོམ་ཞིང་བཟླས་ན་ལེགས་ཏེ། དུག་ལྔ་དག་འབྱུང་ལྔའི་ནད་ཞི། གདོན་ལྔ་ཐུལ་སྐུ་ཡེ་ཤེས་གྲུབ་པའི་དོན་གྱིས་སོ། །ཚེས་གཅིག་ནས་བཅུའི་བར་དུ་རིལ་བུ་རེ་རེས་སུམ་ཡར་རེ་ལྟོ་སྟོང་གསུམ་དུ་བསྟེན། བཅུ་ནས་ཉི་ཤུའི་བར་རིལ་བུ་གཉིས་དུས་གསུམ་དུ་བསྟེན། ཉི་ཤུ་ནས་སུམ་ཅུའི་བར་དུ་རིལ་བུ་གསུམ་དུས་ནུབ་མོ་སུམ་ཡར་དུ་བསྟན་ནོ། །ཞུགས་དུས་ནས་བཟུང་ལོའི་བར་དུ་བསྟེན་ནོ། །ལོ་གཅིག་ཙམ་བསྟེན་ཀྱང་བདེ་སྐྱེད་མེད་ན་ཤ་གཉིས་འདྲི་བ་ནི། ཤ་ཁྱུང་ཨ་རུ་ར་ཞོ་བཞི་ལ་ཞོ་དོ་ཕྲི་སྟེ་ཕྱེད་བཅག་བྱེད་པའོ། །ཕན་ཡོན་དཀྱུས་ཀྱིས་གསལ། གཉིས་པ་རིན་པོ་ཆེའི་རིལ་བུ་སྦྱོང་བ་ལ་གཉིས། སྤྱི་དང་ཁྱད་པར་གཉིས་སོ། །དང་པོ་ནི་རིན་ཅེན་ཞེས་རྐང་པ་བཞིས་བསྟན་ཏེ། རྫོང་འཕྲང་ལས། དངུལ་ཆུ་བཞི་ནམ་སྟར་བུ་ཞོ་ཕྱེད་ཀྱིས་བཤིག་པ། མུ་ཟི་བཞི་ནམ། སེང་ལྡེང་ཁནྜ་བཞི་ནམ། བཟང་དྲུག་ཆུ་སེར་སྨན་གསུམ། གུ་གུལ་རྣམས་ཐུན་རེ། དེ་དག་བྱ་ཁྱུང་རིལ་བུ་དང་སྦྱར་ལ་བཏང་ཞེས་པས་སྦྱར་ཚུལ་འདི་ལེགས་སོ། །གཉིས་པ་ནི། ཁྱད་པར་ཞེས་རྐང་པ་དགུས་བསྟན་ཏེ། དེ་ཡང་དངུལ་ཆུ་སྟར་བུས་བཤིག་པ་ཞོ་གང༌། མུ་མེན་ཞོ་ལྔ། གསེར་ཞོ་གང་གི་ཐལ་བ། གྲུབ་ཐོབ་དྲི་ཆེན་ཞོ་དོ། སོ་མ་རཱ་ཛ་དང་ཐལ་ཀ་རྡོ་རྗེ་གཉིས་སྤྱི་འཇོམས་དང་གཞན་རྣམས་ཐུན་རེ་རྣམས་ལེགས་པར་སྦྱར་ན་ཕན་ཡོན་བསམ་ལས་འདས་སོ། །བཏང་ཐབས་ལོག་གནོན་ནི་ཕྱི་རྒྱུད་རིན་ཆེན་སྦྱོར་སྡེར་ལྟོས་ཤིག །ཅེས་རིན་ཆེན་གྲང་སྦྱོར་ལྟར་རོ།།
བཞི་པ་ལྡེ་གུ་བཤད་པ་ནི། ལྡེ་གུ་ཞེས་རྐང་པ་དགུས་བསྟན་ཏེ། མུ་ཟི་ཨ་རུ་ར་སྦྲང་རྩི་མར་རྣམས་ཆ་གཉིས་ཞོ་ཙམ་བསྐོལ་ནས་ལྕགས་བྱང་མ་ལ་བྱུགས་ཏེ་ཞག་གསུམ་བཞག་ནས་ལྕགས་གཡའ་འགོས་པའི་ལྡེ་གུས་མཛེ་ནད་འཇོམས་སོ། །ལྔ་པ་ནི། སྨན་མར་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། སེང་ལྡེང་སྨན་མར་ལ། ཡན་ལག་བརྒྱད་པར། སེང་ལྡེང་ནིམ་པ་བ་ཤ་ཀ །དུག་མོ་ཉུང་དང་འབྲས་བུ་གསུམ། །བྱི་ཏང་ག་དང་སླེ་ཏྲེས་དང༌། །པ་ཊ་ལ་དང་བ་གཅིན་སྦྱར། །ཕྱི་དང་ནང་ནས་བཏང་གྱུར་ན། །སྲིན་བུ་ལས་གྱུར་མཛེ་ནད་འཇོམས། །ཞེས་སོ། །ཡང་སྨན་མར་དུ་བཤད་པའི་སེང་ལྡེང་ལྔ་བདུན་དང༌། ཏིག་ཏ་ཆེ་འབྲིང་ལ་ཁ་ཚར་བཏབ་པའོ། །བཞི་པ་ནི། དཔྱད་དུ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་རྗེས་སྤྱོད་ནི། གསུམ་པ་ཞེས་རྐང་པ་བཅོ་བརྒྱད་ཀྱིས་བསྟན་ཏེ། གདོང་བཤལ་གྱིས་སྲུབ་མ་ནི་སྲུབ་ཀའོ།།
སྔགས་ཀྱིས་ཆུ་སེར་དྲང་བ་ནི། རང་བྱ་ཁྱུང་ཟངས་ཀྱི་མཆུ་སྡེར་ཅན་དུ་བསྒོམས་ལ་སྔགས་ཁྲི་ཚོ་ལྔ་བཟླས་ལ་བྱའོ། ཨོཾ་ཁྲིག་ཤེལ་ཕུག་ཤེལ་ཏྲལ་ཏྲལ་མན་ཐིས་ཐིས་ཐིབས་ཐ་ཇཾ་ལ་ཐིས། ཐིབས་ལོང་ལོང་ནི་ལོང་ཧབ་ལོང་ཧུབ་ལོང་མི་ལྤགས་རིམ་དགུ་ཧྲོལ་མི་ཁྲག་མངར་མོ་དྲོངས་ཤིག་ཅེས་སྨྲ་བ་བཅད་དེ་བཟླས་སོ་ཤ་རོ་ཡོད་པར་བཙགས་ཀྱིས་དྲས་ལ་ཟ། སྨན་བྱུག་པ་ནི། དངུལ་ཐལ། སྔོ་ཤིང་ཚེར་མ་ཅན་ཐམས་ཅད་ཀྱི་ཐལ་བ་དང་སྨྱུག་རྩི་སེ་བའི་རྩེའི་ཐལ་བ་ལ་དུར་བྱིད་རྒྱ་ཚྭ་ཤུ་དག་རུ་རྟ་ཡུང་བ་རྣམས་ཀྱི་རེང་བུ་གཞུག མཚོ་སྨན་ནི་ཚ་ལ་དོམ་མཁྲིས་གུར་གུམ་གདབ་བོ། །གྲེ་འགགས་ཀྱི་གཏར་བ་ནི། སྒང་རྩ་སྐྱོར་གོང་ཐོང་རྩའོ། །དེ་སྨན་ནི་དཀར་མོ་གསུམ་ཐང་སྟེ་བོང་ང་ཤིང་མངར་སྤང་རྒྱན་ཞེས་པ་དང་ལི་ཤི་དྲུག་པ་སོགས་བསྟེན་ནོ། །བཞི་པ་རྟེན་འབྲེལ་གྱི་སྒོ་ནས་མདངས་དང་སྟོབས་བསྐྱེད་པ་ནི། ཁྲག་ལྔ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། ཁྲག་ལྔ་ཤ་གཉིས་ཚིལ་གཉིས་དྲི་ཅན་དྲུག་རྣམས་ནི་སླར་མཆན་དུ་གསལ། ཙན་དན་མར་ཁུ་ནི་ཤུག་པ་ཙན་དན་སྣུམ་ཅན་དེ་བཞོགས་ལ་སྐམས། སྐབས་སུ་མར་ནག་བྲན་རྫ་མའི་ཞབས་ལ་བུག་པ་ཕུག དེ་ནང་དུ་ཙན་དན་བླུགས། བཟེད་རྫ་འོག་ཏུ་ཡོད་པར་བྱས། རྫ་གཉིས་སྦྱར་ལ་ཁ་བཅད། རྫ་སྟེང་མའི་མཐའ་སྐོར་མེ་དལ་བུས་བཏང་བས་འོག་ཏུ་འཛག་པའི་མར་ཁུའོ། །དུད་སྦྱོར་གྱི་ཤ་གཉིས་ནི་སྦལ་སྦྲུལ་གཉིས། ནག་པོ་གསུམ་ནི་གླ་རྩི་ཤུ་དག་གུ་གུལ་གསུམ། རྟ་བོན་པོ་ནི་གསེབ་སྔོ་ནག་གི་དགོས་སོ། །དྲི་གསུམ་ནི་མུ་ཟི་ལྡོང་རོས་སྤྲུ་རྩ་རྣམས་སོ། །གཞོབ་གསུམ་ནི་གླང་རུ་རྟ་རྨིག་རྨ་བྱའི་མདོངས་གསུམ་མོ། །བདུད་རྩི་རིལ་བུ་ནི་གྲུབ་པ་ཐོབ་པའི་བདུད་རྩི་གཡམ་པའི་སྟེང་དུ་བྱུགས་ལ་ཉིན་གཅིག་སྐམ་པར་བྱ། དེ་གུ་གུལ་དང་དྲི་ཆུས་འདམ་འདགས་བྱས་པའི་རིལ་བུ་གྲིབ་སྐམས་བྱས་པ་བཏང་བས་གདོན་འཇོམས་བྱ་ཁྱུང་གི་ནུས་པ་སྐྱེད་དོ། །འདིའི་ལག་ལེན་རྒྱས་པར་སྤྲོ་ན་བདུད་རྩི་མར་ཁུའི་རྒྱུད་དུ་ལྟའོ། །དྲི་ཆུའི་རྟེན་འབྲེལ་ནི། ཕུལ་དགུ་ཤོང་བའི་རྫ་མར་སུམ་ཆའི་མཚམས་སུ་ཐེམ་བུ་གཅིག་བཙུགས། འོག་ཏུ་ཐེམ་བུ་གཅིག་བཅུག་ལ་དྲི་ཆུས་བཀང་སྔ་དྲོ་གཅིག་བཞག་པའི་ཐེམ་བུ་བོང་མ་ཕྱིར་ཕོ། བར་པ་ཨ་རུ་ར་ཐུན་གཅིག་བཏབ་སྐོམ་དུ་བཏང་སྙིགས་མ་ཕོ། དེ་ལྟར་མ་འགྲུབ་ན་རང་གི་དྲི་ཆུ་བར་པ་བཏུང་ངོ༌། །ལྔ་པ་བཏང་རན་ཟུངས་ཚོད་བསྟན་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། ཐ་མ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དང་པོ་བར་དང་ཐ་མ་དང་དོན་བསྡུ་བ་དང་བཞིའོ།།
གཉིས་པ་རྒྱས་བཤད་ལའང་བཞི་ལས། དང་པོ་ནི། དང་པོ་ཞེས་རྐང་པ་ལྔས་བསྟན་ནོ། །གཉིས་པ་ལ་གཉིས། བསྟེན་ཚུལ་དང་ནད་མགོ་ཚོགས་རྟགས་སོ། །དང་པོ་ནི། བར་དུ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། བར་དུ་མང་དུ་བསྟེན་པས་མ་བདེ་ན་ཉུང་ངུ་བསྟེན། ཉུང་ངུ་བསྟེན་པས་མ་བདེ་ན་དེ་བས་གོ་ཟློག་མང་དུ་བསྟེན་ནོ། །གཉིས་པ་ལ་གསུམ། དངོས་དང་རྨི་ལམ་གསང་རྟགས་གསུམ་ལས། དང་པོ་ནི། ནད་མགོ་ཞེས་རྐང་པ་ལྔས་བསྟན་ནོ། །གཉིས་པ་ནི་རྨི་ལམ་ཞེས་རྐང་པ་བཞིས་བསྟན་ཏེ། སྐམ་སྲེག་ཕྱར་བ་ནི་སྔར་གནོད་པའི་རྨིས་ལྟས་ཀྱི་སྦལ་སྦྲུལ་ལྕོང་མོའི་རྣམ་པ་དེ་དག་མེ་ལ་བསྲེགས་པས་ཐལ་བར་གྱུར་ནས་རླུང་ལ་འཕྱར་བ་རྨིས་པའོ། །གསུམ་པ་ནི། མིག་རྩ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། མིག་རྩ་སྣ་ཚོགས་པར་འགྱུར་བ་རྣམས་རང་གིས་ལྷ་མི་བདུད་བཙན་གྱིས་བུག་པ་རྣམས་སུ་སྔར་མ་ལྟར་ཁུག་པ་དང་གནོད་རྟགས་ཀྱི་རྩ་རྣམས་རྩེ་མོ་ཆད་པ་དང༌། རྩ་སྣ་ཚོ་དང་རྒྱལ་མོར་སླེབས་པ་རྣམས་རང་གནས་སུ་བཏུལ་ལམ་བསྡུས་པ་རྣམས་སོ། །གསུམ་པ་ཐ་མའི་ཚད་ནི། དེ་རྟགས་ཞེས་རྐང་པ་དྲུག་གིས་བསྟན་ཏེ། དེ་རྟགས་ནི་གོང་གི་རྟགས་སོ། །བཞི་པ་དོན་བསྡུ་བ་ནི། ལུས་ཟུངས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། བཅོས་རྣམས་དྲག་ལ་རྒྱུན་མི་ཆད་པར་བསྟེན་པ་གཅེས་སོ། །གཉིས་པ་རྒྱབ་ཆོས་ཆོས་སྤྱོད་ལམ་གྱི་རིམ་པ་ལ་གསུམ། སྤྱོད་པ་བསགས་སྦྱངས་ཟུང་འཇུག སྒོམ་པ་སྨོན་འཇུག་ཟུང་འཇུག ལྟ་བ་སྣང་སྟོང་ཟུང་འཇུག་གསུམ་ལས། དང་པོ་ནི། སྤྱིར་ན་ཞེས་རྐང་པ་བཞིས་བསྟན་ཏེ། དེ་ཡང༌། ཞེས་པ་སྤྱིར་ན་མདོ་ལས། འཇིག་རྟེན་འདི་དག་ནི་ལས་ལས་སྐྱེས། །ལས་ཀྱི་བགོ་སྐལ་སྤྱོད་པའོ། །ཞེས་པས་ཐམས་ཅད་ལས་ཡིན་པར་བསྟན་ལ་ཁྱབ་པར་དུ་ནད་འདི་ནི་སྔོན་གྱི་ལས་ངན་སྤྱད་པའི་འབྲས་བུ་ཁོ་ན་ཡིན་ཅིང་ཚེ་འདིའི་ཉེས་པ་ལས་བྱུང་བ་དང་བཅོས་པས་བདེ་བར་སྣང་བ་ཀུན་ཡང་ལས་ཀྱི་རྗེས་སུ་འབྲངས་བར་ངེས་པས་རྣམ་སྨིན་སྦྱང་བ་དང་ཚོགས་བསགས་ལ་འབད་དགོས་དེ་ལ་ཡུལ་ལ་བལྟོས་ན་མི་འཇིགས་པ་སྦྱིན་པ་དང༌། གནོད་བྱེད་ལ་ལྟོས་ན་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ལྷན་ཅིག་པ་བྱ་རི་དྭགས་སོགས་ལ་གནོད་པ་མེད་པ་རི་རྒྱ། ནོར་སོགས་ལ་གནོད་པ་མེད་པ་ཀླུང་རྒྱ། མགྲོན་པོ་སོགས་ལ་གནོད་པ་མེད་པ་ལམ་རྒྱ་སྡོམ་པ་དང༌། ལམ་འཕྲང་གི་མི་བདེ་བ་བསལ་བ་དང༌། ཉེའུ་ཉ་ཆུང་ཆུ་སྐམས་ནས་འཆི་བ་ལ་ཐུག་པ་ལས་བཏོན་ཏེ་ཆུ་བསྐྱེལ་བའམ་ཡང་ན་དེ་ཉིད་དུ་ཆུ་ཡོད་པར་བྱེད་པ་དང༌། ཆབ་སྟེ་ཆུ་གཏོར་གཏོང་བ་སོགས་སྤྱི་འགྲོ་དང་ཚོགས་གསོག་ཅེས་པ་སངས་རྒྱས་ཀྱིས་ཀུན་རྫོབ་གཟུགས་སྐུ་ནི་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལས་འབྱུང་བས་སྐྱེད་འབྲས་ཡིན་ལ། དོན་དམ་ཆོས་སྐུ་ནི་བྲལ་འབྲས་སམ་ཡེ་ཤེས་ཀྱིས་ཉོན་མོངས་སྦྱངས་པའི་འབྲས་བུ་ཡིན། དེས་ན་སངས་རྒྱས་ནི་རྒྱུ་དགེ་བ་མང་པོ་ཚོགས་པ་ལས་དེ་མཐུན་གྱིས་བསགས། མི་དགེ་བ་མང་པོ་སྦྱངས་པ་ལས་འབྱུང་བས་སྒྲིབ་པ་མཐའ་དག་སྦྱངས། དེ་ཡང་རང་བཞིན་སྟོང་པར་ཤེས་བཞིན་དུ་རྣམ་པ་དགེ་བ་ལ་འབད། དགེ་ལས་འབད་བཞིན་དུ་ངོ་བོ་སྟོང་པར་རོ་སྙོམས་པ། རྒྱུ་ཚོགས་གཉིས་ཟུང་འཇུག་གམ་བསགས་སྦྱངས་ཟུང་འཇུག་ལས་འབྲས་བུ་སྐུ་གཉིས་ཟུང་འཇུག་འོང་བ་ཡིན་ནོ། །དེ་ཡང་ཞིང་དང་བསམ་པ་དངོས་པོ་གསུམ་ལས། ཞིང་ནི་གང་ལ་ཕུལ་ན་དོན་ཆེ་བ་དགེ་འདུན་ཞེས་སྨོས་པས། སོ་སྐྱེ་བརྒྱ་བས་ཕྱི་རོལ་བའི་དྲང་སྲོང་གཅིག་ལ་ཕུལ་བ་བསོད་ནམས་ཆེ། དྲང་སྲོང་བརྒྱ་བས་དགེ་བསྙེན་གཅིག དེ་བརྒྱ་བས་དགེ་ཚུལ་གཅིག དེ་བརྒྱ་བས་དགེ་སློང་གཅིག་ལ་ཕུལ་བ་ཚོགས་ཆེ་བ་དང༌། ཡེ་ཤེས་སྤྱན་དང་ལྡན་པ་ལ་ནི་དཔག་ཏུ་མེད་དོ། །དགེ་སློང་བཞི་ཡན་ཆོད་ནི་སྡེ་རུ་ལོངས་པས་དགེ་སློང་གི་དགེ་འདུན་ཅེས་སོ། །དེས་ན་མ་མཐའ་དགེ་སློང་བཞི་ལ་དྲོ་འདྲེན་པ་དང༌། སངས་རྒྱས་ཀྱི་བཀའ་ནི་སྟོན་པ་དངོས་ཏེ་ཉེས་པ་ཐམས་ཅད་རྩད་ནས་འབྱིན་ཅིང་ལེགས་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་ཀློག་པའམ་བསྒྲག་པ་རྣམས་ནི། སྡིག་པ་ཞེས་འཇིགས་པའི་སྡིག་པ་ཡིན་པ་དེ་དང༌། འདོད་དོན་ལས་སྒྲིབ་བསྒྲིབ་པ་དེ་གཉིས་སྦྱང་བའི་ཕྱིར་རོ། །ཡང༌། སྡིག་སྒྲིབ་སྦྱང་ཕྱིར་སེམས་བསྐྱེད་སྒོམ་ཞེས་སྦྱར་ཀྱང་རུང་སྟེ།
སྤྱོད་འཇུག་ལས། སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ། །དགེ་གཞན་གང་གིས་ཟིལ་གྱིས་ནོན་པར་འགྱུར། །ཞེས་པས་སོ། །གཉིས་པ་སེམས་བསྐྱེད་ལ་གཉིས། སྨོན་པ་སེམས་བསྐྱེད་དང་འཇུག་པ་སེམས་བསྐྱེད་གཉིས་ཀྱི། དང་པོ་ནི། ཁམས་གསུམ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་ཁམས་གསུམ་ནི། འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་གསུམ་སྟེ། འདོད་ཁམས་ན་འདོད་སྲེད་ཅན། དམྱལ་བ་ཡི་དྭགས་དུད་འགྲོ་མི་རྒྱལ་ཆེན་རིགས་བཞི་སུམ་ཅུ་རྩ་གསུམ་འཐབ་བྲལ་དགའ་ལྡན་འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་མན་གྱི་འགྲོ་བ་ཐམས་ཅད་དོ། །གཟུགས་ཁམས་ནི་གཟུགས་ཀྱི་ཁམས་ཙམ་དང་ལྡན་པ་བསམ་གཏན་གྱི་ལྷ། ཚངས་ཆུང་ནས་འོག་མིན་པའི་བར་རྣམས་སོ། །གཟུགས་མེད་ཁམས་ནི་གཟུགས་མངོན་གྱུར་པ་མེད་པ་ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད། རྣམ་ཤེས་མཐའ་ཡས་ཀྱི་སྐྱེ་མཆེད། ཅི་ཡང་མེད་པའི་སྐྱེ་མཆེད། འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་བཞི་སྟེ་སྲིད་རྩེ་ཞེས་སོ། །མདོར་ན་འདི་དག་དང་འཇིག་རྟེན་གྱི་ཁམས་གཞན་དུ་ཡོད་པའི་སེམས་ཅན་ཐམས་ཅད་ཕ་དང་མར་མ་གྱུར་པ་མེད་པས་ཏེ། བདག་ཐོག་མ་མེད་པ་ནས་བྱུང་བས་ཀྱང་ཕ་མར་ངེས། གནས་འདིར་ལུས་འདི་མ་བླང་བྱ་བ་མེད་པས་ཀྱང་ཕ་མར་ངེས། ཐམས་ཅད་ཕ་མར་བརྟེན་པ་མང་བས་ཀྱང་ཕ་མར་ངེས། དེ་དག་ཕ་མར་གྱུར་པའི་དུས་སུ་ལུས་བསྐྱེད་པ། གནོད་པ་བསལ་བ་འཇིག་རྟེན་བསྟན་པ་བརྩེ་བས་བསྐྱངས་པ་ཤ་སྟག་ཡིན་པས་དྲིན་འཁོར་ཐབས་མེད་པ་ཡིན་ཡང༌། བདག་གིས་དེ་དག་ལ་ཕན་འདོགས་པ་ལྟ་ཞོག་གནོད་པ་ཁོ་ན་བསྐྱལ་བས་དེའི་ལན་ཚུར་ཆགས་པ་བདག་ལྟ་བུས་སྦྱང་བའི་དོན་དུ་སྤྱིར་སེམས་ཅན་ཐམས་ཅད། སྒོས་གདོན་རིགས་མཐའ་དག་ཡང་སྒོས་གནོད་བྱེད་ཀྱི་ཀླུ་གདོན་དེས་གཙོ་བྱས་པ་ཐམས་ཅད་དངོས་འཛིན་གྱི་ཉོན་མོངས་པས་སྨྱོ། གཞན་ལ་གནོད་བྱེད་འཁྱལ་བར་གྱུར་པ་འདི་དག་བདེ་བ་དང་ལྡན་པར་བྱའོ་སྙམ་པའི་བྱམས་པ། འདི་དག་སྡུག་བསྔལ་གྱི་འབྲས་བུ་ལ་ལོངས་སྤྱོད་ད་དུང་རྒྱུ་བསགས་པ་ལ་མི་བཟོད་པའི་སྙིང་རྗེ། འདི་རྣམས་ལ་ཕན་གདགས་པ་ལ་བདག་ལ་ནི་སྟོབས་མ་མཆིས་པས་འདི་དག་གི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་སྙམ་དུ་སྙིང་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི་ལྷག་པའི་བསམ་པ་དང༌། བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ་སངས་རྒྱས་ཀྱི་ཡོན་ཏན་འཕྲིན་ལས་མཐའ་དག་གི་དངོས་རྒྱུའོ།།
གཉིས་པ་ནི་ལུས་ངག་ཅེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་སྔོན་ཆད་རང་དོན་ཁོ་ན་བྱས་པས་འཁོར་བར་འཁྱམས་སྡུག་བསྔལ་མྱོང་རྒྱུན་དེས་ཆོག་པས། ད་ནི་ལུས་ངག་ཡིད་གསུམ་ལོངས་སྤྱོད། དུས་གསུམ་དུ་བསགས་པའི་དགེ་རྩ་ཐམས་ཅད་སེམས་ཅན་རྣམས་ལ་བྱིན་ཞིང་བློས་ལིང་གིས་བཏང་ནས་གཞན་དོན་ཁོ་ན་བྱ་བ་སྟེ་ཕ་རོལ་ཏུ་ཕྱིན་པ་གཅིག་ལའང་ཕར་ཕྱིན་ཐམས་ཅད་འདུས་པར་ལྟའོ། །དེ་དག་ནི་སེམས་བསྐྱེད་པ་སྨོན་པ་དང༌། སྦྱིན་བློས་བཏང་བ་འཇུག་པ་སྟེ་སྨོན་འཇུག་ཟུང་འཇུག་གོ་ གསུམ་པ་ནི། ལུས་ངག་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་རང་བཞིན་ཞེས་བློ་ཡུལ་ལམ་འཛིན་སྟངས་རང་རང་གི་ངོ་བོའམ་རང་གི་རང་བཞིན་ཏེ་དེ་ནི་བཟང་ངན་ཡོད་མེད་སོགས་གང་དུའང་མ་གྲུབ་ཅིང་གྲུབ་པ་མེད་མོད། ཐ་སྙད་ཙམ་དུ་རང་བཞིན་མ་གྲུབ་པའམ་རང་བཞིན་གྲུབ་པ་མེད་པ་བཤད་པའི་གཞིར་ཞོག དེ་ཡང་ལུས་ནི་སྒྱུ་མ་རྨི་ལམ་ལྟར་སྣང་དུས་ནས་རང་བཞིན་གྱིས་མ་གྲུབ། སྣང་ཙམ་དུ་འདོད་ནའང་ལུས་སོ་སོར་གསིལ་དེ་ཡང་རྡུལ་ཕྲན་དུ་གསིལ་རྡུལ་ཕྲན་ཡང་ཕྱོགས་དྲུག་གི་ཆ་ཤས་ཕྱེས་ན་ལུས་མི་གྲུབ་སྟེ། སྤྱོད་འཇུག་ཏུ། དེ་བཞིན་སོར་མོའི་ཚོགས་ཡིན་ཕྱིར། །ལག་པའང་གང་ཞིག་ཡིན་པར་འགྱུར། །དེ་ཡང་ཚིགས་ཀྱི་ཚོགས་ཡིན་ཕྱིར། །ཚིགས་ཀྱང་རང་གི་ཆ་ཕྱེ་བས། །ཆ་ཡང་རྡུལ་དུ་ཕྱེ་བ་སྟེ། །རྡུལ་དབང་ཕྱོགས་ཆའི་དབྱེ་བ་ཡིས། །ཕྱོགས་དབྱེ་ཆ་ཤས་དང་བྲལ་ཞིང༌། །མཁའ་བཞིན་དེ་ན་རྡུལ་ཡང་མེད། །དེ་ན་རྨི་ལམ་ལྟ་བུ་ཡི། །གཟུགས་ལ་སྤྱོད་ལྡན་སུ་ཞིག་ཆགས། །གང་ཚེ་དེ་ལྟར་ལུས་མེད་པ། །དེ་ཚེ་སྐྱེས་གང་བུད་མེད་གང༌། །ཞེས་སོ། །སེམས་ཀྱང་རང་བཞིན་མ་གྲུབ་སྟེ་དངོས་པོ་དང་མཚན་མར་མ་གྲུབ་པས་ཡོད་མེད་སོགས་དང་བྲལ་ལོ། །རིག་རིག་གསལ་གསལ་ཡུལ་ཡུལ་ལྟར་སྣང་བ་འདི་སེམས་ཡིན་ནམ་སྙམ་ན་དེ་ཡང་དཔྱད་པའི་ཚེ་གང་དུ་ཡང་མ་གྲུབ་ཀྱང་སེམས་ཡོད་དེ་ཡུལ་ཡུལ་ཅན་དུ་གྲུབ་བོ་ཞེ་ན། ཤེས་བྱ་ཡུལ་དང་སེམས་ཤེས་པ་སྔ་ཕྱིའམ་ལྷན་ཅིག་ཏུ་གྲུབ་དགོས་ཏེ། དེ་དགག་པ་ནི་སྤྱོད་འཇུག་ལས། ཤེས་བྱ་ལས་སྔར་ཤེས་ཡོད་ན། །དེ་ནི་ཅི་ལ་དམིགས་ནས་བསྐྱེད། །ཤེས་དང་ཤེས་བྱ་ལྷན་ཅིག་ན། །དེ་ཡང་ཅི་ལ་དམིགས་ནས་སྐྱེ། །འོན་ཏེ་ཤེས་བྱ་རྗེས་སུ་ཡོད། །དེ་ཚེ་ཤེས་པ་གང་ལ་སྐྱེ། །ཞེས་སོགས་མང་ངོ༌། །དེ་ལྟར་རྟེན་ལུས་སེམས་མ་གྲུབ་ན། དེ་ལ་བརྟེན་པའི་ནད་དང་གདོན་ཀྱང་མི་འགྲུབ་སྟེ། ཟུག་རྔུའི་ཚེའང་རྟགས་དང་ངོ་བོ་དང་བྲལ་ལོ། །གདོན་ཡང་རང་བཞིན་མ་གྲུབ་སྟེ། གདོན་རང་གི་ལུས་ནི་སྣང་དུས་ནས་སྟོང༌། སེམས་ནི་སྐད་ཅིག་ཆ་མེད་དོ། །གདོན་མ་གྲུབ་པས་དེའི་གནོད་པའང་མི་གྲུབ་སྟེ་ནམ་མཁའི་པདྨ་བཞིན་ནོ། །དེས་ན་ལུས་སེམས་ནད་གདོན་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་མ་གྲུབ་པའི་ཕྱིར། དེ་གཞལ་བྱེད་ཀྱི་བདག་ཀྱང་གང་དུའང་མེད་ཅིང་མི་དམིགས་ཏེ། རྒྱལ་པོ་ཤར་པ་ལ་གདམས་པའི་མདོ་ལས། ལུས་ནི་བདག་མ་ཡིན་ཏེ་ཤ་དང་རུས། །འབྱུང་ཆེན་འདུས་པ་ཕྱི་རོལ་བརྩིགས་པ་འདྲ། །མིང་ནི་བདག་མ་ཡིན་ཏེ་བཏགས་པ་ཙམ། །སེམས་ཀྱང་བདག་མ་ཡིན་ཏེ་དངོས་མེད་ཅེས། །སྟོང་པ་ནི་སྣོད་ཆུས་སྟོང་པ་ལྟ་བུ་ཉི་ཚེ་བའི་སྟོང་པ་དང༌། ཡོད་པ་བཀག་པའི་སྟོང་པ་ཕྱོགས་གཅིག་སྟོང་པ་དང༌། སྟོང་པ་ཕྱང་ཆད་མུ་སྟེགས་ཆད་ལྟ་བའི་སྟོང་པ་ལྟ་བུ་མ་ཡིན་ཏེ། དེ་ཐམས་ཅད་བློ་ལས་མ་འདས་སོ། །སྟོང་པའི་དོན་ལ་རྒྱུན་དུ་བསྒོམ་པ་ནི། སྟོང་མཁན་གྱི་བདག་མ་གྲུབ། སྟོང་བྱའི་དངོས་པོ་མ་གྲུབ། སྟོང་བྱེད་ཀྱི་གཉེན་པོ་མ་གྲུབ། སྟོང་བྱེད་ཀྱི་གཉེན་པོས་མ་གྲུབ་པས་མཐར་འཛིན་ཐམས་ཅད་ལས་འདས་པ་དེ་ཉིད་རྟེན་ཅིང་འབྲེལ་འབྱུང་གི་ངོ་བོར་གནས་ཤིང་རྣམ་པར་སྣང་བ་སྟེ།
དབུ་མ་རྩ་ཤེར། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་ཅིང་རྟག་མེད་དང༌། །འོང་བ་མེད་ཅིང་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །ཞེས་སོ། །དེ་ལྟར་ཆོས་ཐམས་ཅད་དངོས་པོར་མ་སྐྱེས། དངོས་མེད་དུ་མ་འགགས་པ་སྟེ་གཤིས་སྟོང་པའི་གནད་ཀྱི་གདངས་ཅིར་ཡང་སྣང་བའམ་འཆར་བས་དགེ་བའི་ཆོས་ཐམས་ཅད་ལྷུན་གྲུབ། གདངས་ཅིར་ཡང་འཆར་བའམ་སྣང་བའི་གནད་ཀྱིས་གཤིས་ཅིར་ཡང་མ་གྲུབ་པ་དེ་གཉིས་སུ་མེད། གཉིས་སུ་བྱར་མེད། སོ་སོ་མ་ཡིན་ཐ་མི་དད་པའོ། །དེ་ལྟར་སྨོན་འཇུག་ནི་ཀུན་རྫོབ་སེམས་བསྐྱེད། བློའི་སྤྲོས་པ་མཐའ་དག་ཞི་བ་ནི་དོན་དམ་སེམས་བསྐྱེད། དེ་གཉིས་དབྱེར་མེད་པར་ཡིན་ལ་ཡིན་བཞིན་དུ་ཉམས་སུ་བླངས་པས་སྲིད་ཞི་གཉིས་ལ་མི་གནས་པའིསངས་རྒྱས་འགྲུབ་བོ། །འདི་དག་ནི་གཞུང་གི་སྡོད་ཚུལ་དང་བསྟུན་ཕར་ཕྱིན་ཐེག་པ་ལྟར་བཤད་པ་ཡིན་ནོ། །གསུམ་པ་ནི། ཐ་མ་ཞེས་རྐང་པ་གསུམ་དང་འབྲུ་གསུམ་གྱིས་བསྟན་ཏེ། དུས་ལས་འདས་ན་མཛེའི་ལུམས་པ་གྱུར་པ་ལ་ཚེ་བསྲིང་བ་ནི། འདི་དུས་སྦྱོང་གཏར་གཙོ་བོ་བསྟེན་དགོས་ཀྱང་ལུས་ཟུངས་དང་ཡང་སྦྱར་དགོས་ཏེ།
ཡན་ལག་བརྒྱད་པར། མཛེ་ཅན་ནད་ནི་ལན་མང་སྦྱངས་གྱུར་ན། །དེ་ཡི་སྲོག་སྲུངས་ལན་མང་འབད་བྱ་སྟེ། །ནད་ནི་ལྷག་པར་ཕྱུངས་པས་ཉམ་ཆུང་ལ། །རླུང་ལྡན་མྱུར་དུ་གསོད་པ་བྱེད་པར་གྱུར། །ཟླ་བ་ཕྱེད་ཅིང་སྐྱུག་སྨན་བཏང་བ་དང༌། །མགོ་བོ་སྦྱང་བ་ཞག་ནི་བཅུ་གཅིག་དང༌། །ཟླ་བ་དྲུག་དྲུག་ནས་ནི་གཏར་ག་བྱ། །ཞེས་པའོ། །གནོད་པའི་ཟས་སྤྱོད་སྤངས་གོང་དུ་བཤད་པའི་རིལ་བུ་རྣམས་དང་སྨན་མར་བསྟེན་ནོ། །དེ་དག་གིས་གཏིང་ཐོན་པ་དཀའ་ཡང་ནད་ཁ་བྲི་ནས་ཚེ་རིང་བར་འགྱུར་རོ། །ཚེ་རིང་བའི་དགོས་པ་ནི་གོང་དུ་བསྟན་པ་དེ་དག་ཉམས་སུ་བླང་ཡུན་རིང་བས་ཕྱི་མར་བདེ་བ་ཐོབ་བོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་བརྒྱད་ཅུ་རྩ་གཅིག་པའོ་ཞེས་བསྟན་ནོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གསུམ་པ་མན་ངག་རྒྱུད་ཀྱི་སྐབས་བཅུ་གཅིག་པ་གདོན་ནད་གསོ་སྐབས་ཀྱི་དཀའ་བའི་གནད་ཀྱི་བརྗོད་བྱ་རྣམས་ལྷག་མ་མ་ལུས་པ་བསྟན་ཟིན་ནོ།།
འདིར་སྨྲས་པ། ཧཱུཾ་ལས་སྐྱེས་པ་ཧཱུཾ་ཕཊ་གད་བརྒྱངས་ཅན། །གསང་སྔགས་འཛིན་པ་གསང་བ་པ་ཡི་བདག །རྡོ་རྗེའི་རང་བཞིན་རྡོ་རྗེ་འཛིན་པ་དེས། །རྟག་བརྟན་ཞི་བས་རྟག་ཏུ་སྲུང་གྱུར་ཅིག །ཀུན་རྟོག་ལས་ངན་འཛིན་མས་བསྟེན་པ་ཡི། །འབྱུང་པོའི་ཆུ་མཚོ་སྨྱོ་བརྗེད་རྦ་རླབས་ཅན། །གཟའ་ཀླུའི་ཆུ་སྲིན་འབུམ་གྱིས་གང་གྱུར་པ། །སྡུག་བསྔལ་བརླན་གྱི་འབྱུང་གནས་འཕེལ་གྱུར་ཀྱང༌། །རྒྱལ་བའི་འཕྲིན་ལས་འབྱུང་བའི་བཅུད་འདུས་པ། །གསོ་དཔྱད་རྒྱུད་རྒྱལ་ཕན་བདེའི་ཚ་ཟེར་ཅན། །རྣམ་བཤད་རླུང་གིས་དྲངས་པའི་ཉིན་བྱེད་བདུན། །འཇིག་དུས་མིན་ཡང་གསར་དུ་ལྷགས་སོ་ཀྱེ། །བྱང་ཆུབ་སེམས་ཀྱི་མེ་དཔུང་གིས། །མི་དགེའི་ནགས་ཚལ་སྲེག་བྱེད་ཅིང༌། །ནད་གདོན་མཚོ་སྐེམ་གཟི་བརྗིད་ཅན། །སྡུག་བསྔལ་འཁྲུལ་འཁོར་བཤིག་དེ་རྒྱལ། །ནད་ཀྱང་བརྟགས་པའི་རབ་རིབ་ཙམ་སྟེ་བདེ་སྟོང་མཁའ་དང་འདྲེས། །གདོན་ཀྱང་རྟོག་པའི་ལྷ་གཞུ་ཙམ་སྟེ་རང་གིས་རང་བཞིན་སྟོང༌། །བདེ་སྡུག་རྨི་ལམ་ན་བུན་ཙམ་སྟེ་དཔྱད་ན་ངོ་བོས་དབེན། །ཐམས་ཅད་འཁྲུལ་པའི་སྒྲོ་སྐུར་ཙམ་སྟེ་ཤེས་ན་རང་སར་གྲོལ། །ཞེས་ཀྱང་སྨྲས་སོ།།
མཐའ་མའི་འདོན་ཐེངས་།: 23.08.2011 ཉིན། 3:12 PM
<< སྔ་མ།