ལེའུ་གོ་གཅིག་པ། རོ་ཙ་བར་བྱ་བ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022 |
མན་ངག་རྒྱུད། >> ལེའུ་གོ་གཅིག་པ། རོ་ཙ་བར་བྱ་བ། |
ལེའུ་གོ་གཅིག་པ། རོ་ཙ་བར་བྱ་བ།
དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །དམར་ཁྲིད་ལག་ལེན་མན་ངག་རྒྱུད་འདི་ཡི། །རོ་ཙའི་སྐབས་ལ་ཇི་ལྟར་བསླབ་པར་བགྱི། །རོ་ཙ་ཞེས་པའི་དོན་དེ་གང་ལ་བྱ། །རོ་ཙའི་ནད་དེ་དོན་སྣོད་གང་ལ་གནས། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས། སྟོན་པས་བཀའ་སྩལ་པ། ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། རོ་ཙ་ཞེས་པ་འདོད་པ་སྤྱོད་ནུས་ཤིང༌། །རིགས་བརྒྱུད་བུ་ཚ་སྤེལ་བར་བྱེད་པ་སྟེ། །དེ་ལ་གཙོ་དང་ཡན་ལག་རྣམ་པ་གཉིས། །དེ་ཡང་ལས་དང་ཉོན་མོངས་ཕོ་མོར་སྣང༌།།
སྐྱེས་པ་ཕོ་ནི་རོ་ཙའི་གཙོ་བོ་སྟེ། །སྐྱེས་པས་འདོད་པ་སྤྱོད་པར་མ་ནུས་ན། །བུད་མེད་བརྒྱ་ཡིས་བསྐོར་ཡང་དོན་མི་འགྲུབ། །སྐྱེས་པའི་ཁུ་བ་སྐྱོན་མེད་འཕེལ་གྱུར་ན། །བུད་མེད་བུ་ཚ་འཕེལ་བ་བཙལ་དུ་རུང༌། །དེ་ཕྱིར་རོ་ཙའི་གཙོ་བོ་སྐྱེས་པ་ཡིན།།
དེ་ཡི་ཡན་ལག་ཟ་མ་བུད་མེད་དེ། །ས་བོན་འཛིན་ཞིང་སྤེལ་བའི་གཞིར་འགྱུར་གྱི། །ཕ་ཡི་རབས་བརྒྱུད་བུ་མོས་མི་ཟིན་པས། །གཙོ་བོར་མི་འགྱུར་ཀུན་ལ་སྤྱད་བཏུབ་ཀྱང༌། །ལས་དབང་བསོད་ནམས་དམན་ལ་བུ་མི་འབྱུང༌། །དེ་ལ་བུ་མེད་བཙལ་ཐབས་ཡན་ལག་གཅེས། །དཔེར་ན་ས་བོན་མེད་པའི་ཞིང་ས་དང༌། །ཞིང་ས་ངན་ལ་ས་བོན་བཏབ་དང་མཚུངས། །དོན་སྣོད་སྤྱི་དེ་བསམ་སེའི་ནད་དུ་བཤད། །བཅུད་ཀྱི་དྭངས་མ་ས་བོན་དཀར་དམར་རྟེན། །དེ་ཕྱིར་ཕོ་མོ་གཉིས་ཀའི་ཐུན་མོང་ནད།།
དེ་ལ་གཙོ་བོ་སྐྱེས་པའི་རོ་ཙ་ལ། །སྦྱོར་བ་དངོས་གཞི་དགོས་ཆེད་རྣམ་པ་གསུམ། །སྦྱོར་བ་གང་ཟག་གནས་གྲོགས་སྔོན་འགྲོ་འོ། །གང་ཟག་སྐྱེས་བུ་རྟག་ཏུ་ཡུལ་བསྟེན་པས། །བུད་མེད་ཡལ་ག་མེད་པའི་ཤིང་དང་མཚུངས། །རེག་མཐོང་སོགས་ལ་བུ་འདྲ་གང་ཡང་མེད། །དེ་ཕྱིར་དེ་ཡིས་དེ་འདོད་དེ་ལ་འབད། །དེ་ཡི་གནས་ཁང་ཉེ་འཁོར་རྫིང་བུ་དང༌། །པདྨ་ནགས་ཚལ་བསིལ་གྲིབ་སྙན་པའི་སྒྲ། །རླན་བསིལ་ཡིད་བདེར་གྱུར་པས་རོ་ཙ་ནུས། །གྲོགས་ནི་དར་བབ་མཛེས་སྒེག་རྒྱན་དང་ལྡན། །ངག་སྙན་ཚིག་འཇམ་ཡིད་འོང་སྤྱོད་ཚུལ་ཤེས། །སྔོན་འགྲོ་སྣུམ་འཆོས་ཁྲུས་ཀྱིས་སྦྱངས་བྱས་ལ། །ནི་རུ་ཧ་དང་འཇམ་རྩིར་བཅས་ལ་བཏང༌། །དངོས་གཞི་སྐམས་པ་གསོ་དང་རླུགས་པ་བཅད། །གསོ་ལ་ཟས་དང་སྤྱོད་ལམ་སྨན་དཔྱད་བཞི། །ཟས་ནི་ཀ་ར་བུ་རམ་སྦྲང་རྩི་དང༌། །ཤ་ཁུ་འོ་མ་ཞུན་མར་འོ་སྤྲིས་སོགས། །རོ་མངར་མདོག་དཀར་ཡིད་དུ་འོང་བ་ལ། །སྟོབས་འཕེལ་ཉམས་བརྟས་བྱེད་པ་གང་ཡིན་བསྟེན། །སྤྱོད་ལམ་མིག་ལྟས་འོ་བྱེད་འཁྱུད་པ་དང༌། །ཡིད་འོང་གཏམ་དང་འཛུམ་གྱིས་འགྲོགས་པར་བྱ། །སྨན་ནི་ཤ་ཡི་རྒྱལ་པོ་ད་བྱིད་དེ། །ལུས་ཀྱི་སྟོབས་སྐྱེད་ཁུ་བ་འཕེལ་མཆོག་ཡིན། །དེ་ལ་སྦྱར་ཐབས་སྐྱིན་ཀོར་ཅོག་ཀྲོང་དང་། །དགུ་སྦྱོར་བཅུ་གསུམ་པ་དང་ལྔ་པའོ། །སྐྱིན་གོར་རྩ་བ་ལྔ་དང་འབྲས་བུ་གསུམ། །ད་བྱིད་སྨུག་པོ་བྲེ་ག་ལུག་ཐུག་འབྲས། །ཆུ་དང་འོ་མ་མར་བསྡུས་ཁུ་བ་ལ། །རྒྱ་ཚྭ་སུག་སྨེལ་བཅའ་སྒ་པི་པི་ལིང༌། །བུ་རམ་སྦྱར་བ་ནས་གསེབ་ནུས་པ་བསྐྱེད། །ཅོག་ཀྲོང་རྩ་བ་ལྔ་ཡི་སྨན་མར་ལ། །ད་བྱིད་སྨུག་པོ་ཛཱ་ཏི་ཏིལ་དཀར་ནག །ཐང་ཕྲོམ་པ་རྣམས་ཁ་ཚར་བཏབ་ལ་བཏང༌། །ཡང་ན་ད་བྱིད་སྨུག་པོ་ཏིལ་དཀར་ནག །རྩངས་པའི་ཤ་རྣམས་མཆིལ་པའི་ཁོག་པར་གཞུག །ཁ་བཙེམས་མར་དུ་བཙོས་ལ་སྐམས་བཏགས་ཕྱེ། །གོང་གི་མར་ཁུ་བཏབ་ལ་བུ་རམ་སྦྱར། །དགུ་སྦྱོར་ད་བྱིད་སྨུག་པོ་ཛཱ་ཏི་དང༌། །མི་དང་བྱི་ལ་སྲམ་གྱི་མཇུག་ཏོ་དང༌། །ཅོང་ཞི་མུ་ཟི་བྲག་ཞུན་ཐང་ཕྲོམ་པ། །ཁྲལ་ཁྲོལ་བརྡུངས་ཏེ་མཆིལ་པའི་ཁོག་པར་བླུག །དར་སྐུད་ཀྱིས་བཙེམ་མར་གྱི་ནང་དུ་བཙོ། །མར་དེ་བུ་རམ་སྦྱར་ལ་ཤ་སྐམས་བཏབ། །ཁྱེའུ་སུས་དུས་ན་ཁྱེམ་བུ་རེ་རེ་བསྟེན། །དེ་རྣམས་ཀུན་གྱིས་ལུས་སྟོབས་སྐྱེད་བྱེད་ཅིང༌། །མཁལ་མའི་དྲོད་སྐྱེད་ས་བོན་ཟད་པ་གསོ། །བཅུ་གསུམ་པ་ནི་ད་བྱིད་སྨུག་སེར་གཉིས། །སྲམ་གྱི་ཤ་དང་བྲག་གི་རྩངས་པ་དང༌། །ཁྱིམ་བྱ་ཕུག་རོན་མཆིལ་པ་ནས་ཟན་མགོ །གཙང་ཉ་ཐང་ཕྲོམ་དབང་པོ་ལག་པ་དང༌། །ཉེ་ཤིང་པ་དང་ཅོང་ཞི་བུ་རམ་སྦྱར། །ཁུ་བ་ཟད་པ་འཕྲལ་དུ་སྐྱེད་བྱེད་དེ། །ནུབ་རེ་ལ་ཡང་བུད་མེད་བརྒྱ་སྤྱོད་ནུས། །ལྔ་པའི་སྦྱོར་བ་ཅོང་ཞི་དམར་པོ་དེ། །བ་ཡི་འོ་མས་འདམ་བཏགས་བྱས་ཕྱེ་དང༌། །དབང་པོ་ལག་པ་མཆིལ་པའི་མགོ་བོ་དང་། །ཐང་ཕྲོམ་པ་དང་ད་བྱིད་སྨུག་སེར་གཉིས། །བུ་རམ་སྦྱར་བ་ཁྱེའུ་སུས་ཆང་གིས་དབུལ། །གཞན་ཡང་ར་ཐུག་འབྲས་བུ་འོ་མར་བཙོས། །ཀ་ར་ཏིལ་བསྲེས་ཟོས་ན་དེ་དང་འདྲ། །པི་པི་ལིང་དང་སྐྱུ་རུ་ར་ཁུར་སྦྱངས། །ཀ་ར་སྦྲང་མར་སྦྱར་ཟོས་འོ་མ་བཏུང༌། །བརྒྱད་ཅུ་ལོན་པའང་ཀུན་ལ་སྤྱོད་པར་ནུས། །ཞོ་སྤྲིས་ཟོས་རྟིང་ཀ་ར་འབྲས་བཅས་ཟོས། །རྒན་པོ་ཡིན་ཡང་གཞོན་ནུ་ལྟ་བུར་སྤྱོད། །དཔྱད་དུ་ཁྲུས་ལ་འབད་ཅིང་བསྐུ་མཉེ་བྱ། །ཁུ་བ་རླུགས་ན་འཕེལ་དང་ནད་དུག་གདོན། །ལུས་རྒྱས་ཁུ་འཕེལ་བུད་མེད་རབ་ཏུ་གདུང༌། །དེ་ལ་ཆགས་པ་སྤྱད་པས་ཞི་བར་ནུས། །ནད་ཀྱི་གྲང་རླུང་མཁལ་མའི་དྲོད་ཉམས་པས། །རྩ་ཁ་མ་ཐུབ་ཆུ་དང་བསྡོངས་ནས་འཛག །བཅུ་གསུམ་བཅུ་དགུ་ནང་ལོང་གདོང་ངོས་བསྲེག །བོང་ཤ་སྲམ་ཤ་ད་བྱིད་སྨན་མར་སྦྱར། །ཚ་བ་ཚྭ་སྣའི་རིལ་བུ་ཆང་གིས་དབུལ། །དུག་བྱུང་ཕྱི་ནང་གསང་རྟགས་ངོས་བཟུང་ལ། །དེ་ཡི་གཉེན་པོས་བསད་ཅིང་ལུས་ཟུངས་བསྲུང་། །གདོན་ཡིན་རྨི་ལམ་བུད་མེད་འདྲེན་པར་འགྱུར། །མོ་ཕྱྭ་རིམ་གྲོ་རྟེན་འབྲེལ་(བ་རའི་འོ་མ་སུ་སྦྱར་བ་རྐང་མཐིལ་ལ་བྱུག)སྔགས་ཀྱིས་གསོ་(བ་ནི་ལུག་ཐོང་གི་བལ་མི་ལག་མ་འགྲིམས་བ་ཁྱེའུ་གཙང་མས་བཀལ་བའི་སྲད་བུ་ལ་རྡོ་རྗེའི་མདུད་པ་བདུན་བྱས་ཏེ་སྔགས་ཨོཾ་ཧ་ར་ཧ་ར་བྷན་ནི་དྷ་ཤ་ཏྲ་དྷ་རི་ནི་ཐར་ཏེ་སྭཱཧཱ་སྟོང་བཏབ་ལ་བཅིང༌)། །དགོས་པ་ནད་མེད་ལང་ཚོར་ལྡན་པ་ཡིས། །དུས་ཚིགས་རྣམས་སུ་ཉལ་པོ་དགག་པ་མིན། །འཕྲལ་དུ་སེམས་དགའ་བུ་ཚའི་རྒྱུད་སྐྱེད་ཅིང་། །སྟོབས་ལྡན་བུད་མེད་ཀུན་ལ་ཐོགས་མེད་འགྲོ། །འདོད་ཡོན་ཀུན་ལས་ཆགས་པ་མཆོག་ཏུ་གྲགས། །ཞེས་གསུངས་སོ།།
བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རོ་ཙ་བར་བྱ་བའི་ལེའུ་སྟེ་དགུ་བཅུ་རྩ་གཅིག་པའོ།། །།
མཐའ་མའི་འདོན་ཐེངས་།: 21.12.2022 ཉིན། 10:45 AM
<< སྔ་མ།